སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་སོ་དགུ་པ། ཕོ་བའི་ནད་མདོར་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.11.2023
མན་ངག་རྒྱུད། >> ལེའུ་སོ་དགུ་པ ཕོ་བའི་ནད་མདོར་བ།



ལེའུ་སོ་དགུ་པ།  ཕོ་བའི་ནད་མདོར་བསྡུས་གསོ་བ། 

མཁལ་ནད་གསོ་བའི་ལེའུ་གསུངས་ཚར་བའི་མཇུག་ཐོག་དེ་མ་ཐག་པ་དེ་ནས་ཡང་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་ཞེས་བོས་ཏེ་དྲང་སྲོང་ཆེན་པོ་ཉོན་ཅིག་ཅེས་གདམས་ནས། ཕོ་བའི་ནད་ལ་རྒྱུ་རྐྱེན་དང༌། དབྱེ་བ་དང༌། རྟགས་དང༌། བཅོས་པའི་ཐབས་དང་རྣམ་པ་བཞིའི་སྒོ་ནས་བསྟན་ཏེ།

རྒྱུ་ནི་ངལ་བ་ཆེན་པོའི་སེམས་ལས་ཀྱིས་དུབ་སྟེ་ཐང་ཆད་པ་དང༌། རླན་གཤེར་གྱི་སྟེང་དུ་བསྡད་པ། གྲང་བ་སྟེ་འཁྱགས་པ་དང༌། བཟའ་བཏུང་གི་རིགས་ཚད་ལས་འདས་ཏེ། ཟ་ཆེས་པ་དང༌། ཁ་ཟས་མི་འཕྲོད་པའི་རིགས་ཟོས་པ་ལས་ཕོ་ནད་དུ་གྱུར་པའོ། །

དབྱེ་བ་ཕྱེ་ན་ཕོ་ནད་ཚ་བ་དང་གྲང་བ་གཉིས་ཡོད་པ་ལས། ཚ་བའི་རིགས་སུ་གཏོགས་པ་ཕོ་བར་འགྲམས་བབས་དང༌། འཁྲུགས་བབས་པ་དང༌། དུག་ཐབས་དང༌། གཉན་གླང་དང༌། ཕོ་བའི་སུརྱ་དང༌། མཁྲིས་པ་ལུད་པ་དང༌། མཆིན་ཁྲག་ལུད་པའོ། །མཆིན་ཁྲག་ལུད་པ་སྐྲན་དུ་འདྲིལ་བ་དང་མ་འདྲིལ་བ་གཉིས། གྲང་བའི་རིགས་སུ་གཏོགས་པ་ཕོ་རླུང་དང༌། མ་ཞུ་བ་དང༌། ལྕགས་དྲེག་དང༌། ལྷེན་དང༌། མེ་ཉམས་དང༌། རྡོ་སྐྲན་དང༌། དམུ་རྫིང་དང༌། སྲིན་དང༌། འབྲས་དང་བཅས་གོང་གསལ་ཚ་གྲང་བདུན་དགུ་བསྡོམས་པས་ཕོ་ནད་བཅུ་དྲུག་ནི་རགས་པར་ཡོད་དོ། །འོན་ཀྱང་དེ་དག་གི་ཁྲོད་ནས་ནང་གསེས་ཟུར་དུ་ཕྱུངས་པ་རླུང་དང༌། བད་ཀན་དང༌། མཁྲིས་པ་དང༌། ཁྲག་དང༌། དུག་ཐབས་དང༌། ཕོ་ལོག་བཅས་དྲུག་དང༌། རྒུད་པ་དང༌། སྙོང་བུ་གཉིས་ཏེ་བརྒྱད་པོ་འདི་ལེའུ་འདི་གར་མདོར་བསྡུས་ཏེ་བསྟན་པ་ཡིན་ལ། ཕྱི་མ་བཅུ་དྲུག་པོ་ནི་ལེའུ་གཞན་གང་དུ་ཡོད་སྙམ་ན། ཕོ་ནད་ཚ་བ་འགྲམས་བབས་འཁྲུགས་བབས་གཉིས་འགྲམས་འཁྲུགས་ཀྱི་ལེའུར་གསལ། གཉན་གླང་གི་བཅོས་གླང་ཐབས་ལ་གསལ། སུརྱ་རང་བཅོས་ལེའུར་གསལ། མཁྲིས་པ་ལུད་པ་མཁྲིས་ནད་བཅོས་ལེར་གསལ། མཆིན་ཁྲག་ལུད་པ་དང་འདྲིལ་པ་སྨུག་པོ་བཅོས་པར་གསལ། གྲང་བའི་རླུང་དང་མ་ཞུ་བ་རང་རང་ལེའུར་གསལ། ལྕགས་དྲེག་ལྷེན་མེ་ཉམས་ཏེ་གསུམ་པོ་བད་ཀན་བཅོས་པར་གསལ། རྡོ་སྐྲན། དམུ་རྫིང༌། སྲིན། འབྲས་ཏེ་བཞི་རང་རང་བཅོས་པའི་ལེའུར་གསལ་བས་དེ་རྣམས་སུ་བལྟ་བར་བྱའོ། །

འདིར་བཤད་པ་དེ་རྣམས་སོ་སོའི་རྟགས་ནི། ཕོ་རླུང་ལ་སྦོ་ཞིང་སྟོང་སྒྲེག་བྱེད་པ་དང་འབྲབ་པ་བཞིན་དུ་ན་ཞིང་སྟོང་སྐྱུགས་བྱེད། ཡང་ན་སྒྲ་དང་བཅས་ཏེ་འཁྲོག་ཅིང་འཁྲུ་བ་ཡིན། ཕོ་བའི་བད་ཀན་ནི་ཕོ་བ་འཚིང་ཞིང་སྒྲེག་པ་བྱེད་པ་ལ་ཟས་མི་འཇུ་ཞིང༌། ཁྱད་པར་བསིལ་ཟས་འཇུ་དཀའ་བའི་རིགས་ཟོས་རྗེས་དང་རྔུལ་གྲང་རྗེས་ལ་ན། ཟས་ལ་འཁྲེན་པ་ཞེས་འདོད་པ་ཆེ་ལ་ཟོས་འཕྲལ་དུ་ཡུན་མ་ལོན་པར་ན་བར་བྱེད་ཅིང་འབྱར་བག་ཅན་དུ་སྐྱུག་པ་དང་འཁྲུ་བའང་བྱེད། ཡང་ན་ཁ་ཟས་ཟོས་པ་དེ་མ་སྨིན་པར་རྩམ་པ་རང་དུ་འཁྲུ། ཕོ་བར་འཁྲིས་པ་ལྷུངས་ན་འཁྲུ་བ་འམ་སྐྱུག་པར་བྱེད་ཅིང༌། ཁྲག་ལྷུངས་ན་ཚ་ཆེས་པ་སྟེ་ཟས་དྲོད་ཅན་དང་མེ་ཉི་སོགས་ཀྱིས་དྲོས་དྲགས་པ་དང༌། གྲང་ཆེས་པ་སྟེ་ཟས་བསིལ་བ་དང་བསེར་བུ་སོགས་ཀྱིས་འཁྱགས་པ་གཉིས་ཀའི་དུས་སུ་ན་ཞིང༌། བྲང་ཚ་ལ་ཁྲག་རུལ་སྐྱུག་ཅིང་སྙིང་བརྡུང་ལ་མགོ་བོ་འཁོར། ཕོ་བ་དུག་ཐབས་ནི་ཁ་ཟས་མི་འཇུ་ཞིང་དང་ག་འགགས་པ་དང༌། མིད་པ་ན་ལ་བྲང་ཚ་ཤར་བྱེད་པ་དང་ཆུ་ཚན་སྐྱུག་ཅིང༌། ཤ་འབྲོས་པ་སྟེ་རྗུད་ནས་གསུས་པའི་རྩ་བཀྲ་ལ་ཟོས་མ་ཐོག་ཏུ་སྐྱུག ཕོ་ལོག་ནི་སྦོ་ལྡེང་བྱེད་ཅིང་ཟུག་ཆེ་ལ་ལྡང་དུབ་བྱེད། ཕོ་བ་རྒུད་པ་ནི་སྒྲེག་པ་བསྟུད་ནས་མང་དུ་འབྱུང་ཞིང་བཅུད་ཟས་ཀྱི་རིགས་མི་འཇུ་བ་དང༌། ལྦུ་བར་སྐྱུག་ཅིང་ཉམ་ཆུང་ལ་ཆང་འཐུངས་པའི་ཚེ་ན་བདེ། སྙོང་བུ་ནི་ན་ཚ་ཡིད་ལ་དེང་ངེ་བར་མཚམས་སུ་བརྗེད་ངེས་ཀྱིས་བརྗེད་རྒྱུ་མེད་པར་རྒྱུན་དུ་ན་བ་འབྱུང་ངོ༌། །

དེ་དག་རྣམས་བཅོས་པའི་ཐབས་རིམ་པ་ལྟར་བཤད་ན་ཕོ་རླུང་ལ་ཤིང་ཀུན། ཁ་རུ་ཚྭ། ཕོ་བ་རིས་དང༌། སེ་འབྲུ། བུ་རམ་དང་སྦྱར་ནས་བཏང་བ་དང༌། སེམས་ཅན་སྣ་ཚོགས་ཀྱི་རུས་པ་གདུས་ཁུར་ཤིང་ཀུན། ཁ་རུ་ཚྭ། ཐལ་ཚྭ་རྣམས་བཏབ་པ་བཏང་ཞིང་འབའ་ཆ་ཕོལ་སྙོམས་ཀྱི་དུགས་བྱ་བ་དང་ཕོ་གསང་མདུན་ལྷེན་སྣ་ནས་ཚོན་གསུམ་གཞལ་བ་དང་རྒྱབ་ཚིགས་པ་བཅུ་གཉིས་པ་བསྲེགམར་རྙིང་དང་ཚ་བ་སྒ་པི་ཕོ་གསུམ་དང༌། ཚྭ་སྣ་རྒྱ་རྒྱམ་ཁ་གསུམ་རྣམས་སྦྱར་བས་རླུང་གིས་བསྐྱེད་པའི་སྐྱུག་པ་གཅོད་པར་བྱེད། འཁྲུ་ན་ལ་ལ་ཕུད་དང་དོང་གྲ་སྟེ་སྒ་སྨུག་ཁྱོར་བ་རེ་ཀ་ར་བཅས་འོ་མ་དང་མར་དུ་བསྡུས་ལ་བཏང༌། ཕོ་བའི་བད་ཀན་ལ་ཤིང་ཀུན། ཁ་རུ་ཚྭ། སྨན་སྒ་སྟེ་སྒ་རྒོད་མདོག་སྐྱ་བ་དེ་བཅས་སྦྱར་ལ་དོང་གྲ་ཞེས་པ་སྒ་རྒོད་སྣུམ་པའི་ཐང་གིས་དབུལ་བས་ཕོ་བ་དྲོད་ཆུང་བ་དང་ཁ་ཟས་མི་འཇུ་བ་སེལ། སེ་འབྲུ། སུག་སྨེལ། རྒྱམ་ཚྭ། ལ་ལ་ཕུད། ཤིང་ཚ། ཟི་ར། བཅའ་སྒ། པི་པི་ལིང༌། ལྕེ་མྱང་ཚྭ། ཁ་རུ་ཚྭ་རྣམས་དང་བུ་རམ་སྦྱར་བས་ཕོ་བའི་དྲོད་སྐྱེད་ཅིང་ཟས་འཇུ་བ་དང་ཕོ་བའི་གཟེར་ཟུག་སེལ། གོ་སྙོད། ན་ལེ་ཤམ་དང༌། ཁ་རུ་ཚྭ། ཀ་ར་རྣམས་སྦྲང་དང་སྦྱར་བས་བད་ཀན་གྱིས་བསྐྱེད་ནས་སྐྱུག་པ་རྣམས་གཅོད། བྱི་དང་ག་དང༌། སྒྲོན་ཤིང༌། ཚ་བ་སྒ་པི་ཕོ་གསུམ་བཅས་འུ་སུ་བསྐོལ་ཁུས་དབུལ་བས་བད་ཀན་གྱི་ཁྲུ་བ་གཅོད། རྗེས་གཅོད་ཕོ་གསང་མདུན་གྱི་དབུས་མ་དང༌། རྒྱབ་ཚིགས་པ་བཅུ་གཉིས་པ་མེས་བསྲོ་བར་བྱ། ཕོ་བའི་ནང་དུ་མཁྲིས་པ་ལྷུངས་ན་གཡའ་ཀྱིའི་སྐྱུགས་ཞེས་ཕྱི་རྒྱུད་ལྟར་གྱི་སྐྱུག་སྨན་སྟེང་དུ་གཡའ་ཀྱི་སྐྱི་འབྲུ་བུངས་ཆེར་བསྣན་པའི་སྐྱུགས་ཀྱིས་དྲངས་ལ། དེ་རྗེས་ལྕུམ་རྩ་ཨ་རུའི་ཁུ་བར་གསེར་མེ་བཏབ་པའི་བཤལ་གྱིས་སྦྱང༌། ཕོ་བའི་ཁྲག་ནད་ལ་ཕྱི་རྒྱུད་ཀྱི་ཅུ་གང་བདེ་བྱེད་ཆེན་མོའི་སྟེང་དུ་ཅོང་ཞི་དང༌། མ་ནུ་བསྣན་པ་སྦྱར་ཞིང༌། སྟར་བུ། དུང་ཐལ། སྦྲུལ་ཤརྒྱ་ཚྭ། དུར་བྱིད་རྣམས་སྦྱར་བའི་སྦྱོང་བཏང་ལ། རུ་ཐུང་གཉིས་ལ་གཏར། ཕོ་བ་དུག་ཐབས་ལ་ཐར་ནུ། སྲུབ་ཀ་བ། རི་ཤོ། རྒྱམ་ཚྭ་རྣམས་སྦྱར་བའི་སྐྱུགས་བྱ་ཞིང༌། དེ་འོག་ཏུ་མ་ནུ་པུཥྐར། ཀཎྜ་ཀ་རི། སུག་སྨེལ་དང༌། གུར་ཀུམ། ལི་ཤི། ཀ་ར་རྣམས་སྦྱར་ལ་བཏང་ཞིང༌། ཡང་ན་སེ་འབྲུ་སུག་ཤིང་པི་བཞི་སྦྱར། ཕོ་ལོག་ལ་ཀ་ཀོ་ལ། སུག་སྨེལ། ཤིང་ཚ། ད་ལིས་ཏེ་བ་ལུའི་མེ་ཏོགཔི་པི་ལིང༌། ཟི་ར་ནག་པོ། ན་ལེ་ཤམ་དང༌། ཀ་ར་རྣམས་སྦྱར་ལ། ཁ་རུ་ཚྭ་དང༌། གཡག་རྒོད་ཀྱི་རྭ་གཞོབ་ཀྱི་བསྡུས་ཐང་བཏང༌། ཕོ་བ་རྒུད་པའི་ནད་ལ་ཨ་རུ་ར། སྐྱུ་རུ་ར། གོ་སྙོད། ཟི་ར་ནག་པོ། ལ་ལ་ཕུད། ཤིང་ཚ། ཕོ་བ་རིས། ཐལ་ཚྭ། རྭ་ཚྭ། རྒྱ་ཚྭ། ལྕེ་མྱང་ཚྭ། པི་པི་ལིང༌། བུ་རམ་རྣམས་ཀྱི་ཅུར་ནིས་སྦྱར། ཕོ་བའི་ནད་སྙོང་བུ་ལ་ད་ལིས་ཏེ་བ་ལུའི་མེ་ཏོགཚ་བ་སྒ་པི་ཕོ་གསུམ། ཤིང་ཚ། བུ་རམ་རྣམས་ཀྱི་ཅུར་ནིས་སྦྱར་ཞིང༌། ལར་ན་ཕོ་བ་འདི་ཁ་ཟས་འཇུ་བར་བྱེད་པའི་གཞི་ཡིན་པས་ན་ཟས་སྤྱོད་དྲོད་ཀྱི་རིགས་བསྟེན། སྨན་དུ་སེ་འབྲུས་གཙོ་བྱས་པའི་སྦྱོར་བ་དང༌། ད་ལིས་གཙོ་བྱས་པའི་སྦྱོར་བ་གཉིས་ཕྱི་རྒྱུད་ལྟར་སྐབས་དང་སྦྱར་བ་ཤིས་པ་ཡིན་ནོ་ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་ལས་སྣོད་ཀྱི་ནང་ཚན་ཕོ་བའི་ནད་མདོར་བསྡུས་གསོ་བའི་ལེའུ་སྟེ་སོ་དགུ་པའོ།། །།


 

མཐའ་མའི་འདོན་ཐེངས་།: 29.11.2023 ཉིན། 2:24 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།