སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་བརྒྱད་པ། སྐྱ་རྦབ་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.12.2022
མན་ངག་རྒྱུད། >> ལེའུ་བརྒྱད་པ། སྐྱ་རྦབ་བཅོས་པ།



ལེའུ་བརྒྱད་པ། སྐྱ་རྦབ་བཅོས་པ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །སྐྱ་རྦབ་ནད་ལ་རྒྱུ་རྐྱེན་དབྱེ་བ་དང༌། །རྟགས་དང་བཅོས་ཐབས་རྣམ་པ་བཞི་ཡིས་བསྟན།།

རྒྱུ་རྐྱེན་ཟས་དང་སྤྱོད་ལམ་མི་འཕྲོད་པས། །མ་ཞུའི་དྭངས་མ་མཆིན་གནས་ཟུངས་མ་གྱུར། །ངན་ཁྲག་ཆུ་སེར་རྒྱས་པ་རླུང་གིས་གཏོར། །ལུས་ཀུན་ཁྱབ་པས་སྐྱ་རྦབ་དག་ཏུ་གཡོ།།

དེ་ཉིད་གློ་མཆིན་མཆེར་པར་ཞུགས་པ་དང༌། །ཆུ་སེར་རླུང་དང་ལྡན་ཕྱིར་དབྱེ་བ་ལྔ། །གློ་བ་སྐྱ་རྦབ་ཁྲག་ཤས་ཆེ་བ་སྟེ། །མཆིན་པ་མཁྲིས་ལྡན་མཆེར་པ་བད་ཀན་ལྡན། །ཆུ་སེར་སྐྱ་རྦབ་ཤ་ལྤགས་མཚམས་སུ་ཁྱབ། །རླུང་ནད་སྐྱ་རྦབ་སྙིང་དང་སྲོག་རྩར་གནས།།

དེ་རྟགས་སྤྱི་དང་བྱེ་བྲག་གཉིས་སུ་གསུངས། །སྤྱི་རྟགས་དང་པོ་ཁ་གདོང་མིག་ལྕིབས་དང༌། །རྐང་བོལ་ངར་གདོང་སྦོད་པོར་གཡོ་ཞིང་སྐྲངས། །འགུལ་ན་རྔམ་འདེགས་སྙིང་སྤྲུག་དང་ག་འགག །ཁ་ཟས་མི་འཇུ་ལྕེ་མཆུ་རྙིལ་བཀྲག་འཆོར། །སྟོབས་ཆུང་རྩ་བྱིང་ཆུ་སེར་ཤིན་ཏུ་ངལ། །བྱེ་བྲག་གློ་བ་སྐྱ་རྦབ་གློ་མང་ཞིང༌། །ལུད་པ་ཁྲག་ཅན་ལྦུ་གསོབ་ལུ་བ་ཡིན། །མཆིན་པ་མིག་སྤྲིན་ཤ་མདངས་དྲི་ཆུ་སེར། །མཆེར་པ་ཁོང་སྦོ་ཤིག་མང་ལྕེ་མཆུ་སྐྱ། །ཆུ་སེར་ཟ་འཕྲུག་བྱེད་ཅིང་ཆུ་སོ་སྐྲངས། །རླུང་ནི་གཉིད་ཆུང་སྐྲངས་གསོབ་འཕེལ་འབྲི་ཆེ།།

བཅོས་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས། །སྤྱི་བཅོས་དང་པོ་རླུང་གིས་སྣ་ཁྲིད་ཕྱིར། །མངར་གསུམ་ཏིང་ཁྲོལ་ལུག་ཤ་ལོ་ཡིབ་དང༌། །ཞུན་མར་ཆང་དང་བསྐུ་མཉེས་ཞི་བར་ནུས། །དེས་མ་ཞི་ན་སྨན་དཔྱད་ཟས་སྤྱོད་བཞི། །དེ་སྨན་སྐྱ་རྦབ་རླུང་ཤས་ཆེ་བའི་ཕྱིར། །དང་པོ་ཏིག་ཏ་བ་ཡི་རྣམ་ལྔ་ཡི། །སྨན་མར་གང་ཤིས་མས་བཏང་བཟའ་དང་བྱུག །དེ་ཡི་རྗེས་ལ་སྐྱུགས་སྨན་རྣོན་པོས་སྦྱང༌། །སླར་ཡང་གོང་གི་སྣུམ་འཆོས་བྱས་རྟིང་ལ། །བཀྲུ་སྨན་(དུར་བྱིད་སྒྲོན་ཤིང་)ལྕགས་ཕྱེ་བ་གཅིན་སྦྱར་བས་སྦྱང༌། །དེ་རྗེས་འབྲས་བུ་གསུམ་དང་ལི་ག་དུར། །བྱི་ཏང་ག་དང་ཙི་ཏྲ་ཚ་བ་གསུམ། །ཆ་མཉམ་ཀུན་དང་ལྕགས་ཕྱེ་མཉམ་བྱས་ཏེ། །སྦྲང་སྦྱར་ལྡེ་གུས་སྐྱ་རྦབ་འཇོམས་པར་བྱེད། །ཏ་ཙ་ཐང་ཤིང་སྐྱེར་ཤུན་ཚ་བ་ལྔ། །པི་པི་ལིང་གི་མཱུ་ལ་འབྲས་བུ་གསུམ། །ཀུན་གྱི་ཉིས་འགྱུར་ལྕགས་ཕྱེ་བ་གཅིན་བརྒྱད། །སོ་སོར་བསྐོལ་བསྲེས་རིལ་བུ་ཟོས་པའི་རྟིང༌། །དར་བ་འཐུངས་པས་སྐྱ་རྦབ་འཇིལ་བར་ནུས། །ཏ་ཙ་བྲག་ཞུན་དངུལ་ཆུ་ལྕགས་དྲེག་དང༌། །རྭ་གསུམ་ཚ་བ་གསུམ་དང་ཙི་ཏྲ་ཀ །བྱི་ཏང་ག་དང་སྦྲང་རྩིའི་ལྡེ་གུ་ཡིས། །སྐྱ་རྦབ་དབྱིག་དུག་རྗེད་བྱེད་འཇོམས་པར་བྱེད། །གླ་སྒང་གོ་སྙོད་པ་ཏྲ་ཚ་བ་ལྔ། །སྟག་ཚེར་སྐྱེར་ཤུན་ཆུ་སྐོལ་འཕུལ་བྱས་ན། །འོར་དང་སྐྱ་རྦབ་འདུས་གྱུར་ཚབས་ཆེ་སེལ། །རྗེས་ལ་དང་པོ་བཅུ་གསུམ་བཅོ་བརྒྱད་བསྲེག །དེ་ཡིས་རླུང་དང་ཆུ་སྒོ་འགེགས་པར་བྱེད། །འབྲས་ཐུག་ལུག་ཤ་མར་གསར་དར་བ་བསྟེན། །ཉ་ཕག་རུལ་སྐྱུར་ཞོ་དང་བུར་རློན་ཚྭ། །ཡོས་དང་ཤ་སྐམ་རྗེན་ཟས་འཇུ་དཀའ་དང༌། །ཉིན་གཉིད་ཉལ་པོ་བཞོན་པ་རླན་གྲང་སྤང༌། །བྱེ་བྲག་གློ་ནད་སྐྱ་རྦབ་ཅུ་གང་དང༌། །གུར་ཀུམ་སུག་སྨེལ་ད་ལིས་སེ་འབྲུ་དང༌། །ལྕགས་ཕྱེ་ཀ་ར་སུམ་འགྱུར་སྦྱར་ཏེ་བཏང༌། །ཚ་བ་ཆེ་ན་ག་བུར་(ཙན་དན་བསིལ་གསུམ་ག་དུར་ཏིག་ཏ་བ་ཤ་ཀ་ཚོས་ཨ་རུ་པི་ལིང་)བཅུ་གཅིག་སྦྱར། །དེ་རྗེས་རྩེ་ཆུང་སྒང་རྩ་དྲུག་མགོ་གཏར། །དེས་མ་ཞི་ན་ཨ་རུའི་(དནྡ་དུར་བྱིད་ཤིང་མངར་བོང་ང་བུལ་ཏོག་མར་དང་སྦྱར་ལ་)ཁྲུས་སྨན་བཏང༌། །རྗེས་ལ་གྲོ་ཡི་ཆང་བསྟེན་བཞི་ལྔ་བསྲེག །མཆིན་པ་སྐྱ་རྦབ་གུར་ཀུམ་གཡུ་རྙིང་དང༌། །ལྕགས་ཕྱེ་ཏ་ཙ་མཁྲིས་ཆེན་ར་མར་སྦྱར། །ཡང་ན་ནིམ་པ་རྩ་མཁྲིས་བ་ཤ་ཀ །ཏིག་ཏ་སླེ་ཏྲེས་ཧོང་ལེན་འབྲས་བུ་གསུམ། །བསྐོལ་བའི་ཁུ་བ་སྦྲང་དང་སྦྱར་ལ་བཏང༌། །དེ་ཡི་རྗེས་ལ་རྩེ་ཆུང་རུ་ཐུང་གཏར། །མ་ཞི་གུར་ཀུམ་(དནྡ་དུར་བྱིད་པི་ལིང་གི་)བཤལ་གྱིས་སྦྱངས་རྗེས་ལ། །བཅུ་གསུམ་དགུ་པ་མེས་མནན་དེ་འོག་ཏུ། །ལུག་རུ་ཧོང་ལེན་སྲོལ་གོང་རྩ་མཁྲིས་དང༌། །ཤིང་ཚ་རྭ་ཚ་སྒ་དང་པི་པི་ལིང༌། །བུ་རམ་རིལ་བུ་བྱས་བསྟེན་བབས་ཆེ་ལ། །ཆུ་སེར་འོར་སྒོ་རྣམས་སུ་ཐུར་མས་བསེང༌། །མཆེར་པ་སྐྱ་རྦབ་ལྕགས་ཕྱེ་བཅུ་པ་དང༌། །ད་ལིས་བདུན་པ་ལྟག་པ་སྤྲད་པས་འཇོམས། །ཁ་ཟས་དྲོད་བསྟེན་བཅུ་གཅིག་བཅུ་གཉིས་བསྲེག །ཆུ་སེར་སྐྱ་རྦབ་སྤོས་དཀར་འབྲས་བུ་གསུམ། །བྲག་ཞུན་སྦྲང་སྦྱར་ལྕགས་ཕྱེ་བཅུ་པ་དང༌། །ལྟག་སྤྲད་སྦྲང་རྩི་བུ་རམ་ཏིང་ཁྲོལ་དང༌། །བཤུལ་ཤ་བཏང་ཞིང་མ་ཞི་(ཨ་རུ་དུར་བྱིད་ཤྲཱི་ཁཎྜ་ཤུ་ཟུར་པ་ཏྲ་བ་ཆུའི་)བཤལ་གྱིས་སྦྱང༌། །རྗེས་ལ་ཆུ་གསང་རྣམ་གསུམ་མེ་ཡིས་བསྡམ། །སྐྱ་རྦབ་རླུང་ལ་ཤིང་ཀུན་(སྒ་པི་ལིང་ཁ་རུ་ཚྭ་ཤིང་ཚ་ཙི་ཏྲ་ཀ་ཛཱ་ཏི་སུག་སྨེལ་ཏེ་)བརྒྱད་པ་བསྟེན། །སྒོག་སྐྱ་རྩ་བའི་སྨན་མར་སྣུམ་འཆོས་བྱ། །རུས་པ་སྣ་ཚོགས་ཁུ་བ་སྤོད་དྲན་བཏུང༌། །ལུག་ཤ་བཤུལ་ཤ་ཆང་བསྟེན་དྲུག་བདུན་བསྲེག །སྐྱ་རྦབ་རྙིངས་པ་འོར་ནད་ཕྱི་ཆུར་འགྱུར། །འོར་ནད་རྙིངས་པ་དམུ་ཆུར་འགྱུར་བ་ཡིན། །དེ་ཕྱིར་འོར་ནད་སྐྱ་རྦབ་གང་ཡང་རུང༌། །མ་ཐུབ་རྙིངས་ནས་དམུ་ཆུའི་བཅོས་ཐབས་སྦྱར། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་སྐྱ་རྦབ་བཅོས་པའི་ལེའུ་སྟེ་བརྒྱད་པའོ།། །།


 

མཐའ་མའི་འདོན་ཐེངས་།: 20.12.2022 ཉིན། 3:15 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།