སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་བརྒྱད་པ། ཐལ་སྨན་གྱི་སྡེ་ཚན་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 05.09.2011
ཕྱི་མ་རྒྱུད། >> ལེའུ་བརྒྱད་པ། ཐལ་སྨན་གྱི་སྡེ་ཚན་བསྟན་པ།

 དྲུག་པ་ཐལ་སྨན་གྱི་སྡེ་ཚན་བསྟན་པ་ལ་གསུམ། ཉོན་ཅིག་པར་གདམས་པ། གཞུང་དོན་དངོས། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་པ་ནས་ཉོན་ཅིག་ཅེས་པའི་བར་གྱིས་བསྟན་ཏེ། ཞི་བྱེད་ལྔ་པ་སྨན་མར་གྱི་ལེའུ་བསྟན་ཟིན་པའི་མཇུག་ཐོག་དེ་མ་ཐག་པ་དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །དེ་ཡང་ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་ཅེས་གདམས་སོ། །གཉིས་པ་གཞུང་གི་དོན་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། སྡེ་ཚན་ཞེས་པ་ནས་དུ་མ་བསྟན་ཅེས་པའི་བར་ཚིགས་བཅད་གཉིས་དང་རྐང་པ་གཅིག་གིས་བསྟན་ཏེ། དེ་ཡང་གོང་དུ་སྨོས་པའི་སྡེ་ཚན་ལྔ་པོའི་ནང་དུ་ལག་ལེན་མ་བསྟན་པའི་ཐལ་སྨན་གྱི་སྦྱོར་བ་དང་ཁནྜ་དང༌། སྨན་ཆང་གི་སྦྱོར་བ་གསུམ་པོ་འདི་གྲང་བའི་ནད་ལ་ཐལ་སྨན་མཆོག་ཏུ་གྱུར་པ་ཡིན་ཏེ། ཚ་བའི་ནད་རྣམས་ཁནྜས་སེལ་གསུང་བར་བྱེད་ལ་སྨན་ཆང་གིས་རླུང་ནད་བད་མཁྲིས་དང་ལྡན་པ་སེལ་བ་ལ་ཆེས་ཟབ་པའི་སྦྱོར་བ་འདི་གསུམ་གསང་ཕྱིར་གུད་དུ་སྦས་པའི་དང་པོ་ཐལ་སྨན་གྱི་སྦྱོར་བ་བསྟན་པ་ནི། སྤྱི་རུ་རྣོ་འཇམ་བར་མའི་སྦྱོར་བ་དང༌། བྱེ་བྲག་ཁ་འཐོར་མི་འདྲ་བ་དུ་མ་བསྟན་པ་ཡོད་དོ་ཞེས་པའོ། །གཉིས་པ་ལ་སྤྱིའི་དོན་དང་ཚིག་གི་དོན་གཉིས་ཀྱི་དང་པོ་ནི། སྦྱོར་བ་རྒྱ་པ་ལས། འཇམ་འབྲས་ལོ་མ་བིའ་ཤ་ལཱ་ཙ་བྱཱ། །ཙི་ཏྲ་ཚ་གསུམ་ལན་ཚྭ་གཙོ་ཆེར་བཙགས། །བསྲེགས་པའི་ཐལ་བ་ཞོ་ལ་སྦྱར་བཏུངས་པས། །དམུ་སྐྲན་སྐྱ་རྦབ་རྐུབ་ཀྱི་ནད་རྣམས་སེལ། །ཞེས་སོགས་ཐལ་སྨན་གྱི་སྦྱོར་བ་མིང་ཙམ་གསུངས་སོ། །གཉིས་པ་ལ་བཞི། སྤྱིའི་སྦྱོར་བ་རྣོ་འཇམ་བར་མ་གསུམ་བཤད་པ། བྱེ་བྲག་འཕྲུལ་ཐལ་རྣམ་པ་གསུམ་བཤད་པ། །ཁ་འཐོར་ཚ་སྲེག་སོགས་སྦྱོར་བ་གསུམ་བཤད་པ། རིན་པོ་ཆེའི་ཐལ་སྦྱོར་སོགས་སྦྱོར་བ་བཞི་བཤད་པའོ། །དང་པོ་ནི། དང་པོ་ཞེས་པ་ནས་ནད་ཀུན་འཇོམས་ཞེས་པའི་བར་ཚིགས་བཅད་དྲུག་དང་རྐང་པ་གཅིག་གིས་བསྟན་ཏེ། དང་པོར་རླུང་མཁྲིས་བད་ཀན་གསུམ་གྱི་བར་ནད་གཞི་དང་སྦྱར་བའི་བད་ཀན་རླུང་དང་ལྡན་པ་ལ་འཇམ་པོར་སྦྱོར་བ་ནི། ཐང་མ་སྒྲོན་ཤིང་དང༌། དུར་བྱིད་ཅེས་པ་སྔོ་སྨན་འཁྲུངས་དཔེ་ལས། དུར་བྱིད་ཐར་ནུ་འདྲ་བ་སྟེ། རང་གི་ནུས་པས་བཤལ་བར་བྱེད། །ཅེས་གསུངས་པའི་སྦྱོངས་སྨན་གྱི་གཙོ་བོ་མིང་གཞན་ཏྲི་པི་ཏི། ཏྲི་བྱིད་ཏ་སོགས་སུ་གྲགས་པ་དང༌། དནྡ་དེ་ཨེ་རནྜ་དང༌། འབྲས་བུ་གསུམ། མ་ནུ་པ་ཏྲ། སརྫི་ཀ་ཞེས་སྙེ་ནག་མོ། །མིང་སྐྱི་སྙེ་བ། མེ་མེད་དུ་བ། དུར་སྙེ། དུ་ནག་མོ། བོན་ལོང་ཞེས་བྱ་བ་དེ་དང༌། ཡ་བཀྵ་ར། རྒྱ་ཚྭ། ཁ་རུ་ཚྭ། ཙབ་རུ་ཚྭ། ཤིང་ཚྭ། ཐལ་ཚྭ། པི་པི་ལིང་གི་མཱུ་ལ་སྟེ་རྩ་བ། ཙི་ཏྲ་ཀ་ཚ་བ་རྣམ་པ་གསུམ་རྣམས་འབྲིའི་འོ་མ། ཞོ་མར། ཞག་རྐང༌། ཚིལ་བུ་རྣམས་ཀྱིས་ཁུ་བ་བྱས་ཏེ་སྦྲུས་པ་དང༌། བད་ཀན་དང་མཁྲིས་པར་ལྡན་པ་ལ། བར་མའི་སྦྱོར་བ་ནི། ཧོང་ལེན། བཙོད། ཞུ་མཁན། ཀྱི་ལྕེ་བཞི་གོང་གི་འཇམ་པོའི་སྨན་རྣམས་ཀྱི་སྟེང་དུ་བསྣན་ལ། བ་དང་རའི་ཞོ་ཡིས་སྦྲུ་བ་དང༌། རླུང་མཁྲིས་ཀྱི་གྲོགས་མེད་པའི་བད་ཀན་རྐྱང་པ་ལ་རྣོན་པོར་སྦྱར་བ་ནི་རྒོད་གཡག་གི་རྭ་ཕྱེ་སྟེ། རབ་བྱང་འབྲོང༌། འབྲིང་ཡུལ་འབྲོང་འོག་ཅན། ཐ་མ་གཡག་ཆུང་གི་རྭ་ཕྱེའོ།།

        སྔོ་ཡི་ཚ་བ་གསུམ་ནི། སྲུབ་ཀ་ཞེས་པ་ལྡུམ་བུ་སྲུབ་ཀ། རྩྭ་སྲུབ་ཀ། ར་སྲུབ་ཀ། ཙ་ཏ་ར་ཞེས་སོགས་སུ་གྲགས་པ་དེ་དང༌། ལྕེ་རྩ་ནི་བོང་བུ་ལན་ཚྭའམ་མེ་ཏོག་གསུམ་པ། གསེར་འདབ་ལྔ་པ་དང༌། དབྱི་མོང་སྟེ་སྔོའི་ཚ་བ་གསུམ། ཤུ་དག ཤིང་ཀུན་རྣམས་གོང་གི་ཐལ་སྨན་འཇམ་པོའི་སྟེང་དུ་བསྣན་པ། དེ་ཡང་གཅན་གཟན་གྱི་ཤ་རུས་ཁུ་བ་དང་ཆང་གིས་སྦྲུ་ཞིང༌། འཇམ་པོ། བར་མ། རྣོན་པོ་གསུམ་ཀུན་ཀྱང་བསྲེག་དུས་སྦོལ་བའི་གར་སླ་གཟུགས་བཟོ་བཏུབ་ཙམ་ལ་འཕང་ལོ་བྱ་ལ། སྔར་ལོངས་མ་སྤྱད་པའི་རྫར་བླུག ཁ་འགྲིག་པར་བཅད། མཚམས་བག་ཕྱེ་ལ་སོགས་པས་བསྣན་ཏེ་གསེང་སྲུབས་མེད་པར་འདག་པས་བྱུག་ལ། བྱེ་མས་བར་མཚམས་བཅད་དེ་དུ་བ་མི་འཆོར་བར་བོང་མེས་ཚོས་པར་བསྲེགས་པའི་ཐལ་བ་དེ་གྲངས་ནས་ཞིབ་པར་བཏགས་ལ་ཕྱེ་མའམ་རིལ་བུ་གང་བྱས་ཀྱང་རུང༌། གྲང་ཤས་ཆེ་ན་བུ་རམ་དང༌། ཚ་ཤས་ཆེ་ན་ཀ་རའམ་སྦྲང་གི་རྟ་ལ་སྐྱོན་ཏེ་བཏང་བས་མ་ཞུ་བ་འཇུ་ཞིང་འོར་དང་དམུ་ཆུ་སྐེམས་པར་བྱེད་ནུས་ལ། དེ་ལ་མན་ངག་ལྟར་གྲོགས་ཀྱི་ཁ་ཚར་གྱིས་བསྒྱུར་བས་ནད་ཀུན་འཇོམས་སོ་ཞེས་པའོ། །གཉིས་པ་ཅོང་ཞི་འཕྲུལ་ཐལ་གྱི་སྦྱོར་བ་གསུམ་ནི་བྱེ་བྲག་ཅེས་པ་ནས་ཐལ་བར་རློག་ཅེས་པའི་བར་ཚིགས་བཅད་ལྔ་དང་རྐང་པ་གཅིག་གིས་བསྟན་ཏེ། ཚིག་དོན་གཞན་རྣམས་གོ་སླ་ལ། འཕྲུལ་ཐལ་དངོས་བཟོ་ཚུལ་ཞིག་དཀའི་ཀོང་བུར་སྨན་གྱི་སུམ་གཉིས་ཙམ་སླེབ་པར་བླུག་ལ་ཁ་འདམ་གྱིས་སྦྱར། སོལ་བའི་མེའི་དབུས་སུ་བཅུག་ལ་སྦུད་པས་དལ་བུར་བུས་ནས་ཚོས་པར་བསྲེག་ཅིང༌། མུ་ཟི་ནི་དཀར་ནག་སེར་གསུམ་ལས་འདིར་སེར་པོ་མིང་ས་བཅུད། པ་ཏ་ལ་ཧྲི། བཙུན་མོ་གསེར་ལྡན། ཀནྟ་ཀ། །སྟོབས་ལྡན་ཞག་ཅེས་པ་དེའོ། །སྦྱོར་ཚད་ནི་སྨན་གཞན་རྣམས་སོ་སོར་ཆ་སྙོམས་ལ་ཅོང་ཞི་སྨན་ཐམས་ཅད་ཀྱི་ཉིས་འགྱུར་གཏོང་བ་ཆེ་འབྲིང་ཆུང་གསུམ་ཀའི་སྦྱོར་བར་ཡིན། གསུམ་པ་ཁ་འཐོར་ཚ་བསྲེགས་སོགས་ཀྱིས་སྦྱོར་བ་གསུམ་བསྟན་པ་ནི། ཚ་བསྲེགས་སྦྱོར་བ་ཞེས་པ་ནས་བདུད་རྩི་ཡིན་ཞེས་པའི་བར་ཚིགས་བཅད་བཞི་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། ཚ་བ་སོགས་ཀྱི་སྦྱོར་བ། ག་པུར་ནག་པོའི་ཐལ་སྦྱོར། བིག་པན་བཞི་སྦྱོར་དང་གསུམ་ཡིན་ནོ། །རྒོད་ཤ་ཞེས་པ། གཡག་རྒོད་ཕོ་མཆིན་གྲང་སེལ་མེ་དྲོད་བསྐྱེད། །ཅེས་གསུངས་པས། གཡག་རྒོད་ཀྱི་ཤ་ཡིན་གྱི་བྱ་རྒོད་ཀྱི་ཤ་གཏོང་བ་ནི་ནོར། དེ་བ་ནི་ཁ་ཅིག་ལུག་མིག་ལ་འདོད་ཀྱང་རང་ལུགས་སྤྱིར་ཆུ་དེ་བ་དང༌། སྔོ་དེ་བ། རིམས་དེ་བ་གསུམ་ལས། ཆུ་དེ་བ་ནི་ཆུ་བསགས་ཀྱི་ནད་ལ་གཏོང་ཞིང༌། རིམས་དེ་བ་རི་མགོ་སྤང་རིགས་ལ་སྐྱེ་བ་སྟེ་འཁྲུངས་དཔེ་ལས། སྤང་ལས་སྐྱེ་བའི་སོར་བཞི་པ། །ལོ་མ་ཀྱི་ལྕེ་དག་དང་མཚུངས། །མེ་ཏོག་སྲན་མའི་མེ་ཏོག་འདྲ། །ཞེས་བཤད་པ་དེའོ། །ཟུར་མཁར་བ་ཆེན་པོ་བློ་གྲོས་རྒྱལ་པོའི་བཞེད་པ་ནི། བྲྀ་ཧ་ད་རུ་སྟེ་ཤིང་ཆེན་པོ་ཞིག་གོ་ཞེས་བརྒྱད་པའི་འགྲེལ་པར་འབྱུང་བ་བཞིན་ཤིང་འདེལ་པ་དང༌། མ་རྙེད་ན་སྦྱར་པ་དཀར་པོ། བིག་བན་ནི་སྒོག་སྐྱ། གཞན་རྣམས་རྟོགས་པར་སླའོ།།

        བཞི་པ་རིན་ཅེན་ཐལ་སྦྱོར་སོགས་ཀྱི་སྦྱོར་བ་བཞི་བཤད་པ་ལ། སྤྱིའི་དོན་དང་ཚིག་གི་དོན་གཉིས། དང་པོ་ནི། གསེར་དངུལ་ཟངས། ལྕགས་བཞི་ལས། གསེར་ལ་རིགས་ཀྱིས་ཕྱེ་ན་དམར་པོ་དང་སེར་པོ་གཉིས། དམར་པོ་ནི་རྫི་ཁྱིམ་དུ་གྲགས་པ་ཡིན་ལ། སེར་པོ་ནི། མཆོག་ཛམྦུ་ཆུ་བོའི་གསེར་དང་ཕལ་པ་ཡུལ་སྣ་ཚོགས་ནས་འབྱུང་བས་རྟོགས་པར་སླ་ཞིང༌། མིང་གི་རྣམ་གྲངས་མངོན་བརྗོད་འཆི་མེད་མཛོད་ལས་བཤད་པ། སྭཱརྞ་དང༌། པུ་ཝརྣཾ། མདོག་བཟང༌། ཀ་ན་ཀཾ། ཧི་ར་ཎྱཾ། ཧེ་མ། གསེར། ཧཱ་ཌ་ཀཾ། ཚོང་འདུས་འགྲིམ། ཏ་པ་ནིའ་ཡཾ། བསྲེག་བྱ། ཤཱ་ཏ་ཀུཾ་བྷ། བུམ་བརྒྱ། གཱྃ་གེ་ཡཾ། གངྒཱ་སྐྱེས། ཀརྦུ་རཾ། མདངས་ལྡན། ཙཱ་མིའ་ཀ་རཾ། ས་ལེ་སྦྲམ། ཛཱ་ཏ་རུ་པཾ། སྐྱེས་གཟུགས། མ་ཧཱ་རཱ་ཛ་ད། ཁ་དོག་རྒྱལ་པོ། ཀཱཾ་ཙ་ནཾ། གསེར། རུ་ཀྨཾ། མདོག་ལྡན། ཀརྟ་སྭ་རཾ། འོད་བྱེད། ཛམྦུ་ནཱ་ད། འཛམ་བུ་ཆུ་བོའི་གསེར། ཨཥྟྰ་པཱ་ད། རྐང་བརྒྱད་པ། ཨ་ལངྐཱ་ར་སུ་ཝརྜཾ། རྒྱན་གྱི་གསེར། ཤྲིའ་གེའ་ཀ་ན་ཀཾ། ར་ཅན་གསེར། ཞེས་དང༌། འཕྲལ་སྐད་དུ། སོ་ན། ལྕགས་ཀྱི་གཙོ་བོ། སྐྱེ་བ་རྒྱུན་གཅོད་སོགས་སུ་གྲགས་པ་དང༌། དངུལ་ནི་དངུལ་རྡོ་བཞུས་པ་ལས་བྱུང་བ་སྟེ། དབྱེ་ན། ར་དངུལ་དང༌། ལུག་དངུལ་གཉིས། མིང་དུ་རྦརྞཾ། མདོག་ངན། ར་ཛ་ཏཾ། མཚོན། རུ་པྱི། དངུལ། ཁ་རྫཱུ་རཾ། ཤྭེ་རཾ། ཨིནྡུ། ཙནྡྷ། དྷ་ར། རུ་པ། རཱུ་པ། ཞེས་གྲགས་པ། ཟངས་ལ་ངོ་བོ་ནོར་འཕྲང་མེད་ཅིང༌། མིང་ཏཱ་མྲ། ཤཱུ་ལཱཾ། བྱ་ཥྠ། བ་རིཥྠ། དུསྦ་ར། ཟངས། མླེ་ཙྪ་མུ་ཁཾ། ཀླ་ཀློ་ཁ། ཞེས་གྲགས་ལ་འཕྲལ་སྐད་དུ་ཏཾ་པ་དང༌། དི་མ་ཟེར་བ་དང༌། ལྕགས་ལ་རིགས་མང་ཡང་འཁྲུལ་གཞི་ཆུང་ཞིང༌། མིང་ལོ་ཧ། ལྕགས། སྟྲ་ཀཾ། མཚོན་ཆ་བྱེད་པ། ཏི་ཀཥྣཾ། རྣོན་པོ། པཎཊི་ཏ། གོང་བུ། ཀཱ་ལ། ནག་པོ། ཨ་ཡཿགར་བུ། ཨསྨ་སྭཱ་ར། རྡོའི་སྙིང་པོ་ཞེས་གྲགས། འདི་དག་གི་ནུས་པ་ནི། བརྒྱད་པ་ལས། པདྨའི་འདབ་མར་ཆུ་བཞིན་དུ། །གསེར་ནི་ཡན་ལག་ལ་མི་ཆགས། །ཚེ་ཡང་རིང་དུ་འཕེལ་བར་འགྱུར། །ཞེས་སོགས་ཀྱི་དོན་ལྟར་བཤད་རྒྱུད་དུ་རྒྱས་པར་བཤད་མོད། མཁས་པ་འགའ་ཞིག་གིས། རོ་ནུས་ཞུ་རྗེས་སྡེབས་སུ་བསྟན་པ། རིན་ཆེན་གསེར་ནི་རོ་བསྐ། ཞུ་རྗེས་བསིལ། ནུས་པས་ཚེ་རིང་རྒས་སྲ་དབྱིག་དུག་སེལ། དངུལ་ཡང་དེ་མཚུངས་ཆུ་སེར་རྣག་ཁྲག་སྐེམས། ཟངས་ནི་རོ་མངར་ཞུ་རྗེས་བསིལ་ཡིན་ཏེ་ནུས་པས་གློ་བའི་རྣག་དང་ཚ་ཆུ་སྐེམས། ལྕགས་ནི་རོ་སྐྱུར་ཞུ་རྗེས་བསིལ་ཁོ་ན། མཆིན་ནད་མིག་ནད་དུག་ནད་སྐྱ་རྦབ་སེལ། ཞེས་པས་སོ། །འདིའི་སྐབས་ཀྱི་དངུལ་ཐལ་ནི་དངུལ་ཆུར་བཟོ་བར་བཤད་པ་དེ་དང་རིན་པོ་ཆེ་རྣམས་ཀྱི་བསྲེག་ཚུལ་སོགས་རྒྱས་པ་རིན་པོ་ཆེ་སྦྱོར་བའི་སྐབས་སུ་བསྟན་པས་ཤེས་ནུས་སོ།།

        གཉིས་པ་ཚིག་གི་དོན་ནི། རིན་པོ་ཆེ་ཡི་ཞེས་པ་ནས་ཞེས་གསུངས་སོ་ཞེས་པའི་བར་ཚིགས་བཅད་བརྒྱད་དང་རྐང་པ་གཉིས་ཏེ། རིན་པོ་ཆེ་ཐལ་སྨན་གྱི་སྦྱོར་བ་ནི། གསེར་ཐལ་དང་པོ་སྦྲང་གཤོག་ཙམ་བརྡུངས། དེ་ནས་གཏུན་འཇམ་པོར་བྲུད་ལ་ལབ་ལེབ་མེད་པར་གཏགས། ཚ་ལ། མུ་ཟི། ཏིལ་དཀར་ནག་གཉིས་ལས་འདིར་ནག་པོ་དབྱིབས་ལེབ་མོ་འབྲས་བུ་ཆུང་ངུ་དེ། །ཟར་མ་རྣམས་སྦྱར་རིལ་བུར་དྲིལ་ལ་ཀོང་བུར་སོལ་མེས་བསྲེག ཟངས་ཐལ་ནི། ཟངས་བསྲེགས་ངར་ཕབ་ཡང་ཡང་བལྟབ་ཀྱིན་བརྡུངས། སྦྲང་གཤོག་ཙམ་དུ་གྱུར་ནས་སེན་མོས་དུམ་བུར་བཏུབས། སེངས་པོས་གཡའ་འདོན། ཚ་ལ་དང་མུ་ཟི་སྦྱར། ཀོང་བུར་བླུག ཁ་བཅད། ཚོས་པར་བསྲེག དངུལ་ཐལ་ནི་དངུལ་ཆུ་སྟར་བུས་བཤིག ཚ་ལ་མུ་ཟི་སྦྱར་བ་གོང་བཞིན་བསྲེག ལྕགས་ཐལ་ནི། བསེག་བརྡར་གྱིས་བརྡར་བའི་ཕྱེ་མ་ཞིབ་ཏུ་བཏགས། ཚ་ལ། ཨ་རུ། མུ་ཟིའི་འདག་པས་སྦྱར། ཀོང་བུར་བསྲེགས་པས་ཐལ་བར་འགྱུར་བ་ཡིན། དེ་རྣམས་ཀུན་ལ་གཉེན་པོ་ཆུང་ན་མི་ཚོས་པས་བུངས་སྐྱེད་པ་དེ་ནི་མཛེ་ནད་དུག་ནད་འཇོམས་ཤིང༌། བྱང་ཁོག་གི་རྣག་ཁྲག་སྐེམས། མཚལ་ཐལ་ནི། རྫའི་གའུ་ཁ་སྦྱར་ལ། མཚལ་ནི་དངུལ་ཆུ་རྒོད་གཡུང་གི་སྐྱེ་གནས་ཏེ། དབྱེ་ན། ལྕོག་ལ་མ། ཤག་མཚལ། སོག་མཚལ། མཚལ་པོ་ཆེ། ད་ཆུ། མཚལ་དཀར། མཚལ་ནག ཞིང་མཚལ། ཁམས་མཚལ་སོགས་སོ། ངོ་བོ་དང་ཡུལ་གྱིས་ཕྱེ་བའི་མིང་མང་ཡང་སྨན་གྱི་སྐབས་འདིར་མཚལ་དཀར་དུ་གྲགས་པ་དེ་ཞིབ་པར་བཏགས་ལ་བླུག སྙོམས་པ་བརྡལ་ལ་ཁ་བཅད་བར་མཚམས་འདག་པས་བྱུགས། བྱེ་མས་བར་བརྩངས་ཤིང༌། རླངས་པ་ཤོར་དུ་མི་རུང་བ་ཁ་གཅོད་ཀྱི་སྟེང་དུ་ཆུ་བྱུགས། འོག་ནས་མེས་བསྲེགས་ཚོས་ཚད་སྣོད་འོག་མའི་མཚལ་གར་ཡོད་ཀྱི་བཤམ་དེ་དཀར་པོ་འགྲོ། དེའི་ཚེ་མེ་འཕྲོ་བཅད། གྲང་ནས་ཁ་དབྱེ། དངུལ་ཆུ་དྲིལ། ཐལ་བས་ཤ་རོ་མ་ལུས་པ་གཅོད་པའི་མཆོག་ཏུ་གྱུར་པ་ཡིན་ནོ། ཤ་རུས། འགྲོན་བུ། ཐོད་པ་རྣམས་སོལ་མེས་དཀར་པོར་མ་སོང་བར་དུ་བསྲེག ཚ་བ་གསུམ་དང༌། གོས་ཆེན་ཟ་འོག ཕུར་མོ་ནག་པོ། སྒོག་སྐྱ། བཙན་དུག །ཕག་རིལ་མིང་ག་བུར་ནག་པོ། ཀླུང་གི་དོམ་ནག་རྙིགས་མར་གྲགས་པ། བྱ་སྒྲོ་རྣམས་སླ་ངར་རྫ་ཕུབ། དུ་བ་མ་ཤོར་བར་བསྲེག ཐལ་བ་དེ་རྣམས་ཕལ་ཆེར་རྣག་ཆུ་སྐེམས་པའི་ལས་ལ་བསྔགས། ཅོང་ཞི་རྒོད་བརྟུལ་ནི། སོལ་མེས་ཚོས་པར་བསྲེགས་ལ་དཀར་པོར་སོང་བ་དང་ཆང་ངམ་དར་བའི་ནང་དུ་བསྐྱུར་བས་སྐད་སོར་སོར་ཟེར་བ་ཐོན་ཙམ་གྱིས་ཅོང་ཞིའི་ངད་བསད་ན་ཅོང་ཞི་དེ་ཕྱེ་མར་འགྲོ་ཞིང༌། དེ་ནི་གག་པ། ཤ་རོ། ལྷེན་སྐྲན། ལྕགས་དྲེག་རྣམས་གཅོད་པར་བྱེད་དོ། དེ་ལྟར་སྦྱོར་བ་བཞི་བསྟན་པ་ཡིན་ནོ་ཞེས་གསུངས་སོ་ཞེས་པའོ། །གསུམ་པ་ལེའུའི་མཚན་བསྟན་པ་ནི། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་བཞི་པ་ཕྱི་མ་འཕྲིན་ལས་རྒྱུད་ཀྱི་ཞི་བྱེད་གསུམ་པ་ཐལ་སྨན་གྱི་སྦྱོར་བ་བསྟན་པའི་ལེའུ་སྟེ་བརྒྱད་པའོ་ཞེས་བྱ་བའི་དོན་ཏོ།།

 

མཐའ་མའི་འདོན་ཐེངས་།: 05.09.2011 ཉིན། 11:51 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།