སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་རེ་གཅིག་པ། པགས་པའི་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.11.2023
མན་ངག་རྒྱུད། >> ལེའུ་རེ་གཅིག་པ། པགས་པའི་ནད་གསོ་བ།



ལེའུ་རེ་གཅིག་པ།  པགས་པའི་ནད་གསོ་བ། 

རྩ་དཀར་ནད་བཅོས་པའི་ལེའུ་གསུངས་ཚར་བའི་མཇུག་ཐོག་དེ་མ་ཐག་དེ་ནས་ཡང་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཉོན་ཅིག་ཅེས་གདམས་ཏེ། པགས་པའི་ནད་ལ་རྒྱུ་རྐྱེན་དང༌། དབྱེ་བ་དང༌། བཅོས་པའི་ཐབས་དང་གསུམ་ཡོད་དེ།

རྒྱུ་ནི་སྲིན་ནད་དང་ཆུ་སེར་གཉིས་འཕེལ་བ་ལ་གདོན་རྐྱེན་དང་བཅས་པས་འདུ་བ་གསུམ་སོགས་འཁྲུགས་པས་པགས་པའི་ནད་རྣམས་སྐྱེད་ཅིང༌།

དེ་ལ་དབྱེ་བ་ཕྱེ་ན་ཤ་མདོག་འགྱུར་ཏེ་ཁྲ་བོར་བྱེད་པས་ཤ་བཀྲ་ཞེས་བྱ་བ་དེར་ཡང་རླུང་གྱུར་སྨུག་ནག་རྩུབ་པ་དང༌། མཁྲིས་གྱུར་བ་སྤུ་འབྱི་ཞིང་དམར་ལ་ཚ་འབྲབ་བྱེད། བད་ཀན་གཡའ་ཞིང་སྐྱ་ལ་མཐུག་གོ། གླང་ཤུ་ནི་པགས་མདོག་སྐྱ་བོ་སེང་སེང་པོ་ལ་གཞིགས་ན་འབྲུམ་ཆུང་སྐྱ་སོབ་ཡོད་པར་བས་ལྡགས་ཀྱང་ཟེར་མཛེར་པ་རང་བཞིན་པར་དཀར་པོ། རྐང་མཐིལ་སོགས་སུ་བྱུང་བ་རྒྱ་མཛེར་མཛེར་ནག་དང༌། ཟ་རྐོང་ལ་སྤུ་བྱི་མདོག་སྔོ་འགོས་མཆེད་སྐྱེན། འདི་ལས་སྔོ་དང་ཟན་འཇའ་ཟ་འཕྲུག་གི་རིགས་ཀྱང་འབྱུང༌། ཤུ་བ་ལ་ནི་པགས་པ་གས་པ་དང་རྩུབ་པ་དྲོད་ཚའམ་ཡང་ན་གྲང་གཡའ་བ་སྟེ་ཟ་ཞིང་འཕྲུག་འདོད་ལ། སྲིན་ཐོར་ནི་ཐོར་པ་རྩེ་དཀར་ཞིང་ནག་པ་ཆོ་ལེ་བ་འབྱུང༌། ངོ་ཤིག་ནི་གདོང་ལ་སྨེ་བ་ལྟ་བུ་སྲབ་མོས་ཁྱབ་སྟེ་ངོ་ཁབ་གྲོ་ཐིག་ཅེས་ཀྱང་བྱ་བ་དང༌། ཁབ་ནི་པགས་མདོག་དཀྱུས་དང་མི་འདྲ་བར་སྐྱ་ཐེར་སྣ་ཚོགས་ཤར་བར་ཡུལ་ལ་ལར་ཡུལ་སྐད་དུ་ཁབས་ཟེར་བ་དང༌། ཁྱེ་མ་ནི་ཤ་མདོག་གཅིག་གིས་མ་ཁེབས་པར་སྲུབས་ལུས་པ་ཡིན་ཏེ་དེ་ལ་སོགས་སྒྲས་ཞེས་པས་དངོས་དང་ཤུགས་ལས་གཞན་ཡང་བརྟག་དགོས་སོ། །

དེ་རྣམས་བཅོས་པའི་ཐབས་ལ་སྦྲུལ་ནག་གི་པགས་པ་མེ་ལ་ནུས་པ་དང་ལྡན་པ་ཞེས་དུ་བ་མ་ཤོར་བར་བསྲེགས་པ། བ་རུ་རའི་ཚི་གུའི་མར་དང་སྦྱར་བ་བྱུགས་པས་གླང་ཤུ་དང་ཤ་བཀྲ་སེལ། ཡང་ན་སོ་མ་ར་ཛ་ཆ་བཞི་དང་ལྡོང་རོས་ཆ་གཅིག་བ་ཆུར་སྦྱར་བ་བྱུག་པ་དང༌། ཕག་པ་ནག་པོའི་ཚིལ་དང་མུ་ཟི་ནག་པོ་བྱུགས་ཀྱང་གླང་ཤུ་དང་ཤ་བཀྲ་སེལ་ཞིང་ཆོ་མཛེ་དང་འདྲ་བས་མཛེ་ནད་ལྟར་དུའང་བཅོས། མཛེར་པ་ནི་པགས་ལ་དྲངས་སྟེ་ཞེས་བྱང་བུའི་མིག་ཏུ་དྲངས་ལ་ཤིང་བཙོད་ཀྱི་རྐང་བསྲེགས་པའི་མེའམ་མེ་ཤེལ་གྱི་འོད་ཀྱིས་བསྲེགཔགས་ནད་ཟ་རྐོང་ལ་གང་དང་ཉེ་བའི་རྩ་གཏར་ལ་རང་བྱུང་གི་ཆུ་ལུམས་བྱ། ཟ་འཕྲུག་བྱུང་བ་ལ་རྩབས་ཞེས་གོང་བཤད་ཞོའི་རུ་མ་དེ་ཞག་གཅིག་ཙམ་གླན་ལ་སླར་དེ་ཉིད་བཀྲུས་ནས་ནིམ་པ་དང་ནག་མཚུར་དང་ཏིལ་ནག་དང༌། གི་ཝཾ་རྣམས་བཤད་མ་ཐག་པའི་རྩབས་དང་སྦྱར་བའི་ལྡེ་གུ་བཟོས་ལ་བྱུག་པ་དང༌། སོ་མ་རཱ་ཛ། ཤུ་དག ཙི་ཏྲ་ཀ ལི་ཤི་རྣམས་ཟོ་བའི་ལོགས་ལ་ཆགས་པའི་མར་དང་སྦྱར་བ་བྱུགས་པ་ན་ཤུ་བ་དང་ཟ་རྐོང་སེལ་ཞིང༌། ཡང་ན་ཤུ་བ་ལ་ཐང་མ། སྒྲོན་ཤིང༌། རུ་རྟ། ལྡོང་རོས་བཅས་མར་དང་སྦྱར་བའམ། ཡང་ན་མུ་ཟི་སེར་པོ། ལན་ཚྭ། ཕབས། དུ་བ་རལ་པ་རྣམས་མར་རྙིང་ལ་སྦྱར་བ་བྱུག ཡང་ན་སྔོའི་ཚ་བ་ལྕེ་དབྱི་སྲུབ་གསུམ་དང༌། ར་དུག་པ། ཐར་ནུ། ཆུ་རྩ་རྣམས་མར་དཀར་དང་སྦྱར་བས་ཤུ་བ་སེལ། སྲིན་ཐོར་ལ་དྭ་བའི་རྩ་བ། ཙི་ཏྲ་ཀབྱི་ཏང་ག་དང༌། བཙན་དུག་རྣམས་ཤ་བའི་ཚིལ་ལ་སྦྱར་བ་བྱུག་ཅིང༌། ངོ་ཤིག་དང༌། ཁབས་དང་ཁྱེ་མ་རྣམས་ལ་སྦྲང་དང་བཙོད་ཀྱི་ལྡེ་གུ་བྱུག ཡང་ན་རྟ་དཀར་པོའི་རྨིག་པ་བསྲེགས་ཐལ་མར་གསར་ལ་སྦྱར་བའམ། ཟི་ར་དཀར་ནགཡུངས་ཀར། འོ་མ། ཏིལ་མར་རྣམས་སྦྱར་བ་བསྐུ། ཡང་ན་སྐྱེར་པ། སེང་ཕྲོམ་སྟེ་ཞུ་མཁན། བྲི་ཧ་ཏི་ཞེས་ཀཎྜ་ཀ་རི་བཅས་སྦྱར་བའམ་སེང་ཕྲོམ། སྤྲ་ཚིལ། སྤོས་དཀར། པུ་ཤེལ་ཙེ། བུ་རམ། སྦྲང༌། མར་རྣམས་བ་གཅིན་དང་སྦྱར་ཞིང་བསྐོལ་བ་བྱུགས་པས་སྨེ་བ་ངོ་ཁབས་ཁྱེ་མ་རྣམས་སེལ་བར་བྱེད་ཅིང༌། གདོང་པ་དཀར་ཞིང་དྭངས་པ་སོགས་པདྨ་དང་ཟླ་བ་ལྟ་བུར་འགྱུར་རོ། །གཞན་ཡང་སེར་པོ་ཡུང་སྐྱེར་གཉིས་དང༌། རུ་རྟ། དུག་མོ་ཉུང༌། དུད་པ་རལ་པ་བཅས་པའི་ལྡེ་གུས་ཤུ་བ་དང་ཤ་བཀྲ་དང་གཡན་པ་སོགས་པགས་ནད་ཀྱི་རིགས་མ་ལུས་པ་ཀུན་སེལ་བར་འགྱུར་རོ་ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་ལས་ཐོར་བུའི་ནད་ཀྱི་ནང་ཚན་པགས་པའི་ནད་གསོ་བའི་ལེའུ་སྟེ་དྲུག་ཅུ་རྩ་གཅིག་པའོ།། །།



མཐའ་མའི་འདོན་ཐེངས་།: 29.11.2023 ཉིན། 3:22 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།