སྨན་རྩིས་དྲ་བ། - བཤད་རྒྱུད།

ལེའུ་ལྔ་པ། ལུས་ཀྱི་མཚན་ཉིད་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 04.09.2023
བཤད་རྒྱུད། >> ལེའུ་ལྔ་པ། ལུས་ཀྱི་མཚན་ཉིད་བསྟན་པ།




ལེའུ་ལྔ་པ། ལུས་ཀྱི་མཚན་ཉིད་བསྟན་པ། 

གྲུབ་པ་ལུས་ཀྱི་གནས་ལུགས་ཇི་ལྟ་བ་གསུངས་ཚར་བའི་རྗེས་ཐོག་དེ་མ་ཐག་པ་དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །དེ་ཡང་ཀྱེ་ཞེས་བོས་ནས། དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་འཁོར་དང་བཅས་པ་རྣམས་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་བཤད་པར་བྱའོ་ཞེས་གདམས་ནས། གོང་དུ་གྲུབ་པ་ལུས་ཀྱི་གནས་ཆགས་ཚུལ་ལ་སོགས་པ་རྣམ་པ་བདུན་དུ་བཤད་པའི་བཞི་པ་ལུས་ཀྱི་མཚན་ཉིད་ལ་རྣམ་པ་གཉིས་སུ་ཡོད་པ་ཡིན་ཏེ། གནོད་བྱ་ཁམས་ཀྱི་རྣམ་པར་གཞག་པ་དང༌། གནོད་བྱེད་ཉེས་པའི་རྣམ་པར་གཞག་པའོ། །དེ་གཉིས་ཀ་ལྷན་ཅིག་འདུས་པའི་ཕུང་པོ་དེ་ལ་ལུས་ཞེས་བྱ་བའི་རྒྱུ་མཚན་ཅི་ཡིན་སྙམ་ན། རྣམ་པར་མ་གྱུར་པའི་རང་བཞིན་དུ་གནས་པའི་ནད་དང་ལུས་ཟུངས་དྲི་མ་དང་བཅས་པའི་རྣམ་པ་གསུམ་པོ་དེ་རྣམས་ཕན་ཚུན་གཅིག་ལ་གཅིག་རྟེན་ཅིང་མེད་ན་མི་འབྱུང་བའི་ཚུལ་དུ་རག་ལུས་པས་དེ་ནི་ཐོག་མར་ལུས་ཆགས་པ་དང༌། བར་དུ་གནས་པ་དང༌། མཐར་འཇིག་པའི་དུས་ཐམས་ཅད་དུ་རྩ་བ་ལྟ་བུ་ཡིན་པའི་ཕྱིར་ལུས་ཞེས་བྱ་བ་ཡིན་ནོ།།

གནོད་བྱ་དང་གནོད་བྱེད་གཉིས་ཀྱི་དང་པོ་གནོད་བྱ་ཁམས་ཀྱི་རྣམ་པར་གཞག་པ་ལ་ལྔ་སྟེ། གནོད་བྱའི་དབྱེ་བ་བཤད་པ་དང༌། གནོད་བྱ་སོ་སོའི་ལས་བཤད་པ། གནོད་བྱ་དེ་རྣམས་ཇི་ལྟར་འབྱུང་བའི་རྒྱུའི་གཙོ་བོ་མེ་དྲོད་བཤད་པ་དང༌། མེ་དྲོད་དེས་གནོད་བྱ་རྣམས་ཇི་ལྟར་འགྱུར་བའི་ཚུལ་བཤད་པ་དང༌། མཐར་དེ་རྣམས་ཀྱི་འབྲས་བུ་རྫོགས་པའི་དུས་བཤད་པ་རྣམས་སོ།།

ལུས་ཀྱི་གནོད་བྱའི་དབྱེ་བ་བཤད་པ་ལ་རྣམ་པ་ལྔ་ཡོད་པའི་ནང་ནས་དང་པོ་དབྱེ་བ་བཤད་པ་ལའང་ཟུངས་ཀྱི་དབྱེ་བ་དང༌། དྲི་མའི་དབྱེ་བ་གཉིས་སུ་ངེས་པ་ལས། དང་པོ་ལུས་ཟུངས་ཀྱི་དབྱེ་བ་ནི་ཟས་ཀྱི་དྭངས་མ་དང་ཁྲག་དང་ཤ་དང་ཚིལ་དང་རུས་པ་དང་རྐང་མར་དང་ཁུ་བ་དང་རྣམ་པ་བདུན་དུ་བཤད་པ་ཡིན་ལ། དྲི་མའི་དབྱེ་བ་ནི། བཤང་བ་དང༌། གཅི་བ་དང༌། རྔུལ་དང་ལ་སོགས་པའི་སྒྲས་སོ་སེན་དང༌། བུ་ག་གཞན་རྣམས་ནས་འབྱུང་བའི་དྲི་མ་རྣམས་བསྡུས་པ་ཡིན་ཞིང༌། འང་ཞེས་པའི་སྒྲས་ལུས་ཟུངས་རྣམས་གནོད་བྱ་ཡིན་པར་མ་ཟད་དྲི་མ་འདི་རྣམས་ཀྱང་གནོད་བྱའི་ཁམས་སུ་གཏོགས་པ་ཡིན་ནོ།།

གནོད་བྱ་བཅུ་པོ་དེ་ལས། དྭངས་མ་དེའི་ལས་ནི་གནོད་བྱ་གཞན་དྲུག་པོ་རྣམས་དང༌། ཁྱད་པར་དུ་ཁྲག་དེ་ཉིད་འཕེལ་བར་བྱེད་པ་དང༌། ཁྲག་གི་ལས་ནི་ལུས་ཀྱི་བརླན་པའི་ཆ་ཕལ་ཆེར་སྐྱེད་པར་བྱེད་ཅིང་ལྷག་པར་སྲོག་འཚོ་བ་སྟེ། སེམས་ཅན་རྣམས་ཀྱི་སྲོག་གི་རྟེན་གཙོ་བོར་བྱེད་པ་དང༌། ཤའི་ལས་ནི་ལུས་ཀྱི་ཕྱི་ནང་བར་གསུམ་ནས་འདག་ཞལ་ལྟ་བུར་གཡོགས་པར་བྱེད་པ་དང༌། ཚིལ་གྱི་ལས་ནི་ལུས་གྱི་ཆ་ཤས་ཀུན་སྣུམ་པར་བྱེད་པ་དང༌། རུས་པའི་ལས་ནི་ཤའི་ལུས་འདི་ཉིད་གཙོ་བོར་རྟེན་པར་བྱེད་པ་དང༌། རྐང་མར་གྱི་ལས་ནི་བཅུད་ཆེན་པོ་རོ་ཙ་འམ་ཁུ་བར་འགྱུར་བར་བྱེད་པ་དང༌། ཁུ་བའི་ལས་ནི་ལུས་སྤྱི་ལ་མདངས་དང་གཞན་དུ་མངལ་འཛིན་པའི་བྱ་བ་བྱེད་དོ། །དེ་བཞིན་དུ་བཤང་བའི་ལས་ནི་ལོང་ལ་སོགས་པའི་ནང་ཁྲོལ་རྣམས་དང་རིམ་པས་ཕོ་བའི་ནང་གི་ཁ་ཟས་རྣམས་རྟེན་པར་བྱེད་ཅིང༌། གཅིན་གྱི་ལས་ནི་ནང་ཁྲོལ་གྱི་ནང་ན་གནས་པའི་སྙིགས་མ་སླ་བ་རྣམས་རྟེན་ལ་བསྐ་བ་རྣམས་འདྲུལ་ཞིང་འབྱིན་པར་བྱེད་པ་སྟེ། རྔུལ་གྱི་ལས་ནི་པགས་པ་མཉེན་པར་བྱེད་ཅིང་བ་སྤུའི་སྒོ་རྣམས་མི་འགག་པར་བརྟན་པའི་བྱ་བ་བྱེད་དོ།།

མེ་དྲོད་ཅེས་བྱ་བ་ནི་བཟའ་བཏུང་ཐམས་ཅད་འཇུ་བར་བྱེད་པའི་གཞི་གང་ཡིན་པ་དེ་ལ་བཏགས་པ་ཡིན་ཏེ། དེ་ཡང་འཇུ་བར་བྱེད་པའི་མཁྲིས་པ་ཞེས་མཁྲིས་པ་རིགས་ལྔ་པོའི་ཐོག་མར་དེ་ཉིད་ལ་བཤད་པ་ཡིན་པའི་ཕྱིར། དེ་ནི་མེ་དྲོད་འཇུ་བྱེད་ཐམས་ཅད་ཀྱི་གཙོ་བོའི་མཆོག་ཡིན་མོད་ཀྱི་དེར་མ་ཟད་རླུང་ལ་སོགས་པའི་ནད་གསུམ་དང༌། དྭངས་མ་ལ་སོགས་པའི་ལུས་ཟུངས་བདུན་དང༌། བཤང་བ་ལ་སོགས་པའི་དྲི་མ་གསུམ་སྟེ། དེ་དག་ཀུན་གྱི་རང་རང་གི་དྲོད་ཀྱི་ཆ་ཤས་རྣམས་ཀྱང་མེ་དྲོད་ཡིན་པར་ཤེས་པར་བྱ་ཞིང༌། དེ་ལྟར་བཤད་པའི་མེ་དྲོད་སྤྱི་དང་བྱེ་བྲག་ཏུ་འཇུ་བྱེད་སྟོབས་དང་ལྡན་པ་ན་དེའི་ཡོན་ཏན་གྱིས་ནད་མེད་པ་དང༌། བྱ་བ་ལ་བརྩོན་པ་དང༌། གཟི་བརྗིད་དང་མདངས་དང་ཚེ་དང་དྭངས་མ་ལ་སོགས་པའི་ལུས་ཟུངས་མེ་དྲོད་གཞན་རྣམས་ཀྱི་སྟོབས་ཀྱང་རབ་ཏུ་འཕེལ་བར་བྱེད་པ་དང༌། དེ་ཉིད་ཞུ་བ་དང་མ་ཞུ་བའི་མཚམས་ཕོ་བའི་ནང་དུ་གནས་ནས་བཟའ་བཏུང་གང་ཟོས་པ་རྣམས་ཀྱི་དྭངས་མ་དང་སྙིགས་མ་རྣམས་ལེགས་པར་ཕྱེ་ནས་སོ་སོར་བྱས་ཏེ། སྙིགས་མ་རྣམས་ཞུ་བའི་གནས་ཀྱི་སྒོ་ནས་འགྲོར་འཇུག་ལ་མ་ཞུ་བའི་ཟས་རྣམས་ཞུ་བའི་གནས་ཀྱི་ལམ་དུ་འགྲོ་བ་ཉེ་བར་འགག་པའི་སྒོ་གཏན་ལྟ་བུ་ཡིན་ནོ། །དེ་ནས་མཁྲིས་པ་འཇུ་བྱེད་དེ་ཉིད་སྟོབས་དང་ལྡན་ན་ཞུ་ནས་དྭངས་མ་རྣམས་བརྟན་ལ་སྙིགས་མ་རྣམས་ཐུར་དུ་འགྲོ་བ་ཡིན་ཏེ། གལ་ཏེ་འཇུ་བྱེད་སྟོབས་ཞན་ན་ནི་ཁ་ཟས་ཟོས་པ་རྣམས་འཇུ་བར་མི་ནུས་པས་མ་སྨིན་པ་དེ་ཉིད་ཕྱིར་བཤང་སྒོ་ནས་འབྱུང་སྟེ་འཁྲུ་བར་འགྱུར་ཞིང༌། ཡང་ན་ནི་འཇུ་བྱེད་སྟོབས་ཞན་པས་འཇུ་བ་ཡང་མ་ནུས་ལ་འཁྲུ་བ་ཡང་མ་ནུས་པ་ལས་ཕོ་བའི་ནང་དུ་སྦོ་ཞིང་འཚིངས་པ་དག་ཀྱང་འབྱུང་བ་ཡོད་དོ། །དཔེར་ན་ངན་རུང་སྒོ་གཏན་བཅུག་ན་དེར་རྒྱུ་འགྲུལ་བྱར་མེད་པ་བཞིན་ནོ། །དེ་བས་ན་མེ་དྲོད་སྟོབས་ཆེ་བ་དེ་ནི་ཟས་གང་ཟོས་པའི་དྭངས་མ་སོགས་ལུས་ཟུངས་རྣམས་དང་མདངས་དང་སྟོབས་ལ་སོགས་པ་རིམ་པས་རྒྱས་ཤིང་འཕེལ་བར་བྱེད་པའི་རྒྱུའི་གཙོ་བོ་ཡིན་ཏེ། གལ་ཏེ་མེ་དྲོད་སྟོབས་ཞན་ན་ནི་ཟས་གང་ཟོས་པ་རྣམས་མི་འཇུ་ཞིང༌། དེ་མ་ཞུ་ན་དྭངས་མ་ལ་སོགས་ལུས་ཟུངས་དང་མདངས་སྟོབས་རྣམས་རྒྱས་པར་མི་འགྱུར་བའི་ཕྱིར་རོ། །དེ་ལྟར་ཡིད་ལ་ངེས་པར་བྱས་ནས་ཟས་སྐོམ་དང་སྤྱོད་ལམ་ཡང་ལ་དྲོ་བ་མེ་དང་ཆོས་མཐུན་པ་དང༌། སེ་འབྲུ་བཞི་པ་ལ་སོགས་པའི་སྨན་དེས་འབད་དེ་རྟག་པར་མེ་དྲོད་བསྲུང་བའི་བྱ་བ་ལ་གནས་པར་གྱུར་ན་ལུས་ཀྱི་སྟོབས་དང་ཚེ་ནི་ཡུན་རིང་དུ་གནས་པར་འགྱུར་བ་ཡིན་ནོ། །འཆོལ་པ་སྣ་ཚོགས་སུ་སྤྱད་པས་ནི་མ་ཡིན་ནོ། །མེ་དྲོད་དེས་ཁ་ཟས་ཟོས་པ་རྣམས་འཇུ་བར་བྱེད་པའི་ཚུལ་ནི། ཟས་དང་སྐོམ་ཟོས་ཤིང་འཐུང་བ་ན་ཐོག་མར་སྲོག་གི་རླུང་གིས་བྱེད་པས་མགྲིན་པ་ནས་འཕུལ་ཞིང་ལྟོ་བར་བཅུག་པ་དེའི་ཚེ་སྐོམ་གྱི་ཆ་ཤས་རྣམས་ཀྱིས་གོང་བུར་གནས་པ་རྣམས་བཤིག་ཅིང༌། སྣུམ་པའི་རང་བཞིན་རྣམས་ཀྱིས་མཉེན་པར་བྱེད་ལ་དེ་ཡང་མེ་མཉམ་གྱི་རླུང་གིས་མཁྲིས་པ་འཇུ་བྱེད་མེའི་རང་བཞིན་དེ་བུས་པས་ཚ་བའི་ནུས་པ་ཆེར་འབར་བ་དེས་ཕོ་བའི་གནས་སུ་ཉེ་བར་བཞུས་པས་འཇུ་ནུས་པ་ཡིན་ཏེ། དཔེར་ན་ཕྱི་རོལ་དུ་ཕྲུ་བ་ལ་སོགས་པར་སྨན་བླུགས་པར་སྦུད་པ་དང་ལྡན་པའི་མེས་བསྐོལ་ཞིང་ཞུ་བར་བྱེད་པ་ལྟར། འདིར་ཡང་དེ་བཞིན་དུ་བསྐོལ་ཞིང་འཇུ་བར་བྱེད་པ་ཡིན་ནོ། ཁ་ཟས་འཇུ་བའི་ཚུལ་དེ་ཡང་རགས་པའི་དབང་དུ་བྱས་ན་དང་པོར་རོ་དྲུག་ཏུ་གཏོགས་པའི་ཟས་སྐོམ་གང་དང་གང་ཟོས་པ་དེ་དག་ཐམས་ཅད་ཀྱང་ཕོ་བའི་གནས་སུ་སླེབས་པའི་ཚེ། ཐོག་མར་བད་ཀན་མྱག་བྱེད་ཅེས་བྱ་བ་དག་གིས་ཞིབ་ཏུ་མྱག་པར་བྱེད་ཅིང༌། དེ་དག་ཀྱང་ས་ཆུའི་རང་བཞིན་ཡིན་པའི་དོན་གྱིས་རོ་ཡང་མངར་བ་ཤས་ཆེ་ཞིང༌། ལྦུ་བ་ཅན་བད་ཀན་གྱི་མཚན་ཉིད་དང་མཐུན་པར་གྱུར་ནས་བད་ཀན་མྱག་བྱེད་དེ་དག་གི་སྟོབས་ཅུང་ཟད་སྐྱེད་པར་བྱེད་པ་དང༌། བར་དུ་ལྦུ་བ་ཅན་དེ་མཁྲིས་པ་འཇུ་བྱེད་ཅེས་པའི་དྲོད་ཀྱིས་ཉེ་བར་བཞུས་པ་ལས་མེའི་ནུས་པ་རྣམ་པར་ཚ་བ་དང༌། གོང་གི་སའི་ལྷག་མའི་བྱེད་པ་ལ་བརྟེན་ནས་རོ་ཡང་སྐྱུར་བ་ཤས་ཆེ་བར་གྱུར་པས་མཁྲིས་པ་འཇུ་བྱེད་དེ་དག་གི་སྟོབས་ཅུང་ཟད་སྐྱེད་པར་བྱེད་ལ། འཇུ་བྱེད་ཀྱིས་བཞུས་པའི་ཁུ་བ་དེ་ཡང་ཐ་མར་མེ་དང་མཉམ་པའི་རླུང་གིས་དྭངས་སྙིགས་སོ་སོར་ཕྱེ་བའི་ཚེ་རོ་ཡང་ཁ་བར་འགྱུར་ཏེ། དེས་རླུང་མེ་མཉམ་གྱི་སྟོབས་ཀྱང་ཅུང་ཟད་བསྐྱེད་པར་འགྱུར་རོ། །འདི་ནི་འབྲས་བུའི་སྐབས་ལ་དགོངས་པ་ཡིན་ཏེ། རྒྱུའི་དབང་དུ་བྱས་ན་འདིར་མེ་རླུང་ཤས་ཆེ་བས་རོ་ཚ་བ་འབྱུང་བར་རིགས་ཀྱང༌། ཚ་བས་རླུང་མི་བསྐྱེད་ལ་ཁ་བས་རླུང་བསྐྱེད་པའི་དབང་དུ་བྱས་ནས་འདི་དང་ཡན་ལག་བརྒྱད་པ་རྩ་འགྲེལ་སོགས་མཐུན་པར་ཁ་བ་ཞེས་གསུངས་པ་ཡིན་ནོ།།

དེ་ལྟར་འབྱུང་བ་ལྔ་དང་ལྡན་པའི་ཟས་འདི་སྔ་རབས་ཟུར་མཁར་བ་ཡན་གྱི་འགྲེལ་པ་རྣམས་སུའང་གསལ་བར་མ་བཤད་ཅིང་དེང་སང་གི་ལྷ་རྗེ་རྣམས་ལ་དྲི་བ་ཞིབ་ཏུ་བརྟགས་ཀྱང་འདྲེ་དང་གླུད་ཀྱི་དཔེའི་ཕྱོགས་ལོགས་ལས་གསལ་བའི་ལན་ནི་སུས་ཀྱང་སྨྲ་མི་མ་རྙེད་པ་གསོ་བྱའི་ལུས་དང་སྨན་ཟས་སོགས་ཚང་མ་འབྱུང་བ་ལྔར་གྲུབ་པ་རང་རང་གི་ལེའུར་རྒྱས་པར་བཤད་པ་བཞིན་དཔེར་ན་འབྱུང་བ་སའི་ཟས་ཀྱིས་ཤ་དང་རུས་པ་དང་སྣ་དྲི་རྒྱས་པའམ་བསྐྱེད་ལ་དེ་བཞིན་འབྱུང་བ་རང་རང་གི་ཟས་ཀྱིས་རང་རང་ལུས་ཀྱི་གཞི་སྐྱེད་པར་བྱེད་པ་ནི་ཀུན་གྱིས་གོ་བ་ལྟར་དང་འདིར་ལྔ་ལྡན་ཟས་ཞེས་པ། བརྡ་སྤྲོད་ཀྱི་མདོ་ཀཱ་ལ་པ་སོགས་སུ། དེ་འདིར་ཡོད་པ་ལ་མ་ཏུས་འོ་ཞེས་པ་ལྟར་དོན་བརྡ་སྤྲོད་མཐའ་དག་པར་ལྡན་རྐྱེན་དབང་གི་འབྱུང་བ་ལྔ་ཡོད་དམ་ལྔ་ཚང་པའི་ཟས་ཞེས་པ་དེ་འབྱུང་བ་རེའི་སོ་སོའི་ལས་བསྐྱེད་པས་ན་ལྔ་ག་ཚང་བ་ལྟ་བུ་དེ་ཡང་སྔོན་ཆད་རྒྱུད་ཚིག་མ་གོ་བར་བརྟེན་ཟས་ངོས་འཛིན་ལག་རྒྱུད་དང་འགྲེལ་བཤད་སོགས་མ་མཆིས་ཀྱང་འབྱུང་བའི་རོའི་ངོས་འཛིན་ལེའུ་བཅུ་དགུ་པ་སྨན་དུ་གསུངས་པ་ལྟར་རོ་དྲུག་ཚང་བ་ཞིག་སྟེ་སྨན་ཨ་རུ་ར་ཡང་སྤྱིར་བསྐ་བ་ལས་རོ་ལྔ་ལྡན་དྲུག་ལྡན་གྱི་སྨན་དེས་ནད་མཐའ་དག་སེལ་བ་ལྟར་ཟས་ཀྱང་རོ་ལྔ་དྲུག་ལྡན་པའི་དགོས་པ་དེ་དེང་སང་གི་དུས་རིགས་བརྟགས་ཀྱི་དཔེར་ན་མཚོན་བྱེད་ཙམ་རྒྱ་གར་བ་རྣམས་ཕལ་སྐད་དུ་མུ་ལ་སེ་ཏེ་ཞེས་བོད་ཀྱི་མེ་ཏོག་གངས་ལ་དཀར་པོའི་ཐུར་གྱི་འོ་མའི་ལྡེ་གུ་སྲོ་མ་སེང་གེར་འབོད་པ་དང༌། ཟས་ཁ་སུར་པར་གྲགས་པ་རྒྱ་གར་བྷ་ཏྲ་ཎའི་ཐང་ལ་སྐྱེ་བ་སྡོང་པོ་ཇ་ཁ་ལོ་མ་ལྗང་གུ་འབྲས་བུ་ཅན་མ་སྨིན་པའི་དུས་མདོག་སྣ་ཚོགས་དང་སྨིན་ནས་ཨ་རུ་ར་འདྲ་རུང་བ་ལ་བྲ་གོར་ཟུར་མཁར་བས་བཞེད་པ་འདི་གཉིས་རོ་དྲུག་ག་ཚང་ལ་ཁ་ཆེ་ལ་སོགས་པའི་སྟོབས་བསྐྱེད་ཀྱི་ཡང་གཙོ་བོ་ཡིན་འདུག་པ་འདི་འབྱུང་བ་ལྔ་ལྡན་གྱི་ཟས་སུ་ངོས་འཛིན་དགོས་པ་ལྟ་བུ་དེས་མཚོན་པའི་འབྱུང་བ་ལྔ་གའི་ནུས་པ་དང་ལྡན་པའི་ཟས་ཀྱི་ཡོན་ཏན་གྱིས་ནི་ལུས་ཀྱི་འབྱུང་བ་ལྔ་པོ་འཕེལ་ཞིང་རྒྱས་པར་བྱེད་དོ།།

དེ་ཡང་ཇི་ལྟར་རྒྱས་པར་འགྱུར་སྙམ་ན་དེའི་འགྱུར་ཚུལ་ནི་ཕོ་བར་བད་མཁྲིས་གཉིས་ཀྱིས་ཁ་ཟས་མྱག་ཅིང་བཞུས་པའི་ཞུ་རྗེས་ཀྱི་སྐབས་སུ་མེ་མཉམ་གྱིས་དངས་སྙིགས་སོ་སོར་བྱེ་བ་ལས། སྙིགས་མ་ནི་རྒྱུ་མའི་སྟོད་ལོང་གི་ནང་དུ་སོང་བ་སླར་ཡང་བསྐ་སླ་གཉིས་སུ་བྱེ་བ་ལས། བསྐ་བ་ནི་རྒྱུ་མ་ནག་པོའི་ནང་དུ་སོང་ནས་བཤང་བར་འགྱུར་ལ། སླ་བ་ནི་ལོང་ནས་རྒྱུ་ཁྲོག་ཅེས་སམ་གཉེ་མའི་ནང་དུ་སོང་བ་ལྒང་པ་དང་རེག་པ་ལས་གཅིན་དུ་འགྱུར་བ་ཡིན་ནོ། །དྭངས་མ་བདུན་རྒྱུད་ཀུན་ཀྱང་ལུས་ཟུངས་རང་རང་གི་མེ་དྲོད་ཀྱིས་སྨིན་པར་འགྱུར་བ་ཡིན་ཏེ་དེ་ཡང་འདིར་གཙོ་ཆེ་བའི་དབང་གིས་སྨིན་ཚུལ་མེ་དྲོད་གཅིག་པུ་ལས་མ་བཤད་ཀྱང༌། དོན་ཐོག་ཏུ་ལུས་ཟུངས་རང་རང་གི་གནས་སུ་བད་མཁྲིས་རླུང་གསུམ་གའི་ལས་མྱག་བཞུ་དྭངས་སྙིགས་འབྱེད་པའི་ཚུལ་གསུམ་ཡོད་དོ། །གལ་ཏེ་དེ་ལྟ་བུ་མེད་ན་ཕོ་བའི་གནས་སུ་དེ་གསུམ་ག་སྟོབས་མཉམ་དུ་དགོས་པའི་ཤེས་བྱེད་མ་གྲུབ་ཅིང༌། ཡང་ན་ལུས་ཟུངས་རྣམས་ལ་དྭངས་སྙིགས་གཉིས་གཉིས་སུ་མ་ངེས་པར་ཐལ་བ་དེའི་ཕྱིར་རོ། །ཁ་ཟས་ཀྱི་དྭངས་མ་ཐོག་མ་དེ་གོང་དུ་བཤད་པ་ལྟར་ཕོ་བ་ནས་དྭངས་མ་ལེན་པའི་རྩ་དགུའི་གནས་ནས་རིམ་པར་མཆིན་པའི་རྩ་མིག་གི་ལམ་ནས་བརྒྱུད་དེ་བསམ་སེའུའི་བར་དུ་འགྲོ་བ་ལས། ཐོག་མའི་དྭངས་མ་དེ་ཡང་མཆིན་པའི་གནས་སུ་སླེབས་པའི་ཚེ། མཆིན་པ་ལ་གནས་པའི་བད་མཁྲིས་རླུང་གསུམ་གྱི་བྱ་བ་བྱས་པ་ལ་བརྟེན་ནས་དེའི་དྭངས་མ་རྣམས་ཁྲག་འབའ་ཞིག་ཏུ་འགྱུར་ལ། ཁྲག་གི་དྭངས་མ་དེ་ཡང་ཤའི་གནས་སུ་སོང་བའི་ཚེ་དེའི་དྭངས་མ་དེ་རྣམས་ལས་ཤ་འབའ་ཞིག་ཏུ་འགྱུར་རོ། །དེ་བཞིན་དུ་ཤའི་དྭངས་མ་དེ་ཚིལ་གྱི་གནས་སུ་སོང་བའི་ཚེ་དེའི་ཡང་དྭངས་མ་རྣམས་ལས་ཚིལ་དུ་འགྱུར་ཞིང༌། ཚིལ་གྱི་དྭངས་མ་དེ་ལས་ནི་རུས་པར་འགྱུར་ལ། རུས་པའི་དྭངས་མ་དེ་ལས་རྐང་མར་དུ་འགྱུར་བ་དང༌། རྐང་མར་དེ་ལས་ཀྱང་ཁུ་བ་སྟེ་ཁམས་དཀར་དམར་དུ་འགྱུར་བར་བྱེད་པ་ཡིན་ནོ། །བཤད་མ་ཐག་པ་དེ་རྣམས་ཀྱི་སྙིགས་མ་རྣམས་གང་དུ་འགྱུར་སྙམ་ན། ཁ་ཟས་ཀྱི་སྙིགས་མ་ནི་བཤང་གཅི་ཡིན་པར་སྔར་བཤད་ཟིན་ལ། དྭངས་མ་མཆིན་པའི་གནས་སུ་འགྲོ་བ་དེའི་སྙིགས་མ་ནི་ཕོ་བའི་བད་ཀན་མྱག་བྱེད་དེ་དང༌། ཁྲག་གི་སྙིགས་མ་ནི་སྣོད་ཀྱི་མཁྲིས་པ་དང༌། ཤའི་སྙིགས་མ་ནི་མིག་དང་རྣ་བ་ལ་སོགས་པ་བུ་ག་དགུའི་ནང་ནས་འབྱུང་བའི་དྲི་མ་རྣམས་དང༌། ཚིལ་གྱི་སྙིགས་མ་ནི་ལུས་ཀྱི་ཞག་དང་རྔུལ་འབྱུང་བ་རྣམས་དང༌། རུས་པའི་སྙིགས་མ་ནི་སོ་དང་སེན་མོ་དང་བ་སྤུ་རྣམས་དང༌། རྐང་གི་སྙིགས་མ་ནི་པགས་པ་དང་བཤང་བ་དང་སྣུམ་དང་མིག་འདག་རྣམས་དང༌། ཁུ་བའི་སྙིགས་མ་ནི་ཐུར་དུ་འཛག་སྟེ་མངལ་འཛིན་པའི་ས་བོན་དུ་རིམ་པར་འགྱུར་བ་ཡིན་ནོ། །དེ་བཞིན་དུ་སྙིགས་མ་འདི་རྣམས་ལའང་དྭངས་སྙིགས་གཉིས་གཉིས་སུ་བྱེད་དགོས་པར་ཤེས་པར་བྱའོ། །དྭངས་མ་ཐམས་ཅད་ཀྱི་ལུས་ཟུངས་བདུན་པ་ཁུ་བའི་ཡང་དྭངས་མ་མཐར་ཕྱིན་པ་ནི་མདངས་ཞེས་བྱ་བའི་མཆོག་དམ་པ་སྟེ། དེ་དག་སྙིང་ལ་ལྷག་པར་གནས་པ་ཡིན་མོད་ཀྱང༌། དེའི་ནུས་པ་ལུས་ཀུན་ལ་ཁྱབ་པར་བྱེད་པ་དང༌། ཚེ་རིང་དུ་གནས་པར་བྱེད་པའི་རྟེན་དང༌། གཟི་མདངས་ཆེ་ཤིང་བཀྲག་དང་ལྡན་པར་བྱེད་པ་ཡིན་ནོ།།

བཟའ་བཏུང་གི་དྭངས་མ་དེ་དག་གི་འབྲས་བུའི་མཐར་ཐུག་པ་ཡོངས་སུ་རྫོགས་པའི་དུས་ནི་མཐའ་གཅིག་ཏུ་ངེས་པ་མེད་མོད་ཀྱང༌། རགས་པའི་དབང་དུ་བྱས་ན་ཟས་ཟོས་ཤིང་འཐུངས་པ་རྣམས་ཕོ་བའི་གནས་སུ་ཕྱེ་བ་ལས་བྱུང་བའི་དྭངས་མ་དེ་དག་ལུས་ཟུངས་ཀྱི་ཕྱི་མ་ཁུ་བར་འགྱུར་བའི་དུས་ནི་ཞག་དྲུག་ཡིན་ཏེ། ཞག་དང་པོ་ལ་དྭངས་མ་དེ་ཁྲག་དང༌། གཉིས་པ་ལ་ཁྲག་དེ་ཉིད་ཤ་དང༌། དེ་བཞིན་དུ་གསུམ་པ་ལ་ཤ་དེ་ཉིད་ཚིལ་དང༌། བཞི་པ་ལ་ཚིལ་དེ་ཉིད་རུས་པ་དང༌། ལྔ་པ་ལ་རུས་པ་དེ་ཉིད་རྐང་དང༌། དྲུག་པ་ལ་རྐང་དེ་ཉིད་ཁུ་བར་འགྱུར་བ་ཡིན་ནོ། །འོན་ཀྱང་རོ་ཙ་ན་སྟེ་བཅུད་ཆེན་པོའི་སྨན་སྲོ་མ་ཏ་གེ་ལ་སོགས་པས་འཕྲལ་དུ་སྐད་ཅིག་ཉིད་དང༌། གཞན་ཡང་དབང་པོ་ལག་པ་ལ་སོགས་པ་སྨན་འགའ་ཞིག་དང༌། འོ་མ་དང་ཤ་ཁུ་སོགས་བཟའ་བཏུང་འགའ་ཡིས་ཀྱང་ཁུ་བ་བསྐྱེད་པ་དང༌། རིང་ཞིག་ལོན་ནས་བསྐྱེད་པ་སོགས་ནུས་པ་རྣོ་མྱུར་གྱི་དབྱེ་བ་བསམ་ལས་འདས་སོ། །སོགས་པའི་སྒྲས་བཙན་དུག་དང་དེའི་གཉེན་པོ་གཉིས་ཀས་ཀྱང་འཕྲལ་དུ་སྐད་ཅིག་གཉིས་པར་ལས་བྱེད་ཅིང༌། ཡང་སྦྱར་དུག་འགའ་ཞིག་གི་ལས་ནི་ལོ་དུ་མ་ཞིག་ནས་བྱེད་པའང་ཡོད་ལ། ནད་འདུ་བ་ལས་འབྱུང་བའི་ནད་ཕལ་ཆེར་ལ་གཏོང་བའི་སྨན་ཞི་བྱེད་དང་སྦྱོང་བྱེད་ཀྱི་རིམ་པ་རྣམས་ཀྱང་ཕལ་ཆེར་ཞག་གཅིག་གི་ཁོངས་སུ་ལས་བྱེད་པར་འགྱུར་རོ། །འདི་ལའང་སྦྱོར་བ་རྣོ་མྱུར་གྱི་ཁྱད་པར་ཤིན་ཏུ་ཆེ་ཞིང་མི་འདྲ་མང་དུ་ཡོད་པར་ཤེས་པར་བྱའོ།།

  གནོད་བྱ་དང་གནོད་བྱེད་ཅེས་པས་ཟླས་ཕྱེ་བའི་ཉེས་པ་ལ་རགས་པའི་དབང་དུ་བྱས་ན་རྣམ་པ་བརྒྱད་ཡོད་དེ། ཉེས་པའི་དབྱེ་བ་དང༌། ཉེས་པ་དེ་ཉིད་མའི་མངལ་དུ་འགྲུབ་པའི་ཚུལ་དང༌། ཉེས་པ་དེ་ཉིད་ཤས་ཆེ་ཆུང་གི་རང་བཞིན་དང༌། ཉེས་པའི་དབང་གིས་ཕོ་བའི་མེ་དྲོད་ཆེ་ཆུང་དང༌། དེའི་དབང་གིས་ལྟོ་བ་སྲ་སྙི་དང༌། ཉེས་པའི་གནས་དང༌། ཉེས་པ་རྣམས་ཀྱི་བྱེད་ལས་དང༌། ཉེས་པའི་མཚན་ཉིད་དོ་ཞེས་བཤད་པ་རྣམས་སོ།།

ཉེས་པ་ནད་གཞིའི་དབྱེ་བ་ལ་གཙོ་ཆེ་བའི་དབང་དུ་བྱས་ན། རླུང་དང་མཁྲིས་པ་དང་བད་ཀན་ཏེ་རྣམ་པ་གསུམ་དུ་ཡོད་ལ། དེའི་རྒྱུ་མཚན་ཡང་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་དུ་ངེས་པ་དང༌། ངོ་བོ་བཏང་སྙོམས་ཚ་བསིལ་གསུམ་དུ་ངེས་པ་དང༌། དཔེ་དཔང་པོ་སྔར་རྒོལ་ཕྱིར་རྒོལ་ལྟ་བུ་གསུམ་དུ་ངེས་པ་དང༌། འབྲས་བུ་རྣམ་འགྱུར་གྱི་ནད་རླུང་མཁྲིས་བད་ཀན་གསུམ་དུ་ངེས་པ་དང༌། གཉེན་པོ་ས་སྨན་ཆུ་སྨན་མེ་སྨན་གསུམ་དུ་ངེས་པའི་ཕྱིར། དེ་དག་རྣམས་ཀྱི་སྒོ་ནས་ཉེས་པ་ནད་གཞིའི་གྲངས་ཀྱང་གསུམ་ཁོ་ནར་ངེས་པ་དང༌། ཞར་ལ་རླུང་མཁྲིས་བད་ཀན་གསུམ་སྔ་ཕྱིའི་གོ་རིམ་འདི་ལྟར་འབྱུང་བའི་རྒྱུ་མཚན་ཡང་གྲུབ་ཅིང༌། ནད་གཞིའི་ཉེས་པ་དེ་གསུམ་པོ་རང་རང་གི་གནས་དང་ལྡང་ཚད་ལས་རྣམ་པར་མ་གྱུར་པ་རང་སོར་གནས་པའི་ཚེ་ལུས་འདི་ཉིད་ནད་མེད་ཐ་མལ་དུ་གནས་པའི་གྲོགས་བྱེད་ལ། གལ་ཏེ་རང་གནས་དང་ལྡང་ཚད་ལས་གཞན་དུ་གྱུར་ན་ལོག་པའི་ལས་བྱས་ནས་ལུས་ཟུངས་སོགས་གནོད་བྱ་རྣམས་ལ་འཚེ་བར་བྱེད་པས་ན་ལུས་འཇོམས་པར་འགྱུར་བའི་རྒྱུ་ཡང་ཡིན་ནོ། །བཤད་མ་ཐག་པའི་ཉེས་པ་དེ་ལ་གཙོ་ཆེ་བའི་དབང་དུ་བྱས་ནས་རིགས་བསྡུས་ན་རྣམ་པ་གསུམ་ཁོ་ནར་ཟད་མོད། འོན་ཀྱང་རང་རང་གི་རིགས་འདྲ་ནང་ཚན་གྱི་དབྱེ་བ་འགའ་ཞིག་འབྱུང་སྟེ། དེ་ཡང་རླུང་ལ་དབྱེ་ན་སྲོག་འཛིན་དང༌། གྱེན་རྒྱུ་དང༌། ཁྱབ་བྱེད་དང༌། མེ་མཉམ་དང༌། ཐུར་སེལ་དང་བཅས་པ་སྟེ་རྣམ་པ་ལྔའོ། །མཁྲིས་པའི་དབྱེ་བ་ནི་འཇུ་བྱེད་དང༌། མདངས་བསྒྱུར་དང༌། སྒྲུབ་བྱེད་དང༌། མཐོང་བྱེད་དང༌། མདོག་གསལ་ཞེས་པ་རྣམ་པ་ལྔའོ། །བད་ཀན་གྱི་དབྱེ་བ་ནི་རྟེན་བྱེད་དང༌། མྱག་བྱེད་དང༌། མྱོང་བྱེད་དང༌། ཚིམ་བྱེད་དང༌། འབྱོར་བྱེད་ཅེས་པ་སྟེ་རྣམ་པ་ལྔའོ།།

ཉེས་པ་གསུམ་པོ་དེ་ཉིད་མངལ་དུ་གྲུབ་པའི་ཚུལ་བསྟན་པ་ནི་རང་རང་གི་ལུས་འདི་ཉིད་ཐོག་མར་ཆགས་ཤིང་ཆེར་སྐྱེ་བའི་དང་པོ་ནི་ཕའི་ཁུ་བ་དང་མའི་ཁྲག་ཡིན་ལ། ཁུ་ཁྲག་དེ་ཡང་ཉེས་པ་གསུམ་པོའི་རང་བཞིན་འབའ་ཞིག་ཏུ་གནས་པ་ལས་བྱུང་བ་ཡིན་ནོ། །དེ་ཡང་དཔེར་ན་དུག་གིས་ལུས་ཅན་ཕལ་ཆེར་གྱི་སྲོག་འཕྲོག་པར་བྱེད་པའི་རང་བཞིན་ཅན་ཡིན་ཡང༌། དུག་དེ་ཉིད་ལ་བརྟེན་ཏེ་ཤིང་དེའི་ཁོངས་སུ་གནས་པའི་སྲིན་བུ་རྣམས་ཀྱི་ལུས་དུག་གིས་སྐྱེད་པར་བྱེད་པ་བཞིན་འདིར་ཡང་མཚུངས་པར་བལྟའོ།།

རང་རང་གི་ལུས་ཀྱི་རྒྱུའི་གཙོ་བོ་ཁུ་ཁྲག་གཉིས་ཀྱི་ཉེས་པ་ཤས་ཆེ་ཆུང་དང༌། དེར་མ་ཟད་མངལ་དུ་གནས་པའི་དུས་སུ་མའི་ཟས་དང་སྤྱོད་ལམ་འགའ་ཞིག་གི་དབང་གིས་ཉེས་པ་གསུམ་པོ་གང་ཡང་རུང་བ་ལྷག་པར་འགྱུར་ཞིང༌། དེའི་དོན་གྱིས་མིའི་ལུས་ཀྱི་རང་བཞིན་ཡང་རྣམ་པ་བདུན་དུ་ངེས་པར་འགྱུར་ཏེ་ཇི་ལྟར་ཞེ་ན། ཁུ་ཁྲག་གཉིས་རླུང་ཤས་ཆེ་ཞིང་མའི་ཟས་སྤྱོད་ཀྱང་རྩུབ་ལ་ཡང་བ་ཕལ་ཆེ་བ་ལ་བརྟེན་ནས་སྐྱེས་པའི་མི་ནི་ལུས་བོངས་ཆུང་ཞིང༌། དེ་བཞིན་དུ་མཁྲིས་པ་ཤས་ཆེ་བའི་རྒྱུ་དེ་རྣམས་ལས་ལུས་བོངས་འབྲིང་ལ། བད་ཀན་ཤས་ཆེ་བའི་རྒྱུ་དེས་ནི་ལུས་བོངས་ཆེན་པོར་འབྱུང་བ་དང༌། དེ་གསུམ་ག་ཆ་མཉམ་དུ་འདུས་པའི་རྒྱུ་རྐྱེན་གྱིས་བསྐྱེད་པ་ནི་གཟུགས་ལ་སོགས་པའི་ཡོན་ཏན་མཆོག་ཏུ་གྱུར་པ་ཡིན་ཞིང༌། རླུང་མཁྲིས་གཉིས་སུ་ལྡན་པ་དང༌། བད་རླུང་གཉིས་སུ་ལྡན་པ་དང༌། བད་མཁྲིས་གཉིས་སུ་ལྡན་པའི་རྒྱུ་རྐྱེན་ལས་བྱུང་བའི་ལུས་ནི་གཟུགས་སོགས་ཡོན་ཏན་ཀུན་དང་ལྡན་ཞིང་ནད་མང་བར་འགྱུར་བ་ཡིན་ལ། འོན་ཀྱང་དེ་གསུམ་པོ་སྔ་མའི་རྐྱང་པ་རྣམས་ལས་ཆེས་མཆོག་ཏུ་འགྱུར་ཞིང་འདུས་པའི་རང་བཞིན་ཅན་ལས་ཤིན་ཏུ་དམད་པས་ན་བར་མར་འགྱུར་བ་ཡིན་ནོ།།

ལུས་ཀྱི་རང་བཞིན་རྣམ་པ་མི་འདྲ་བ་བདུན་དུ་གྱུར་པ་དེ་བཞིན་དུ་ཕོ་བ་ན་གནས་པའི་མེ་དྲོད་ཀྱང་རྣམ་པ་བཞི་འམ་བདུན་དུ་འགྱུར་ཏེ། རླུང་མེ་མཉམ་སྟོབས་ཆེ་བའི་དབང་གིས་མེ་དྲོད་ཆེ་ཆུང་མི་སྙོམས་པ་ངེས་མེད་དུ་འགྱུར་ཞིང༌། མཁྲིས་པ་འཇུ་བྱེད་སྟོབས་ཆེ་བ་ལས་ནི་མེ་དྲོད་ཤིན་ཏུ་རྣོ་བ་དང༌། བད་ཀན་མྱག་བྱེད་སྟོབས་ཆེ་བའི་དབང་གིས་མེ་དྲོད་ཆུང་བ་ཡིན་ལ། དེ་གསུམ་ག་ཆ་མཉམ་དུ་འདུས་པ་ལས་ནི་མེ་དྲོད་ཆེ་ཆུང་རྟག་ཏུ་མཉམ་པར་འགྱུར་ཞིང༌། ལྡན་པ་གསུམ་ནི་གོང་དུ་བཤད་པ་ལྟར་ཤེས་པར་བྱའོ། །འདི་ལྟར་མ་བཤད་ན་དེ་བཞིན་ཕོ་བའི་མེ་དྲོད་ཅེས་པའི་དེ་བཞིན་གྱི་ཚིག་ལ་ནུས་པ་མེད་པར་འགྱུར་བས་ཤུགས་ལ་རྟོགས་པར་བྱ་བའི་དོན་ཏོ།།

ལྟོ་བ་སྲ་སྙིའི་རྣམ་དབྱེ་ནི། ཐུར་དུ་འཁྲུ་བའི་དབང་དུ་བྱས་པ་སྟེ། རླུང་གི་འཁྲུ་སྨན་དང་ས་ཆུའི་རང་བཞིན་ཅན་གྱི་ཁ་ཟས་ཟོས་པའི་ཚེ་ན་རླུང་གི་ཤས་ཆེ་བ་ཡིན་ན་ལྟོ་བ་སྲ་བ་ཡིན་པས་འཁྲུ་སྨན་རྣོན་པོ་བཏང་ཡང་སྐེམས་པས་མི་འཁྲུ་ལ། མཁྲིས་པ་ཤས་ཆེ་ན་གཤེར་བ་ཡིན་པས་སྙི་སྟེ་དོན་མེད་དུ་འཁྲུ་བས་ན། འཁྲུ་སྨན་ཤིན་ཏུ་རྟུལ་བ་རྣམས་ཀྱིས་ཀྱང་འཁྲུ་ལ། བད་ཀན་ཤས་ཆེ་ན་ངོ་བོ་ས་ཆུའི་རང་བཞིན་ཡིན་ཀྱང་བྱེད་ལས་ལ་ཞུ་ཞིང་འཁྲུ་བའི་ཞུགས་པ་མེད་པས་སྔ་མ་གཉིས་ལ་ལྟོས་ནས་དེ་དག་གིས་ནི་ལྟོ་བར་མར་འགྱུར་ཏེ་འཁྲུ་སྨན་རྣམས་ཀྱིས་འཁྲུ་བར་ནུས་ལ། ཞོ་ཁ་ཆུ་སོགས་བཟའ་བཏུང་རྣམས་ཀྱིས་མི་འཁྲུ་བས་སྲ་སྙི་རན་པ་ཞེས་བྱ་ལ། གཞན་དུ་ནི་ཉེས་པ་གསུམ་ཆ་མཉམ་དུ་འདུས་པའི་ལྟོ་བ་དེ་ཉིད་སྲ་སྙི་བར་མ་འམ་རྣོ་རྟུལ་མཉམ་པ་ཡིན་ལ། ལྡན་པ་གསུམ་ལ་འང་རྣོ་རྟུལ་བར་མ་གསུམ་དུ་ངེས་ཤིང༌། སྔ་མ་གསུམ་པོའང་ཁྱད་པར་ཤིན་ཏུ་ཆེ་བར་རྟོགས་པར་བྱ་དགོས་སོ།།

ལུས་ཀྱི་ཉེས་པ་རླུང་མཁྲིས་བད་ཀན་གསུམ་པོའི་གནས་ས་ནི་སྤྱིར་ལུས་ཀྱི་ཆ་ཤས་ཤིན་ཏུ་ཕྲ་བ་དང་བཅས་པ་ཀུན་ལ་རིས་མེད་དུ་ཁྱབ་པར་གྱུར་ཅིང་གནས་པ་ཡིན་མོད་དུ་ཟིན་ཀྱང་གཙོ་ཆེ་བའི་དབང་དུ་བྱས་ནས་སྙིང་ག་དང་ལྟེ་བའི་འོག་མན་ཆད་དང༌། ལྟེ་བ་དང་སྙིང་གའི་བར་དང༌། སྙིང་གའི་སྟེང་སྟེ་ཡན་ཆད་ན་མས་ནས་རིམ་བཞིན་རླུང་མཁྲིས་བད་ཀན་གསུམ་གནས་པའོ།།

ཉེས་པའི་ལས་ནི་རླུང་མཁྲིས་བད་ཀན་གྱི་དབྱེ་བས་རྣམ་པ་གསུམ་སྟེ། དང་པོ་རླུང་གིས་ནི་དབུགས་གྱེན་དུ་འབྱིན་པ་དང༌། ནང་དུ་རྔུབ་པ་དང༌། ལུས་ཀྱི་འདུ་བྱེད་བྱ་བའི་ཡུལ་ལ་བསྐྱོད་པ་དང༌། ལུས་ངག་ཡིད་གསུམ་གྱི་ལས་ལ་ལོངས་སྤྱོད་ཅིང་འཇུག་པ་དང༌། བཤང་གཅི་དང་ངར་སྣབས་ལ་སོགས་པའི་ཤུགས་འབྱིན་པ་དང༌། དྭངས་མ་ལ་སོགས་པའི་གནོད་བྱ་ལུས་ཟུངས་བདུན་པོ་རང་རང་གི་བུ་ག་རྣམས་སུ་བདེ་བར་རྒྱུ་ཞིང་ཁྱབ་པར་བྱེད་པ་དང༌། མིག་ལ་སོགས་པའི་དབང་པོ་ལྔའམ་དྲུག་རྣམས་ཀྱང་རང་རང་གི་ཡུལ་གཟུགས་སོགས་ཉེ་བར་འཛིན་པ་གསལ་བར་བྱེད་པ་སྟེ། དེ་རྣམས་ཀྱི་སྒོ་ནས་ལུས་འདི་ཉིད་ལ་མི་གནོད་ཅིང་རྗེས་སུ་འཛིན་པར་བྱེད་དོ། །དེ་བཞིན་དུ་མཁྲིས་པའི་ལས་ནི་མེ་དྲོད་ལ་སོགས་པའི་ཡོན་ཏན་གྱི་དབང་གིས་མྱུར་དུ་ཞུ་ནས་ཡང་ཡང་བཀྲེས་ཤིང་སྐོམ་ལ་ཡི་ག་བྱེ་ནས་ཟས་ལེན་ཞིང་འདོད་པར་བྱེད་པ་དང༌། དེ་ཡང་མྱུར་དུ་འཇུ་བར་བྱེད་པ་དང༌། ལུས་ཀྱི་དྲོད་དང་གཟི་མདངས་གསལ་ལ་བྱ་བ་གང་ལ་ཡང་མི་འཇིགས་པའི་སྙིང་དཔའ་བ་དང༌། རྩོམ་པ་ཀུན་ལ་རབ་ཏུ་བཀྲ་བའི་བློ་དང་ལྡན་པར་བྱེད་པའོ། །བད་ཀན་གྱི་ལས་ཀྱང་ལུས་དང་བློ་གཉིས་ཀ་ཆེ་ཞིང་བརྟན་པར་བྱེད་པ་དང༌། གཉིད་ལོག་པ་ལ་དགའ་བ་དང༌། རུས་པའི་ཚིགས་རྣམས་འབྱོར་ཞིང་འབྲེལ་བར་བྱེད་པ་དང༌། ངང་རྒྱུད་རིང་བས་བྱ་བ་ཀུན་དང་གནོད་པ་ལ་བཟོད་བསྲན་ཆེ་ཞིང་ལུས་ཀྱི་ཕྱི་ནང་ཀུན་ཀྱང་དཀར་ལ་འཇམ་སྣུམ་པར་བྱེད་པ་ཡིན་ནོ།།

འདི་གཉིས་ཀྱི་བྱ་བ་འདི་ཡང་རང་རང་གི་རང་བཞིན་གྱི་བྱ་བ་ལས་མ་གཡོས་པ་དེས་ནི་ལུས་རྗེས་སུ་འཛིན་པར་བྱེད་དོ། །ཉེས་པ་གསུམ་པོ་སྤྱིའི་ལས་དང་གནས་བཤད་ཚར་ནས་དེའི་ཁྱད་པར་གྱི་དབྱེ་བ་ཡང་ལྔ་ལྔ་ཡོད་པའི་དང་པོ་རླུང་རིགས་ལྔ་ལས། དང་པོ་སྲོག་འཛིན་ཞེས་བྱ་བའི་རླུང་དེ་ནི་གཙོ་བོར་སྤྱི་བོ་བདེ་ཆེན་གྱི་འཁོར་ལོར་གནས་པ་སྲོག་ཆེན་པོའི་སྲོག་འཛིན་གྱི་རླུང་ཞེས་བྱ་བ་དོན་གཅིག་ལ། དེ་ཡང་རླུང་ཐམས་ཅད་ཀྱི་རྩ་བ་ཡིན་པས་ཀུན་གཞིའི་རྣམ་པར་ཤེས་པ་ཉོན་མོངས་པའི་ཡིད་ལྷན་ཅིག་པའི་གཡོ་བ་དེ་ལ་བྱ་ཞིང༌། དེ་ནི་དོན་ལ་རྩ་དབུ་མའི་སུམ་ཆ་ལྟེ་བ་ནས་སྤྱི་བོའི་བར་ཐམས་ཅད་གང་བའི་ཚུལ་གྱིས་གནས་ཀྱང༌། ལས་བྱེད་པའི་ཚུལ་ནི་གཙོ་བོར་སྤྱི་བོར་གནས་ནས་ཡུལ་གྲེ་བ་དང་བྲང་གཞུང་དུ་རྒྱུ་ཞིང༌། ཟས་སྐོམ་མིད་པ་དང༌། དབུགས་རྔུབ་པ་དང༌། མཆིལ་མ་འདོར་བ་དང༌། སྦྲིད་པ་དང༌། སྒྲེག་པ་འབྱིན་པ་དང༌། བློ་གྲོས་དང་མིག་ལ་སོགས་པའི་དབང་པོ་གསལ་ཞིང་སེམས་མི་གཏོང་བར་རང་དང་ལྷན་ཅིག་ཏུ་འཛིན་པར་བྱེད་པ་ཡིན་ནོ།།

འདི་ལ་བྱང་ལུགས་ཀྱི་རྒྱུད་བཞི་བཀའ་སྒྲུབ་དཔག་བསམ་ལྗོན་ཤིང་སོགས་རྒྱུད་འགྲེལ་མང་པོར་སྲོག་འཛིན་སྙིང་གར་ཡོད་པ་དགག་པའི་ལུང་དུ་རྗེ་ཟུར་མཁར་བ་བློ་གྲོས་རྒྱལ་པོས། དུས་ཀྱི་འཁོར་ལོ་ལས། སྲོག་དང་ཐུར་སེལ་མཉམ་གནས་པདྨ་ནོར་གྱི་འདབ་མ་དག་ལ་རླུང་ནི་གྱེན་དུ་རྒྱུ་བ་དང༌། །ཁྱབ་བྱེད་ཀླུ་དང་རུས་སྦལ་དག་དང་རྩངས་པའི་རླུང་དང་ལྷས་བྱིན་དང་ནི་ནོར་ལས་རྒྱལ། །རླུང་ནི་རྣམ་པ་བཅུ་པོ་འདི་རྣམས་ལྟེ་བའི་འཁོར་ལོ་ལ་ནི་ལས་ཀྱི་དབྱེ་བས་ཡང་དག་གནས། །ཞེས་པའི་ལུང་འདྲེན་མཛད་ནས། ཞལ་ལུང་དུ། ལྟེ་བའི་འཁོར་ལོའི་སྟེང་འོག་གཉིས་སུ་སྲོག་འཛིན་དང་ཐུར་སེལ་རྒྱུ་ལ། གཞན་ཕྱོགས་མཚམས་བརྒྱད་དུ་རླུང་ལྷག་པོ་བརྒྱད་པོ་ཡང་རྒྱུ་བར་བཤད་ཀྱི། སྲོག་འཛིན་སྙིང་ག ཁྱབ་བྱེད་སྤྱི་བོར་གནས་ཚུལ་བཤད་པ་གཏན་མེད་ལ་ཞེས་པ་ནི། རྒྱུད་སྡེ་གཞན་ལ་གཟིགས་པ་སྟེ། གསང་བ་འདུས་པའི་བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། རླུང་རྣམས་ཀྱི་ནི་མཚན་ཉིད་མཆོག སྲོག་གི་རླུང་ནི་སྙིང་གར་གནས། །མི་བསྐྱོད་བྱེ་བྲག་རིགས་ལས་སྐྱེས། །འདོམས་ན་གནས་པའི་ཐུར་སེལ་ནི།། རིན་ཆེན་འབྱུང་ལྡན་བྱེ་བྲག་སྐྱེས། །སྟོད་དུ་རྒྱུ་བས་ལྐོག་མཐར་གནས། །འོད་དཔག་མེད་པའི་རང་བཞིན་ནོ། །མེ་དང་མཉམ་གནས་ལྟེ་བར་གནས། །དོན་ཡོད་གྲུབ་པའི་རང་བཞིན་ནོ། །ཁྱབ་བྱེད་ཡན་ལག་ཀུན་ལ་གནས། །རྣམ་སྣང་མཛད་ཀྱིས་བྱིན་གྱིས་བརླབས། །ཞེས་དང༌། སྤྱོད་བསྡུས་སྒྲོན་མེ་སོགས་རྒྱུད་གཞན་ནས་ཀྱང་བཤད་པ་ལྟར། བྱང་ལུགས་ཀྱི་ཡིག་ཆ་ཕལ་ཆེར་དུ་བཞེད་པའང་མི་འཐད་པ་ག་ལ་ཡིན། འོན་ཀྱང་གསོ་བ་རིག་པ་འདི་གསང་སྔགས་གསར་མ་དང་ཅུང་ཟད་མི་མཐུན་པའི་དབང་གིས་འདི་ལུགས་སུ། དཔའ་བོས་ཡན་ལག་བརྒྱད་པར། ཁྱབ་བྱེད་སྙིང་ལུས་ཀུན་ལ་གནས། །མ་ལུས་ཁྱབ་ཅིང་རབ་ཏུ་མགྱོགས།། འགྲོ་དང་འདེགས་དང་འཇོག་པ་དང༌། །ཞེས་པའི་རང་འགྲེལ་དུ། རླུང་ཁྱབ་བྱེད་ཅེས་བྱ་བའི་གནས་ནི་སྙིང་ག་ནས་ཁྱབ་ཅིང་འདུག་གོ་ཞེས་སོགས་དང༌། གཞན་ཡང་ཟླ་བའི་རྒྱལ་པོ། རྒྱུད་ཆུང་བདུད་རྩི་སྙིང་པོ། རྒྱུད་རང་གི་ཡས་མས་མང་པོར་དཔེར་ན་མན་རྒྱུད་དུ། སྲོག་འཛིན་རླུང་ལ་ཏིལ་མར་བསྐུ་མཉེ་བྱ། །སྣ་སྨན་འཇམ་པོ་བཏང་ལ་རླུང་གསང་བསྲོ། །ཞེས་དང༌། ཁྱབ་བྱེད་ཛཱ་ཏི་ཞོ་ཤའི་སྨན་མར་བཏང༌། །བུར་ཆང་ལོ་ཤ་ཤ་ཆེན་ཚ་བ་བསྟེན། །ཞེས་གསུངས་པས་ཀྱང་ཁྱབ་བྱེད་སྙིང་ལ་གནས་པ་ཁོ་ནར་བསྟན་ཏེ། སྲོག་འཛིན་མགོར་གནས་པའི་སྣ་སྨན་གཏོང་བ་དང༌། ཁྱབ་བྱེད་ལ་སྙིང་གི་ཁ་འཛིན་ཛཱ་ཏི་དང༌། སྙིང་ཞོ་ཤ་གཏོང་བ་བཅོས་ཀྱང་མཐུན་པར་གསུངས་བ་དང༌། དུས་ཀྱི་འཁོར་ལོ་ལས་ཡན་ལག་གི་རླུང་ལྔ་ཞེས་བྱ་བ་ཀླུ་དང༌། རུས་སྦལ་དང༌། རྩངས་པ་དང༌། གཞུ་ལས་རྒྱལ་བ་དང༌། ལྷས་བྱིན་ཏེ་ལྔ་པོ་ཀུན་ཀྱང་སྲོག་འཛིན་གྱི་ཡན་ལག་ཡིན་པས། སྤྱི་བོ་ནས་མིག་ལ་སོགས་པའི་དབང་པོ་ལྔ་ལ་རིམ་པ་བཞིན་ཡོད་པར་གསུངས་པས་ཀྱང་རྟོགས་པར་ནུས་སོ། །གྱེན་དུ་རྒྱུ་བ་ཞེས་བྱ་བའི་རླུང་ནི་གཙོ་བོར་བྲང་ལ་གནས་བྱས་ནས། ཡུལ་སྣ་ལྕེ་ལྐོག་མར་རྒྱུ་ཞིང༌། །ལས་ཚིག་འབྱིན་པར་བྱེད་ལ། །སྟོབས་མདངས་ཁ་དོག་རྣམས་རྒྱས་པར་བྱེད་པ་དང༌། འབད་པ་དང་རྩོལ་བ་སྐྱེད་ཅིང་དྲན་པའི་དབང་པོ་གསལ་བར་བྱེད་པ་ཡིན་ནོ། །ཁྱབ་བྱེད་ཅེས་བྱ་བའི་རླུང་ནི་གཙོ་བོར་སྙིང་ལ་ལྷག་པར་གནས་པ་སྟེ། དེའི་ཡུལ་ནི་ལུས་ཀྱི་ཆ་ཤས་ཀུན་ལ་ཁྱབ་པར་རྒྱུ་ཞིང༌། རྐང་ལག་རྣམས་འདེགས་པ་དང་འཇོག་པར་བྱེད་པའི་ངང་ནས་འགྲོ་བ་དང༌། བརྐྱང་བསྐུམ་དང༌། ཁ་མིག་སོགས་འབྱེད་འཛུམ་ལ་སོགས་ཏེ། །མདོར་ན་ལུས་ངག་ཡིད་དང་བཅས་པའི་བྱ་བ་ཕལ་ཆེར་རླུང་འདི་ཉིད་ལ་རག་ལུས་པ་ཡིན་ནོ། །ཕོ་བའི་མེ་དང་མཉམ་དུ་འཇུག་པའི་རླུང་ནི་གཙོ་བོར་ཕོ་བར་གནས་ནས་ཡུལ་རྒྱུ་མ་ལ་སོགས་པའི་ནང་ཁྲོལ་ཀུན་ཏུ་རྒྱུ་ཞིང༌། ལས་ཁ་ཟས་རྣམས་འཇུ་བ། དྭངས་སྙིགས་འབྱེད་ཅིང་ཁྲག་ལ་སོགས་པའི་གནོད་བྱ་གཞན་རྣམས་སྨིན་པར་བྱེད་པ་ཡིན་ནོ། །ཐུར་དུ་སེལ་བའི་རླུང་ནི་གཙོ་བོར་གཞང་ལ་གནས་ནས། ཡུལ་ལོང་སྟོད་སྨད་དང༌། ལྒང་པ་དང༌། གསང་བའི་གནས་དང་བཅས་པའི་བརླའི་ནང་དུ་རྒྱུ་ཞིང༌། ལས་ཁུ་ཁྲག་དང༌། བཤང་གཅི་རྣམས་དང༌། མངལ་ནང་ན་གནས་པའི་བུ་ལ་སོགས་པ་འབྱིན་པ་དང༌། སྡོམ་པའི་བྱ་བ་རྟག་ཏུ་བྱེད་པ་ཡིན་ནོ། །མཁྲིས་པ་འཇུ་བྱེད་བྱ་བ་ཕོ་བར་ཟས་ཞུ་བ་དང་མ་ཞུ་བའི་བར་ན་གནས་ཤིང༌། ལས་ནི་ཁ་ཟས་ཀྱི་རིགས་ཀྱི་རིམ་པ་ཟོས་ཤིང་འཐུངས་པ་རྣམས་རབ་ཏུ་འཇུ་བ་དང༌། དྭངས་སྙིགས་ཀྱང་ཅུང་ཟད་འབྱེད་ཅིང་ལུས་ཀྱི་དྲོད་ལྷག་པར་བསྐྱེད་པ་དང༌། དེར་མ་ཟད་མཁྲིས་པ་ལྷག་མ་མདངས་བསྒྱུར་ལ་སོགས་པ་བཞིས་གྲོགས་དང་སྟོབས་ཀྱང་སྐྱེད་པར་བྱེད་པའོ།། མཁྲིས་པ་མདངས་བསྒྱུར་ཞེས་བྱ་བ་ནི་མཆིན་པ་ལ་གནས་པ་སྟེ། དེའི་ལས་ནི་ལུས་ཟུངས་བདུན་གྱི་ཐོག་མ་དྭངས་མ་རང་ལ་སོགས་པའི་ཁོང་ནས་ཤ་སྟེ། དེ་གཉིས་པོའི་ཁ་དོག་མ་ལུས་པར་དམར་པོར་སྒྱུར་བར་བྱེད་པའོ། །མཁྲིས་པ་སྒྲུབ་བྱེད་ཅེས་བྱ་བ་ནི་སྙིང་ལ་གནས་པ་སྟེ། དེ་དག་གི་ལས་ནི་བསྒྲུབ་པར་བྱ་བའི་དོན་ལ་ཡིད་གཞུང་པ་དང༌། ང་རྒྱལ་བསྐྱེད་པ་དང༌། བློ་གྲོས་དང་འདོད་པ་བསྒྲུབ་པ་ལ་བརྩོན་པར་བྱེད་པའོ། །མཁྲིས་པ་མཐོང་བྱེད་ཅེས་བྱ་བ་ནི། མིག་ལ་གནས་པར་བྱས་ནས། ལས་ནི་ཕྱི་རོལ་གྱི་གཟུགས་ཀྱི་བྱེ་བྲག་རྣམས་མཐོང་བར་བྱེད་པའོ། །མཁྲིས་པ་མདོག་གསལ་ཞེས་བྱ་བ་ནི། ལུས་ཀྱི་པགས་པའི་རིམ་པ་རྣམས་ལ་གནས་ནས། ལས་ཀྱང་པགས་པའི་ཆ་ཤས་ཡོད་དོ་ཅོག་གི་མདོག་གསལ་ཞིང་དྭངས་པར་བྱེད་པའོ།། བད་ཀན་རྟེན་བྱེད་ཅེས་བྱ་བ་ནི་བྲང་ལ་གནས་པ་སྟེ། ལས་ནི་ལྷག་མ་མྱག་བྱེད་ལ་སོགས་པ་རྣམས་ཀྱི་རྟེན་བྱེད་པ་དང༌། ཁྱད་པར་དུ་མ་འཐུངས་ཀྱང་ངོམས་པ་ལ་སོགས་པ་ཆུ་དང་མཐུན་པའི་ལས་བྱེད་པ་ཡིན་ནོ། །བད་ཀན་མྱག་བྱེད་ཅེས་བྱ་བ་ནི་ཕོ་བའི་སྟོད་མ་ཞུ་བའི་ཆ་ལ་གནས་ནས། ལས་ནི་ཟས་སྐོམ་མིད་པ་རྣམས་ཞིབ་མོར་མྱག་ཅིང་འདུར་འདུར་པོར་འདྲུལ་བར་བྱེད་པ་ཡིན་ནོ། །བད་ཀན་མྱོང་བྱེད་ཅེས་བྱ་བ་ནི་ལྕེའི་དབང་པོར་གནས་ནས་རོ་དྲུག་གི་བྱེ་བྲག་རྣམས་ཚོར་ཞིང་ཉམས་སུ་མྱོང་བར་བྱེད་པ་ཡིན་ནོ། །བད་ཀན་ཚིམ་བྱེད་ཅེས་བྱ་བ་ནི་མགོ་བོར་གནས་ནས་ལས་ནི་མིག་ལ་སོགས་པའི་དབང་པོ་རྣམས་རྒྱས་ཤིང་ཚིམ་པར་བྱེད་པ་ཡིན་ནོ། །བད་ཀན་འབྱོར་བྱེད་ཅེས་བྱ་བ་ནི་ལུས་ཀྱི་ཚིགས་པའི་ཆ་ཤས་མ་ལུས་པའི་མིག་གམ་བར་མཚམས་ཀུན་ལ་གནས་ནས་ལས་ནི་ཚིགས་པ་རྣམས་ཕན་ཚུན་འབྱོར་པར་བྱེད་ཅིང༌། དེ་རྣམས་ཀྱི་མཚམས་ལ་བརྐྱང་བ་དང་བསྐུམ་པའི་བྱ་བ་ཡང་བྱེད་པ་ཡིན་ནོ། །དེ་ལྟར་བཤད་པའི་རླུང་མཁྲིས་བད་ཀན་གྱི་དབྱེ་བ་ལྔ་གསུམ་བཅོ་ལྔ་པོའི་མིང་དེ་དག་ཐམས་ཅད་ཀྱང་རང་རང་གི་བྱེད་ལས་སོགས་རྒྱུ་མཚན་ཅན་གྱི་སྒོ་ནས་བཏགས་པ་འབའ་ཞིག་ཡིན་པས་དོན་ཡང་དེ་ལྟ་བུར་ཤེས་པར་བྱའོ།།

  ཉེས་པའི་མཚན་ཉིད་རླུང་དང་མཁྲིས་པ་བད་ཀན་གསུམ་ཡིན་ལ། དེའི་རྣམ་པར་མ་གྱུར་པའི་རླུང་གི་མཚན་ཉིད་ནི་རང་རང་གི་ངོ་བོ་འཇམ་པ་དང་ལྕི་བ་མ་ཡིན་པའི་རྩུབ་ཅིང་ཡང་བ་དང༌། དྲོ་བ་སྦོམ་པ་དང༌། སྙི་བ་དང་བརྟན་པའི་ངོ་བོ་དང་བྲལ་བས་རང་གི་རང་བཞིན་གྲང་ཞིང་ཕྲ་མོར་གནས་ལ་སྲ་བ་སྟེ་མཁྲེགས་ཤིང་གཡོ་བའི་ངོ་བོར་གནས་པ་ཡིན་ནོ། །རྩུབ་པ་ལ་སོགས་པའི་ཟུར་དྲུག་དང་ལྡན་པའི་མཚན་ཉིད་འདི་ནི་རླུང་ཁོ་ནའི་ཁྱད་པར་གྱི་ཆོས་ཡིན་ནོ། །དེ་བཞིན་དུ་རྣམ་པར་མ་གྱུར་པའི་མཁྲིས་པའི་མཚན་ཉིད་ནི་སྐྱ་བ་ལས་ཅུང་ཟད་ལྡོག་པས་སྣུམ་པ་དང་བཅས་པས་རྟུལ་བ་དང་བསིལ་བའི་རང་བཞིན་ལས་གོ་ལྡོག་པས་རྣོ་ཞིང་ཚ་བ་དང༌། ལྕི་བ་མེད་པས་ཡང་བའི་ངོ་བོར་གནས་ཤིང་དྲི་མ་མེད་པ་རྣམས་དང་སྐམ་པའི་ལས་མི་ལྡན་པས་དྲི་མི་ཞིམ་པ་མནམ་པར་བྱེད་པ་དང༌། ས་ཆུའི་རང་བཞིན་གྱི་སྨན་ཟས་འགའ་ཞིག་དང་ཕྲད་པའི་ཚེ། ཐུར་དུ་འཁྲུ་ཞིང་གཤེར་བའི་བྱ་བ་བྱེད་པ་ཡིན་ནོ། །སྣུམ་པ་དང་བཅས་པ་ལ་སོགས་པའི་ཟུར་བདུན་དང་ལྡན་པའི་མཚན་ཉིད་འདི་ནི་མཁྲིས་པ་ཁོ་ནའི་ཁྱད་པར་གྱི་ཆོས་སོ། །རྣམ་པར་མ་གྱུར་པའི་བད་ཀན་གྱི་མཚན་ཉིད་ཀྱང༌། སྐྱ་བ་དང་ཚ་བ་ལས་རིང་དུ་ཉམས་པས་སྣུམ་ཞིང་བསིལ་བ་དང༌། ཡང་རྣོ་རྩུབ་གཡོ་རྣམས་ཀྱི་རང་བཞིན་དང་བྲལ་བས་ལྕི་རྟུལ་འཇམ་བརྟན་གྱི་ངོ་བོར་གནས་ཤིང༌། རྣམ་པ་འབྱར་བག་ཤིན་ཏུ་ཆེ་བ་བེ་སྣབས་ཅན་གྱི་ཚུལ་དུ་གནས་པ་ཡིན་ནོ། །ཤིན་ཏུ་སྣུམ་པ་ལ་སོགས་པ་ཟུར་བདུན་དང་ལྡན་པའི་མཚན་ཉིད་འདི་ནི་བད་ཀན་ཁོ་ནའི་ཁྱད་པར་ཡིན་པར་ཤེས་པར་བྱའོ་ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་མན་ངག་གི་རྒྱུད་ལུས་དུམ་བུ་གཉིས་པ་བཤད་པའི་རྒྱུད་ཀྱི་ལུས་ཀྱི་མཚན་ཉིད་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།




མཐའ་མའི་འདོན་ཐེངས་།: 05.09.2023 ཉིན། 9:50 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།