སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་རེ་གསུམ་པ། འབྲས་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.11.2023
མན་ངག་རྒྱུད། >> ལེའུ་རེ་གསུམ་པ། འབྲས་བཅོས་པ།



ལེའུ་རེ་གསུམ་པ།  འབྲས་བཅོས་པ། 

དེ་ནས་ཞེས་པ་སྔ་ཕྱི་མཚམས་སྦྱོར་བ་སྟེ་སྔར་གྱི་ཞུ་བའི་འཕྲོ་ཡོད་པའི་ཚིག་འདྲེན་བྱེད་དང༌། ཡང་ཞེས་པ་ཞུ་མུས་དེ་བསྐྱར་བའི་དོན་ཏེ་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་དྲང་སྲོང་རིག་པའི་ཡེ་ཤེས་ལ་འདི་སྐད་ཅེས་ཞུས་སོ། །ཀྱེ་ཞེས་བོས་ནས་སྙན་པའི་གདངས་ཀྱིས་ཞེ་ས་དང་བཅས་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས། ལྷན་སྐྱེས་ཀྱི་རྨ་གསོ་བའི་སྐབས་ལ་ཇི་ལྟར་དུ་བསླབ་པར་བགྱི་ཞེས་དྲི་ཞིང་ལུས་ཅན་ཀུན་གྱི་ཚེ་སྲོག་འཚོ་བར་མཛད་པའི་སྨན་པའི་རྒྱལ་པོ་ཆེན་པོས་བདག་ཅག་རྣམས་ལ་བཤད་དུ་གསོལ་ཞེས་ཞུས་པ་དང༌། དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཉོན་ཅིག་ཅེས་རྣ་བ་གཏོད་དུ་བཅུག་སྟེ། ལྷན་སྐྱེས་ཀྱི་རྨ་ལ་འབྲས་དང༌། གཞང་འབྲུམ་དང༌། མེ་དབལ་དང༌། སུར་ཡ་དང༌། རྨེན་བུ་དང༌། རླིག་རླུགས་དང༌། རྐང་བམ་དང༌། མཚན་བར་རྡོལ་བ་དང་བརྒྱད་དུ་བཤད་པ་དེའི་ལེའུ་བྱིངས་རྣམས་གཤམ་དུ་སོ་སོར་གསལ་ཞིང༌།

འདིར་དང་པོ་འབྲས་ལ་ནད་ཀྱི་རྒྱུ་རྐྱེན་དང༌། དབྱེ་བ་དང༌། རྟགས་དང༌། བཅོས་པའི་ཐབས་དང་རྣམ་པ་བཞིའི་སྒོ་ནས་བསྟན་ཏེ།

རྒྱུ་རྐྱེན་གཞི་མཐུན་ནི་འགྲམས་པ་དང༌། འཁྲུགས་པ་དང༌། ཁ་ཟས་དྭངས་མར་མ་སྨིན་པ་སོགས་ཀྱིས་ངན་ཁྲག་རྒྱས་ཏེ་རྩར་བྱེར་བ་རླུང་གིས་བསྒྲིལ་ནས་འབྱུང༌།

དབྱེ་བ་ཕྱེ་ན་གནས་ཀྱིས་དབྱེ་བ་དང༌། ཉེས་པའི་རིགས་ཀྱིས་དབྱེ་བ་གཉིས་ཡོད་པ་ལས། ནང་ཚེགས་སུ་གནས་ཀྱིས་དབྱེ་ན་ཕྱིའི་འབྲས་དང་ནང་གི་འབྲས་གཉིས་ཀྱི་ཕྱི་འབྲས་ལ་ཤ་འབྲས། རུས་འབྲས། རྩའི་འབྲས་དང་གསུམ། ནང་འབྲས་ལ་གློ་འབྲས་དང༌། སྙིང་འབྲས་དང༌། མཆིན་འབྲས་དང༌། མཆེར་འབྲས་དང༌། མཁལ་མའི་འབྲས་དང༌། ཕོ་བའི་འབྲས་དང༌། རྒྱུ་ལོང་གི་འབྲས་དང༌། གཞང་འབྲས་དང༌། ལྒང་པའི་འབྲས་དང་དགུ། དེའི་སྟེང་དུ་རིགས་ཀྱི་དབྱེ་བ་རླུང་དང༌། མཁྲིས་པ་དང༌། ཁྲག་དང༌། བད་ཀན་དང༌། མཚོན་དང༌། བྱེ་འབྲས་རྣམས་བསྡོམས་པས་དབྱེ་བ་བཅོ་བརྒྱད་དུ་བཤད།

དེ་རྣམས་སོ་སོར་ངོས་འཛིན་པའི་རྟགས་ལ་ཕྱི་དང༌། ནང་དང༌། རིགས་ཀྱིས་བརྟག་པ་གསུམ་གྱི་ཕྱི་འབྲས་ལ་སྤྱི་དང་ཁྱད་པར་གཉིས་ལས། དང་པོ་སྤྱི་རྟགས་རྩ་རྒྱུད་ཕྲ་ལ་འདར་ཞིང་སྐྲངས་པ་སྲ་བརྟན་དུ་སྡོད་ཅིང་ན་ཟུག་ཆུང་བ་ལ་ལུམས་དང་འབྲས་འདུལ་སོགས་ཀུན་གྱིས་ཞི་བར་མི་འགྱུར་བ་འབྱུང་ངོ༌། །ཁྱད་པར་དུ་ཕྱི་ནང་གཉིས་ལས་དང་པོ་ཕྱིའི་ཤ་འབྲས་ནི་ཉུང་གཤེར་ཏེ་རློན་པ་འཁྱགས་པ་དང་འདྲ་བ་དང༌། རུས་འབྲས་ནི་རུས་པ་མདོག་འགྱུར་ཞིང་རྣག་གིས་རྩི་ཉམས་པར་ཟོས་ཤིང༌། ཆུ་སེར་སླ་མོའི་ནང་དུ་རྣག་ཆུ་སྲོ་མ་ལྟ་བུའི་ཁུ་ཚིགས་འབྱུང་བ་ཡིན། རྩ་འབྲས་ནི་རྩའི་ཐོག་ཏུ་སྐྲངས་ཤིང་ཟུག་འཁྱུགས་ལ་འཕྲོ་བ་འབྱུང་བས་དེ་དག་གི་ནད་གནད་ཀྱི་སྟེང་དུ་བྱུང་བ་རྣམས་གསོ་བ་དཀའོ། །

ཁོང་ངམ་ནང་འབྲས་སྤྱིར་སྐྲན་ལྟ་བུར་རེག་པའི་ཚེ་སྲ་བའམ་ཡང་ན་མི་མངོན་པར་གཏིང་དུ་ནུབ་ཅིང་ཟས་ལ་འཁྲེན་པ་ནི། ཟ་མ་ཏོག་ལས། ཁྱིམ་ལ་འཁྲེན་དང་རོལ་མོ་འཁྲོལ། །ཞེས་བཤད་པས་ཕལ་སྐད་དུ་ཟས་ལ་སྲེད་པ་ཆེ་བའམ་འདོད་པ་ཡིན་ལ། རྒྱུ་ཟས་ལས་འབྱུང་བས་ཚིག་སྦྱོར་འདིའང་མི་འཐད་པ་མིན་པ་ཡན་ལག་བརྒྱད་པ་ལྟར་ན། འབྲས་ལ་གཉིས་སུ་དབྱེ་བའི་ནང་གི་ཁོང་འབྲས་ཀྱི་སྐབས་སུ། ནང་ནི་ཤིན་ཏུ་མི་བཟད་ཅིང༌། །གཏིང་རིང་སྐྲན་ལྟར་སྲ་བ་ཡིན། །གྲོག་མཁར་ལྟ་བུར་མཐོ་བ་དང༌། །མེ་དང་མཚོན་ལྟར་མྱུར་བ་འོ། །ཞེས་དང༌། ཟླ་ཟེར་ལས། ནང་གི་ཁོང་འབྲས་ནི་ཤིན་ཏུ་མི་བཟད་ཅིང་བརྣག་པར་དཀའ་བར་གནས་པ་དང༌། གཏིང་རིང་ཞིང་ནང་དུ་ནུབ་པ་དང༌། སྐྲན་ལྟར་སྲ་ཞིང་རེམ་རེམ་པོར་གནས་པ་དང༌། གྲོག་མཁར་གྱི་དཔུང་པའི་རྩེ་མོ་ལྟར་མཐོ་བར་གནས་པ་དང༌། ཞེས་བཤད་པས་མི་མངོན་པར་གཏིང་དུ་ནུབ་ཅིང་ཧྲེམ་ཧྲེམ་པོར་གནས་པ་གྲོག་མཁར་གྱི་རྩེ་མོ་ལྟར་མཐོ་བ་སོགས་བཤད་འདུག་པས། མི་མངོན་གཏིང་ནུབ་མི་བཟད་མཁྲང་བ་སྟེ། །ཞེས་པ་འཐད་པར་སེམས། འོན་ཀྱང༌། ཟླ་ཟེར་རང་ལས། མི་འཕྲོད་པའི་ཁ་ཟས་བསྟེན་ཅིང་ལོངས་སྤྱད་པས་རྨ་ཁའི་ཚ་བ་རླུང་གིས་འཕུལ་ཞིང་བསྐྲད་པ་ལས་ཁྲག་དང་བཅས་པའི་མཁྲིས་པ་འབྱུང་ཞིང་འཛག་པར་གྱུར་པ་དེ་ལས། ཁོང་འབྲས་བླ་གཉན་གྱི་ནད་མང་ཞིང་ཞེས་རྒྱ་ཆེར་བཤད་པ་ལྟར་སྨིན་ནས་གྱེན་དང་ཐུར་གཉིས་ཀར་དུ་རྣག་རྡོལ་བར་འགྱུར། བྱེ་བྲག་གློ་འབྲས་ནི་མིད་པ་ན་ཞིང་ཧྲིལ་ཧྲིལ་བྱེད་སྙམ་དང་ཁ་ཟས་མིད་པ་དཀའ་བ་དང༌། སྙིང་འབྲས་ནི་སྙིང་འཕར་ཞིང་གཟེར་ལ་དྲན་པ་མི་གསལ་ཞིང་མུན་སྲོས་པ་ལྟར་སེམས། མཆིན་འབྲས་ནི་དབུགས་འགགས་ཤིང་མགོ་བོ་འཁོར་བ་དང་སྐོམ་དད་ཆེ་ལ་མཆིན་སྟེང་ན། མཆེར་འབྲས་ནི་སྦོ་འཁྲོག་བྱེད་ཅིང་དབུགས་ཁ་མི་བདེ་བ་འབྱུང༌། མཁལ་འབྲས་ནི་ཆུ་སྲི་ཞིང་བཙིར་སྙམ་བྱེད་པ་དང་རྐེད་པ་འཁོར་ཞིང་རྩིབ་ལོགས་ན། ཕོ་བའི་འབྲས་ནི་ལྟོ་སྦོ་ཞིང་ཟས་སྐོམ་ལ་འཁྲེན་པ་སྟེ་ཟས་ལ་འདོད་ཆེ་བ་ཟོས་འཕྲལ་སྐྱུག་ཅིང་མིད་པ་ན། རྒྱུ་ལོང་གི་འབྲས་ནི་ཟས་སྐོམ་སོགས་ཞུ་རྗེས་ན་ལ་སྐྱིགས་བུ་འོང༌། གདོང་པ་དང་རྐང་བོལ་གཡོ་ཞིང་འཁྲུ་པར་འགྱུར། གཞང་འབྲས་ནི་གཞང་ཁ་ན་ཞིང་འཕྱེན་གྱིས་དབུགས་འགགས་ལ་བཤང་བར་རྣག་འདྲེས་པ་འབྱུང༌། ལྒང་པའི་འབྲས་ནི་ཆུ་འགགས་ཤིང་ཟུག་ཆེ་ལ་ཆུ་སོ་ན་བ་འབྱུང་ཞིང༌། ཁོང་འབྲས་ཕལ་ཆེར་ཕོ་ལོང་དང་མིད་པའི་འབྲེལ་མཚམས་སུ་མང་བ་འབྱུང་བས་དེ་ཕྱིར་ཕོ་བའི་ཁ་འཛིན་སེ་འབྲུ་བཞི་པ་ཟས་འཇམ་སོགས་གཅེས་པ་ཡིན་ནོ། །

རིགས་ཀྱིས་དབྱེ་བ་རླུང་ལས་གྱུར་པ་ཟུག་ཆེ་ལ་སྦོ་འཁྲོག་བྱེད་ཅིང་མི་བརྟན་ལ་མགོ་བོ་འཁོར། མཁྲིས་པ་ལས་གྱུར་པ་མདོག་དམར་ཞིང་ཚ་ལ་མྱུར་དུ་རྣག་དང་ཚ་བ་སྐྱེ། བད་ཀན་ལས་གྱུར་པ་མདོག་སྐྱ་ལ་སྒྲེག་སྐྱུག་བྱེད་ཅིང་ཟས་མི་འཇུ། ཁྲག་ལས་གྱུར་པ་ནུ་མ་དང་མངལ་དུ་འབྱུང་བས་རབ་ཏུ་ཚ་ལ་འབྲུམ་པ་ནག་པོས་ཁྱབ་ཅིང་གཅིན་ཤུལ་དུ་རྣག་ཀྱང་འབྱུང༌། མཚོན་ལམ་ལ་བརྟེན་པ་དང༌། རྡོ་ལ་ཐུག་པ་ལ་སོགས་པའི་འབྲས་ནི་བཅོས་ཕྲན་བུས་ཞི་ཞིང་རྗེས་གཅོད་མ་བྱུང་ན་སླར་ལྡང་ནས་རྒྱུན་དུ་གནས་པར་བྱེད། བྱེ་འབྲས་ནི་བྱི་སྒོང་ཙམ་ལ་སྲ་བ་ཟུག་མེད་ཅིང་བརྟན་པར་གནས་སོ། །

བཅོས་པའི་ཐབས་ཀྱང་དེ་བཞིན་དུ་ཕྱི་ནང་རིགས་སོགས་རྣམ་པ་གསུམ་སྟེ། དེའང་ཕྱི་འབྲས་ལ་དང་པོ་གདུལ་བ་དང༌། བར་དུ་སྐྱོན་བསལ་བ་དང་ཤའུ་གསོ་ཞིང་ཐ་མ་རྨེན་པ་བརྟས་པར་བྱ་དགོས་ཏེ། དང་པོ་འབྲས་འདུལ་བའི་གཉེན་པོ་ནི་ཤ་འབྲས་ལ་མིའི་རྐང་མགོའི་རུས་པ། ཆུ་ནང་གི་ཉའི་ཤ སྤྲུ་ནག་གི་རྩ་བ། རེ་ལྕག་རྩ་བ། ཅོང་ཞི་རྣམས་དྲི་ཆུ་དང་སྦྱར་བའི་ལུམས་བྱ་ཞིང༌། རུས་འབྲས་ལ་དེ་སྟེང་པི་པི་ལིང་དང་ར་མཉེ་བསྣན་པ་དང༌། རྩ་འབྲས་ལ་མཚལ་དང་ཚ་ལས་གོང་མར་བྲན་ལ་བདུག། ཡང་ན་ཤ་ལ་བདུད་རྩི་ཤུག་པ། བ་ལུ། མཚེ། མཁན་པ། འོམ་བུ་ལྔས་བདུག རུས་འབྲས་ལ་འབའ་ཆའམ་ཡང་ན་རུས་སྣ་སྣ་ཚོགས་ཀྱིས་ལུམས་བྱ། རྩ་འབྲས་ལ་བསིལ་བའི་སྔོ་སྨན་སྣ་ཚོགས་པས་གདུལ་བར་བྱ་ཞིང༌། ཁ་ཟས་ཕྱོགས་མེད་འཇིག་ཟས་ནི། རྫོང་འཕྲང་དུ། ཉ་དང་ཕག་ཤ་སྒོ་ང་སྔོ་ངད་ལ་སོགས་པ་དུས་མེད་བཏང་ལ་བཤིག་ཅེས་པ་ལྟར་བཏང་ལ་བཤིག་ཅིང༌། ཐུལ་རྟགས་སྐྲངས་པ་འཇོམས་ཤིང་ཧྲེམ་ཧྲེམ་མེད་པར་མཉེན་ལ་བདེ་བ་བྱུང་ན་དེའི་སྟེང་དུ་མེ་བཙའ་རྒྱག་ཅིང་ཚོས་པར་བསྲེགས། ཡང་ན་སྐྲངས་འདུས་ཤིང་ཚ་འཁྱུག་བྱེད་པ་དང་རྣག་སྨིན་པར་འགྱུར་བ་ལ་རྣག་ཐུར་མས་ཕུག་ལ་འཇིབས་དང་ཁྲུས་ཀྱིས་ཤ་རོའི་རུལ་བཅད་ལ་འབྱར་གྱིས་བཅོས། ལུམས་ལ་སྐྱེད་མེད་ན་བར་དུ་ཤ་རོའི་སྐྱོན་བསལ་བར་དངུལ་ཐལ་ཞེས་མཚལ་ལ་དངུལ་ཆུ་བཏོན་པའི་རོ་མ་དེ། རྒྱ་ཚྭ། རུ་རྟ། བྱང་པ་བཅས་བཞི་སྦྲང་སྨྱོན་དང་སྦྱར་བའམ། ཡང་ན་བསེ་ཞོ། བཙན་དུག གོང་བཤད་ཀྱི་དངུལ་ཐལ་དང༌། སྨུག་པོ་སྦལ་རྒྱབ། དོམ་མཁྲིས་རྣམས་སྦྲང་སྨྱོན་དང་སྦྱར་བའམ། བྱང་པ། རྒྱ་ཚྭ། རུ་རྟ། ཤུ་དག་དང༌། ཐར་ནུ། འབྲུག་རུས། སྦྲང་སྨྱོན། ཚ་བ་སྒ་པི་ཕོ་གསུམ་རྣམས་རྨ་མེད་ན་ཐུར་མས་སྨན་ལམ་བཏོད་ལ་རེང་བུ་གཞུག་ཅིང༌། རྨ་ཅན་ལ་རེང་བུའམ་ཤོག་བུ་ལ་བྱུགས་ནས་དགབ་ཅིང་སྟེང་དུ་ཤོག་བུ་སྤྱིན་དམ་གྱིས་སྦྱར་ལ་ཞག་གསུམ་རིང་ན་ཚ་ཆེའང་ཁ་མི་དབྱེ་བར་ཟ་རུ་གཞུག སེར་ག་བྱུང་ནས་གསོན་གཤིན་ཞེས་པ་སྐྱོན་མེད་མཚམས་སུ་རེང་བུ་ལེབ་མོ་བརྫངས་ལ། འབམ་པོའམ་ཕུག་རོན་བྲུན་དང་སྦང་མའི་འཇིབས་བྱ། ཡང་ན་སོ་ཐོག་ཅེས་ལྕགས་རྐྱགཟེ་ཚྭ་སྦྲང་བཅས་སྦྱར་ལ་བྱུགས་པས་བཅད། སྨན་གྱིས་ཆོད་པ་དཀའ་ན་ཤ་རོ་ཡོད་པ་རྣམས་ལྕགས་ཀྱིས་ནོན་པར་བསྲེགརུས་འབྲས་ལ་སྟག་ཤ་ཞོ་གང༌། ལྕེ་ཚ་ཕྱེད། ཁབ་ལེན་སུམ་ཆ་བཅས་པ་གསུམ་སྦྲང་སྨྱོན་དང་སྦྱར་བ་བྱུགས་པས་ཆོད་པར་འགྱུར་ལ། དེ་ལྟར་བྱས་ཀྱང་ཆོད་དཀའ་ན་ཀྱུང་བུས་བྲུད་དམ་བསྲེག་པ་དང༌། གསོན་པོ་རུས་པ་ལྷ་བ་དང༌། གཤིན་པོ་རུས་པ་འབྲས་ཅན་ཡིན་པས་སྤྲད་ཅིང་སྦྱར་ནས་མགོ་བོ་ལྟ་བུར་བཅོས། རྩ་འབྲས་ལ་འབྲས་བུ་ཨ་བར་སྐྱུར་གསུམ་པོའི་ཐང་བཏང་རྗེས་མང་དུ་གཏར། རྩ་འབྲུམ་ལ་ཚནྡོ་བདུག་ཅིང་འཕར་རྩ་མེས་མནན་ལ་རྩ་ནས་དྲག་ཏུ་ཕྱི་རྒྱུད་ལྟར་སྦྱང་ཞིང་ཁོང་ནས་རྩ་ཁ་སྨན་བཟང་པོས་བསྡམས་པ་དང་སྦྱང་བ་སོགས་ཀྱི་འཕྲོ་ཆད་ནས་ཤ་རོ་གོང་བཞིན་བསལ་བར་བྱ་སྟེ་ཤ་རོ་བཅད་པས་རྩ་ཁ་ཤོར་ན་དོམ་མཁྲིས། ཟ་འོག་ཅེས་གོས་ཆེན་དང་འགྲོན་བུའི་ཐལ་བ་གཉིས། སྤྲུ་འབྲུ། བུ་རམ་གྱི་རིལ་བུ་བྱས་པས་རྩ་ཁ་བགག་ཅིང༌། སྤྲུ་ནག་གི་རྩ་བ་ཞོ་དང་སྦྱར་བས་རྨའི་ཁ་ལ་གཡོགས། སྐྱོན་སེལ་དག་དང་བསྟུན་ནས་བཀྲུས་ལ་འཚོ་སྨན་ནི། རྫོང་འཕྲང་དུ། ཤའུ་གསོ་བ་ལ་མུ་ཟི་མར་དཀར་ལ་བཏབ་པ་བྱུག ཡང་ན་ཅུ་གང༌། གུར་ཀུམ། དོམ་མཁྲིས། ཚལ་དཀར་སྦྱར་བས་བཏབ་ཅེས་པ་ལྟར་གདབ་བོ། །རྨ་སྐམས་ན་ཞོས་སྦངས་ཤིང་རློན་ན་བཤད་རྒྱུད་དུ་བཤད་པ་ལྟར་གྱི་ཕྲུམ་སར་འོ་མ་དང་དར་བ་བསྲེས་པར་བཞེད་པའམ་ཞོ་ཕྲུམ་མ་ཞིག་ཙམ་དེ་བཏང༌། སྦོས་ན་ཕྱིང་པ་མར་གྱི་དཀྱིལ་དུ་བཙོས་པ་དྲོ་འཇམ་གླན་ཞིང༌། བརྩེ་ན་ལྷིང་རྩ་ཞེས་ཚན་དོ་མ་རེག་ཙམ་བཟོད་ཐང་བྱེད་པ་བྱའོ། །ཐ་མ་རྨེན་ཆགས་ཤིང་བརྟས་པ་སྟེ་རྒྱས་པར་བྱ་བ་ནི། དུར་བླུགས་ཀླད་པ་རོ་དུར་དུ་བཅུག་ནས་ལོ་ལོན་པའི་ཀླད་པ་རུལ་པོ་དང༌། ཚྭ་དང༌། སྦང་གར་བཅས་པ་བྱུགཡང་ན་ཝ་ཆུ་རྒྱུན་དུ་འབབ་པའི་འོག་ཐད་ཁྲུ་གང་བྲུས་པའི་འོག་གི་ས་ཁུར་རྩ་རུས་སྣ་སྣ་ཚོགས་རྣམས་དྲི་ཆུར་བཙོས་པའི་དུགས་ཀྱི་བདུགས་པས་རྗེས་ལ་རྨེན་མི་ལྡང་བར་བྱེད།

ཁོང་འབྲས་རྣག་ཏུ་འཁྲུ་སྐྱུགས་སོགས་བྱེད་པ་ནི་སྨིན་ནས་གསོ་བར་དཀའ་བའི་ཕྱིར་སྨིན་དུ་མི་གཞུག་པར་དྲོ་བཅོས་མི་བྱ་ཞིང༌། གསར་པའི་དུས་གསོ་བ་ལ་རིག་པ་བསྒྲིམས་དགོས་ཏེ་དེ་ལའང་སྤྱི་དང་ཁྱད་པར་གཉིས་ལས། དང་པོ་ཟས་སྐོམ་སོགས་སྨྱུང་བ་བྱས་ལ་བོང་ང་དཀར་པོ། བྱི་ཏང་གདུག་མོ་ཉུང༌། སྒྲོན་ཤིང༌། ཕོ་བ་རིས་རྣམས་དྲོ་འཇམ་བསྐོལ་བ་བླུད། ནད་སྟོབས་ཆེ་བ་ལ་སྤོས་དཀར། དུར་བྱིད། ཨ་རུ་ར། ཧོང་ལེན། དྲོད་སྨན་པི་པི་ལིང་རྣམས་བ་ཆུར་སྦྱར་བའི་སྦྱོང་གིས་བཀྲུ། ཡང་ན་ནིམ་པ། ཧོང་ལེན། དྲོད་སྨན་པི་པི་ལིང་རྣམས་བ་ཆུར་སྦྱོར་བའི་སྦྱོངས་ཀྱིས་བཀྲུ། ཡང་ན་ནིམ་པ། ཧོང་ལེན། འབྲས་བུ་ཨ་བར་སྐྱུར་གསུམ། ཤིང་མངར། པ་ཏོ་ལ་ཏེ་རྒྱ་ཁུར་རྣམས་ཞོ་ཕྱེད། དུར་བྱིད་དང་ཀྱི་ལྕེ་དཀར་པོ་ཞོ་རེ། སྲན་ཆུང་སྲང་གང་གི་ཁུ་བ་ཕུལ་གང་འོང་བར་བསྡུས་པ་རྣམས་མར་བསྐོལ་བར་སྦྱངས་པས་ཁོང་འབྲས་སྐྲན་དང་མེ་དབལ་སྦྱོང་བར་བྱ། སྐབས་སུ་ཕྱི་རྒྱུད་ལྟར་གྱི་འཇམ་རྩི་བཀྲུ་འཇམ་དང་ནི་རུ་ཧ་རྣོན་པོ་སྤེལ་ལ་བཏང༌། ཀྱི་ལྕེ་དཀར་པོ་བསྡུས་ཁུ་ཕུལ་གང་ལ་ཏིག་ཏ། བྱི་ཚེར་བ། ཙན་དན་དཀར་པོ། གླ་སྒང༌། ཨུཏྤལ། སྐྱུ་རུ་ར། ལྕ་བ་དང་ར་མཉེ་འོ་མ་མར་བཅས་བསྐོལ་བ་བླུད། བྲག་ཞུན་དང་གུ་གུལ་གཉིས་བ་གཅིན་དང་སྦྱར་བ་ན་བའི་དམིགས་ལ་བྱུག སྟོན་ཀའི་འབམ་པོ་ཕུལ་གང༌། སོས་ཀའི་དབྱི་མོང་སྤར་གང་གཉིས་ཁཎྜར་བྱས་ཏེ་སྣ་མ་ཚིག་པ་ལ་འབྲི་མར་སྲང་གསུམ། བུ་རམ་མ་བསྒར་བ་བཏབ་བསྲེས་དར་ལ་བཙགས་པར་རྒྱ་ཚྭ། ཁ་རུ་ཚྭ། ཚ་བ་སྒ་པི་ཕོ་གསུམ་སྦྱར་བའི་རིལ་བུ་ཁྱེའུ་སུས་ཞེས་ཐོ་རངས་ཟས་མ་ཟོས་པའི་ཕོ་བའི་དྲོད་ཆེ་ལ། བད་ཀན་བེ་སྣབས་བྱང་པའི་དུས་བསྟེན་པ་དང་འཇམ་རྩིར་ཡང་བཏང་ཞིང་ཕྱི་ནས་གང་ན་བའི་དམིགས་ལ་བྱུགས། ལུས་དྲོད་ལ་བསྒོར་ཞིང་བཅུད་ཀྱིས་ཐེག་པ་གལ་ཆེ་བས་ལུག་ཤ་ཉ་ཤ་གཡག་རྒོད་གསར་འཇམ་དང༌། ཡང་ན་འཇུ་སླ་བའི་རིགས་བསྟེན། ཞིག་རྟགས་ཞེས་གསེར་མཆན་དུ། སྙིར་སོང་བཟོ་བདེ་སྐྱུག་པ་ཆད། །ཅེས་པའི་རྟགས་དེ་མཐོང་ནས་གང་ཉེའི་ཞེས་རགས་པ་སྟོད་ལ་སྣོད་ཀ སྨད་ལ་བྱིན་ལོང་རྩ་ནས་དྲངས་ཤིང༌། འཁྲུ་ན་སྨན་ཐུན་ཡར་བསྐྱེད་པས་ཁོང་འབྲས་འཇོམས་ཤིང༌། དེས་མ་སེལ་ན་ཨ་རུ་ར་བཅུ་གཉིས་བ་ཆུར་གདུས་ལ་གོང་བཞིན་ཁཎྜ་བྱས་པས་འབྲས་ནད་ཚ་གྲང་གང་ཡང་འཇོམས་སོ། །ཐ་མར་ཕྱི་རྒྱུད་ལྟར་སེ་འབྲུའི་སྦྱོར་བའི་རིགས་ཀྱིས་ནད་རྗེས་བཅད། ཁྱད་པར་བྲག་ཞུན། ཨ་རུ་ར། སྤོས་དཀར་གསུམ་པོ་འགྱུར་མེད་དུ་ཐང་ངམ་ཕྱེ་མ་གང་བྱེད་ཀྱང་གཞིར་བཞག་ལ་གློ་འབྲས་ལ་ཅུ་གང་དང་ཤིང་མངར་བསྣན། ཙན་དན་དཀར་པོ། ཛཱ་ཏི། སྐྱུ་རུ་ར། སྙིང་ཞོ་ཤ་བཅས་པ་སྙིང་འབྲས་ལ་བསྣན། མཆིན་པའི་འབྲས་ལ་བ་ཤ་ཀ་དང་གུར་ཀུམ་བསྣན། མཆེར་པའི་འབྲས་ལ་པི་པི་ལིང་དང་ལི་ཤི་བསྣན། མཁལ་མའི་འབྲས་ལ་བཙོད་དང་སུག་སྨེལ་སྡིག་སྲིན་བསྣན། ཕོ་བའི་འབྲས་ལ་ཁ་རུ་ཚྭ་དང་བཅའ་སྒ་བསྣན། རྒྱུ་ལོང་གི་འབྲས་ལ་རྒྱམ་ཚྭ་དང་གསེར་གྱི་མེ་ཏོག་བསྣན། ལྒང་པའི་འབྲས་ལ་རྒྱ་ཚྭ་དང་སྡིག་སྲིན་བསྣན་པ་རྣམས་དང༌། གཞང་འབྲས་ལ་ཕྱི་རྒྱུད་ལྟར་ནི་རུ་ཧ་རྣོན་པོས་བསུ་ཞིང༌། དོན་སྣོད་གར་བབས་རང་རང་རྩ་ལ་གཏར། །ཞེས་པ་སྙིང་ལ་སྣོད་ཀ གློ་བར་དྲུག་འགོ། མཆིན་པར་རུ་ཐུང༌། མཆེར་པར་རྟ་མཐུར། མཁལ་མར་བྱིན་གཞུག ཕོ་བར་ཕོ་བའི་ར་དང་རྒྱབ་རྩ་དྲུག་འདུས། རྒྱུ་མར་རྒྱུ་རྩ། ལྒང་པ་དང་ལོང་ལ་ལོང་རྩ་གཏར་བ་དང༌། སྙིང་པོ་བསྡུས་པར། ཁོང་འབྲས་སྨིན་པར་གྱུར་པ་ལ། །ཁོང་པར་གནས་པ་ཕྱིར་འབུར་བར། །ཤེས་ནས་དེ་ནི་བཅིང་བར་བྱ། །གཟེར་བ་བདེར་གནས་གོང་བུར་འདུག །དེ་ངོས་བཙིར་བས་ཚོར་བ་འབྱུང༌། །ཚ་བ་ལ་སོགས་གྱུར་པ་ན། །སྨིན་པ་ཡིན་པས་ཁོང་འབྲས་ནི། །བརྟོལ་ཏེ་རྨ་ལྟར་གསོ་བར་བྱ། །ནང་གི་ཆར་གནས་ཁོང་འབྲས་ནི། །སྨིན་པའི་མཚན་མའང་འདི་ཉིད་ཡིན། །སྨིན་ནས་བུ་ག་རྣམ་འགྱུར་ཏེ། །དེ་ནི་སྟེང་ངམ་འོག་ཏུ་འབྱུང༌། །རང་ཉིད་བརྡོལ་བའི་ནད་དེ་ནི། །ཟས་སྨན་བྱིན་བཞིན་བཏང་སྙོམས་བཞག །ཞག་བཅུའམ་བཅུ་གཉིས་བར་དུ་ནི། །སྨན་པས་བླ་གཉན་བསྲུང་བར་བྱ། །ཞེས་པ་ལྟར། སྨིན་པར་གྱུར་པ་ནས་རང་རང་དོན་སྣོད་ནད་ལ་གང་གིའང་སྟེང་འོག་སོགས་ནས་བརྡོལ་ན་དེ་རྣམས་སྨན་གྱིས་མི་བཅོས་པར་ཟས་བཅོས་བྱས་ལ་བཏང་སྙོམས་སུ་བཞག་ཅིང༌། ནང་ནས་ཁོང་འབྲས་དང་པོ་སྨིན་ཚེ་ཕྱིར་འབྱུང་བས་བརྟོལ་ལ་རྨ་ལྟར་གསོ།

རིགས་ཀྱི་རླུང་འབྲས་ལ་དུར་བྱིད་མར་གསར་བཅས་ཀྱི་སྨན་མར་གྱི་ཁྲུས་བཏང་བ་དང༌། རྩ་བ་ར་མཉེ་བ་སྤྲུ་གཟེ་མ་ལྕ་བ་ཉེ་ཤིང་སྟེ་ལྔ་བསྐོལ་ཞིང་བྱུགས་ལ་ཁོང་དུ་བླུད། ཁྲག་མཁྲིས་ལ་པུ་ཤེལ་ཙེ། བཙོད། འབྲས་བུ་ཨ་བར་སྐྱུར་གསུམ། ཤེལ་ཏ་ཞེས་ནགས་མའི་ཐང་ཆུ། ཤིང་མངར། ཡུང་བ། སྐྱེར་པ། ཤིང་སྤ་མ་དང༌། ཤུག་པའི་འབྲུ་རྣམས་སྨན་མར་དུ་བྱས་ལ་ཁོང་དུ་ཟ་ཞིང་ཕྱིར་བྱུག་པ་དང་གང་ཉེའི་རྩ་ལ་གཏར། བད་ཀན་ལ་དནྡ། དོང་གཁྲོན་བུ། ཤྲཱི་ཁཎྜ། ཨ་བར་སྐྱུར་གསུམ་བ་ཆུར་སྦྱར་བས་སྦྱངས་རྗེས་དུར་བྱིད། ཡུང་བ། ནས། སྐྱེར་པ་རྣམས་ཏིལ་མར་དང་སྦྱར་བ་བྱུག བྱི་འབྲས་ལ་གང་ཉེ་མེས་ཚོས་པར་བསྲེག་ཅིང༌། མཚོན་འབྲས་ལ་མང་དུ་གཏར་ཞེས་གང་ཉེའི་རྩ་གཏར་ལ་ལུམས་དང་རུལ་གཅོད་གོང་ལྟར་སྦྱར་ཞིང༌། ཆུ་ལུམས་དང་མེ་བཙའ་གང་བྱུང་རྟིང་ལ་བྱེད་པའང་ཤིན་ཏུ་བསྔགས་པར་འདོད་དོ་ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་ལས་ལྷན་སྐྱེས་རྨའི་ནང་ཚན་འབྲས་བཅོས་པའི་ལེའུ་སྟེ་དྲུག་ཅུ་རྩ་གསུམ་པའོ།། །།


མཐའ་མའི་འདོན་ཐེངས་།: 29.11.2023 ཉིན། 3:25 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།