སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་ལྔ་པ། རིལ་བུའི་སྡེ་ཚན་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 21.12.2022
ཕྱི་མ་རྒྱུད། >> ལེའུ་ལྔ་པ། རིལ་བུའི་སྡེ་ཚན་བསྟན་པ།



ལེའུ་ལྔ་པ། རིལ་བུའི་སྡེ་ཚན་བསྟན་པ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །རིལ་བུའི་སྡེ་ཚན་ཚ་སེལ་གྲང་སེལ་གཉིས། །ཚ་སེལ་དུག་སྨན་དངུལ་ཆུ་མ་གཏོགས་པའི། །སྒོས་ཀྱི་ཚ་སེལ་རིལ་བུ་མེད་ན་ཡང༌། །སྨན་ནད་གང་འཕྲོད་རིལ་བུར་དྲིལ་དུ་བཏུབ། །གྲང་སེལ་རིལ་བུ་བི་ཁ་ནག་པོ་དང༌། །གླ་རྩི་རུ་རྟ་ཤུ་དག་ཨ་རུ་ར། །སྙིང་ཁྲག་རུས་པ་རྒྱུས་པ་ཤ་དང་ལྔ། །ཚད་དུ་སྦྱར་ཏེ་དྲི་ཆུས་རིལ་བུ་དྲིལ། །བྱ་ཁྱུང་རྣམ་པ་ལྔ་ཡི་རིལ་བུ་འདི། །སྲོད་དུས་ལྔ་བདུན་དགུ་རྣམས་རིམ་པས་བཏང༌། །ཕོ་ལོག་སྲིན་ནད་གཉན་གཟེར་གག་ལྷོག་དང༌། །ཁྱད་པར་ཆུ་སེར་མཛེ་ནད་འཇོམས་པའི་མཆོག །དེ་ལ་ཛཱ་ཏི་བསྡེབས་པས་སྙིང་རླུང་སེལ། །ཁ་རུ་ཚྭ་བསྡེབས་ཕོ་བའི་མེ་ཉམས་གསོ། །འགྲོན་བུའི་ཐལ་བ་བསྡེབས་པས་སྐྲན་རྣམས་བཤིག །ད་ལིས་བསྡེབས་པས་སྐྱ་རྦབ་སྦོས་པ་འཇིལ། །ཤ་རུའི་ཐལ་བ་བསྡེབས་པས་དམུ་རྫིང་སྐེམ། །གུ་གུལ་གག་ལྷོག་གཉན་གཟེར་ས་གདོན་འཇོམས། །ཤིང་ཀུན་བསྡེབས་པས་གྲང་རླུང་མ་ལུས་འཇོམས། །བྱི་ཏང་ག་དང་བསྡེབས་པས་སྲིན་ནད་སེལ། །རྒྱ་ཚྭ་རྒྱམ་ཚྭ་ལྕེ་མྱང་ཁ་རུ་ཚྭ། །ཙབས་རུ་ཚྭ་དང་རྭ་ཚྭ་ཤིང་ཚ་དང༌། །མཛེ་ཚྭ་ཐལ་ཚྭ་ཡ་བཀྵ་ར་དང༌། །ཚ་བ་གསུམ་དང་འབྲས་བུ་གསུམ་པོ་རྣམས། །ཐུན་གསུམ་ཆ་མཉམ་བུ་རམ་རིལ་བུར་དྲིལ། །ལྷེན་སྐྲན་མངལ་སྐྲན་ཁྲག་སྐྲན་ཐལ་བར་རློག །ཚ་བ་གསུམ་དང་སུག་སྨེལ་ཨ་རུ་ར། །འུ་སུ་གཡེར་མ་ཟི་ར་ཁ་རུ་ཚྭ། །མཚོ་ཚ་ཤིང་ཚ་ཏིག་ཏ་གོ་སྙོད་རྣམས། །བུ་རམ་རིལ་བུས་མ་ཞུ་ལྷེན་སྐྲན་འཇོམས། །གོ་བོ་བྱ་རྒོད་སོ་བྱ་གྲུམ་པ་སོགས། །གྲེ་བ་མཐའ་དག་གཡག་རྒོད་རྐྱང་གི་ཤ། །བཟང་དྲུག་ཚ་བ་གསུམ་དང་ཚྭ་སྣ་གསུམ། །གོ་སྙོད་ལ་ལ་ཕུད་དང་ཟི་ར་ནག །བུ་རམ་དྲིལ་བའི་ཟ་བྱེད་རིལ་བུ་སྟེ། །སྐྲན་ནད་ཚ་གྲང་མེད་པར་ཐལ་བར་རློག །འཇམ་འབྲས་སྲ་འབྲས་བསིལ་གསུམ་ཨ་རུ་ར། །ཛཱ་ཏི་ལ་ལ་ཕུད་དང་པི་པི་ལིང༌། །བཅའ་སྒ་ཨུཏྤལ་བཙོད་དང་ཙི་ཏྲ་ཀ །ཀ་པེད་མོན་ཆ་ར་དང་ད་ཏྲིག་དང༌། །སེ་འབྲུ་ཚད་ལྡན་བུ་རམ་རིལ་བུ་བྱས། །གུ་ལིང་འབྲས་ཀྱི་རིལ་བུས་བད་རླུང་རྒྱས། །སྟོད་ཚ་སྨད་གྲང་འཁྲུ་བ་གསར་རྙིང་གཅོད། །ད་ལིས་དབྱི་མོང་གནྔྷ་པ་ཏྲ་དང༌། །ནཱ་ག་པུཥྤེ་གེ་སར་པུ་ཤེལ་རྩེ། །དྭ་ཚ་ཡ་བཀྵ་ར་བཟང་པོ་གསུམ། །མར་ཆང་བུ་རམ་ཏིང་ཁྲོལ་རིལ་བུ་དྲིལ། །ད་ལིས་འཇུ་བྱེད་རིལ་བུས་སྐྱ་རྦབ་འཇོམས། །གུར་ཀུམ་མ་ནུ་ཀ་པེད་བྱི་ཏང་ག །པ་ཏྲ་སྦྲང་སྦྱར་རིལ་བུས་སྐྱ་རྦབ་དང༌། །ཤ་སེར་མཆིན་ནད་རླན་གྲང་སྦོས་པ་འཇོམས། །ད་ལིས་དབྱི་མོང་ཕོ་བ་རིས་དང་སྒ། །བྱི་ཚེར་པུ་ཙེ་ཤེལ་དང་དྲི་བཟང་བཞི། །བུ་རམ་རིལ་བུས་མཆིན་སྐྲན་དབུགས་མི་བདེ། །ལུད་པ་གཞང་འབྲུམ་རྟུག་སྐམས་འཇོམས་པར་བྱེད། །ཚ་བ་ལྔ་དང་བུ་རམ་རིལ་བུ་ཡིས། །རྩིབ་ལོགས་གཟེར་དང་སྙིང་འདར་ཡིད་འཆུས་སེལ། །སུག་སྨེལ་ཤིང་མངར་རྒྱམ་ཚྭ་ཙི་ཏྲ་ཀ །ཚ་བ་གསུམ་དང་ལྕེ་མྱང་ཁ་རུ་ཚྭ། །བུ་རམ་རིལ་བུས་གྲང་སེལ་སྐྲན་རྣམས་འཇོམས། །སེ་འབྲུ་པི་པི་ལིང་དང་བུ་རམ་སྦྱར། །རིལ་བུས་མ་ཞུ་སྐྱུག་པ་སེལ་བར་བྱེད། །དུར་ཐོད་ཤ་རུ་སྤེན་མའི་ཐལ་བ་གསུམ། །ཙ་བྱ་ཨ་རུའི་རིལ་བུས་དམུ་རྫིང་སྐེམ། །དབྱི་མོང་སུག་སྨེལ་སྡིག་པ་ཚ་བ་གསུམ། །རྒྱ་ཚྭ་སྦྲང་རྩིའི་རིལ་བུས་ཆུ་སོར་ཟུག །མེ་ཉམས་མཁལ་རྐེད་དཔྱི་མིག་གཟེར་བ་སེལ། །ཟི་ར་བཅའ་སྒ་ཤིང་ཀུན་བྱི་ཏང་ག །རྒྱ་ཚྭ་སྦྲང་སྦྱར་རིལ་བུ་སོ་སྟེང་བཞག །སྲིན་འཇོམས་ཡུན་བསྟེན་སོ་ཡི་བཅུད་ལེན་འགྱུར།།

དེ་སོགས་རིལ་བུ་གང་སྦྱོར་ཞིབ་བཏགས་ལ། །རྟ་མེད་ཐམས་ཅད་རླན་གྱིས་འདམ་བཏགས་བྱ། །ཞིབ་ནས་སྲན་མ་ཕོས་པ་ཙམ་དུ་དྲིལ། །དུག་གིས་གཙོ་བྱས་སྲན་མ་ཆུང་ཤོས་ཙམ། །རྟ་དང་སྦྱར་ན་མ་སླས་དྲིལ་བཏུབ་ལ། །ལུག་རིལ་ཙམ་དང་སེར་བ་རུས་ཙམ་དྲིལ། །ཆུང་བ་མིད་ལ་ཆེ་བ་མུར་བར་བྱ། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་རིལ་བུའི་སྡེ་ཚན་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།


 

 

མཐའ་མའི་འདོན་ཐེངས་།: 22.12.2022 ཉིན། 11:11 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།