སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་བཅུ་བཞི་པ། ཚ་བའི་རི་ཐང་མཚམས་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.12.2022
མན་ངག་རྒྱུད། >> ལེའུ་བཅུ་བཞི་པ། ཚ་བའི་རི་ཐང་མཚམས་བསྟན་པ།



ལེའུ་བཅུ་བཞི་པ། ཚ་བའི་རི་ཐང་མཚམས་བསྟན་པ།

དྲང་སྲོང་ཡིད་ལས་སྐྱེས་ཀྱིས་ཡང་གསོལ་པ། །སྨན་པའི་རྒྱལ་པོ་རིག་པའི་ཡེ་ཤེས་ལགས། །ཚ་བའི་ནད་རྣམས་གཉེན་པོས་ཟློག་སླ་ཡང༌། །ཚ་བ་བཅོས་རྗེས་གྲང་བ་སྐྱེས་པ་ཡིས། །ཚ་གྲང་འཁྲུལ་ནས་གཞན་གྱི་སྲོག་འདོར་བས། །རི་ཐང་མཚམས་ཀྱི་ངོས་འཛིན་བཅོས་པའི་ཐབས། །འཁྲུལ་མེད་གནད་ཀྱི་མན་ངག་བསྟན་དུ་གསོལ། །རིག་པའི་ཡེ་ཤེས་དེ་ཡིས་ལན་གསུངས་པ། །རི་ཐང་མཚམས་ཀྱི་འཕྲང་ལ་རྣམ་པ་གསུམ། །རླུང་གི་ཞུ་འཁྱགས་སྔུན་ནས་བསུ་བ་དང༌། །མཁྲིས་པའི་ཞུ་འཁྱགས་འཕྲང་ལ་བསྒུག་པ་དང༌། །བད་ཀན་ཞུ་འཁྱགས་ཕྱི་རྗེས་བཅད་པའོ། །དེ་ལྟར་མི་ཤེས་སོ་མཚམས་གཅིག་ཏུ་འདོད། །རྨོངས་པའི་ལུགས་ཡིན་གཞན་སྲོག་འདོར་བས་ན། །དེ་ཕྱིར་འཕྲང་གསུམ་འདི་ལྟར་ཤེས་པར་གྱིས།།

རྒས་དང་རླུང་ཆེའི་ཚ་བ་རླུང་གནས་འབབ། །མྱ་ངན་སེམས་ལས་འཕྲལ་གྱི་རླུང་རྐྱེན་འདོམ། །ག་བུར་གཏར་བཤལ་ཚ་བ་བདའ་དྲགས་སོགས། །དེ་རྣམས་རིགས་ལ་ཚད་གཉའ་ཆག་དུས་སུ། །རླུང་གིས་སྣ་བསླང་ཐོར་བུའི་རླུང་རྟགས་འོང༌། །ཐོར་བུའི་རླུང་གིས་ཚད་གཞུག་བུས་པ་ཡིས། །རྩ་རྒྱུག་ཆུ་དམར་དྲོད་དང་སྐོམ་དད་ཆེ། །ལྕེ་སྐམ་རྔམ་པ་རྒོད་ལ་སོགས་པ་ཡི། །ཚ་བའི་རྟགས་སྟོན་འཁྲུལ་བའི་ས་ཅིག་ཡིན། །ལྟར་སྣང་ཚ་བའི་རྗེས་འབྲངས་དེད་པ་ན། །ཁ་ཐལ་རླུང་གིས་ཚ་བ་སྲོག་རྩར་འཕུལ། །རྩ་སྟོངས་ཞེས་བྱ་འདི་ལ་གསོ་ཐབས་དཀའ། །དེ་ཕྱིར་ཟས་ཀྱིས་སྔུན་བསུ་རླུང་སྣ་གླན། །ཧ་ཅང་བསུ་བ་སྔས་ན་ཚ་བའི་གཞུག །ཟས་ཀྱིས་བཟུང་ནས་རྙིངས་ཚད་སྐྱེད་པ་ཡོད། །རླུང་གི་ཞུ་འཁྱགས་མི་གསལ་འཁྲུལ་སོ་ཆེ། །དེ་ཕྱིར་ངོས་བཟུང་ཕྱི་ནང་གསང་གསུམ་སྟེ། །ཚད་གཞུག་རླུང་གིས་བུས་པའི་ཕྱི་རྟགས་སུ། །རྩ་རྒྱུག་གྱུར་ཀྱང་སྟོང་ལ་མནན་མི་བཟོད། །ཆུ་མདོག་དམར་ཡང་དྭངས་ལ་ལྦུ་བ་ཆེ། །གཟེར་བ་ཡོད་ཀྱང་མ་ངེས་གར་ཡང་འཕོ། །ལྕེ་སྟེང་སྐམ་ཡང་དམར་ལ་ཤིན་ཏུ་རྩུབ། །སྐོམ་དད་ཆེ་ཡང་མ་འཐུངས་སྲན་པར་ཚུགས། །རྔམ་འདེགས་དབུགས་རྒོད་གྱུར་ཀྱང་སྣ་བུག་ཧར། །རླུང་གསང་བརྫིས་ན་ན་སྟེ་སྲན་མི་བཟོད། །བསིལ་གཏར་བསྟེན་གྱིན་ཚད་པ་སླར་ཡང་སྐྱེ། །བུར་ཞོ་རུས་ཐང་བསྟེན་གྱིན་ཚད་རྟགས་ནུབ། །ནང་གི་བརྟག་པ་རྩ་ནི་སྟོང་ལ་མྱུར། །ཆུ་མདོག་དམར་ལ་དྭངས་ཤིང་ལྦུ་བ་ཆེ། །ལྕེ་སྟེང་དམར་ལ་སྐམ་ཞིང་རྩུབ་པ་སྟེ། །དེ་གསུམ་མཐུན་ན་ཁ་ཟས་གློད་པས་ཆོག །ལྕེ་སྐམ་ཕན་ཆད་རླུང་འབུད་ཡོད་པ་ཡིན། །སྐམ་ལ་རིད་ན་རླུང་ལས་ཚད་ཁ་མཐོ། །སྐམ་ལ་ནག་ན་རླུང་ཚད་ཕྱེད་མར་ཡོད། །དམར་ལ་སྐམ་རྩུབ་རླུང་ཉིད་ཟང་མ་ཡིན། །སེར་ལ་སྐམ་ཁོག་རླུང་དང་མཁྲིས་པར་ལྡན། །སྐྱ་ལ་སྐམ་ཁོག་བད་རླུང་ཚ་བ་ཡིན། །སྐྱ་གླེག་མདོག་མེད་ཚ་བ་བྱེར་ཞིང་རྙོགས། །དམར་འཇམ་རློན་ཞིང་མཉེན་ན་ནད་དང་བྲལ། །མན་ངག་ལྡན་པས་ཞུ་འཁྱགས་མཐོང་བས་གསལ། །གསང་བ་ཕུགས་འཚོལ་སྨན་གྱིས་བརྟག་པ་སྟེ། །བུ་རམ་གོ་སྙོད་སྒ་སྐྱ་བསྡུས་ཐང་ངམ། །རུས་བཅུད་གསུམ་མམ་བུར་ཞོ་གང་རུང་བ། །ཁྱོར་གང་སྲོད་ལ་བཏང་པའི་དེ་ནུབ་ཏུ། །གཉིད་ཆེ་ཟུག་ཆུང་བླ་འཆོལ་ཉུང་བ་དང༌། །ནང་པར་ལྕེ་རློན་ཤེས་པ་གསལ་ན་ངེས། །རྔམ་རྒོད་འདར་འབོག་སྨྲ་འཆལ་འབྲོས་པ་ན། །འཕྲལ་དུ་མཐིལ་བཞི་ཚིགས་པ་བསྐུ་མཉེ་བྱ། །ཚིལ་བུ་བུ་རམ་ཕྱེ་གསུར་དུ་བས་བདུག །གོང་བཞིན་སྣ་ལོན་མཚམས་སུ་ཕེབས་པར་ངེས། །ངེས་པ་རྙེད་ན་བསིལ་ཤ་གསར་པ་ཡི། །ཚོ་ཁུ་མེ་མ་ཕྲད་དང་གསར་འཇམ་ཆང༌། །བ་ཤ་བཙོས་ཁེངས་སྒོག་སྐྱའི་ཆབ་མིག་དང༌། །བ་རའི་མར་གསར་ཀ་ར་སྦྲང་སྦྱར་རྣམས། །དགོང་དང་ཐོ་རངས་རླུང་དུས་བསྟེན་པར་བྱ། །དེ་ལས་རྒྱས་པ་ཚད་སྟོངས་བཅོས་དང་མཐུན། །ཁ་ཟས་སྔར་གློད་བསིལ་སྨན་གཞུག་བསྲིངས་ལ། །ཟས་ཀྱིས་རླུང་མནན་བསིལ་གྱིས་ཚད་ལྷག་གདོན།།

དར་མ་ནད་ཁམས་ཁྲག་མཁྲིས་ཆེ་བ་དང༌། །མཁྲིས་པའི་གནས་སུ་ཚ་བ་བབས་པ་དང༌། །ཤ་ཆང་གཉིད་དང་དྲག་ཤུལ་ཚད་རྐྱེན་འདོམ། །ཚ་བ་བཅོས་ཕྱིས་ཚ་བ་ཁ་ཐལ་དང༌། །ཚད་པ་བད་རླུང་གྲོགས་མེད་རྐྱང་པ་རྣམས། །ཚད་པ་ཟད་ཀྱང་བད་རླུང་རྟགས་མི་འབྱུང༌། །དེ་ལ་ཟས་གློད་ཡེན་ལ་གཏད་རྗེས་ཀྱི། །རྩ་སྦུབས་སྟོངས་པས་ཟས་ཚད་སྐྱེད་འགྱུར་བས། །རྩ་འདེགས་དྲོད་ཆེ་ཁ་སྐམ་ཤེས་པ་འཐིབ། །ཚད་ལྷག་ཡོད་ཟེར་འཁྲུལ་པའི་ས་ཡིན་ཏེ། །རྨོངས་པས་དེ་ལ་བསིལ་གྱིས་དེད་པ་ཡིས། །ཟུངས་ཟད་རླུང་ལས་གྱུར་པའི་ཚ་བར་ལྡོག །དེ་སྲོག་གཤིན་རྗེའི་ལག་ཏུ་གཏད་དང་མཚུངས། །ཟས་གློད་སྔས་ན་རྒྱས་པའི་ཚ་བར་ལྡོག །གང་ཡང་མི་ཤེས་རྨོངས་པ་མགོ་བོ་འཁོར། །མ་སྔས་མ་ཕྱིས་འཕྲང་ལ་བསྒུག་པ་གཅེས། །ངོས་བཟུང་རྟགས་ལ་དོན་མེད་རྔུལ་འབྱུང་ཞིང༌། །དང་ག་མི་འགག་སྐོམ་དད་ཆུང་བ་དང༌། །གཉིད་དུས་ཟ་ཟི་མི་འོང་རྔམ་པ་བདེ། །སྣ་རྡོག་མཉེན་ཞིང་ཆུ་མདོག་དམར་སེར་དང༌། །རྩ་རྒྱུད་ཕྱི་གྲིམས་ཁོང་ལྷོད་ཐ་མལ་གྲངས། །ལྕེ་སྟེང་སེར་ལ་སྐམ་ཁོག་ཐ་མ་དམར། །ཤ་རྙིང་མར་རྙིང་བུ་རམ་ཆང་ལ་སོགས། །བསྟུད་དྲགས་པ་དང་ཧ་ཅང་ཚད་ལས་ཐལ། །ཟོས་འགྲོག་ཚ་བ་སྐྱེ་ཡང་ཟས་མི་བཅད། །དེ་ལས་ཐལ་ནས་ཟུངས་ཟད་རླུང་གྱུར་ན། །ཤ་འཆོར་མདོག་སེར་ལྕེ་ཡིས་རོ་མི་ཚོར། །རྔམ་རྒོད་བ་སྤུ་ལྡང་ཞིང་སྐོམ་དད་ཆེ། །སྐྲ་རྩ་སེང་ལ་སྐྲ་འདབ་བག་ཙམ་འདར། །མཁྲིས་པའི་ཞུ་འཁྱགས་མི་འགྱུར་ངོས་འཛིན་ཡིན། །དེ་ལ་བཅོས་ཐབས་ཚད་རྟགས་ནུབ་པ་དང་། །གྲང་རྟགས་མི་སྒུག་བུར་ཞོ་ཚོ་ཁུ་དང༌། །ཆང་འཇམ་ཆུ་བསྲེས་ཆ་ཡིས་བྲིད་ལ་བཏང་། །དེ་ཡིས་ཚ་བ་མི་སྐྱེ་འཁྲུལ་མི་སྲིད། །ནད་ཟད་ཟས་ཀྱིས་ཚ་བ་སྐྱེར་མངོན་ན། །བསྲེག་པའི་ནུས་མེད་ཐལ་ཚན་དྲོད་དང་འདྲ། །གལ་ཏེ་ཚ་བ་བདའ་དྲགས་ཁ་ཐལ་ན། །ཟུངས་ཟད་རླུང་གྱུར་ཚ་བར་ལྡོག་པའི་ཕྱིར། །རུས་རྙིང་བསྡུས་ཁུར་ཤིང་ཀུན་སྤོད་སྣ་དང་། །བིག་པན་ཐལ་བ་དྲོ་འཇམ་ཁྱེའུ་སུས་བཏང༌། །ཡང་ན་ཁ་རུ་ཚྭ་དང་ཛཱ་ཏི་དང༌། །མར་རྙིང་སྦྱར་བ་སུམ་ཡར་བཏང་བར་བྱ། །དེས་མ་ཐུབ་ན་ཛཱ་ཏི་གསུམ་མམ་ལྔ། །ཁ་རུ་ཚ་ལ་ཞོ་བཞི་བུར་སྲང་གཅིག །མར་རྙིང་སྲང་བདུན་ལྡེ་གུར་བྱས་ཏེ་བཏང༌། །མི་རུས་བསྡུས་ཁུར་སྒོག་སྐྱ་ཤིང་ཀུན་བྲན། །མཐིལ་བཞི་ཚིགས་པ་རླུང་གསང་སྐུ་མཉེ་དང༌། །རླུང་གསང་བཞི་བསྲོ་མར་རྙིང་འཇམ་རྩི་བྱ། །ཤ་ཆང་མར་རྙིང་བུ་རམ་དྲོད་བཅུད་བསྟེན།།

བྱིས་པ་བད་ཀན་གྲང་ཤས་ཆེ་བ་དང་། །བད་ཀན་ཡུལ་དུ་ཚ་བ་བབས་པ་དང༌། །མ་སྨིན་གཏར་བསིལ་ཚ་བ་བྱེར་རྐྱེན་འདོམ། །ཚད་གཞུག་མི་མངོན་གྲང་རྟགས་ཁ་ཡར་འོང༌། །རྩ་དལ་ཆུ་མདོག་སྔོ་ལ་དང་ག་འགག །ལྕེ་རློན་གདོང་སྐྱ་ཁ་ཟས་འཇུ་བ་དཀའ། །བག་ལ་ཉལ་བས་གྲང་བར་འཁྲུལ་བ་ཡོད། །དེ་ལ་བརྟེན་ནས་ཟས་གློད་ཚ་བར་ལྡོག །ཧ་ཅང་ཐལ་དྲགས་དམུ་ཆུར་འགྱུར་བ་ཡོད། །དེ་མ་ཡིན་པ་འདི་ལ་ཐལ་སྐྱོན་ཆུང༌། །དེ་ཕྱིར་ཚ་བ་ཟད་ངེས་ཕྱི་རྗེས་བཅད། །ངོས་བཟུང་རྩ་རྒྱུད་བྱིང་དལ་ལྷོད་པར་འཕར། །ཆུ་ཁ་སྙི་ལ་མདོག་སྔོ་ཤིན་ཏུ་དྭངས། །སྔར་གྱི་གོས་ཀྱིས་མི་དྲོས་སྐྲ་རྩ་སེང༌། །ཁ་ཟས་འཇུ་བའི་སྟོབས་དང་སྐོམ་དད་ཆུང༌། །མིག་ཕུག་བྲང་དང་གསུས་པ་རྐང་བོལ་སྐྲངས། །དེ་དུས་ཚ་བ་མེད་ངེས་རྟགས་ཡིན་པས། །གོང་དང་མི་འདྲ་ཁ་ཟས་བྲིད་མི་དགོས། །ཤ་ཆང་དྲོད་བཅུད་ལྷུག་པར་བཏང་བས་ཆོག །འཇུ་དཀའ་སྦོ་སྒྲེག་ཁ་མངལ་མཆིལ་མ་མང༌། །རྒྱམ་ཚྭ་གསུམ་ཐང་སེ་འབྲུ་བཞི་པའམ། །རྒོད་མ་ཁ་ཡི་ཕྱེ་མས་མེ་དྲོད་བསྐྱེད། །ཅེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ཚ་བའི་རི་ཐང་མཚམས་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། །།


 

 

མཐའ་མའི་འདོན་ཐེངས་།: 20.12.2022 ཉིན། 3:28 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།