སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་སོ་བཞི་པ། སྙིང་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.12.2022
མན་ངག་རྒྱུད། >> ལེའུ་སོ་བཞི་པ། སྙིང་ནད་གསོ་བ།



ལེའུ་སོ་བཞི་པ། སྙིང་ནད་གསོ་བ།

དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས། །དོན་སྣོད་གསོ་བའི་སྐབས་ལ་ཇི་ལྟར་བསླབ་པར་བགྱི། །འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ། །ཞེས་ཞུས་པ་ལས། །དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །དོན་སྣོད་ནད་ཀྱི་གསོ་ཐབས་བསྟན་པ་ནི། །སྙིང་དང་གློ་བ་མཆིན་མཆེར་མཁལ་མ་ལྔ། །ཕོ་བ་རྒྱུ་མ་ལོང་གི་ནད་བརྒྱད་ལས། །ཐོག་མར་དོན་གྱི་རྒྱལ་པོ་སྙིང་གསོ་བ། །རྒྱུ་དང་དབྱེ་བ་རྟགས་དང་བཅོས་ཐབས་བཞི།།

རྒྱུ་ནི་མྱ་ངན་སེམས་འཁྲུགས་ཡིད་མི་བདེ། །ལྟོ་ཆག་གཉིད་ཆག་ཞེ་སྡང་དྲག་པོས་སྐྱེད།།

དབྱེ་བ་སྙིང་འཕྱོས་སྙིང་གཟེར་སྙིང་ཚད་དང་། །སྙིང་ཆུ་སྙིང་འཐིབས་སྙིང་གི་སྲིན་བུ་དང༌། །སྙིང་ནད་ཁ་ལེ་ནག་པོ་ཞེས་བྱ་བདུན།།

དེ་རྟགས་སྙིང་འཕྱོས་མགོ་ན་བརྗེད་ངས་ཆེ། །ཤེས་པ་འཕྱོ་ཞིང་དོན་མེད་སྙིང་མི་དགའ། །རེས་འགའ་མ་དྲིས་པར་ཡང་མུ་ཅོར་སྨྲ། །རེས་འགའ་དྲིས་ཀྱང་དེ་ཡི་ལན་མི་ལྡོན། །མི་སྙན་ཚིག་གིས་དངངས་ཤིང་ཤུ་ཡིས་འདེབས། །དབུགས་ཐུང་གཉིད་ཆུང་སྙིང་ཉིད་སྟོང་ངམ་སེམས། །སྙིང་གཟེར་ནད་ལ་རླུང་གཟེར་ཁྲག་གཟེར་གཉིས། །མགོ་འཁོར་སྟོད་གཟེར་རྔམ་པ་ཐུང་ལ་ཆེ། །མིག་རྩ་རྒོད་ཅིང་ཁ་ལྕེ་སྐམ་ལ་རྩུབ། །ཁྲག་གཟེར་ལྕེ་སྐམ་ཕུར་པ་བཙུགས་ལྟར་གཟེར། །འབུར་ཚུགས་བལྟ་ཞིང་རྔམ་རྒོད་ཞེ་འཁུན་བྱེད། །སྙིང་ཚད་ཚ་བ་རྒྱས་དང་འཁྱིལ་བ་གཉིས། །རྒྱས་པ་མྱོས་འཐིབས་མིག་དམར་རོ་སྟོད་གཟེར། །སྙིང་འཆུ་སྣ་སྐམ་བྲང་རྒྱབ་མེ་བཏང་འདྲ། །ཚ་བ་སྙིང་ལ་འཁྱིལ་བ་ཚ་མྱག་བྱེད། །སྙིང་འཕར་གྲི་ཡིས་གཏུབས་སྙམ་ལྕེ་སྐམ་ཐུང༌། །སྙིང་ལ་ཆུ་སེར་བབས་ན་སྨྲ་བ་མང༌། །ཁོང་འདར་གཉིད་ཆུང་སྙིང་རྡུང་གཡལ་སྟོང་གཡོ། །གླུ་དང་དགོད་ལ་དགའ་ཞིང་ཚིག་པ་ཟ། །སྙིང་འཐིབས་བརྗེད་ངས་ཆེ་ཞིང་སེམས་ལས་ཆེ། །དང་ག་མི་བདེ་གཉིད་ཆེ་རྡོ་བརྫངས་སེམས། །སྲིན་གྱུར་མིག་མདོག་ནག་ཅིང་ལྗན་ལྗིན་འཛག །སྙིང་འཕར་མུན་འཐིབས་སོག་ལེས་འབྲད་སྙམ་སེམས། །ཁ་ལེ་ནག་པོ་རྩ་སྟོང་ཚད་པ་ཆེ། །སྨྲ་ཉུང་སྤྲོ་ཐུང་རྡེག་འདོད་འབུར་ཚུགས་བལྟ། །མགོ་བོ་ཕྱེད་ན་ན་ངོས་ཁ་ཡོར་འགྱུར།།

བཅོས་ཐབས་དང་པོ་སྙིང་ལ་རླུང་ཞུགས་པས། །འབྲས་བུའི་མར་ནི་བཟའ་བྱུག་འཇམ་རྩིར་བཏང་། །ཛཱ་ཏི་ཁ་རུ་ཚྭ་ཡི་སྨན་མར་རམ། །རུས་ཆེན་ལོ་མར་འབྲས་བུའི་སྨན་མར་ལ། །ཤིང་ཀུན་ཛཱ་ཏི་ཁ་རུ་ཚྭ་དང་སྒ། །སླེ་ཏྲེས་གོ་སྙོད་བུར་རྙིང་བཏབ་ལ་བཏང༌། །བཙན་དུག་ཨ་རུ་གླ་རྩི་རུ་རྟ་དང༌། །ཤིང་ཀུན་ཤུ་དག་ཛཱ་ཏི་གུ་གུལ་དང༌། །བུ་རམ་སྦྱར་བའི་རིལ་བུ་ཐབས་ལྡན་བསྟེན། །དྲུག་བདུན་སྙིང་སྟོད་སྙིང་ལོགས་མེ་ཐུར་བྱ། །བུད་མེད་སྨྲ་བརྗོད་མི་ཉན་ཁ་ཡེད་སྤང༌། །རླུང་གཟེར་ཛཱ་ཏི་གོ་སྙོད་ཞོ་ཤའི་ཐང༌། །ཕྱེ་མ་དེ་སྟེང་རུ་རྟ་ལི་ཤི་དང༌། །ཀ་ཀོ་ལ་དང་ཤིང་ཀུན་བུ་རམ་སྦྱར། །སྙིང་གསང་མདུན་རྒྱབ་གང་དུ་བབས་པ་བསྲེག །ཁྲག་གཟེར་ཞོ་ཤ་སླེ་ཏྲེས་ཨ་རུའི་ཐང༌། །ཕྱེ་མ་ཙན་དན་ཨ་གར་སྙིང་ཞོ་ཤ །གེ་སར་གཉིས་དང་ཛཱ་ཏི་ཀ་ར་སྦྱར། །ཨ་སོ་རྩེ་ཆུང་གཏར་ལ་དྲུག་བདུན་བསྲེག །བཅོས་འཕྱིས་སྙིང་ནང་ཁྲག་གིས་གང་སྟེ་འཆི། །སྙིང་ལ་ཚ་བ་རྒྱས་ན་སྙིང་རྩ་གཏར། །ག་བུར་བདུན་དགུ་ཉི་ཤུ་རྩ་ལྔ་སྦྱར། །ཚ་བ་འཁྱིལ་ན་ག་བུར་སྙིང་ཞོ་ཤ། །ཛཱ་ཏི་ཅུ་གང་དོམ་མཁྲིས་ཀ་ར་སྦྱར། །ཐོང་རྩ་ཨ་སོ་ལྕེ་འོག་རྩ་ལ་གཏར། །སྙིང་གི་ཆུ་སེར་སེ་འབྲུའི་ཕྱེ་མ་སྦྱར། །དཀར་ནག་མཚམས་དང་སྡུད་སྒོ་བདུན་པ་བསྲེག །འབྲས་གསུམ་སེང་ལྡེང་མར་གྱི་ཆུ་སེར་སྐེམ། །སྙིང་འཐིབས་སྐྱུགས་བྱ་ཆུ་སྐོལ་མང་དུ་བཏང་། །སེ་འབྲུ་དབྱི་མོང་ཚ་བ་གསུམ་གྱི་ཐང༌། །རྒྱམ་ཚྭ་དྲོད་སྨན་ཁ་རུ་ཚྭ་ཐང་བཏང༌། །ཤུ་དག་ཤིང་ཀུན་རྒྱམ་ཚྭ་ཁ་རུ་ཚྭ། །དོང་གྲ་སུག་སྨེལ་ཡ་བཀྵ་ར་དང༌། །ལ་ལ་ཕུད་དང་དྲོད་སྨན་སྦྲང་སྦྱར་བཏང༌། །སྙིང་སྲིན་བྱི་ཏང་ག་དང་ཤིང་ཀུན་དང༌། །མ་རུ་ཙེ་དང་སྒོག་སྐྱ་ལང་ཐང་ཙེ། །ཛཱ་ཏི་ཞོ་ཤ་སྤྲུ་མའི་ཁུ་བས་དབུལ། །བྱི་ཏང་ག་དང་རུ་རྟ་བ་ཆུར་སྦྱར། །སྙིང་གི་སྲིན་ནད་ཚ་གཡའ་གཟེར་འཁྱུག་སེལ། །ཁ་ལེ་ནག་པོ་སྐྱུ་རུ་ར་ཡི་ཐང་། །རྒོད་ཀྱི་ལྟོ་སྟོང་པ་ཡི་ཚ་བ་བཏང༌། །ཞོ་ཤ་གསུམ་གྱི་མར་སྦྱར་སྙིང་རྩ་བསྲེག །ཅེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་སྙིང་ནད་གསོ་བའི་ལེའུ་སྟེ་སོ་བཞི་པའོ།། །།


 

མཐའ་མའི་འདོན་ཐེངས་།: 20.12.2022 ཉིན། 4:15 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།