སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་བཞི་བཅུ་པ། རྒྱུ་མའི་ནད་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.11.2023
མན་ངག་རྒྱུད། >> ལེའུ་བཞི་བཅུ་པ། རྒྱུ་མའི་ནད་བཅོས་པ།



ལེའུ་བཞི་བཅུ་པ།  རྒྱུ་མའི་ནད་བཅོས་པ། 

ཕོ་བའི་ནད་གསོ་བའི་ལེའུ་གསུངས་ཚར་བའི་མཇུག་ཐོག་དེ་མ་ཐག་དེ་ནས་ཡང་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཉོན་ཅིག་ཅེས་གདམས་ཏེ། རྒྱུ་མའི་ནད་ལ་རྒྱུ་རྐྱེན་དང༌། དབྱེ་བ་དང༌། ངོས་འཛིན་གྱི་རྟགས་དང༌། བཅོས་པའི་ཐབས་དང་རྣམ་པ་བཞིའི་སྒོ་ནས་བསྟན་ཏེ།

དེ་ལ་རྒྱུ་རྐྱེན་གཞི་མཐུན་ནི་ཟས་དང་སྤྱོད་ལམ་གཉིས་པོ་ལུས་ལ་མི་འཕྲོད་པ་བསྟེན་པས་འདུ་བ་འཁྲུགས་ཏེ་རྒྱུ་མའི་ནང་དུ་མར་བབས་པའོ། །

དབྱེ་བ་ཕྱེ་ན་རྒྱུ་ཁྲོལ་དང༌། རྒྱུ་འཁྲིལ་དང༌། རྒྱུ་འགྱིངས་དང༌། རྒྱུ་འགགས་དང༌། རྒྱུ་གཟེར་དང་རྣམ་པ་ལྔ་རུ་བསྟན་པ།

དེ་རྣམས་ངོས་འཛིན་རིམ་པ་བཞིན་གྱི་ཐོག་མ་རྒྱུ་ཁྲོལ་གྱི་རྟགས་ནི་རྒྱུ་མར་རླུང་ཞུགས་ཏེ་བླུག་བླུག་ཟེར་བ་དང༌། སྐབས་སྐབས་སུ་ཁྲོལ་ཞིང་ཆུ་ལྟ་བུར་འཁྲུ་བའོ། །རྒྱུ་འཁྲིལ་ནི་རྒྱུ་མ་རླུང་གིས་ཕད་བུ་སོགས་ཀྱིས་ཁ་གཅུས་པ་བཞིན་ཡིན་པས་འོག་རླུང་མི་ཐོན་པར་འཁྲིལ་ཞིང་ན་ཟུག་ལྡང་དུབ་བྱེད། རྒྱུ་འགྱིངས་ནི་རྒྱུ་མར་བད་ཀན་གྱི་བེ་སྣབས་རྒྱས་པས་རྒྱུ་མ་ལྕི་ལ་ན་འགྱུང་ཞེས་པ་ཅུང་ཟད་ན་ཧྲིལ་གྱིས་འགྲོ་སྙམ་བྱེད་ཅིང་དྲི་མ་འགྱིངས་པས་མི་ཐོན་ལ། སྐབས་སུ་ན་ཞིང་བད་ཀན་གྱི་བེ་སྣབས་འཁྲུ། རྒྱུ་འགགས་ནི་ཁྲག་དང་མཁྲིས་པའི་ཚ་བས་དྲི་མ་འགགས་ཏེ་ཚ་ལ་འདྲིལ་བར་གཟེར་ཞིང་དྲི་མ་ཤ་བའི་རིལ་མ་འདྲ་བ་འབྱུང༌། རྒྱུ་གཟེར་ནི་ན་ཚས་གཟེར་ཞིང་ཐུར་དུ་བཤལ་བ་ཡིན།

བཅོས་པའི་ཐབས་ཀྱི་རིམ་པ་ནི་རྒྱུ་ཁྲོལ་ལ་ཞུན་མར་ཙག་ཆོད་པའི་དྭངས་མ་བཏང༌། དེ་རྗེས་ཚ་བ་སྒ་པི་ཕོ་གསུམ་དང༌། རྒྱམ་ཚྭ། ལྕེ་མྱང་ཚྭ། ཁ་རུ་ཚྭ་དང༌། བུར་དཀར་རྣམས་སྦྱར་བ་ཆུ་བསྐོལ་གྱིས་དབུལ་ནས་བཏང་ལ་ཚའམ་གྱོ་མོ་ཞེས། རྫ་བསྲོས་པའི་དུགས་ཀྱིས་རྒྱུ་མར་བདུག རྒྱུ་འཁྲིལ་ལ་ནི་ཤིང་ཀུན། ཁ་རུ་ཚྭ། རྒྱམ་ཚྭ་དང་བཤད་མ་ཐག་པའི་ཚ་བ་གསུམ་རྣམས་དང་བུ་རམ་སྦྱར་བ་ཆང་བསྐོལ་གྱིས་ཕུལ་ལ་བཏང་ཞིང༌། རྒྱུ་མར་ཚྭ་བསྲོས་པའི་དུགས་ཀྱིས་བདུག་པ་དང༌། ཕྱི་རྒྱུད་ལྟར་གྱི་འཇམ་རྩི་བཀྲུ་འཇམ་སྟེང་ཀྱི་ལྕེ་དཀར་པོ་བསྣན་པ་བཏང་ཞིང༌། མདུན་ལྟེ་འོག་ཚོན་གང་ཁ་གསུམ་དང༌། རྒྱབ་ཀྱི་ཚིགས་པ་བཅུ་བདུན་པའི་གསང་དུ་བསྲེག རྒྱུ་འགྱིངས་ལ་ཚ་བ་སྒ་པི་ཕོ་དབྱི་ཙི་ལྔ་དང༌། ཚྭ་སྣ་ཚོགས་ཚད་སྦྱར་ཞིང༌། ལྕུམ་རྩ། ཨ་རུ་ར་མཆུ་སྙུང༌། རྒྱམ་ཚྭ། པི་པི་ལིང་རྣམས་སྦྱར་བའི་བཤལ་གཏོང༌། རྒྱུ་འགགས་ལ་ཕྱི་རྒྱུད་ནི་རུ་ཧ་བར་མས་དྲངས་བར་བྱས་ལ། རྒྱུ་གཟེར་ལ་ཕྱི་རྒྱུད་ལྟར་གྱི་མཁྲིས་ཕྱེ་བདུན་པས་འཁྲུ་བ་བཅད་པར་བྱའོ་ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་ལས་སྣོད་ཀྱི་ནང་ཚན་རྒྱུ་མའི་ནད་བཅོས་པའི་ལེའུ་སྟེ་བཞི་བཅུ་པའོ།། །།


མཐའ་མའི་འདོན་ཐེངས་།: 29.11.2023 ཉིན། 2:25 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།