སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་བདུན་ཅུ་པ། མཚན་བར་རྡོལ་བ་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.11.2023
མན་ངག་རྒྱུད། >> ལེའུ་བདུན་ཅུ་པ། མཚན་བར་རྡོལ་བ་གསོ་བ།



ལེའུ་བདུན་བཅུ་པ།  མཚན་བར་རྡོལ་བ་གསོ་བ། 

རྐང་བམ་བཅོས་པའི་ལེའུ་གསུངས་ཚར་བའི་མཇུག་ཐོག་དེ་མ་ཐག་དེ་ནས་ཡང་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཉོན་ཅིག་ཅེས་གདམས་ཏེ། མཚན་བར་རྡོལ་བ་ལ་རྒྱུ་རྐྱེན་དང༌། དབྱེ་བ་དང༌། རྟགས་དང༌། བཅོས་ཐབས་རྣམ་པ་བཞིའི་སྒོ་ནས་བསྟན་ཏེ།

        རྒྱུ་རྐྱེན་གཞི་མཐུན་ནི་སྟན་སྲབ་པོའི་ཁར་ཙོག་པུར་འདུག་པ་དང༌། རྟ་སོགས་བཞོན་པ་བསྟེན་པ། སྟན་མེད་ལ་རླན་སྟེང་དུ་ཡུན་རིང་དུ་འདུག་པ་ལས་འབྱུང་བ་དང༌། སྙིང་པོ་བསྡུས་པར་ཡང༌། མི་དགེ་སྨིན་པར་གྱུར་པ་དང༌། །འཕྲལ་དུ་དམ་པ་ལ་སྨད་པས། ཕལ་ཆེར་འབྲུམ་ཕྲན་དང་པོར་འབྱུང༌། །རྐུབ་ཀྱི་ཕྱི་འམ་ནང་དུ་ནི། །རྨ་ནི་སོར་ཚད་གཉིས་ཙམ་ཞིག །ཤ་ཁྲག་གནོན་པར་གྱུར་ལས་བྱུང༌། །ཆུ་སོ་གཅིན་གྱི་གནས་ཉེ་བར། །འབྱུང་བས་འཛག་པའི་རང་བཞིན་ཅན། །དེ་ནི་མཚན་བར་རྡོལ་ཞེས་བཤད། །ཅེས་པ་ལྟར་མ་སྨིན་ཚེ་འབྲུམ་པ་ཞེས་པར་བཤད་ཅིང་སྨིན་ནས་མཚན་བར་རྡོལ་བ་ཞེས་བྱ་བ་ཡིན་ནོ། །

        དབྱེ་བ་ཕྱེ་ན་ཉེས་གསུམ་རྐྱང་པ་དང༌། གཉིས་ལྡན་པ་དང༌། གསུམ་འདུས་པ་དང་གསུམ་དུ་བཤད་ཅིང༌།

        དེ་རྣམས་སོ་སོར་ངོས་འཛིན་པའི་རྟགས་སྤྱི་དང་བྱེ་བྲག་གཉིས་ལས་སྤྱི་རྟགས་མཚན་དབྲག་ནང་དུ་འབྲུམ་ཐོར་འོང་ཞིང་དེ་ནས་ཆུ་སེར་འཛག་པ་དང༌། སྨིན་ནས་རྣག་ཁྲག་དང་སྲིན་བུ་བཅས་འཛག་པས་འཚོ་བར་མི་འདོད་ཅིང༌། ལན་རེ་ཞི་ཡང་སླར་ལྡང་ཞིང་གཞུག་ཏུ་བཤང་གཅི་དང་ཁུ་ཁྲག་ཀྱང་དེ་ནས་འཛག་གོ།

རླུང་ལས་གྱུར་པ་རྨ་ཁ་མང་ཞིང་ཆུ་སེར་ལྦུ་ཅན་སླ་བར་འཛག མཁྲིས་པ་ལས་གྱུར་པ་མདོག་དམར་ཚ་བ་དང༌། བད་ཀན་ལས་གྱུར་པ་གཡའ་ཞེས་ཟ་འཕྲུག་བྱེད་ཅིང་ཆུ་སེར་སྤྱིན་པོ་འཛག རླུང་མཁྲིས་དང་ལྡན་པ་དམར་ཞིང་ཚ་ལ་མཆེད་སྐྱེན་པ་དང༌། བད་རླུང་དང་ལྡན་པ་སྨིན་པ་དཀའ་ཞིང་མདོག་ནག་པ་དང༌། བད་མཁྲིས་དང་ལྡན་པ་ཚ་ཞིང་སྐྲངས་པ་དང༌། འདུས་པ་ནི། སྙིང་པོ་བསྡུས་པར། འདུས་གྱུར་རྐང་པའི་མཐེ་བོང་འདྲ། །ནད་ནི་སྣ་ཚོགས་འབྱུང་འགྱུར་ཞིང༌། །གཟེར་དང་སྐོམ་དད་ཡི་ག་འཆུས། །རིམས་དང་རློན་སོགས་ཀྱིས་གནོད་བྱེད། །ཡལ་བར་བོར་བས་སྨིན་པ་དང༌། །རྨ་ཉིད་དུ་ནི་འགྱུར་བ་ཡིན། །ཞེས་པ་ལྟར་རྣག་དྲི་མནམ་ཞིང་ནད་ཚབས་ཆེ་བས་སྤང་བར་བྱའོ། །

        གསོ་བའི་ཐབས་ནི། སྙིང་པོ་བསྡུས་པར། སྦྱང་བ་གཏར་བ་ཆུ་བླུགས་སོགས། །ཅི་ནས་སྨིན་པར་མ་གྱུར་པར། །དེ་ནི་འབད་དེ་གསོ་བར་བྱ། །ཞེས་དང༌། གོང་དུའང་བཤད་པ་ལྟར། འདུས་གྱུར་རྨ་སྐྱེས་སྤང་བར་བྱ། །ཞེས་པ་ལྟར་དང་པོ་གསར་དུས་གཏར་བ་ལོང་རྩ་གཏར་ཞིང་ཐོར་པ་བརྟོལ་ལ་ཁྲག་དབྱུང་བ་དང་རྟ་སྦངས་ཀྱི་དུགས་བྱ་ཞིང༌། ཕྱི་རྒྱུད་ཀྱི་ནི་རུ་ཧ་རྣོན་པོས་དྲང༌། གཉིས་པ་རྙིངས་པར་གྱུར་ནས་ཕྱི་རྒྱུད་ལས་ལྔ་ནང་ལྟར་དེད་དཔོན་བཅུ་ལ་ཆུ་སེར་སྨན་གསུམ་དང་ཉེས་གསུམ་སོ་སོའི་གཉེན་པོ་བསྡེབས་པའི་ལྟོ་བཤལ་གྱིས་སྦྱངས་ལ་ཆུ་ཚན་ནང་དུ་སྤྱིང་ཞེས་གཞུག་པ་དང༌། འབྲས་བུ་ཨ་བར་སྐྱུར་གསུམ་དང་བྱི་ལའི་རུས་པ་བཅས་རྨ་ལ་བྱུག་ཅིང༌། ཡན་ལག་བརྒྱད་པར། བྱི་ཏང་ག་སྙིང་འབྲས་བུ་གསུམ། །པི་ལིང་རྩ་བའམ་ཡང་ན་རྩེ། །ཞེས་བྱུང་བ་ལྟར་བྱི་ཏང་ག་དང༌། །ར་ཨ་བར་སྐྱུར་གསུམ། པི་པི་ལིང༌། ཙི་ཏྲ་ཀ་རྣམས་དང༌། སྦྲང་རྩི་དང་མར་ལ་སྦྱར་བ་ཟ་བ་དང༌། སླེ་ཏྲེས། སུག་སྨེལ། བྱི་ཏང་ག དུག་མོ་ཉུང༌། བ་རུ་ར། ཨ་རུ་ར། སྐྱུ་རུ་ར། སྤོས་དཀར་རྣམས་རིམ་པས་ཕྱེ་མ་ཆ་བསྐྱེད་ལ་སྦྲང་དང་སྦྱར་བ་ཟ་བར་བྱ་ཞིང༌། དུག་མོ་ཉུང༌། པི་པི་ལིང་དང༌། ཙི་ཏྲ་ཀ བྱི་ཏང་ག་རྣམས་སྲང་རེ་ཆ་མཉམ་པ་དེས་འབྲས་བུ་ཨ་བར་སྐྱུར་གསུམ་གྱི་ཕྱེད་བྱས་པ་ཀུན་དང་སྤོས་དཀར་མཉམ་སྟེ་སྦྲང་སྦྱར་ཟ་བ་དང༌། གུ་གུལ་སྲང་ལྔ། པི་པི་ལིང་སྲང་གང་དང་འབྲས་བུ་ཨ་བར་སྐྱུར་གསུམ་སྲང་རེ། ཤིང་ཚ་དང༌། སུག་སྨེལ་ཞོ་དོ་རྣམས་སྦྲང་རྩི་དང་སྦྱར་བ་བཏང་ཞིང༌། སྨན་གྱིས་ཞི་དཀའ་ན་གཞང་འབྲུམ་ལྟར་བཅད་དེ་བསྲེག་པར་བྱ་དགོས་ཏེ། ཡན་ལག་བརྒྱད་པར། སྨིན་ནས་སླར་ཡང་སྣུམ་འཆོས་དང༌། །དུགས་བྱས་ནས་ནི་ལུས་བཅིང་བ། །གཞང་འབྲུམ་ལྟ་བུར་བསྡམས་ནས་སུ། །གཏིང་རིང་ལེགས་པར་བརྟག་བྱ་ཞིང༌། །རྩ་བ་འམ་ཡང་ན་རྩེ་མོའོ། །ཕྱི་བལྟས་ནང་དུ་བལྟས་པས་བརྟག །དེ་ལས་ནང་གནས་བཙལ་ནས་ནི། །བཙགས་བུས་ལེགས་པར་བཅད་པར་བྱ། །ཕྱི་བལྟས་མ་ལུས་པར་བཅད་ལ། །ཐལ་སྨན་དག་གིས་གསོ་བར་བྱ། །དེ་ནས་ཐལ་སྨན་བཏབ་པ་འམ། །ཡང་ན་སྨན་པས་མེ་བཙའ་གདབ། །སྐོ་ཙག་ཁ་རྒྱ་སྦུབས་གཅིག་པ། །བཙུག་ནས་ལེགས་པར་བཅད་པར་བྱ། །དེ་ནས་གྲུབ་ནས་ལྷག་མ་བཅད། །གཞན་དུ་གཞང་ནི་ཞིག་ནས་འཆི། །ཞེས་དང༌། ངོས་ལ་གཅོད་པ་ཤོལ་བྱེད་པ། །ངོས་གཉིས་སུ་ནི་ཤོལ་གྱིས་བཅད། །འཛག་པའི་ལམ་ནི་མ་ལུས་པ། །ཐམས་ཅད་མེ་ཡིས་བསྲེག་པར་བྱ། །ཞེས་ཀྱང་འབྱུང་ཞིང་ཟས་དང་སྤྱོད་ལམ་གཉིས་པོ་འདུ་བའི་རིགས་རྐྱང་པ་ལྡན་འདུས་གང་ཡིན་གྱི་གཉེན་པོ་དང་བསྟུན་ལ་བཅོས་ཞེས་གསུངས་སོ།།

          བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་ལས་ལྷན་སྐྱེས་རྨའི་ནང་ཚན་མཚན་བར་རྡོལ་བ་གསོ་བའི་ལེའུ་སྟེ་བདུན་ཅུ་པའོ།། །།


མཐའ་མའི་འདོན་ཐེངས་།: 29.11.2023 ཉིན། 4:26 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།