སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་བཅོ་ལྔ་པ། ལས་ལྔ་སྐྱུགས་སྐོར།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 22.12.2022
ཕྱི་མ་རྒྱུད། >> ལེའུ་བཅོ་ལྔ་པ། ལས་ལྔ་སྐྱུགས་སྐོར།



ལེའུ་བཅོ་ལྔ་པ། ལས་ལྔ་སྐྱུགས་སྐོར།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །ལས་ལྔ་སྐྱུགས་ལ་སྔོན་འགྲོ་དངོས་གཞི་དང༌། །ཕྱི་རྗེས་བཅད་དང་ཕན་ཡོན་བསྟན་པའོ།།

སྔོན་འགྲོ་ནད་གཞི་རུང་དང་མི་རུང་བརྟག །སྦྱོར་བའི་སྔོན་འགྲོ་ཉེ་རིང་རྣམ་གཉིས་བྱ། །མི་རུང་ཟུངས་ཟད་རླུང་ཆེ་ཆུ་རྒྱུ་འགགས། །མིག་འགྲིབ་སྲིན་ནད་གཞང་འབྲུམ་ཤ་དུག་རྒྱས། །རྒས་ཆེས་གཞོན་ཆེས་གདོན་ཅན་རྣམས་ལ་སྤང༌། །རུང་བ་མ་ཞུ་ལྷེན་སྐྲན་ལྕགས་དྲེག་ཆགས། །དུག་དང་གླང་ཐབས་ཁྲག་མཁྲིས་ཕོ་བར་ལྷུང༌། །མགོ་ནད་དང་ག་འགགས་དང་སྲིན་བུ་ལྡོག །ཁྱད་པར་བད་ཀན་ནད་ཀུན་སྐྱུགས་ཀྱིས་སྦྱང༌། །སྦྱོར་བའི་སྔོན་འགྲོ་ཉེ་རིང་བཤལ་དང་མཐུན། །འཕྲལ་དུ་མ་ཞུ་མི་འཕྲོད་ཟོས་པ་དང༌། །བད་མཁྲིས་རྒྱས་དང་མ་ཞུའི་གནས་སུ་འདུས། །རྒྱུན་དུ་ལྟོ་སྣུམ་སྔོན་འགྲོ་བྱ་མི་དགོས།།

དངོས་གཞི་སྨན་སྦྱོར་བཏང་ཐབས་ལྕག་དང་ཚད། །ལོག་པ་མནན་དང་རྣམ་པ་ལྔ་རུ་བཤད། །དང་པོ་སྨན་སྦྱོར་གཙོ་བོ་ཁ་འཛིན་གཉིས། །གཙོ་བོ་རི་ཤོ་སྤྱང་ཚེར་དུར་བྱིད་གསུམ། །བྱེ་མ་ལ་སྐྱེས་ཁ་འབུས་སོས་དུས་བརྐོས། །ཤུ་དག་རྒྱམ་ཚྭ་པི་པི་ལིང་དང་སྦྱར། །འཇམ་པོ་ཁུ་བ་དྲག་པོ་རིལ་བུ་དྲིལ། །ཁ་འཛིན་མ་ཞུ་བ་ལ་བཅའ་སྒ་སྡེབ། །རླུང་ལྡན་སོ་ཆ་མཁྲིས་ལྡན་གསེར་ཕུད་བུ། །སྐྲན་ལ་དབྱི་མོང་དུག་ལ་བོང་ང་དཀར། །འབྲི་ཏ་ས་འཛིན་བྱང་ཁོག་རྣག་ཁྲག་འདྲེན། །གློ་ཡི་ནད་ལ་ཤིང་མངར་སྡེབ་པར་བྱ། །བཏང་ཚུལ་ནམ་ལངས་དུས་བཏང་ཁ་བཤལ་ལ། །མི་སྨྲ་མི་གྲང་ཙོག་པུར་འདུག་པར་བྱ། །སྐྱུག་ན་ལན་འགའ་ཟློག་པས་ནད་ལ་བརྐོ། །བརྐོས་དྲགས་ཐུར་དུ་འཕྱུག་པས་སློང་དུས་སྐྱུག །དེ་ནས་མགོ་དཔྱངས་པུས་མོ་ཕོ་གསང་ལྟེམ། །སླ་ངར་བཟེད་ལ་ནད་ཀྱི་ཁ་དོག་བལྟ། །ལྕག་ཏུ་སྤྱང་ཚེར་རི་ཤོ་དུར་བྱིད་བསྡུས། །རྒྱམ་ཚྭ་ཤུ་དག་པི་པི་ལིང་དང་སྦྱར། །ཆུ་སྐོལ་ངད་ཡལ་ཙམ་དང་སྤེལ་གྱིན་བཏང༌། །སྒྲོའམ་སོར་མོས་གྲེ་བ་མ་སྣད་དྲངས། །སྐྱུག་པ་དྲག་ཞན་ལྕག་ལ་རག་ལུས་པས། །ལུས་ཟུངས་ནད་སྟོབས་སྦྱར་ལ་ཐོན་ཚད་གདོན། །འདོན་ཚད་སྐྱུག་པའི་ནད་ལ་བཞི་དྲུག་བརྒྱད། །བུངས་ཚད་བྲེ་ཕྱེད་གང་དང་དོ་ཡིན་ཏེ། །ཁ་དོག་བད་ཀན་མཁྲིས་པ་ཆུ་དང་གསུམ། །རིམ་པས་ཐ་མ་འབྲིང་རབ་ཚད་དུ་བཤད། །ལོག་གནོན་ཐོར་བུའི་རླུང་དང་མཁྲིས་ཁ་ཤོར། །སྨུག་པོའི་མཚོ་དང་གློ་ཡི་རྩ་ཁ་རྡོལ། །སྨན་གྱི་དྭངས་མ་མིག་ལ་བྲོས་པའོ། །མགོ་ན་སྟོང་སྐྱུགས་བྱེད་ཅིང་ཤེས་པ་ཉོག །བསྐུ་མཉེ་གསུར་དུད་སྲེ་ལོང་ཐང་གིས་བཟློག །མཁྲིས་པ་ཁ་ཤོར་ཐང་བཏང་གཤའ་རིངས་གཏར། །མཚོ་བརྡོལ་བ་ལ་དུགས་དང་ཕྱེ་མས་བཅད། །གློ་རྩ་འགྲམས་ན་སྨན་གྱིས་རྩ་ཁ་བསྡམ། །མགོ་ན་མིག་དམར་གཏར་དང་ཆུ་ལྕག་བྱ།།

བཅད་རན་རྗེས་ཀྱི་ཆོ་ག་བཤལ་དང་མཐུན། །ཟས་དང་སྤྱོད་ལམ་དེ་བས་ལྷོད་པས་ཆོག །གུ་གུལ་གླ་སྒང་མར་གསར་དུ་བས་བདུག །སྨན་རོ་སྦྱོང་ཕྱིར་རྒྱམ་ཚྭའི་ཆུ་སྐོལ་བཏུང༌།།

སྐྱུགས་ལེགས་དབང་གསལ་ལུས་ཡང་དང་ག་བདེ། །ཁ་དྲི་ཞིམ་ཞིང་མཆིལ་སྣབས་ལུད་པ་དག །ཅེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ལས་ལྔ་སྐྱུགས་ཀྱི་ལེའུ་སྟེ་བཅོ་ལྔ་པའོ།། །།


 

མཐའ་མའི་འདོན་ཐེངས་།: 22.12.2022 ཉིན། 11:52 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།