སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་བརྒྱད་པ། ཐལ་སྨན་གྱི་སྡེ་ཚན་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 22.12.2022
ཕྱི་མ་རྒྱུད། >> ལེའུ་བརྒྱད་པ། ཐལ་སྨན་གྱི་སྡེ་ཚན་བསྟན་པ།



ལེའུ་བརྒྱད་པ། ཐལ་སྨན་གྱི་སྡེ་ཚན་བསྟན་པ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །སྡེ་ཚན་ལྔ་ཡི་ནང་དུ་མ་བསྟན་པའི། །ཐལ་སྦྱོར་ཁཎྜ་སྨན་ཆང་སྦྱོར་བ་གསུམ། །གྲང་བའི་ནད་ལ་ཐལ་སྨན་མཆོག་ཡིན་ཏེ། །ཚ་བའི་ནད་རྣམས་ཁཎྜས་སེལ་བར་བྱེད། །སྨན་ཆང་རླུང་ནད་བད་མཁྲིས་ལྡན་པ་སེལ། །སྦྱོར་བ་འདི་གསུམ་གསང་ཕྱིར་གུད་དུ་སྦས། །དང་པོ་ཐལ་སྨན་སྦྱོར་བ་བསྟན་པ་ནི། །སྤྱི་རུ་རྣོ་འཇམ་བར་མའི་སྦྱོར་བ་དང༌། །བྱེ་བྲག་ཁ་འཐོར་མི་འདྲ་དུ་མ་བསྟན།།

དང་པོ་རླུང་མཁྲིས་བད་ཀན་ནད་གཞི་སྦྱར། །རླུང་དང་ལྡན་ལ་འཇམ་པོའི་སྦྱོར་བ་ནི། །སྒྲོན་ཤིང་དུར་བྱིད་འབྲས་བུ་གསུམ། །པ་ཏྲ་ས་རྫི་ཀ་དང་ཡ་བཀྵ། །རྒྱ་ཚྭ་ཁ་རུ་ཚྭ་དང་ཙབས་རུ་ཚྭ། །ཤིང་ཚ་ཐལ་ཚྭ་པི་པི་ལིང་མཱུ་ལ། །ཙི་ཏྲ་ཀ་དང་ཚ་བ་རྣམ་པ་གསུམ། །འོ་མ་ཞོ་མར་ཞག་རྐང་ཚིལ་གྱི་སྦྲུ། །མཁྲིས་པར་ལྡན་ལ་བར་མའི་སྦྱོར་བ་ནི། །ཧོང་ལེན་བཙོད་དང་ཞུ་མཁན་ཀྱི་ལྕེ་བཞི། །འཇམ་པོའི་སྟེང་བསྣན་བ་རའི་ཞོ་ཡིས་སྦྲུ། །གྲོགས་མེད་བད་ཀན་རྐྱང་ལ་རྣོན་པོ་སྦྱར། །རྒོད་གཡག་རྭ་ཕྱེ་སྔོ་ཡི་ཚ་བ་གསུམ། །ཤུ་དག་ཤིང་ཀུན་འཇམ་པོའི་སྟེང་དུ་བསྣན། །གཅན་གཟན་ཤ་རུས་ཁུ་བ་ཆང་གིས་སྦྲུ། །ཀུན་ཀྱང་གར་སླ་གཟུགས་བཏུབ་འཕང་ལོ་བྱ། །མ་སྤྱད་རྫར་བླུག་ཁ་བཅད་མཚམས་མནན་ལ། །འདག་པ་བྱུགས་ལ་བྱེ་མས་བར་མཚམས་བཅད། །བོང་མེས་འཚོས་པར་བསྲེགས་པའི་ཐལ་བ་དེ། །གྲང་ནས་ཞིབ་བཏགས་ཕྱེ་མ་རིལ་བུ་རུང༌། །བུ་རམ་ཀ་ར་སྦྲང་གི་རྟ་ལ་བསྐྱོན། །མ་ཞུ་འཇུ་ཞིང་ཕོ་བའི་མེ་དྲོད་སྐྱེད། །ལྷེན་དང་སྐྲན་བཤིག་བད་ཀན་ལྕགས་དྲེག་འགོགས། །སྐྱ་རྦབ་འཇིལ་ཞིང་འོར་དང་དམུ་ཆུ་སྐེམ། །མན་ངག་གྲོགས་ཀྱིས་བསྒྱུར་བས་ནད་ཀུན་འཇོམས།།

བྱེ་བྲག་ཅོང་ཞི་འཕྲུལ་གྱི་ཐལ་སྦྱོར་ལ། །ཆུང་ངུ་བར་མ་ཆེན་པོ་རྣམ་པ་གསུམ། །ཨ་རུ་ཚ་ལ་རྒྱམ་ཚྭ་པི་པི་ལིང༌། །བོང་ང་དཀར་པོ་ཆ་མཉམ་ཉིས་འགྱུར་གྱི། །ཅོང་ཞི་མུ་ཟི་རིལ་མ་ཙམ་ཞིག་སྦྱར། །ཞིག་དཀའི་ཀོང་བུར་བླུག་ལ་འདམ་གྱིས་སྦྱར། །སོལ་བའི་མེ་དབུས་བཅུག་ལ་འཚོས་པར་བསྲེག །མུ་ཟིའི་དྲི་སངས་འཚོས་པའི་ཚད་ཡིན་འདོན། །ཐལ་བ་ཞིབ་བཏགས་ཀ་ར་སྦྱར་བ་ནི། །མ་ཞུ་བད་ཀན་ལྷེན་དང་ལྕགས་དྲེག་དང༌། །རྡོ་དུག་དབྱིག་དུག་བད་མཁྲིས་སྨུག་པོའི་སྐྲན། །ཕོ་བའི་ནད་ཀུན་ཚ་གྲང་མེད་པར་འཇོམས། །དེ་སྟེང་བཟང་དྲུག་རྒྱ་ཚྭ་པྲི་ཡང་ཀུ། །བསྣན་པ་ཅོང་ཞིའི་ཐལ་སྨན་འབྲིང་པོ་སྟེ། །མ་ཞུ་ལ་སོགས་སྟོབས་རྒྱས་ལྡན་ཚད་འཇོམས། །ཆེན་པོ་ཚ་བ་ལྔ་དང་ཨ་རུ་ར། །རྒྱ་ཚྭ་རྒྱམ་ཚྭ་ཐལ་ཚྭ་ཁ་རུ་ཚྭ། །མཛེ་ཚྭ་ཟེ་ཚྭ་ལན་ཚྭ་འགྲོན་བུ་དང༌། །བྱ་རྒོད་གྲེ་བ་སྲམ་དང་ཆུ་བྱ་དང༌། །ཉ་རུས་ཀུན་གྱི་ཉིས་འགྱུར་ཅོང་ཞི་སྦྱར། །གོང་བཞིན་བསྲེགས་ཐལ་གྲང་སྐྲན་ཐལ་བར་རློག།

ཚྭ་བསྲེགས་སྦྱོར་བ་བ་ཚྭ་མེད་པའི་ཚྭ། །སྔོ་ཞིང་རོ་མངར་ལྡན་པ་ཁྱོར་བ་དོ། །བ་ཞོ་བྲེ་གང་རྒོད་ཤ་མཐེམ་ཙམ་སྦྱར། །བཙོས་དཀྲུགས་ཆུ་ཆོད་ཕྲུལ་པོར་སོང་བ་དང༌། །རྫར་བླུག་དུ་བ་མི་འཆོར་ཁ་བཅད་ལ། །བོང་མེས་འཚོས་པར་བསྲེགས་པའི་ཐལ་བ་དེ། །སྟར་བུ་པི་པི་ལིང་དང་བུ་རམ་སྦྱར། །མ་ཞུ་ལྷེན་དང་ལྕགས་དྲེག་ཁྲག་སྐྲན་བཤིག །ག་བུར་ནག་པོའི་ཐལ་སྦྱོར་ཕག་རིལ་དང༌། །སྲད་དཀར་ཧོང་ལེན་དེ་བ་ཤིང་སྔོན་བཞི། །གཙོ་གྲོགས་དུ་བ་མ་ཤོར་སོ་སོར་བསྲེག །ཐལ་བ་དམར་ཟལ་བ་ཆུས་འདམ་ཐགས་བྱ། །ཀ་ར་སྦྱར་བས་མ་ཞུ་བ་ཡི་རིམས། །གཟེར་ཐུང་གཉན་རིམས་མིག་སེར་སེལ་བར་བྱེད། །ཁྱད་པར་ཕོ་བར་རིམས་བབས་བདུད་རྩི་ཡིན། །བིག་པན་སྲད་དཀར་སྙ་ལོ་ཀྱི་ལྕེ་བཞི། །དུ་བ་མ་ཤོར་བསྲེགས་ཐལ་རླུང་རིམས་སེལ། །ཆང་སྦྱར་རི་ཐང་མཚམས་ཀྱི་བདུད་རྩི་ཡིན། །རིན་པོ་ཆེ་ཡི་ཐལ་སྨན་སྦྱོར་བ་ནི། །གསེར་ཐལ་དང་པོ་སྦྲང་གཤོག་ཙམ་དུ་བརྡུངས། །དེ་ནས་བྲད་ལ་ལབ་ལེབ་མེད་པར་བཏགས། །ཚ་ལ་མུ་ཟི་ཏིལ་དང་ཟར་མ་སྦྱར། །རིལ་བུར་དྲིལ་ལ་ཀོང་བུར་སོལ་མེས་བསྲེག །ཟངས་ཐལ་ཟངས་བསྲེགས་ཡང་ཡང་བལྟབ་ཀྱིན་བརྡུངས། །སྦྲང་གཤོག་ཙམ་གྱུར་སེན་མོས་དུམ་བུར་གཏུབས། །སིངས་པོས་གཡའ་འདོན་ཚ་ལ་མུ་ཟི་སྦྱར། །ཀོང་བུར་བླུག་ལ་ཁ་བཅད་འཚོས་པར་བསྲེག །དངུལ་ཐལ་དངུལ་ཆུ་སྟར་བུས་བཤིག་པ་དང༌། །ཚ་ལ་མུ་ཟི་སྦྱར་བ་གོང་བཞིན་བསྲེག །ལྕགས་ཐལ་གསེག་བརྡར་བརྡར་ཕྱེ་ཞིབ་ཏུ་བཏགས། །ཚ་ལ་ཨ་རུ་མུ་ཟི་འདག་པ་བྱ། །ཀོང་བུར་བསྲེགས་པས་ཐལ་བར་འགྱུར་བ་ཡིན། །ཀུན་ལ་གཉེན་པོ་ཆུང་ན་མི་ཚོས་བསྐྱེད། །མཛེ་ནད་དུག་འཇོམས་བྱང་ཁོག་རྣག་ཁྲག་སྐེམ། །མཚལ་ཐལ་རྫ་ཡི་ག་འུ་ཁ་སྦྱར་ལ། །མཚལ་དེ་ཞིབ་བཏགས་ག་འུའི་ནང་དུ་བླུག །སྙོམས་པར་བརྡལ་ལ་བར་མཚམས་འདག་པས་བྱུག །བྱེ་མས་བར་བཙངས་རླངས་པ་ཤོར་མི་རུང༌། །སྟེང་དུ་ཆུ་བླུགས་འོག་ནས་མེ་ཡིས་བསྲེག །ཚོས་ཚད་འོག་མའི་གཤམ་དེ་སྐྱ་བོར་འགྲོ། །མེ་བཅད་གྲང་ནས་ཁ་དབྱེ་དངུལ་ཆུ་དྲིལ། །ཐལ་བས་ཤ་རོ་མ་ལུས་གཅོད་པའི་མཆོག །ཤ་རུ་དུང་དང་འགྲོན་བུ་ཐོད་པ་རྣམས། །སོལ་མེས་དཀར་པོར་མ་སོང་བར་དུ་བསྲེག །ཚ་བ་གསུམ་དང་ཟ་འོག་ཕུར་མོ་དང༌། །སྒོག་སྐྱ་བཙན་དུག་ཕག་རིལ་སྒྲོ་ལ་སོགས། །སླ་ངར་རྫ་སྦུབ་དུ་བ་མ་ཤོར་བསྲེག །ཐལ་བ་དེ་རྣམས་ཕལ་ཆེར་རྣག་ཆུ་སྐེམ། །ཅོང་ཞི་རྒོད་བཏུལ་སོལ་མེས་འཚོས་པར་བསྲེག །དཀར་པོར་སོང་ནས་ཆང་ངམ་དར་བའི་ནང༌། །སོར་ཐོན་ཙམ་གྱིས་ངད་བསད་ཕྱེ་མར་འགྲོ། །གག་པ་ཤ་རོ་ལྷེན་སྐྲན་ལྕགས་དྲེག་གཅོད། །ཅེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ཐལ་སྨན་གྱི་སྡེ་ཚན་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།


 

མཐའ་མའི་འདོན་ཐེངས་།: 22.12.2022 ཉིན། 11:40 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།