སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་བདུན་ཅུ་བ། མཚན་བར་རྡོལ་བའི་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.08.2011
མན་ངག་རྒྱུད། >> ལེའུ་བདུན་ཅུ་བ། མཚན་བར་རྡོལ་བའི་ནད་གསོ་བ།

ལེའུ་བདུན་ཅུ་པ་མཚན་བར་རྡོལ་བའི་ནད་གསོ་བ་ལ་གསུམ། ཉན་པར་གདམས་པ་དང༌། གཞུང་དོན་བཤད་པ་དང༌། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། མཚན་བར་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ལྟར་མཚན་བར་རྡོལ་བའི་རྒྱུ་རྐྱེན་སྤྱིར་བསྟན་པ་དང༌། དེ་བཞིན་དུ། དབྱེ་བ་དང༌། རྟགས་དང༌། བཅོས་ཐབས་བསྟན་པ་སྟེ་བཞིའོ། །གཉིས་པ་རྒྱས་པར་བཤད་པ་ལའང་བཞི་ལས།

        དང་པོ་ནི། རྒྱུ་ནི་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། འདི་ལས་སྙིང་པོ་བསྡུས་པར། མི་དགེ་སྨིན་པར་གྱུར་པ་དང༌། །འཕྲལ་དུ་དམ་པ་ལ་སྨད་པས། །ཕལ་ཆེར་འབྲུམ་ཕྲན་དང་པོ་འབྱུང༌། །རྐུབ་ཀྱི་ཕྱིའམ་ནང་དུ་ནི། །རྨ་ནི་སོར་ཚད་གཉིས་ཙམ་ཞིག །ཤ་ཁྲག་གནོན་པར་གྱུར་ལས་བྱུང༌། །ཆུ་སོ་གཅིན་གྱི་གནས་ཉེ་བར། །འབྱུང་བས་འཇིག་པའི་རང་བཞིན་ཅན། །དེ་ནི་མཚན་བར་རྡོལ་ཞེས་བཤད། །ཅེས་དང༌། མ་སྨིན་འབྲུམ་པ་ཞེས་པར་བཤད་སྨིན་ནས་མཚན་བར་བརྡོལ་ཡིན་ནོ། །ཞེས་སོ། །གཉིས་པ་དབྱེ་བ་བཤད་པ་ནི། དབྱེ་བ་ཞེས་རྐང་པ་གཅིག་གིས་བསྟན་པ་ལ་གསུམ། ནད་རྐྱང་པ་དང༌། ལྡན་པ་དང༌། འདུས་པ་དང་གསུམ་མོ། །གསུམ་པ་རྟགས་བཤད་པ་ལ་གཉིས། སྤྱིའི་རྟགས་དང༌། བྱེ་བྲག་གི་རྟགས་གཉིས་ལས། དང་པོ་ནི། དེ་རྟགས་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །གཉིས་པ་བྱེ་བྲག་གི་རྟགས་ནི་རླུང་གྱུར་ཞེས་རྐང་པ་བཞིས་བསྟན་པ་ལ། སྙིང་པོ་བསྡུས་པར། འདུས་གྱུར་རྐང་པའི་མཐེ་བོང་འདྲ། །ནད་ནི་སྣ་ཚོགས་འབྱུང་འགྱུར་ཞིང༌། །གཟེར་དང་སྐོམ་དང་ཡི་ག་འཆུས། །རིམས་དང་རློན་སོགས་ཀྱིས་གནོད་བྱེད། །ཡལ་བར་བོར་བས་སྨིན་པ་དང༌། །རྨ་ཉིད་དུ་ནི་འགྱུར་བ་ཡིན། །ཅེས་འབྱུང་ངོ༌། །བཞི་པ་བཅོས་ཐབས་བཤད་པ་ལ་གཉིས། གསར་དུས་དང་རྙིང་དུས་གཉིས་ལས། དང་པོ་ནི། གསོ་ཐབས་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། གསར་དུས་གཏར་ཞེས་པ་ནི་ལོང་རྩ་གཏར་བའི་འདི་ལ་གསར་དུས་གསོ་བ་སྒྲིམ་དགོས་ཏེ། སྙིང་པོ་བསྡུས་པར། སྦྱང་བ་གཏར་བ་ཆུ་བླུགས་སོགས། །ཅེས་ནས་སྨིན་པར་མི་འགྱུར་བ། །དེ་ནི་འབད་དེ་གསོ་བར་བྱ། །ཞེས་དང༌། །འདུས་གྱུར་རྨ་སྐྱེས་སྤང་བར་བྱ། །ཞེས་སོ།།

        གཉིས་པ་ནི། རྙིངས་ནས་ཞེས་རྐང་པ་བཅུ་བཞི་དང་འབྲུ་གསུམ་གྱིས་བསྟན་ཏེ། བྱི་ཏང་ག་དང་རྭ་གསུམ་པི་པི་ལིང་ཞེས་པར། ཡན་ལག་བརྒྱད་པར། བྱི་ཏང་ག་སྙིང་འབྲས་བུ་གསུམ། །པི་པི་ལིང་རྩའམ་ཡང་ན་རྩེ། །ཞེས་བྱུང༌། སྨན་གྱི་ཞི་དཀའ་བཅད་དེ་བསྲེག་པར་བྱ། ཞེས་པ་ལ། སྨིན་ནས་སླར་ཡང་སྣུམ་འཆོས་དང༌། །དུགས་བྱས་ནས་ནི་ལུས་བཅིང་བ། །གཞང་འབྲུམ་ལྟ་བུར་བསྡམས་ནས་སུ། །གཏིང་རིང་ལེགས་པར་བརྟག་བྱ་ཞིང༌། །རྩ་བའམ་ཡང་ན་རྩེ་མོའོ། །ཕྱི་བལྟས་ནང་དུ་བལྟས་པས་བརྟག །དེ་ལས་ནང་གནས་བཙལ་ནས་ནི། །གཙག་བུས་ལེགས་པར་གཅོད་པར་བྱ། །ཕྱི་བལྟས་མ་ལུས་པར་བཅད་ལ། །ཐལ་སྨན་དག་གིས་གསོ་བར་བྱ། །དེ་ནས་ཐལ་སྨན་བཏབ་པའམ། །ཡང་ན་སྨན་པས་མེ་བཙའ་གདབ། །སྐོ་ཙག་ཁ་རྒྱ་སྦུབས་གཅིག་པ། །བཅུག་ནས་ལེགས་པར་གཅད་པར་བྱ། །དེ་ནས་གྲུབ་ནས་ལྷག་མ་བཅད། །གཞན་དུ་གཞང་ནི་ཞིག་ནས་འཆི། །ཞེས་དང༌། ངོས་ལ་གཅོད་པ་ཤོལ་ཕྱེད་པ། །ངོས་གཉིས་སུ་ནི་ཤོལ་གྱིས་བཅད། །འཛག་པའི་ལམ་ནི་མ་ལུས་པ། །ཐམས་ཅད་མེ་ཡིས་བསྲེག་པར་བྱ། །རླུང་ཡང་དེ་འདྲའི་གནོད་མི་སྐྱེད། །ཅེས་སོགས། ཟླ་ཟེར་དུ་རྒྱས་པར་གསུངས་ཀྱང་མང་བའི་དོགས་པས་སོ། །ཟས་དང་སྤྱོད་ལམ་འདུ་བའི་གྲངས་དང་བསྟུན། ཞེས་པ་ནི། འདུ་བ་རྐྱང་པ་ལྡན་འདུས་གང་ཡིན་དེའི་གཉེན་པོ་བསྟེན་པའོ། །གསུམ་པ་ལེའུའི་མཚན་ནི་བདུད་རྩི་ཞེས་པ་ནས་བདུན་ཅུ་པའོ། །ཞེས་པས་བསྟན་ནོ། །བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་གསུམ་པ་མན་ངག་རྒྱུད་ཀྱི་སྐབས་བརྒྱད་པ་ལྷན་སྐྱེས་རྨ་གསོ་བའི་དཀའ་བའི་གནད་ཀྱི་བརྗོད་བྱ་རྣམས་ལྷག་མ་མ་ལུས་པར་བསྟན་ཟིན་ནོ། །

        འདིར་སྨྲས་པ། བསྟན་གཡོའི་མཚོན་གྱིས་གནོད་མེད་ཀྱང༌། །ལས་དང་ཟས་སྤྱོད་གདོན་གྱིས་བསྐྱེད། །རྨ་དང་འདྲ་བས་ལྷན་སྐྱེས་རྨ། །འདི་ཡི་བརྟག་གསོ་ཤེས་པ་ཉུང༌། །སྤྱིར་ཡང་གསོ་རིག་གྲུ་གཟིངས་བཅས། །ཁྱད་པར་སྐབས་འདིའི་རླུང་ཤུགས་ཅན། །ནད་ཀྱི་ཆུ་མཚོ་ལས་སྒྲོལ་ནས། བདེ་བའི་གླིང་དུ་ཕྱིན་པར་ངེས། །གསོ་དཔྱད་ཡན་ལག་བརྒྱད་ཀྱི་བདེ་རྩེགས་མ། །བཅོ་ལྔའི་སྐབས་ཀྱིས་རིན་ཆེན་རྒྱན་མཛེས་ཁྱོད། །སརྒ་བདུན་ཅུའི་རྡོ་ཤལ་འཕྱང་བཞིན་དུ། །ལུས་སྤྱི་གསོ་བའི་ལང་ཚོ་རྒྱས་པ་ཡིན། །སླར་ཡང་ཕྱི་མ་མདུན་གྱི་ལྷ་དབང་གཟུགས། །རྒྱུད་གཞུང་བཻཌཱུརྱ་གཞིར་སྣང་གྱུར་པ། །རྣམ་དཔྱོད་ལྡན་པའི་ལྷ་བུ་གཞོན་ནུ་ལ། །རྣམ་བཤད་དྲང་སྲོང་རྒན་པོས་བསྟན་པར་བྱ། །ཞེས་ཀྱང་སྨྲས་སོ། །མན་ངག་རྒྱུད་འདིའི་བརྗོད་བྱ་ཡན་ལག་བརྒྱད་དུ་བཤད་པའི་ཡན་ལག་ཐམས་ཅད་ཀྱི་རྟེན་ལུས་སྤྱི་གསོ་བའི་ཡན་ལག་སྐབས་བརྒྱད་ལེའུ་བདུན་ཅུས་བསྟན་པ་དེ་སོང་ནས་ཡན་ལག་གཉིས་པ་སྐབས་དགུ་པ་བྱིས་པ་གསོ་བ་ལ་གཉིས། བསླབ་པར་ཞུས་པ་དང༌། དེའི་ལན་གསུངས་པའོ། །དང་པོ་ནི། དེ་ནས་ཞེས་རྐང་པ་བཞི་དང་འབྲུ་བཞིས་བསྟན་ནོ། །གཉིས་པ་ལ་གསུམ། ཉན་པར་གདམས་པ་དང༌། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་གསུམ་མོ། །དང་པོ་ནི། སྟོན་པ་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ནི། བྱིས་པ་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གསུམ་པ་རྒྱས་པར་བཤད་པ་ལ་ལེའུ་གསུམ་གྱིས་བསྟན་ཏེ།

 

 

མཐའ་མའི་འདོན་ཐེངས་།: 24.08.2011 ཉིན། 9:05 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།