སྨན་རྩིས་དྲ་བ། - བཤད་རྒྱུད།

ལེའུ་བཅུ་བཞི་པ། དུས་སུ་སྤྱོད་པའི་སྤྱོད་ལམ་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 22.08.2011
བཤད་རྒྱུད། >> ལེའུ་བཅུ་བཞི་པ། དུས་སུ་སྤྱོད་པའི་སྤྱོད་ལམ་བསྟན་པ།

གཉིས་པ་དུས་སུ་སྤྱོད་པའི་སྤྱོད་ལམ་བཤད་པ་ལ་གསུམ་སྟེ། ཉན་པར་གདམས་ཤིང་མདོར་བསྟན་པ་དང༌། རྒྱས་པར་བཤད་པ། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་པ་ནས་སྤྱོད་ལམ་ནི་ཞེས་པའི་བར་གྱིས་བསྟན་ཏེ། ཉིན་རེ་བཞིན་རྒྱུན་དུ་སྤྱད་པའི་ལས་བཤད་ཟིན་པའི་རྗེས་ཐོག་དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །དེ་ཡང་ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ལ་སོགས་པའི་འཁོར་རྣམས་གུས་པས་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་ལེགས་པར་བཤད་པར་བྱའོ། །ཞེས་གདམས་ནས། བྱ་བ་སྤྱོད་ལམ་གྱི་གནས་ལས་གཉིས་པ་དུས་སུ་སྤྱོད་པའི་སྤྱོད་ལམ་ནི་གང་ཞེ་ན་འདི་ལྟ་སྟེ་ཞེས་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། དུས་ངོས་འཛིན། སྤྱོད་ལམ་དངོས། མཇུག་བསྡུ་བའོ། །དང་པོ་ལ་གཉིས་ཏེ། སྤྱི་དོན་དང༌། ཚིག་དོན་ནོ། །དང་པོ་ལ་དགག་གཞག་སྤང་གསུམ་ལས་དང་པོ་ནི། འབུམ་ནག་མཁན་པོ་སོགས་སྔ་རབས་པ་རྣམས་ན་རེ། དགུན་སྟོད་ནི་དགུན་ཉི་མ་ལོག་པའི་གོང་ཟླ་བ་གཉིས་སོ། །དགུན་སྨད་ནི་དགུན་ཉི་ལོག་ནས་ཟླ་བ་གཉིས་སོ། །དེ་ནས་ཟླ་བ་གཉིས་དཔྱིད་ཀྱི་དུས། དེ་ནས་ཟླ་གཉིས་སོ་གའི་དུས། དེ་ནས་དབྱར་ཉི་ལོག་ནས་ཟླ་བ་གཉིས་དབྱར་གྱི་དུས། དེ་ནས་ཟླ་བ་གཉིས་སྟོན་གྱི་དུས་སོ། །དགུན་ཟླ་ར་བ་ལ་སོགས་ཏེ་རིམ་བཞིན། ཞེས་བྱ་བ་ནི་ཟླ་བ་དང་པོ་དགུན་ཟླ་ར་བ་ནས་བརྩི་བ་སྟེ། དགུན་ཟླ་ར་བ་དང༌། འབྲིང་པོ་གཉིས་དགུན་སྟོད་དོ། །དགུན་ཟླ་ཐ་ཆུང་དང་དཔྱིད་ཟླ་ར་བ་གཉིས་དགུན་སྨད་དོ། །དཔྱིད་ཟླ་འབྲིང་པོ་དང་ཐ་ཆུང་གཉིས་དཔྱིད་ཀའོ། །དབྱར་ཟླ་ར་བ་དང་འབྲིང་པོ་གཉིས་སོ་གའི་དུས་སོ། །དབྱར་ཟླ་ཐ་ཆུང་དང་སྟོན་ཟླ་ར་བ་གཉིས་དབྱར་དུས་སོ། །སྟོན་ཟླ་འབྲིང་པོ་དང་ཐ་ཆུང་གཉིས་སྟོན་དུས་སོ། །ཞེས་དང༌། དུས་ཀྱི་སྐད་ཅིག་མ་ནས་བརྩིས་ཏེ། དུས་མཐའི་སྐད་ཅིག་མ་ནི་ཤོ་མང་ཅིག་ལ་མདས་ཕུག་པའོ། །ཤོ་མང་བརྒྱ་ཉི་ཤུ་སྤུགས་པ་ལ་རྩལ་པོ་ཆེས་མདའ་བརྒྱབ་པས་སེ་གོལ་གཏོག་པ་གཅིག་ལ་ཕིགས་པའི་དུས་མཐའི་སྐད་ཅིག་མ་བརྒྱ་ཉི་ཤུ་ལ་བྱ་བ་རྫོགས་པའི་སྐད་ཅིག་མའོ། །སེ་གོལ་གཏོགས་པ་ལ་མཐེབ་མཛུབ་སྦྱར་བ་དང༌། རྟོགས་པའི་བྱ་བ་རྫོགས་པ་དང་བྱ་རྫོགས་ཀྱི་སྐད་ཅིག་མའོ། །དེ་བརྒྱ་ཉི་ཤུ་ལ་ཐང་གཅིག ཐང་གཅིག་དྲུག་ཅུ་ལ་ཡུད་ཙམ། ཡུད་ཙམ་སུམ་ཅུ་ལ་ཉིན་ཞག་གཅིག་སྟེ། ནམ་ཉི་མ་མཉམ་པའི་དུས་སུ་ཉིན་མོ་ཡུད་ཙམ་བཅོ་ལྔ་དང༌། མཚན་མོ་ཡུད་ཙམ་བཅོ་ལྔའོ། །སྲོད་སྔ་དྲོ་གཉིས་ཀྱི་དུས་ལ་ལྔ་ལྔ། དགོང་ཐོ་རངས་གཉིས་ལྔ་ལྔ། ཉིན་ཞག་སུམ་ཅུ་ལ་ཟླ་བ་གཅིག ཟླ་བ་བཅུ་གཉིས་ལ་དུས། དུས་གཅིག་ལ་ལོ་གཅིག་ཏུ་འགྱུར་རོ། །ཞེས་དང༌། དགུན་རླུང་ཉི་མ་ཚེས་བརྒྱད་ལ་ལོག་ན། དབྱར་བཅུ་གསུམ་ལ་བཟློག བཅོ་བརྒྱད་ལ་ལོག་ན་ཉི་ཤུ་གསུམ་ལ་བཟློག ཉི་ཤུ་བརྒྱད་ལ་ལོག་ན་ཚེས་གསུམ་ལ་བཟློག་པའོ། །དེ་བཞིན་དུ་དགུན་ཚེས་གསུམ་བཅུ་གསུམ་ཉི་ཤུ་གསུམ་ལ་ལོག་ན། དབྱར་ཚེས་བརྒྱད་བཅོ་བརྒྱད་ཉི་ཤུ་བརྒྱད་ལ་བཟློག་པའོ། །དེ་ཡང་དགུན་གྱི་དབུས་ནི་དགུན་ཟླ་འབྲིང་པོ། དབྱར་གྱི་དབུས་ནི་དབྱར་ཟླ་འབྲིང་པོར་བརྩིའོ། །དེའང་ཉི་མ་ཟླ་སྟོད་ལ་ལོག་ན་ཟླ་བ་དེ་དགུན་ཟླ་འབྲིང་པོར་བརྩིའོ། །ཞེས་དང༌། ནམ་ཉི་མ་མཉམ་ནས་ཞག་བཅུ་དང་བརྒྱད། དེ་བཅོ་བརྒྱད་ནས་དཔྱིད་དུས་དབྱར་དགུན་དབྱེ་བས་སྒྲ་སྒྲོག སྟོན་ནམ་གཞུག་ཆད་ནས་བརྒྱད་དང་བཅུ་ན་སྒྲ་སྒྲོག་ཆད་པར་འགྱུར་རོ། །ཞེས་ཟེར་རོ། །དེ་ལ་དང་པོ་དུས་དྲུག་གི་ཟླ་མགོ་འཛིན་ཚུལ་མི་འཐད་དེ། ཉི་མ་དགུན་ཟླ་འབྲིང་པོ་ལ་ལོག་པའི་ཚེ་ན་དགུན་སྟོད་སྟོན་ཟླ་ཐ་ཆུང་ལ་བྱེད་དགོས་པར་འགྱུར་ཞིང༌། ཉི་མ་དགུན་ཟླ་འབྲིང་པོ་ལ་ལོག་པ་རང་ཉིད་ཀྱིས་ཀྱང་ཁས་བླངས་པའི་ཕྱིར། སྟོན་ཟླ་ར་བ་དགུན་སྟོད་མ་ཡིན་པར་རང་ཉིད་ཀྱིས་བཤད་དེ། དགུན་ཟླ་ར་བ་དང་འབྲིང་པོ་གཉིས་དགུན་སྟོད། ཅེས་སོགས་སྨྲས་པའི་ཕྱིར། དེ་ནས་དུས་དྲུག་ག་ཡང་འཆུག་པར་འགྱུར་ཞིང་རང་ཚིག་གོང་འོག་ཀྱང་འགལ་ལོ།།

གཉིས་པ་སྐད་ཅིག་མ་སོགས་ཀྱི་ངོས་འཛིན་ཡང་མི་འཐད་དེ། དེ་འདྲ་བ་གསུང་རབ་གང་ནས་ཀྱང་མི་འབྱུང་བའི་ཕྱིར་དང༌། ཆོས་མངོན་པ། འཇིག་རྟེན་གདགས་པ། འཇམ་དཔལ་རྩ་རྒྱུད་ལ་སོགས་དང་འགལ་བའི་ཕྱིར། གསུམ་པ་ཉི་མ་ལོག་ཚུལ་ཡང་དེ་ལྟར་མི་འཐད་དེ། ཉི་མ་བརྒྱད་གསུམ་དབྱར་དགུན་དབུས་སུ་བཟློག ཅེས་པ་དང༌། དེ་ཡང་ཟླ་སྟོད་ལ་ལོག་ན་དགུན་ཟླ་ཐ་ཆུང་དང༌། ཟླ་སྨད་ལ་ལོག་ན་དགུན་ཟླ་འབྲིང་པོར་བརྩི་ཞེས་པ་གོང་འོག་འགལ་བའི་ཕྱིར། བཞི་པ་འབྲུག་གི་སྒྲ་འབྱུང་ཚུལ་དེ་ཡང་མི་རུང་སྟེ། བརྒྱད་དང་བཅུ་ཞེས་པ་སྡོམ་རྒྱུ་ཡིན་ན། བཅོ་བརྒྱད་ཅེས་སྨོས་པས་ཆོག་པ་ལ་དེ་ལྟར་མ་སྨོས་པའི་ཕྱིར་རོ། །ཡང་བྱང་པ་བདག་ཆེན་སོགས་ཁ་ཅིག་ན་རེ། དགུན་ཟླ་སོགས་ཀྱི་ངོས་འཛིན་ནི། ཕྱི་མ་རྒྱུད་ཀྱི་རྩ་མདོའི་སྐབས་སུ་ཟླ་བའི་གོ་རིམ་མི་འགྲིག་པ་འགའ་རེ་འདུག་པ་བར་སྐབས་ཀྱི་ཡི་གེ་མ་དག་པ་འདྲ། དགུན་ཟླ་བའི་སྐབས་སུ་དག་པར་འབྱུང་སྟེ། དགུན་ཟླ་གསུམ་ནི་ས་ཆུ་འཁྱགས་སྒང་དུས། མགོ་རྒྱལ་རྟ་དང་གསུམ་གྱིས་ནམ་ཚོད་འཛིན། །ཞེས་གསལ་བར་བཤད་པ་ལྟར་ཡིན་ནོ། །ཞེས་དང༌། ཉི་མ་ལོག་པའི་ཚེས་གྲངས་བརྒྱད་པ་གསུམ་ནི། ཚེས་བརྒྱད་དང་བཅོ་བརྒྱད་ཉི་ཤུ་བརྒྱད་ལ་བཟློག་ཅེས་པ་རགས་པའི་དབང་དུ་བྱས་ཏེ། ཚེས་གྲངས་མཐའ་གཅིག་ཏུ་ངེས་པ་ནི་མ་ཡིན་ནོ། །བཟློག་པའི་དུས་ནི་དབྱར་ཟླ་གསུམ་གྱི་དབུས་མ་སྟེ། དབྱར་ཟླ་འབྲིང་པོ་དང༌། དགུན་ཟླའི་དབུས་ཏེ་དགུན་ཟླ་འབྲིང་པོའི་དབུས་སུ་ཉི་མ་བཟློག་ཅེས་པ་སྟེ། དེའང་རགས་པའི་དབང་དུ་བྱས་ཀྱི་ཟླ་བ་བཤོལ་འབྱུང་བ་སོགས་ཀྱི་དབང་གིས་ཟླ་བ་དེ་ཁོ་ན་ལ་ངེས་པ་ནི་མི་ཡིན་ནོ། །ཞེས་དང༌། དཔྱིད་ཉིན་མཚན་མཉམ་པ་ནས་བརྒྱད་དང་བཅུ་ན་ཞེས་པ་ཞག་བཅོ་བརྒྱད་ན་འབྲུག་གི་སྒྲ་སྒྲོག་ཅིང་སྟོན་ཉིན་མཚན་མཉམ་པ་ནས་བརྒྱད་དང་བཅུ་ན་ཞེས་པ་ཞག་བཅོ་བརྒྱད་ན་འབྲུག་གི་སྒྲ་སྒྲོག་པ་ཆད་པར་འགྱུར་རོ་ཞེས་པའོ། །ཞེས་སྨྲས་སོ། །དེ་ལ་དང་པོ་ཟླ་བའི་ངོས་འཛིན་ནི། ཁྱོད་ཀྱིས་ཕྱི་མ་རྒྱུད་ཀྱི་འགྲེལ་པར། དགུན་ཟླ་གསུམ་ནི་ས་ཆུ་འཁྱགས་སྒང་དུས། །སྨིན་དྲུག་མགོ་དང་རྒྱལ་གྱིས་ནམ་ཚོད་འཛིན། །ཞེས་སོགས་བཀོད་པ་དང་ནང་འགལ་ཞིང༌། བརྒྱད་གསུམ་ཞེས་པའི་འབྲུ་གནོན་ཡང་རང་བཟོ་འབའ་ཞིག་ཡིན། ཉི་མ་བཟློག་པའི་དུས་ཟླ་བཤོལ་གྱི་དབང་གི་མ་ཡིན་ནའང་དབྱར་དགུན་གྱི་དབུས་སུ་མ་ངེས་ཏེ། མགོའི་ཟླ་བ་དགུན་ཟླ་ར་བར་བྱས་པའི་རྒྱལ་ཟླ་ལ་ཉི་མ་བཟློག་པ་སྲིད་པ་ཙམ་ཡིན་གྱི། ཕལ་ཆེར་མགོ་ཟླ་ཉིད་ལ་བཟློག་པ་ཡིན་པའི་ཕྱིར་རོ། །འབྲུག་གི་སྒྲ་སྒྲོག་འབྱུང་ཚུལ་ཡང་གོང་མ་དང་འདྲ་སྟེ་བཀག་ཟིན་ནོ། །ཡང་བྱང་པ་སོགས་ཁ་ཅིག་ན་རེ། ཉི་མ་བརྒྱད་གསུམ་དབྱར་དགུན་དབུས་སུ་བཟློག །ཅེས་པ་འདིའི་བརྒྱད་གསུམ་ཞེས་པས་ཟླ་བཤོལ་དང་དབྱར་དགུན་དབུས་སུ་བཟློག་ཅེས་པས་ཉི་བློག་སྟོན་ཏེ། ཅིའི་ཕྱིར་ཞེ་ན། བརྒྱད་གསུམ་ཞེས་ཞག་བརྒྱད་ཀྱི་སྟེང་དུ་གསུམ་བསྣན་པས་བཅུ་གཅིག་འབྱུང་བའི་ལོ་རེའི་ཞག་བཤོལ་ཡིན་ཅིང༌། དེ་བསགས་པས་ལོ་གཉིས་དང་ཟླ་བ་ཕྱེད་དང་དགུ་ལ་ཟླ་བཤོལ་དུ་ལོངས་པའི་དབང་གིས། དབྱར་དགུན་དབུས་སུ་བཟློག་ཅེས་པ་གཞན་དང་མཐུན་པ་ཟད་དོ། །དེ་ལ་སྔ་མ་ཟླ་བཤོལ་འདོན་ཚུལ་རགས་པ་ཙམ་དུ་དུས་ཀྱི་འཁོར་ལོ་དང་འགྲིག་ཏུ་ཟིན་ཀྱང༌། གཞུང་གི་དངོས་བསྟན་གྱི་གོ་ཚུལ་དེ་ལྟར་མ་ཡིན་ཏེ། ཉི་མ་ཞེས་པ་དང་བརྒྱད་གསུམ་ཞེས་པའི་ཚིག་འབྲེལ་བའི་ཕྱིར། ཁྱོད་ལྟར་ན། བརྒྱད་གསུམ་ཉི་མ་དབྱར་དགུན་དབུས་སུ་བཟློག །ཅེས་དགོས་རྒྱུ་ལ་དེ་ལྟར་མ་བྱུང་ཞིང༌། བཤོལ་འདོན་ཚུལ་དང་བརྒྱད་གསུམ་ཞེས་པ་ཕྱོགས་ཙམ་ཡང་མི་གཅིག་སྟེ། རྒྱུད་ཆུང་ལས། དགུན་ཟླ་ར་བ་ལ་སོགས་ཏེ། །དགུན་སྟོད་དགུན་སྨད་དཔྱིད་སོ་ག །དབྱར་སྟོན་དུས་དྲུག་ཟླ་གཉིས་གཉིས། །སྐད་ཅིག་ཐང་གཅིག་ཡུད་ཉིན་ཞག །ཟླ་བ་བཅུ་གཉིས་དགུན་ཟླ་གསུམ། །དཔྱིད་དབྱར་སྟོན་ལ་ཟླ་གསུམ་གསུམ། །ར་བ་འབྲིང་དང་ཐ་མར་ཤེས། །ལོ་གསུམ་དག་ན་བཤོལ་ཟླ་རེ། །གདུགས་པ་བཞི་ལ་རང་ལོ་པོར། །གོང་མ་ལྕམ་བཤོལ་འོག་ཕོ་དྲལ། །ཉི་མ་བརྒྱད་གསུམ་ཁ་ལ་སྟེ། །ཡང་ན་དབྱར་དགུན་དབུས་སུའང་བཟློག དགུན་དྲུག་བྱང་འགྲོ་དབྱར་དྲུག་ལྷོར། །ཟླ་བ་གསུམ་ན་ནམ་ཉི་མཉམ། །ཞག་ནི་བརྒྱད་དང་རྩ་བཞི་ན། །སྒྲ་ནི་སྒྲོག་དང་འཆད་པར་འགྱུར། །བཤོལ་ནི་ཀུན་ཏུ་ལྷག་པར་འོང༌། །ཞེས་གསལ་བར་གསུངས་པའི་ཕྱིར། མདོར་ན་འགྲེལ་པ་བྱེད་པ་ཀུན་གྱིས། ཉི་མ་བརྒྱད་གསུམ་དབྱར་དགུན་དབུས་སུ་བཟློག །ཅེས་པ་འདི་ཉིད་རིམ་པ་ཅན་དུ་མ་རྟོགས་པ་ཁོ་ནས་རྣམ་པར་འཁྱམས་པ་ཡིན་ནོ།།

གཉིས་པ་རང་གི་ལུགས་ནི། སྐབས་འདི་ཉིད་ཡན་ལག་བརྒྱད་པ་རྩ་འགྲེལ་དང་བསྟུན་དགོས་པ་འདྲ་ཡང༌། དེ་ལས། དགུན་ཟླ་ར་སོགས་གཉིས་གཉིས་ཏེ། །རིམ་བཞིན་དུས་ནི་དྲུག་ཏུ་བཤད། །ཅེས་པ་ལ་སོགས་པ་ཙམ་ལས་ཧ་ཅང་གསལ་བར་འགྲེལ་བ་གཉིས་ལས་ཀྱང་མི་འབྱུང་བས། འདུལ་མངོན་དང་དཀར་ནག་གི་རྩིས་ལ་སོགས་པ་དང་བསྟུན་དགོས་ཤིང༌། དེ་རྣམས་ལའང་སོ་སོའི་བཞེད་པ་མི་འདྲ་བ་དུ་མ་ཞིག་སྣང་བ་ཀུན་ཀྱང་མཁས་པའི་གསུང་འབའ་ཞིག་ཡིན་པས་གཅིག་ཏུ་དགག་སྒྲུབ་ཀྱི་གནས་སུ་བྱེད་པ་དཀའ་མོད། འོན་དུ་ཟིན་ཀྱང་རང་ཅག་རྣམས་ཀྱི་གཞུང་ལུགས་ཆེན་པོ་འདི་ནི་ཕྱི་ནང་གི་ཁམས་ཉིད་གཙོ་བོར་སྟོན་པ་ཡིན་པས་འདི་དང་གང་མཐུན་པ་ཁོ་ན་གཙོ་བོར་གཟུང་དགོས་ཤིང་དེ་དག་ཀྱང་ཟླ་བའི་བདག་པོ་དང་ཉི་མ་བཟློག་དུས་ལ་བལྟོས་པར་གསུངས་པས་ན་ཐོག་མ་ཉིད་དུ་འདི་ཉིད་ངེས་པར་བྱའོ། །དེ་ཡང་ཕག་གི་ཟླ་བ་གང་ཡིན་པ་དེ་ཉིད་དགུན་ཟླ་ར་བ་ཡིན་ཏེ། དགུན་ཟླ་ར་བ་འབྲིང་པོ་གཉིས་ཀྱི་ཚེ་ཕྱི་ནང་ཀུན་ཏུ་ཆུའི་ཁམས་ཉིད་གཙོ་བོར་འཕེལ་བར་བཤད་པའི་ཕྱིར་ཏེ། ཕག་དང་བྱི་བ་གཉིས་ཀྱི་ཁམས་ཆུ་ཡིན་པའི་ཕྱིར། དེ་ཡང་ཧོར་ཟླ་བཅུ་པ་སྨིན་དྲུག་གི་ཟླ་བ་ཉིད་ཡིན་ཏེ། བཅུ་གཅིག་པ་མགོའི་ཟླ་བ་ལ་ཉི་མ་བཟློག་པ་ཤས་ཆེ་བའི་ཕྱིར། དེས་ན་སྨིན་དྲུག་དང་མགོའི་ཟླ་བ་གཉིས་དགུན་སྟོད། རྒྱལ་དང་མཆུ་གཉིས་དགུན་སྨད། དབོ་དང་ནག་པ་གཉིས་དཔྱིད་ཀ་ ས་ག་དང་སྣྲོན་གཉིས་སོ་ག ཆུ་སྟོད་དང་གྲོ་ཞུན་གཉིས་དབྱར། ཁྲུམས་སྟོད་དང་དབྱུག་པ་གཉིས་སྟོན་ཀ་སྟེ་དུས་དྲུག་གོ་ དེ་དག་གི་ལྡང་ཚད་ནི། འཇམ་དཔལ་རྩ་བའི་རྒྱུད་ལས། མིག་གི་འབྱེད་འཛུམ་བཅུ་ལ་ནི། །སྐད་ཅིག་ཙམ་དུ་རབ་ཏུ་བརྟག །སྐད་ཅིག་བཅུ་ཞེས་བཤད་པ་ནི། །ཡུད་ཙམ་དུ་ནི་ཡོངས་སུ་བརྟག །ཡུད་ཙམ་བཞི་ལ་ཐུན་གཅིག་ཅེས། །སྔགས་རིག་པ་ནི་ཡོངས་སུ་བརྟག །ཅེས་དང༌། མཛོད་ལས། སྐད་ཅིག་མ་བརྒྱ་ཉི་ཤུ་ལ། །དེ་ཡི་སྐད་ཅིག་དེ་དག་ཀྱང༌། །དྲུག་ཅུ་ལ་ནི་ཐང་ཅིག་གོ་ །ཡུད་ཙམ་ཉིན་ཞག་ཟླ་བ་རྣམས། །གོང་ནས་གོང་དུ་སུམ་ཅུར་འགྱུར། །ཟླ་བ་བཅུ་གཉིས་ལ་ལོ་གཅིག །ཅེས་དང༌། གསེར་འོད་དམ་པའི་མདོ་སྡེ་ལས་བྱུང་བའི་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། སེམས་ཀྱི་རྣམ་པར་རྟོག་པ་བརྒྱ་ཉི་ཤུ་ལ་དེའི་སྐད་ཅིག་མ་ཞེས་བྱ། དེའི་སྐད་ཅིག་མ་གསུམ་ལ་དབུགས་འབྱུང་རྔུབ་ཅེས་བྱ། དབུགས་དྲུག་ལ་ཆུ་སྲང༌། དབུགས་སུམ་བརྒྱ་དྲུག་ཅུ་ལ་ནི་ཆུ་ཚོད། །དེ་དྲུག་ཅུ་ལ་ནི་ཞག་གཅིག་སྟེ། དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའོ། །ཞག་སུམ་ཅུ་ལ་ནི་ཟླ་བ། ཟླ་བ་བཅུ་གཉིས་ལ་ནི་ལོ་སྟེ། དེ་བརྒྱ་ལ་སྐྱེས་བུའི་ཚེ་ལོ་མཐར་ཕྱིན་པ་ཞེས་བྱའོ། །ཞེས་གསུངས་པ་ལྟར་རྟོགས་པ་སླ་ལ། ཉི་མ་བརྒྱད་གསུམ་དབྱར་དགུན་དབུས་སུའང་བཟློག །ཅེས་པ་སྐབས་འདིའི་ཟླ་མགོ་དགུན་ཟླ་ར་བ་ནས་བཟུང་བ་ཡིན་པས། དགུན་ཟླ་ར་བ་ནས་བགྲངས་པའི་ཟླ་བ་བརྒྱད་པ་ལ་དབྱར་ཉི་དང༌། སྟོན་ཉིན་མཚན་མཉམ་པ་ནས་བགྲངས་པའི་ཟླ་བ་གསུམ་པ་ལ་དགུན་ཉི་བཟློག་པ་ཤས་ཆེ་ཞིང༌། དབུས་སུའང་བཟློག་པ་ཡོད་ཅེས་སྟོན་པ་ཡིན་ནོ།།

སྐབས་འདིར་དངོས་བསྟན་ལ་མ་གསུངས་ཀྱང་རྒྱུད་ཆུང་བ་ལས་འབྱུང་བ་ལྟར་ཟླ་བའི་བཤོལ་འདོན་ཚུལ་ནི་རགས་པའི་དབང་དུ་བྱས་ནས། ལོ་གསུམ་དག་ན་བཤོལ་ཟླ་རེ། །གདུགས་པ་བཞི་ལ་རང་ལོ་བོར། །གོང་ལ་ལྕམ་བཤོལ་འོག་ཕོ་དྲལ། །ཞེས་གསུངས་པས། གདུགས་པ་བཞིའི་ལོ་འབྲུག་དང་ལུག་དང་ཁྱི་དང་གླང་རྣམས་སུ་སླེབས་པའི་ཚེ་རང་རང་གི་ཟླ་བ་དེ་ཉིད་བཤོལ་དུ་འདོར་བ་ཡིན་ལ། དེ་ལས་ཅུང་ཟད་ཞིབ་པའི་དབང་དུ་བྱས་ནས། སོ་མ་རཱ་ཛ་ལས། མོ་དྲུག་ཉི་ཤུ་རྩ་དགུ་ལ། །ཕོ་དྲུག་སུམ་ཅུ་དག་ཏུའོ། །དེ་ལྟར་བརྩིས་པའི་ལོ་གཅིག་ལ། །ཞག་ནི་ལྔ་ལྔ་བཅུ་ཡིན་ཏེ། །ལོ་ནི་གསུམ་གསུམ་དག་ལ་ཡང༌། །ཟླ་བ་ལྷག་པ་དག་ཡིན་ནོ། །ཞེས་འབྱུང་ལ། ཤིན་ཏུ་ཞིབ་པ་ནི་དཔལ་དུས་ཀྱི་འཁོར་ལོ་ལས་འབྱུང་བ་ཡིན་ཏེ། དེ་ཡང་བཤོལ་ཞེས་བྱ་བ་ནི་ནང་དུ་ཡེ་ཤེས་ཀྱི་རླུང་གི་རྒྱུ་བ་ཁོ་ན་ལས་འབྱུང་བས། སྐྱེས་པ་དར་མ་ནད་མེད་པའི་དབུགས་ཀྱི་རྒྱུ་བ་སུམ་ཅུ་ཕྱེད་དང་སོ་གསུམ་གྱི་ཆ་གཅིག་ཡེ་ཤེས་ཀྱི་རླུང་ཡིན་ལ། དེ་བསགས་པས་དབུགས་དྲུག་ལ་ཆུ་སྲང༌། དེ་དྲུག་ཅུ་ལ་ཆུ་ཚོད་རེར་བྱས་པའི་ཆུ་ཚོད་དྲུག་ཅུ་རེ་བཞི་དབུགས་བཅུ་གཅིག་དང་བཞི་ཆ་རེ་འབྱུང་ཞིང༌། ཆུ་ཚོད་རེ་བཞི་པ་ལྔ་ལ་འཕོ་ཆེན་གཅིག་སྟེ་དབུགས་དྲུག་དང་བཞི་ཆ་རེ་འབྱུང་ལ། འཕོ་ཆེན་བཅུ་གཅིག་ལ་ཞག་གཅིག་སྟེ། ཞག་རེ་ལ་དབུགས་དྲུག་བརྒྱ་བདུན་ཅུ་རྩ་ལྔ་རེ་ལྷག་པ་རྣམས་བསགས་པས་ལོ་གཅིག་ལ་ཞག་བཅུ་གཅིག་དང་ཆུ་ཚོད་བཅོ་ལྔ་འབྱུང་སྟེ། དེ་ལྟར་བརྩིས་པའི་ལོ་གཉིས་དང་ཟླ་བ་ཕྱེད་དང་དགུན་ན་ཟླ་བཤོལ་རེ་འབྱུང་བར་གསུངས་པ་ལྟར་ཤེས་པར་བྱའོ། །གསུམ་པ་རྩོད་པ་སྤང་བ་ནི། ཁ་ཅིག་ན་རེ། འདིར་དགུན་ཟླ་ར་བ་ལ་ཟླ་འགོར་བྱས་པ་དང༌། ཕྱི་མ་རྒྱུད་ཀྱི་དཔྱིད་ཟླ་ར་བ་ལ་ཟླ་འགོར་བྱས་པ་ཕན་ཚུན་ནང་འགལ་ཞིང༌། དགུན་ཟླ་ར་བའི་ངོས་འཛིན་ཡང༌། མདོ་ལས། རི་དྭགས་མགོ་ཅན་གང་ཡིན་པ། །དེ་ནི་ལོ་ཡི་ཐོག་མ་ཡིན། །ཞེས་གསུངས་པ་དང་མ་མཐུན་ནོ་ཞེ་ན་སྐྱོན་མེད་དེ། མཁས་པའི་འཆད་སྲོལ་ཀུན་མཐུན་པར་དུས་དྲུག་ཏུ་བྱེད་པའི་ཚེ་ན་དགུན་དང༌། དུས་བཞིར་བྱེད་པའི་སྐབས་སུ་དཔྱིད་དང༌། དུས་གསུམ་དུ་བྱེད་པའི་སྐབས་སུ་སོ་ག་དང༌། དུས་གཉིས་སུ་བྱེད་ན་དབྱར་ལ་འགོ་བྱེད་པ་ཡིན་ལ། དེ་ལྟར་མ་ཡིན་ན་ཡན་ལག་བརྒྱད་པ་རྩ་འགྲེལ་དང༌། བཤད་རྒྱུད་རང་དུའང་ནང་འགལ་བའི་སྐྱོན་འཇུག་སྟེ། གསོག་ལྡང་གི་སྐབས་སུ་སོ་ག་དང༌། དུས་སྤྱོད་ཀྱི་སྐབས་སུ་དགུན་ཟླ་འགོར་བྱེད་པ་དངོས་སུ་སྣང་བའི་ཕྱིར། ལོ་འགོ་འཛིན་ཚུལ་གྱི་སྐྱོན་དེ་ལྟར་མི་འཇུག་སྟེ། གོང་དུ་བཤད་ཅིང་འོག་ཏུ་འཆད་འགྱུར་ལྟར་སྨན་གྱི་གཞུང་ལུགས་འདིར་ཕྱིའི་འབྱུང་བ་དང་ནང་གི་ཁམས་འཕེལ་འགྲིབ་ཀྱི་རྒྱུ་མཚན་ཁོ་ན་གཙོ་བོར་འཛིན་དགོས་ཤིང༌། དེ་ཡང་རླུང་གི་རྒྱུ་ཚུལ་དང་ཟླ་བའི་བདག་པོ་གཉིས་ལ་བལྟོས་པའི་ཕྱིར། དུས་དྲུག་གམ་བཞི་ས་སོགས་པ་བཞི་ཙམ་ཕྱེ་ཡང་ཟླ་བའི་བདག་པོ་སྐར་མ་དང་བཅས་པ་གཅིག་ཏུ་རྟོགས་པར་བྱའོ། །ཡང་ཁ་ཅིག་ན་རེ། ཉི་མ་བརྒྱད་གསུམ་དབྱར་དགུན་དབུས་སུའང་བཟློག །ཅེས་པའི་གསུམ་ཞེས་བྱ་བ་དང༌། དགུན་གྱི་དབུས་མ་འགྲིག་པས་མི་འཐད་དོ་ཞེ་ན་བདེན་མོད། འོན་ཀྱང་དབུས་སུའང་བཟློག ཅེས་པའི་འང་གི་སྒྲས་བསྟན་པ་སྟེ། སྨྲ་སྒོ་ལས། ཀྱང་དང་ཡང་སོགས་སྡུད་པའི་ཚིག །མི་མཐུན་མཐུན་པར་སྟྣོན་པའང་ཡིན། །ཞེས་བཤད་པ་ལྟར་འང་ཤེས་པའི་ཚིག་གིས་དབྱར་དགུན་དབུས་སུ་མ་ཟད་གཞན་དུ་བཟློག་པའང་ཡོད་དོ། །ཞེས་བསྡུས་པ་ཡིན་ནོ། །གཉིས་པ་ཚིག་གི་དོན་ནི། དགུན་སྟོད་ཅེས་པ་ནས་འཆད་པར་འགྱུར་ཞེས་པའི་བར་གྱིས་བསྟན་ཏེ། ཚེ་རིང་ཞིང་བདེ་བ་འདོད་པ་རྣམས་ཀྱི་དུས་སུ་སྤྱྣོད་པའི་ཐོག་མར་དུས་ཉིད་ཤེས་དགོས་པས། དགུན་སྟོད་དང་དགུན་སྨད་དང་དཔྱིད་དང་སོ་ག་དང་དབྱར་དང་སྟོན་ཏེ་དུས་དྲུག་ཡིན་ལ། དེའང་དགུན་ཟླ་ར་བ་སྨིན་དྲུག་གི་ཟླ་བ་ནས་འགོ་བཟུང་སྟེ། སོགས་པའི་སྒྲས་དགུན་ཟླ་ཐ་ཆུང་ལ་སོགས་པ་གཉིས་གཉིས་ཀྱི་དུས་རེ་རེ་སྟེ་རིམ་པ་བཞིན་སྦྱར་བར་བྱའོ། །དེ་འདྲའི་ལོ་དེ་ཡང་ལིངས་པོ་གཅིག་ཏུ་འགྲུབ་པ་མ་ཡིན་པར་ཆ་ཤས་ཤིན་ཏུ་ཕྲ་བ་རྣམས་བསགས་པ་ལས་བྱུང་སྟེ། དུས་ཀྱི་ཐུང་མཐའ་སེམས་ཀྱི་རྣམ་པར་རྟོག་པ་སྐད་ཅིག་མ་གཅིག་ཡིན་ལ། དེ་བརྒྱ་ཉི་ཤུ་ལ་དེའི་སྐད་ཅིག་མ་ཅེས་བྱ་ལ་སོགས་པའི་སྒྲས་དེའི་སྐད་ཅིག་མ་སུམ་ཅུ་ལ་ཐང་གཅིག །དེ་སུམ་ཅུ་ལ་ཡུད་ཙམ། དེ་སུམ་ཅུ་ལ་ཉིན་ཞག་གཅིག དེ་སུམ་ཅུ་ལ་ཟླ་བ། ཟླ་བ་གཉིས་ལ་དུས་དང༌། དུས་དྲུག་ལ་ལོ་རུ་འགྱུར་བ་ཡིན་ནོ། །དེ་ལྟ་བས་ན་ཉི་མ་དེ་ཡང་དགུན་ཟླ་ར་བ་ནས་བགྲངས་པའི་བརྒྱད་པ་དང་གསུམ་པ་དེ་གཉིས་ལ་རིམ་པ་བཞིན་དུ་བཟློག་ཅིང༌། ཡང་ན་དབྱར་དགུན་གཉིས་ཀའི་དབུས་སུ་སྟེ་དབྱར་འབྲིང་ནས་དགུན་འབྲིང་གི་སྟོད་སྨད་གང་ཡང་རུང་བ་ལ་བཟློག་པ་ཡིན་ལ། ཉི་མ་བཟློག་ནས་དུས་གསུམ་སྟེ་ཟླ་བ་དྲུག་གི་བར་དུ་ལྷོའི་མཐར་ཐུག་པ་དང་བྱ་ངགི་མཐར་ཐུག་པར་འགྲོ་ཞེས་བྱ་སྟེ། ནམ་དང་ཉི་མ་ཡང་ཟླ་བ་དྲུག་གི་ཕྱེད་དེ་ཟླ་བ་གསུམ་ན་མཉམ་པར་འགྱུར་བ་དང༌། དཔྱིད་ཉིན་མཚན་མཉམ་པ་དེ་ནས་ཞག་བརྒྱད་དང་སྟོན་ཉིན་མཚན་མཉམ་པ་ནས་ཞག་བཅུ་ན་རིམ་པ་བཞིན་དུ་ནམ་ཟླའི་ཚོད་འཛིན་འབྲུག་གི་སྒྲ་སྒྲོག་པ་དང་ཆད་པར་འགྱུར་བ་ཡིན་ནོ།།

གཉིས་པ་སྤྱོད་ལམ་དངོས་བསྟན་པ་ལ་གཉིས་ཏེ། བགྲོད་པ་གཉིས་བསྟན་པ་དང༌། དུས་དྲུག་གི་སྤྱོད་ལམ། མཇུག་བསྡུ་བའོ། །དང་པོ་ལ་གཉིས་ཏེ། སྤྱི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི། འཕགས་པ་སྤྱན་རས་གཟིགས་ཀྱི་འགྲེལ་པ་ལས། དེ་བཞིན་དུ་ཟླ་བ་དྲུག་ལ་ཟླ་བ་དབང་ལྡན་དུ་འགྱུར་ཏེ། བྱང་དུ་ལུག་དང་འཁྲིག་པ་དང་སེང་གེ་དང་སྲང་དང་གཞུ་དང༌། བུམ་པའི་ཁྱིམ་ལ་གཡོན་གྱི་རྩའི་ཟླ་བ་ཁུ་བའི་ཁམས་བདག་པོའོ། །ལྷོར་གླང་དང་ཀརྐ་ཊ་དང་བུ་མོ་དང་སྡིག་པ་དང༌། ཆུ་སྲིན་དང་ཉའི་ཁྱིམ་དུ་གཡས་ཀྱི་རྩའི་ཉི་མ་རྔུལ་གྱི་ཁམས་བདག་པོར་འགྱུར་རོ། །ཞེས་དང༌། ནང་དོན་རང་འགྲེལ་ལས། ཉི་མ་ཀརྐ་ཊའི་ཁྱིམ་དུ་སྐྱེས་པས་ལྷོར་བགྲོད་པའི་ཟླ་བ་དྲུག་ལ་ཉི་མ་འབྲི་བ་དང༌། ཟླ་བ་ནི་སྟོབས་དང་ལྡན་པར་འཕེལ་བར་བཤད་ལ། ཆུ་སྲིན་ལ་སོགས་པ་ཉི་མ་བྱང་དུ་བགྲོད་པའི་ཟླ་བ་དྲུག་ལ་ཟླ་བའི་ནུས་པ་འབྲི་བ་དང་ཉི་མའི་ནུས་པ་འཕེལ་བའོ། །ཞེས་གསུངས་ཤིང༌། ཇི་ལྟར་ཕྱི་རོལ་ཇི་བཞིན་ནང༌། །ཞེས་བྱ་བ་ལ་སོགས་པའི་དོན་གྱིས་ན་འཆད་འགྱུར་གྱི་དོན་དགུན་ཉི་ལོག་ནས་མི་རྣམས་གྱི་མཐུ་སྟོབས་འཕྲོག་ཅིང༌། དབྱར་ཉི་ལོག་ནས་སླར་སྟོབས་བསྐྱེད་པ་སོགས་ཕྱི་ནང་གཅིག་ཏུ་འཆར་ཞིང༌། དེ་ཡང་རོ་རྐྱང་གི་རླུང་གི་བྱེད་པ་ལས་ཕྱི་རོལ་ཏུ་དེ་ལྟར་སྣང་བ་ཡིན་ནོ། །ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱིས་བསྡུས་པའི་རགས་པ་ཕལ་ཆེར་སའི་ཡོན་ཏན་ཤས་ཆེ་བར་རང་བཞིན་གྱིས་གྲུབ་པའི་ཕྱིར་འབྱུང་བ་གཞན་རྣམས་ཀྱི་ཕན་གནོད་སྣ་ཚོགས་སུ་བྱེད་པ་ཡིན་ནོ། །དེ་ལྟར་ཡང༌། རྒྱུད་སྡེ་རིན་པོ་ཆེ་རྣམས་ལས། ནམ་མཁའ་ས་ནི་དེ་གསུམ་གྱི། །རྟེན་བྱེད་སྐྱོན་ནི་མེད་པ་ཡིན། །དེ་ཕྱིར་མཁས་པས་དེ་ཉིད་ཀྱི། །གནད་ཤེས་གསུམ་པོའི་སྐྱོན་གཞོམ་བྱ། །ཞེས་འབྱུང་བས་བད་མཁྲིས་རླུང་གསུམ་གྱི་ངོ་བོ་ཆུ་མེ་རླུང་གསུམ་གྱིས་ནམ་མཁའ་དང་སའི་རང་བཞིན་ཅན་ལ་གནོད་པར་བྱེད་པ་ཡིན་ལ། དེའི་གཞོམ་ཐབས་ཀྱང༌། དཔལ་དུས་ཀྱི་འཁོར་ལོ་ལ་སོགས་པ་རྣམས་ལས་འབྱུང་སྟེ། འབྱུང་བ་དག་ནི་མཁྲིས་པའི་གཤེད་ཡིན་སྲོག་དང་རྩོལ་བ་ཡི་ནི་བད་ཀན་ལ། །རླུང་ནད་མ་ལུས་པ་ལ་ཐུར་དུ་སེལ་བ་བསྡམས་པས་ཀྱང་ནི་སེལ་བར་འགྱུར། །ཞེས་གསུངས་པའི་འབྱུང་བ་ཞེས་པ་ནི་རླུང་སྲོག་སྟེ་ནམ་མཁའ་དང༌། ཐུར་སེལ་སའི་ཁམས་ཡིན་པར་བཤད་ཅིང༌། དེ་ལྟར་མི་ཤེས་པ་རྣམས་ལ་རགས་པ་སྨན་གྱི་སྦྱོར་བ་བསྟན་པ་ཡིན་ནོ། །སྐབས་འདིར་འབུམ་ནག་མཁན་པོ་སོགས་ན་རེ། དུས་དགུན་སྨད་དཔྱིད་སོ་ག་རྣམས་འདིར་རིམ་པས་ཚ་ཁ་བསྐ བའི་རོ་སྟོབས་ཆེ་བའོ། །དེའང་ཚ་བ་རྣོ་བའི་སྟོབས་ཆེ་བ་སྟེ་ཁ་བ་དང་བསྐ བ་དང་རྩུབ་ཡང་གི་སྟོབས་བསྐྱེད་པ་ཡིན་ནོ། །དེ་ཡང་རྒྱ་གར་གྱི་ལུང་སྟེ། བོད་དུ་སོ་ག་ཚ་བའི་རོ་སྟོབས་སྐྱེད་ལ་དགུན་ཁ་བ་སྐྱེའོ། །ཞེས་ཟེར་བ་མི་འཐད་དེ། ཕྱི་ནང་གི་ཁམས་འཕེལ་འགྲིབ་ནི་དངོས་པོའི་གནས་ལུགས་རྟེན་ཅིང་འབྲེལ་བར་འབྱུང་བ་ལས་འཆར་བ་མ་གཏོགས་ཡུལ་གྱི་ཁྱད་པར་ཙམ་ལ་བསྟེན་པ་མ་ཡིན་པའི་ཕྱིར། དེས་ན་དགུན་སྨད་དཔྱིད་སོ་ག་རྣམས་སུ་ཁ་བསྐ་ཚ་བའི་རོ་སྟོབས་ཞེས་པ་དང་ཚ་བསྐ་ཁ་བའི་རོ་སྟོབས་རིམ་པ་བཞིན་དུ་སྐྱེ་བ་རྒྱ་གར་གྱི་ལུགས་སོ་ཞེས་པ་ཡང་མི་རིགས་ཏེ། འགྲེལ་པ་ཟླ་ཟེར་ལས། དགུན་སྨད་དང༌། དཔྱིད་ཀ་དང༌། སོ་ག་ཞེས་བྱ་བའི་དུས་གསུམ་ལ་ནི། ཉི་མ་བྱང་ཕྱོགས་སུ་ནི་འགྲོ་བ་དེས་ནི་མཐུ་འཕྲོག་པ་ཞེས་ཀྱང་བྱ་བར་ཤེས་པར་བྱའོ།།

དེ་ཡང་གང་གི་ཕྱིར་དུས་དེའི་ཚེ་མི་རྣམས་ཀྱི་མཐུ་སྟོབས་ཉི་མ་རེ་རེ་བཞིན་འཕྲོག་ཅིང་འབྲི་བར་བྱེད་པ་ཡིན་ནོ། །སུ་ཞིག་གིས་འཕྲོག་ཅེ་ན། རང་གི་རང་བཞིན་ཡིན་པའི་ཕྱིར་ཉི་མའི་འོད་ཟེར་དག་གིས་འཕྲོག་པར་བྱེད་དོ། །ཅིའི་ཕྱིར་ཞེ་ན། དེ་ཚེ་ཤིན་ཏུ་རྣོ་ཞིང་ཚ། །རྩུབ་པའི་ལམ་གྱི་ངོ་བོ་ཉིད། །ཉི་མ་རླུང་གི་ཟླ་བ་ནི། །ས་ཡི་ཡོན་ཏན་ཟད་པར་བྱེད། །ཅེས་བྱ་བ་ལ། དུས་དེའི་ཚེ་གང་གི་ཕྱིར་ཤིན་ཏུ་རྣོ་བ་དང་ཁ་བ་དང་རྩུབ་པའི་ལམ་གྱི་ངོ་བོ་ཉིད་དེ་རང་བཞིན་ཡིན་པས་ཉི་མ་དང་རླུང་གིས་ཟླ་བའི་ཆ་ལས་བྱུང་བའི་བསིལ་བའི་རང་བཞིན་ས་ལ་གནས་པའི་ཡོན་ཏན་དེ་ཟད་པར་བྱེད་ཅིང་འབྲི་བར་བྱེད་དོ། །ཚུལ་དེ་ལྟར་མེ་ནི་རྩུབ་པའི་རང་བཞིན་ཅན་ཡིན་པས་མཐུ་སྟོབས་འཕྲོག་སྟེ་དེས་དེའི་ཚེ་དངོས་པོ་རྣམས་ཀྱི་ཁུ་བཅུད་རྩུབ་པར་འགྱུར་བ་ཡིན་ནོ། །འདིར་ནི་ཚ་ཁ་བསྐ་བ་ཡི། །རོ་རྣམས་སྟོབས་ནི་ཆེ་བ་ཡིན། །ཞེས་བྱ་བ་ནི། དུས་འདིའི་ཚེ་ཚ་བ་ལ་སོགས་པའི་རོ་རྣམས་གྲངས་ཇི་ལྟ་བའི་རིམ་པས་སྟོབས་ཆེ་བ་ཡིན་ནོ། །དེ་ཡང་དགུན་སྨད་ཀྱི་དུས་སུ་ནི་རོ་ཚ་བ་སྟོབས་ཆེ་བ་ཡིན་ནོ། །དཔྱིད་ནི་བསྐ་བའོ། །སོ་ག་ནི་ཁ་བ་སྟོབས་ཆེ་བ་ཡིན་ནོ། །སྟོབས་ཆེ་བ་སྨོས་པས་ནི་འདི་སྐད་སྟོན་པ་ཡིན་ཏེ། དེའི་ཚ་བ་ལ་སོགས་པའི་རོ་འདི་དག་སྐྱེ་བར་བྱེད་པ་ནི་མ་ཡིན་གྱི། འོན་ཀྱང་རང་གི་ནུས་པ་གསལ་བར་བྱེད་པ་སྣང་བར་བྱེད་པ་ཉིད་ཡིན་པས། དེའི་ཚེ་སྟོབས་ཆེ་བར་འགྱུར་བ་ཡིན་ཞིང་རང་གི་མཐུ་ཁྱད་པར་ཅན་རྫོགས་པར་བྱེད་དོ། །དེ་བས་མེ་ནི་མཐུ་སྟོབས་འཕྲོག །ཅེས་བྱ་བ་ནི། གང་གི་ཕྱིར་དེ་ལྟར་སའི་ཟླ་བ་བསིལ་བར་བྱེད་པའི་ཡོན་ཏན་འབྲི་བར་བྱེད་ཅིང་རྩུབ་པའི་རོ་འཕེལ་བར་བྱེད་ལ། ཉི་མ་རྣོ་བར་བྱེད་པས་འགྲོ་བའི་སྣུམ་པའི་སྟོབས་འཕྲོག་པར་བྱེད་ཅིང༌། རླུང་གིས་ཀྱང་ཆུའི་ཁམས་སྐེམ་པ་ཡིན་ནོ། །ཞེས་བཤད་པའི་ཕྱིར། འདིས་ནི་གཞུང་མ་དག་པ་འགའ་རེར། འདིར་ནི་ཚ་ཁ་བསྐ་བའི་རོ་སྟོབས་ཆེ། །ཞེས་འབྱུང་བའང་ཁེགས་ཤིང༌། ལྷོ་ཕྱོགས་སུ་བགྲོད་པའི་སྐབས་སུའང༌། མངར་དང་ལན་ཚྭ་སྐྱུར་བའི་རོ་སྟོབས་བསྐྱེད། །ཅེས་འབྱུང་བའང་མ་དག་སྟེ། ཟླ་ཟེར་ལས། ལྷོ་ཕྱོགས་སུ་ནི་འགྲོ་བའི་དུས། །དབྱར་ལ་སོགས་པ་སླར་སྟོབས་བསྐྱེད། །འདིར་སྟོབས་སླར་ནི་བསྐྱེད་པས་ན། འདིར་ནི་བསིལ་བས་ཟླ་བ་ནི། །སྟོབས་དང་ལྡན་པས་ཉི་མ་འབྲི། །ཞེས་བྱ་བ་ལ། ལྷོ་ཕྱོགས་སུ་འགྲོ་བ་ཞེས་བྱ་བ་ནི་ཉི་མ་ལྷོ་ཕྱོགས་སུ་འགྲོ་བའོ། །དེའི་དུས་ནི་དབྱར་ལ་སོགས་པ་ཡིན་ཏེ། དབྱར་དང་སྟོན་དང་དགུན་སྟོད་ཅེས་བྱ་བ་གསུམ་མོ། །དུས་དེར་སྟོབས་སླར་བསྐྱེད་པ་ཞེས་བྱ་བ་དང་བསིལ་ཞིང་ཞི་བ་ཞེས་བྱ་བ་ཡིན་ཏེ། གང་གི་ཕྱིར་ཉི་མའི་འོད་ཟེར་གྱིས་སྟོབས་འཕྲོག་པའི་དུས་སུ་མི་རྣམས་ཀྱི་བཅུད་འཕྲོག་ཅིང་ཟད་པར་བྱེད་པ་དེ་སླར་གཏོང་ཞིང་བསྐྱེད་པར་བྱེད་པ་ཡིན་ཏེ། དེ་བས་འདི་ནི་སླར་གཏོང་བ་ཡིན་པས་ན་དོན་དང་མཐུན་པའི་མིང་དུ་དུས་འདི་ལ་སླར་བསྐྱེད་པ་ཞེས་བྱའོ། །སླར་བསྐྱེད་པའི་དུས་འདིར་ནི་བསིལ་ཞིང་ཞི་བ་ཡིན་པས་ན་ཟླ་བ་སྟོབས་དང་ལྡན་ཞིང་ནུས་པ་ཆེ་བ་ཡིན་ལ། དེས་ན་ཉི་མ་འབྲི་བ་ཡིན་ཏེ། དེའི་ཚེ་ཉི་མའི་སྟོབས་ཆུང་བར་འགྱུར་བ་ཡིན་ཏེ། འདིའི་ནུས་པ་འབྲི་བ་ནི། ཟླ་བའི་སྟོབས་འཕེལ་བས་བསིལ་བར་བྱས་པ་དང༌། ལྷོ་ཕྱོགས་སུ་འགྲོ་བའི་ལམ་གྱི་མཚན་ཉིད་ཡིན་པའི་ཕྱིར་རོ། །ཆར་འབབ་པ་དང་རླུང་བསིལ་བས། །ས་སྟེང་ཚ་བ་ཞི་བ་ན། །འདིར་ནི་སྣུམ་དང་སྐྱུར་ལན་ཚྭ། །མངར་བའི་རོ་རྣམས་མཐུ་སྐྱེད་དོ། །ཞེས་བྱ་བ་ལ། འདིར་ནི་ཞེས་པ་སླར་སྟོབས་བསྐྱེད་པའི་དུས་འདིར་ནི་སྣུམ་པ་དང་རོ་གསུམ་པོ་སྐྱུར་བ་དང་ལན་ཚྭ་དང་མངར་བ་མཐུ་ཆེ་ཞིང་སྟོབས་བསྐྱེད་པས་རང་གི་ནུས་པ་གསལ་བར་བྱེད་ལ། འབྱུང་བ་ཆེན་པོ་རྣམས་ཆེ་ཆུང་གི་ཤས་སྙོམས་པས་རོ་དེ་རྣམས་མཐུ་ཆེ་བར་འགྱུར་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དུས་བསིལ་བའི་ཕྱིར་ཏེ། ཆར་གྱི་ཚོགས་འབབ་པ་དང་རླུང་བསིལ་ཞིང་གྲང་བས་སའི་སྟེང་གི་ཚ་བ་ཞི་ཞིང་ཐན་པ་དང་བྲལ་བས་མཐུ་བསྐྱེད་པ་ཡིན་ནོ། །འདིར་ཡང་རིམ་བཞིན་དུ་སྦྱར་བར་བྱ་སྟེ། དབྱར་ནི་རོ་སྐྱུར་བའི་མཐུ་བསྐྱེད་པ་ཡིན་ལ། སྟོན་ནི་ལན་ཚྭའོ། །དགུན་སྟོད་ནི་མངར་བའོ། །དགུན་ཆེ་ཆར་དང་ཚ་དུས་སུ། །སྟོབས་ཆུང་ལྷག་མ་དག་ལ་འབྲིང༌། །ཞེས་བྱ་བ་ལ། དགུན་ནི་གྲང་བའི་དུས་ཏེ་དགུན་སྟོད་དང་དགུན་སྨད་ཅེས་བྱའོ། །ཆེ་བ་ནི་དེའི་ཚེ་མི་རྣམས་ཀྱི་མཐུ་སྟོབས་མཆོག་ཏུ་ཆེ་བར་འགྱུར་རོ། །འདིར་དགུན་ཞེས་སྨོས་པས་ནི་དགུན་སྟོད་དང་དགུན་སྨད་གཉིས་ཀ་ཡིན་པར་ཤེས་པར་བྱ་སྟེ། དེའི་ཚེ་ནི། མེའི་སྟོབས་ཤིན་ཏུ་ཆེ་བ་ཡིན་ནོ། །ཆར་དུས་དང་དབྱར་དུས་ནི་དབྱར་དང་སོ་གའི་དུས་ཏེ་དེའི་དུས་སུ་མེའི་སྟོབས་ཆུང་བ་ཡིན་ནོ། །ལྷག་མ་སྟེ་སྟོན་དང་དཔྱིད་དག་ལ་ནི་མེའི་སྟོབས་འབྲིང་ཞིང་རན་པ་ཡིན་ནོ། །ཞེས་བཤད་པའི་ཕྱིར། དེས་ན་གཞུང་འདིར་ཡང༌། འདིར་ནི་ཚ་བསྐ་ཁ་བའི་རོ་སྟོབས་ཆེ། །ཞེས་པ་དང༌། སྐྱུར་དང་ལན་ཚྭ་མངར་བའི་རོ་སྟོབས་བསྐྱེད། །ཅེས་བྱ་བ་ཉིད་དག་པར་ཤེས་པར་བྱའོ།།

གཉིས་པ་ཚིག་གི་དོན་ལ་གསུམ་སྟེ། བྱང་བགྲོད་ཀྱི་དུས། ལྷོར་བགྲོད་ཀྱི་དུས། དོན་བསྡུ་བའོ། །དང་པོ་ནི། དེ་ལ་ཞེས་པ་ནས་ཉིན་རེ་འཕྲོག་ཅེས་པའི་བར་གྱིས་བསྟན་ཏེ། བཤད་མ་ཐག་པའི་དུས་དྲུག་པོ་དེ་ལ་དགུན་ཉི་ལོག་མ་ཐག་པའི་དགུན་ཟླ་ཐ་ཆུང་ལ་སོགས་པ་དབྱར་ཉི་ལོག་པ་ལ་ཐུག་གི་བར་ཉི་མ་བྱང་བགྲོད་དུ་འགྲོ་བའི་དུས་ཟླ་བ་དྲུག་གི་ཚེ་རོ་མ་ནས་རྒྱུ་བ་ཉི་མའི་ཁམས་སྟོབས་དང་ལྡན་པའི་དབང་གིས་ཕྱི་རོལ་ཏུའང་ཤིན་ཏུ་རྣོ་ཚ་རྩུབ་པའི་ངོ་བོར་གྱུར་པའི་རླུང་དང་ཉི་མ་དག་གི་ནུས་སྟོབས་ཀྱི་ཟླ་བ་སའི་རང་བཞིན་ཅན་གྱི་ཡོན་ཏན་བསིལ་ཞིང་སྣུམ་པ་རྣམས་ཟད་པར་བྱེད་དོ། །དེའི་ཕྱིར་དུས་འདིར་ནི་ཚ་ཁ་བསྐ་བ་སྟེ་ཡོན་ཏན་དམན་པའི་རོ་སྟོབས་ཆེ་བའི་དབང་གིས་ཀྱང་མི་ལ་སོགས་པའི་འགྲོ་བ་རྣམས་ཀྱི་མཐུ་སྟོབས་ཉིན་རེ་བཞིན་དུ་འཕྲོག་ཅིང་ཉམས་པར་བྱེད་དོ། །དེའང་རིམ་པ་བཞིན་དུ་དགུན་སྨད་ནི་ཚ་བའི་རོ་སྟོབས་ཆེ་ཞིང༌། དཔྱིད་ཀ་ནི་བསྐ་བ་དང༌། སོ་ག་ནི་ཁ་བའི་རོ་སྟོབས་སུ་ཆེ་བ་ཡིན་ཏེ། དགུན་སྨད་ཆུ་རླུང་དང། དཔྱིད་ཀ་ས་རླུང་དང༌།  སོ་ག་མེ་རླུང་ཤས་ཆེ་བ་ཡིན་པའི་ཕྱིར། དེས་ན་མིའི་མཐུ་སྟོབས་ཀྱང་དུས་འདི་སྐབས་ལ་བལྟོས་པའི་དགུན་སྨད་ཆེ་ཞིང༌། དེ་བས་ལྷག་པར་དུ་དཔྱིད་ཀ་ཆུང་ལ། སོ་ག་ནི་འབྲིང་དུ་ངེས་ཏེ། རོ་དེ་གསུམ་གྱི་ཡོན་ཏན་གྱི་དབང་གིས་ཡིན་ནོ། །གཉིས་པ་ལྷོར་བགྲོད་ཀྱི་དུས་ནི། ཆར་དུས་ཞེས་པ་ནས་རོ་སྟོབས་བསྐྱེད་ཅེས་པའི་བར་གྱིས་བསྟན་ཏེ། བཤད་མ་ཐག་པ་དེ་ལས་བཟློག་སྟེ་དབྱར་ཉི་ལོག་པ་ནས་བཟུང་སྟེ་ཆར་འབབ་དུས་ཡིན་ཅིང༌། ཉི་མ་ལྷོ་ཕྱོགས་སུ་འགྲོ་བའི་ཟླ་བ་དྲུག་དེའི་ཚེ་སླར་ཡང་མི་རྣམས་ཀྱི་མཐུ་སྟོབས་ཉིན་རེ་བཞིན་བསྐྱེད་པར་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། དེའི་ཚེ་རྐྱང་མ་ནས་རྒྱུ་བ་ཟླ་བའི་ཁམས་འཕེལ་བའི་དབང་གིས་ཕྱི་རོལ་ཏུའང་སའི་ཡོན་ཏན་བསིལ་བ་ཟླ་བའི་སྟོབས་དང་ལྡན་པས་རྣོ་ཚ་རྩུབ་པའི་ངོ་བོར་གྱུར་པའི་ཉི་མའི་སྟོབས་འབྲི་བར་འགྱུར་ལ། དུས་དེར་ཆར་འབབ་པའི་ཆུ་རླུང་གི་ནུས་པས་ས་སྟེང་གི་ཚ་བ་ཐམས་ཅད་ཉེ་བར་ཞི་ནས་སྐྱུར་བ་དང་ལན་ཚྭ་བ་དང་མངར་བ་སྟེ་མཆོག་གི་རོ་གསུམ་གྱིས་སྟོབས་ཆེ་བར་འགྱུར་ཏེ། ཁམས་བསྐྱེད་པར་བྱེད་པའི་ཕྱིར་རོ། །དེའང་རིམ་པ་བཞིན་དུ་དབྱར་གྱི་ཚེ་མེ་ས་དང༌། སྟོན་གྱི་ཚེ་ཆུ་མེ་དང༌། དགུན་སྟོད་ཀྱི་ཚེ་ས་ཆུའི་ཁམས་ཤས་ཆེ་བའི་དབང་གིས་ཡིན་ལ། དེའི་ཕྱིར་མི་རྣམས་ཀྱི་སྟོབས་ཀྱང་དུས་འདི་གསུམ་ལ་བལྟོས་པའི་དགུན་སྟོད་ལྷག་པར་དུ་ཆེ་ཞིང་སྟོན་འབྲིང་ལ། དབྱར་ཅུང་ཟད་ཆུང་བ་ཡིན་ནོ། །དེ་ལྟར་བཤད་པ་རྣམས་ཀྱིས་ཁམས་ཀྱི་རྒྱུ་བ་ལ་སོགས་པ་རྣམས་ཞིབ་ཏུ་ཕྱི་མ་རྒྱུད་དང་མཐུན་པས་དེར་བཤད་པར་བྱའོ། །གསུམ་པ་དོན་བསྡུ་བ་ནི། དགུན་ཆེ་ཞེས་པ་ནས་གཉིས་བསྟན་ནས་ཞེས་པའི་བར་གྱིས་བསྟན་ཏེ། བཤད་མ་ཐག་པ་དེ་རྣམས་མདོར་བསྡུ་ན་མི་རྣམས་ཀྱི་སྟོབས་ནི་དགུན་སྟོད་དང་དགུན་སྨད་ཀྱི་ཚེ་ཆེ་ཞིང༌། སོ་ག་དང་དབྱར་གྱི་དུས་ཆུང་ལ། སྟོན་དཔྱིད་ཀྱི་དུས་འབྲིང་དུ་ཤེས་པར་བྱའོ། །དེ་ལྟར་ཉི་མ་ལྷོ་བྱང་དུ་བགྲོད་པའི་དུས་རྣམ་པ་གཉིས་ཀྱི་རྣམ་པར་གཞག་པ་བསྟན་ཟིན་ནས་ད་ནི་དུས་སུ་སྤྱོད་པའི་བསླབ་བྱ་དངོས་བསྟན་པར་བྱའོ། །ཞེས་འགྲེལ་ལོ།།

གཉིས་པ་དུས་དྲུག་གི་སྤྱོད་ལམ་བསྟན་པ་ལ་གཉིས་ཏེ། སྤྱིའི་དོན་དང་ཚིག་གི་དོན་ནོ། །དང་པོ་ནི། སྙིང་པོ་བསྡུས་པ་ལས། སྟོབས་ལྡན་གྲང་བས་བཀག་པས་ན། །དགུན་གྱི་དུས་སུ་མེ་སྟོབས་ལྡན། །དེ་ནི་རླུང་གིས་སྦར་བས་ན། །ཟས་ཉུང་དུས་ན་ལུས་ཟུངས་སྐེམ། དེ་བས་དགུན་ནི་མངར་སྐྱུར་དང༌། །ལན་ཚྭའི་རོ་ནི་བསྟེན་པར་བྱ། །དེ་ཚེ་མཚན་མོ་རིང་བས་ན། །ནང་བར་ཉིད་ན་བཀྲེས་པར་འགྱུར། །ངེས་པར་བྱ་བ་བྱས་ནས་ནི། །དེ་སྐད་བཤད་རྫོགས་དེ་རྗེས་ལ། །རླུང་འཇོམས་ཏིལ་མར་གྱིས་བྱུག་ཅིང༌། །སྤྱི་བོའང་ཏིལ་མར་གྱིས་བྱུག་མཉེ། །བག་ཡོད་པ་དང་སྟོབས་འགྱེད་ཅིང༌། །རྐང་པ་རན་པར་མཉེ་བར་བྱ། །དེ་ནས་བསྐ་བས་སྣུམ་བསལ་ལ། །ཆོ་ག་བཞིན་དུ་ཁྲུས་དག་བྱ། །གུར་གུམ་གླ་རྩི་དང་བཅས་པས། །ལུས་བསྐུ་ཨ་ག་རུ་ཡིས་བདུག །ཤ་ཚོན་ཁུ་བ་སྣུམ་པ་དང༌། །བུ་རམ་ཆང་དང་ཆང་དངས་ཆང༌། །གྲོ་དང་འབྲས་ཁུར་མ་ཤ་དང༌། །འོ་མ་བུ་རམ་ཤིང་བཅས་བཟའ། །ཁ་ཟས་གསར་དང་ཞག་རྟོལ་མར། །དྲོ་འཇམ་ཆུ་ཡིས་གཙང་སྦྲ་བྱ། །བེའུ་རས་སློག་པ་དར་སོགས་བགོ་ །དྲེའུ་རྔོག་རེའུ་བལ་ལྭ་བ་གདིང༌། །རང་བཞིན་དྲོ་ཞིང་ཡང་བ་ཡི། །གོས་བགོ་མལ་ལ་བརྟེན་པར་བྱ། །ཉི་མའི་འོད་ལ་རན་པར་ལྡེ། །དུགས་བྱ་ལྷམ་ནི་རྟག་ཏུ་བགོ་ ཆུང་མ་གཞོན་ཞིང་ཡིད་འོང་རྒྱགས། །ནུ་མ་བརླ་དང་རོ་སྨད་རྒྱས། །གུར་གུམ་གྱིས་བྱུགས་སྤོས་ཀྱིས་བདུགས། །ལུས་ཀྱི་དྲོད་ཀྱིས་གྲང་སེལ་བའོ། །ས་ཁང་ཁང་པ་ཉིས་རིམ་བྱས། །མདག་མེའི་དྲོད་ཀྱིས་བསྲོས་པ་ནི། །གང་དང་རྩུབ་པ་ལས་གྱུར་པའི། །ཉེས་པ་ནམ་ཡང་མི་འབྱུང་ངོ༌། །དགུན་སྨད་དུས་སུ་ལྷག་པར་ཡང༌། །ཆོ་ག་འདི་ཉིད་བྱ་བ་ཡིན། །དེ་ཚེ་ལྷག་པར་གྲང་བ་དང༌། །སྟོབས་འཕྲོག་ལས་བྱུང་རྩུབ་པའང་ཡིན། །དགུན་ནི་བད་ཀན་ཁོང་དུ་གསོག །དཔྱིད་དུས་ཉི་མའི་འོད་དྲོས་པས། །མེ་ཡི་དྲོད་ཉམས་ནད་བསྐྱེད་དེ། །དེ་བས་དེ་ནི་མྱུར་དུ་བསལ། །རྣོ་དང་སྐྱུག་སྨན་སྣ་སྨན་སོགས། །ཡང་དང་རྩུབ་པའི་ཁ་ཟས་དང༌། །བཅག་དང་ལུས་ཕྱིས་མཉེས་པ་ཡིས། །བད་ཀན་བདོ་བའི་ནད་བསལ་བྱ། །ཁྲུས་བྱས་ག་བུར་ཙན་དན་དང༌། །གུར་གུམ་སོགས་པས་བསྐུ་བར་བྱ། །ནས་དང་གྲོ་ནི་རྙིང་པ་དང༌། །སྦྲང་རྩི་སྐམ་པའི་སྲེག་ཤ་བཟའ། །ཨ་མྲའི་ཁུ་བ་དང་སྦྱར་བའི། །ཁུ་བ་སྐོམ་དུ་སྦྱར་བ་བཏུང༌། །ཆུང་མ་དྲི་ཞིམ་ཨུཏྤལ་གྱི། །མིག་དང་ལྡན་དང་ལྷན་ཅིག་ཅིང༌། ཡིད་ནི་དགའ་ཞིང་བདེར་བྱས་པས། །གྲོགས་དང་ལྷན་ཅིག་བཏུང་བར་བྱ། །སྐྱོན་མེད་ཆང་རྒན་དྲོ་འཇམ་དང༌། །བུ་རམ་རྒུན་ཆང་སྦྲང་ཆང་དང༌། །སྒ་ཆུ་བསྐོལ་དང་སེའུའི་ཆུ། །སྦྲང་ཆུའམ་གླ་སྒང་ཆུ་བཏུང་བྱ། །ལྷོ་ཕྱོགས་བསེར་བུས་བསིལ་བ་དང༌། །མཐའ་མ་ཀུན་ཏུ་འབབ་པ་ལ། །ཉི་མའི་འོད་ནི་མི་སྣང་དང༌། །ནོར་བུ་བཅག་འདྲའི་མདངས་ལྡན་པ། །ཁུ་བྱུག་སྙན་པའི་སྒྲ་སྒྲོག་ཅིང༌། །འདོད་པའི་ལོངས་སྤྱོད་ལྡན་པ་ཡི། །སྣ་ཚོགས་མེ་ཏོག་ལྡན་པའི་ཤིང༌། །དྲི་ཞིམ་སྐྱེད་མོས་ཚལ་དུ་ནི། །དགའ་འདུན་གཏམ་ནི་སྣ་ཚོགས་པས། །ཕྱེད་དུས་བདེ་བས་འདའ་བར་བྱ། །ལྕི་བསིལ་ཉིན་མོ་ཉལ་བ་དང༌། །སྣུམ་བག་མངར་སྐྱུར་སྤང་བར་བྱ། །ཉི་མའི་འོད་ཟེར་རབ་ཚ་བས། །སོ་ག་འཕྲོག་པར་འདྲ་བ་ཡིན། །དེ་བས་དེ་ཚེ་ལན་ཚྭ་ཚ། །སྐྱུར་སྩོལ་ཉི་མའི་འོད་ཟེར་སྤང༌། །ཟས་ནི་མངར་དང་ཡང་བ་དང༌། །སྣུམ་བསིལ་སླབ་བ་ཉིད་བསྟེན་བྱ། །རབ་བསིལ་ཆུ་ཡིས་ལུས་བཀྲུ་ཞིང༌། །ཕྱེ་ཟན་ཁ་རར་བཅས་པ་བཟའ། །ཆང་མི་བཏུང་སྟེ་འཐུང་ན་ཡང༌། །ཉུང་བའམ་ཆུ་མང་བསྲེས་ལ་བཏུང༌། །གཞན་དུ་དེ་ནི་ཁ་སྐམ་ལྷོད། །ཚ་དང་རྨོངས་པར་བྱེད་པ་ཡིན། །འབྲས་ཆན་ཀུནྡ་ལྟར་དཀར་དང༌། །སྐམས་པའི་སྲོག་ཆགས་ཤ་དག་ཟ། །ཁུ་བ་མི་སྐ ཞོ་དང་ནི། །བུ་རམ་སྦྱར་སོགས་གཡོས་བྱས་བཏུང༌། །ཕལ་ཆེར་སྐྱུར་བ་བཏུང་བར་བྱ། །སྙིང་པོ་ལྔ་ཡི་བཏུང་བ་ནི། །ཁམ་ཕོར་གསར་པ་ལ་གནས་པ། །ཆུ་ཤིང་རྒྱ་ལྟར་དུམ་བུ་བསྲེ། །སྐྱུར་བཅས་ཁམ་ཕོར་སྣོད་ཀྱིས་བཏུང༌། །ཆུ་ནི་པ་ཏ་ལས་བསྒོས་ཤིང༌། །ག་བུར་བཅས་ཤིང་ཤིན་ཏུ་བསིལ། །ཟླ་ཟེར་ལྟ་བུའི་བཟའ་བ་ནི། །མཚན་མོའི་དུས་སུ་བཟའ་བ་དང༌། །ཟླ་བ་སྐར་མ་ལྟར་དཀར་བའི། མ་ཧེའི་འོ་མ་བསིལ་མོ་བཏུང༌། །ས་ལ་ཏ་ལ་ཆེན་པོ་ནི། །སྤྲིན་རེག་ཚ་བའི་འོད་ཟེར་སྒྲིབ། །རྒུན་འབྲུའི་སྙེ་མ་གཡུར་ཟ་བའི། །ཁྲི་ཤིང་ལྷང་དང་ནགས་ཚལ་བཟང༌། །དྲི་བཟང་ཁང་བ་ཆུ་ཡིས་ནི། །བསིལ་ཁང་ལུས་དང་འཚམ་བྱས་པ། །ཆག་ཆག་བཏབ་དང་ཨ་མྲྀ་ཡི། །ལྡུམ་བུ་འབྲས་བུ་འཆང་བ་དང༌། །ཆུ་ཤིང་འདབ་དང་ཀ་ལྷ་ར། །པད་རྩ་པདྨ་ཨུཏ྄པལ་ལ། །མེ་ཏོག་རྒྱས་པ་དང་ལྡན་པར། །འཇམ་པའི་གནས་མལ་བཅས་ནས་ནི། །ཕྱེད་དུས་ཉི་མས་གདུངས་པ་ན། །ཉལ་བའམ་ཆུ་ཡི་ཁང་པ་ནི། །བུད་མེད་བཅོས་གཟུགས་ནུ་མ་ལག །ཁ་ལས་ཨུ་ཤིར་ཆུ་འབབ་བྱ། །མཚན་མོ་ཡང་ཐོག་རྡོ་ཐལ་བྱུགས། །ཟླ་བའི་འོད་ཀྱིས་བསིལ་བར་ཉལ། །མར་སྟན་བདེ་བར་སེམས་བདེ་ཞིང༌། །ཙན་དན་ལྡེ་གུ་ཕྲེང་བ་ཐོགས། །རབ་ཏུ་ཕྲ་བའི་གོས་བགོས་ཤིང༌། །འདོད་པའི་རྒྱུན་ལས་ལྡོག་པར་བྱ། །ཏ་ལའི་བསིལ་ཡབ་སྤོས་ཆུས་བཏབ། །པདྨའི་འདབ་རྒྱས་རླུང་གཡབ་ནི། །དལ་གྱིས་ལེགས་པར་གཡབ་པ་དང༌། །རྫི་ཆར་བསེར་བུ་དང་ལྡན་བྱ། །ག་བུར་མ་ལི་ཀའི་ཕྲེང་བ། །མུ་ཏིག་དོ་ཤལ་ཙན་དན་དཀར། །ནེ་ཙོ་ཤ་རི་ཀ་ལ་སོགས། །སྒྲ་སྙན་ཡིད་འོང་སྒྲོག་པ་དང༌། །ཆུང་མ་སྡུ་གུ་པད་རྩ་འདྲ། །པདྨ་རྒྱས་པ་ལྟ་བུར་མཛེས། །པདྨ་ཅན་ནི་འགྲོ་འདྲ་བ། །སྙོམ་པ་སེལ་བར་བྱེད་པ་ཡིན། །མཐུ་འཕྲོག་པ་ནི་ན་བའི་ལུས། །དམན་པ་ལས་ཀྱང་དམན་འགྱུར་ཏེ། །དབྱར་ནི་གནོད་པས་གནོད་འགྱུར་ཏེ། །མཁའ་ལ་སྤྲིན་འདུས་ཆུ་ཡིས་བརླན། །ཆུ་ཐིགས་བཅས་པའི་རླུང་དང་ནི། །གྲང་བ་དྲག་པོ་ལྡང་བ་དང༌། །ས་ཡི་རླངས་པ་སྐྱུར་སྨིན་དང༌། །ཆུ་ནི་རྙོག་མ་ཅན་དག་གི་ །མེ་དྲོད་ཆུང་བས་གནོད་པར་བྱེད། །ཕན་ཚུན་གནོད་པ་དེ་ལ་ནི། །དྲོ་ཞིང་མེ་ཡི་སྟོབས་བསྐྱེད་པ། །ཐུན་མོང་གང་ཡིན་བསྟེན་པར་བྱ། །སྦྱངས་པས་ལུས་ནི་དག་བྱས་པ། །ཟས་ནི་ཡང་བག་ཁུ་བ་བཟའ། སྐམས་པའི་སྲོག་ཆགས་ཤ་ཁུ་དང༌། །སྦྲང་རྩི་ཅན་ནི་རྙིང་བ་བཏུང༌། །དར་བ་ཁ་རུ་ཚ་སྦྱར་བ། །ཚ་བ་ལྔ་ཡི་ཕྱེ་མ་ཅན། །ཁྲོན་པའི་ཆུ་ནི་བསྐོལ་བའང་བཏུང༌། །ཆར་ཆེ་དུས་སུ་ཁ་ཟས་ནི། །རབ་སྐྱུར་ལན་ཚྭ་སྣུམ་དང་བཅས། །སྐམ་ཞིང་སྦྲང་རྩི་ལྡན་ལ་ཡང༌། །རྐང་གི་མི་འགྲོ་དྲི་ཞིམ་བྱུག །རྟག་ཏུ་གོས་ནི་སྤོས་ཀྱིས་བདུག །ཁང་བཟང་སྟེང་དུ་བ་མོ་བསིལ། །ཆར་གྱི་ཟེར་སྤངས་གནས་པར་བྱ། །ཀླུང་ཆུ་དང་སྦྱར་སྤྱོ་མ་དང༌། །ཉིད་གཉིད་སྩོལ་དང་ཉི་ཚན་སྤང༌། །དབྱར་ལུས་བསིལ་བར་གྱུར་པ་ལ། །འཕྲལ་དུ་ཉི་ཟེར་གྱིས་གདུངས་པས། །ཆར་འབབ་ཚེ་ན་བསགས་པ་ཡི། །མཁྲིས་པ་སྟོན་ནི་ལྡང་བར་འགྱུར། །དེ་བསལ་ཕྱིར་ན་སྨན་མར་ཁ། །བཀྲུ་སྨན་བཏང་དང་གཏར་ཁ་བྱ། །ཁ་དང་མངར་དང་བསྐ བ་དང༌། །བཀྲེས་ཆེ་ཟས་ནི་ཡང་བ་ཟ། །འབྲས་ཆན་མུ་སྒ་སྐྱུ་རུ་ར། །སྦྲང་རྩི་སྐམ་པའི་པ་ཏོ་ལ། །ཉི་མའི་ཟེར་གྱིས་གདུངས་པ་དང༌། །ཟླ་བའི་འོད་ཀྱིས་བསིལ་བྱས་ལ། །རི་བྱི་ཤར་བས་དྲུག་མེད་པ། །ཉིན་མཚན་གཉིས་ཀར་སྦྱངས་ཆུ་བཏུང༌། །དྭངས་པའི་དྲི་མེད་ཆུ་ཞེས་པ། །དྲི་མེད་དྲི་མ་སེལ་གྱུར་པ། །མི་འགྲུབ་རྩུབ་པ་མ་ཡིན་ལ། །བཏུང་བ་ལ་སོགས་བདུད་རྩིར་མཚུངས། །ཙན་དན་ཨུ་ཤིར་ག་བུར་དང༌། །མུ་ཏིག་ཆུན་འཕྱང་འཕྲེང་གོས་མཛེས། །ཁང་བཟང་རྡོ་ཐལ་གྱིས་དཀར་ཞིང༌། །ཟླ་ཟེར་ཅན་དུ་མཚན་གནས་བྱ། །ཟིལ་བ་ཐལ་སྨན་ཧ་ཅང་འགྲངས། །ཞོ་དང་ཏིལ་མར་ཞག་ཉི་ཚན། །མི་བཟད་ཆང་དང་ཉིན་པར་ཉལ། །མདུན་གྱི་བསེར་བུ་ཡོངས་སུ་སྤང༌། །ཞེས་དང༌། འགྲེལ་པ་གཉིས་ལས་ཀྱང་རྒྱས་པར་བཤད་པ་རྣམས་ལ་ཞིབ་ཏུ་རྟོགས་པར་བྱའོ།།

གཉིས་པ་ཚིག་གི་དོན་ལ་དྲུག་ལས། དང་པོ་ནི། ད་ནི་ཞེས་པ་ནས་ནང་དུ་བསྡད་ཅེས་པའི་བར་གྱིས་བསྟན་ཏེ། དགུན་ལ་སོགས་པ་རྣམས་ཀྱི་རང་བཞིན་གྱི་འགྱུར་བ་བསྟན་ཟིན་ནས། ད་ནི་ནམ་ཟླ་དུས་དྲུག་ཏུ་སོ་སོར་སྤྱད་པར་བྱ་བའི་སྤྱོད་ལམ་དངོས་བཤད་པ་ནི། ལུས་ཀྱི་སྟོབས་འཕེལ་བའི་མཐར་ཐུག་པ་དགུན་སྟོད་ཀྱི་དུས་རང་བཞིན་གྱི་གྲང་བ་ཡིན་པས་བ་སྤུའི་སྒོ་རྣམས་བཀག་སྟེ་ནང་དུ་མེའི་སྟོབས་དང་ལྡན་ཞིང༌། ལྷག་པར་དུ་མེ་དང་མཉམ་པའི་རླུང་གིས་ཆེས་ཆེར་སྦར་བ་དེའི་ནུས་པས་ཁ་ཟས་ཉུང་བར་གྱུར་པ་ན་ཁྲག་ལ་སོགས་པའི་ལུས་ཟུངས་རྣམས་སྐེམ་ཞིང་འགྲིབ་པར་བྱེད་པར་འགྱུར་བ་དེའི་ཕྱིར་མངར་སྐྱུར་ལན་ཚྭ་སྟེ་དང་པོའི་རོ་གསུམ་ཤས་ཆེར་གྱུར་པའི་ཁ་ཟས་འགྲངས་པ་བསྟེན་པར་བྱའོ། །གཞན་ཡང་དུས་དེའི་ཚེ་ཉིན་མོ་ལས་མཚན་མོ་ཤིན་ཏུ་རིང་བས་ན་ཐོ་རངས་ཀྱི་དུས་སུ་བཀྲེས་པར་འགྱུར་ཏེ། བཀྲེས་པ་དེ་ཡིས་ནི་མེ་དྲོད་ཀྱི་ཤུགས་བརྟེན་མི་ནུས་པར་ལུས་ཟུངས་རྣམས་ལྷག་པར་འགྱུར་བའི་ཕྱིར་ཏིལ་ལ་སོགས་པ་འབྲུའི་མར་གྱིས་ལུས་ལ་བྱུགས་ཤིང་མཉེ་བ་དང་དྲིལ་ཕྱི་བ་བྱས་ལ། ཤ་བཟང་པོ་བཙོས་པའི་ཁུ་བ་ལ་སོགས་པ་སྣུམ་པའི་ཁ་ཟས་གཙོ་ཆེར་ཟ་ཞིང༌། བུ་རམ་དང་ཆང་དང་འོ་མ་ལ་སོགས་པ་བསྟེ་པ་དང༌། བེའུ་ཕྲུག་དང་པགས་པ་དང་སྣམ་གོས་གསར་པ་སོགས་དྲོ་ཞིང་ཡང་བའི་གོས་དང༌། ལྷམ་ནི་རྟག་པར་ཉིད་བགོ་བ་དང༌། དྲོ་བའི་དུགས་དང་མེ་ཉིའི་འོད་ལ་འདུག་སྟེ། ཧ་ཅང་ཐལ་བ་མ་ཡིན་པ་རན་ཙམ་དུ་བསྲོ་བ་དང༌། ས་ལ་ཟབས་སུ་བརྐོས་པའི་ཁང་བ་ཉིས་རིམ་སོལ་བའི་འདབ་མས་བསྲོས་པའི་ནང་དུ་བསྡད་པར་བྱའོ། །གཉིས་པ་དགུན་སྨད་ཀྱི་སྤྱོད་པ་ནི། དགུན་སྨད་ཅེས་པ་ནས་སྤྱད་པར་བསྔགས་ཞེས་པའི་བར་གྱིས་བསྟན་ཏེ། དགུན་སྨད་ཀྱི་དུས་ཟླ་བ་གཉིས་ན་དགུན་སྟོད་ལས་ཀྱང་ལྷག་པར་དུ་གྲང་བ་ཡིན་པས་ན་སྐབས་དེར་ཡང་བཤད་མ་ཐག་པའི་སྤྱོད་ལམ་འདི་ཉིད་ཁོ་ན་ཡོངས་སུ་སྤྱད་པར་བསྔགས་ཤིང་བསྟན་པ་ཡིན་ཏེ། དེ་ཉིད་ཀྱིས་ཆོག་པར་གྲུབ་བོ། གསུམ་པ་དཔྱིད་དུས་ཀྱི་སྤྱོད་པ་ནི། དགུན་དུས་ཞེས་པ་ནས་ཉི་གྲིབ་འདུག་ཅེས་པའི་བར་གྱིས་བསྟན་ཏེ། བཤད་མ་ཐག་པའི་དགུན་སྟོད་དང༌། དགུན་སྨད་ཀྱི་དུས་དེར་ཤིན་ཏུ་གྲང་བའི་དབང་གིས་བད་ཀན་ཁོང་དུ་གསོག་པ་ཡིན་ཏེ། དེ་ནི་དཔྱིད་དུས་ཀྱི་ཉི་འོད་ཚན་མོས་དྲོས་ཤིང་བཤིག་པས་མེ་དྲོད་ཉམས་པ་ལས་བད་ཀན་གྱི་ནད་ཀྱང་ལྡང་ཞིང་འཇུ་མི་ནུས་པར་འགྱུར་བ་དེའི་ཕྱིར། ཐ་མའི་རོ་ཁ་ཚ་བསྐ བ་གསུམ་ཤས་ཆེར་བསྟན་ཞིང་ནས་རྙིང་གི་ཟན་དང་སྐམ་ས་ལ་གནས་པའི་སྲོག་ཆགས་ཀྱི་ཤ་མེ་ལ་བསྲེགས་པ་དང༌། སྦྲང་རྩི་དང་ཆུ་སྐོལ་ཚན་མོ་དང༌། བཅའ་སྒ་བསྡུས་པའི་ཐང་ལ་སོགས་པ་བཏུང་ཞིང་མདོར་ན་ཡང་ལ་རྩུབ་པའི་བཟའ་བཏུང་གཙོ་བོར་བསྟེན་པར་བྱ་ཞིང༌། ལུས་ཀྱི་རྩོལ་བས་བཅག་པ་དང༌། སྲན་ཕྱེ་ལ་སོགས་པའི་སྐམ་པའི་རྫས་ཀྱིས་དྲིལ་ཕྱིས་ལ་སོགས་ཏེ་བད་ཀན་བསལ་བའི་ཆོ་ག་ལ་འབད་པ་དང༌། དྲི་ཞིམ་པོ་ལྡང་ཞིང་ལྗོན་ཤིང་སྣ་ཚོགས་པས་གང་བའི་སྐྱེད་མོས་ཚལ་གྱི་ཉི་གྲིབ་ལ་ཉི་མ་ཕྱེད་ཀྱི་དུས་འདུག་པར་བྱའོ། །བཞི་པ་སོས་ཀའི་དུས་ཀྱི་སྤྱོད་པ་ནི། སོ་ག་ཞེས་པ་ནས་ངད་ལྡན་བྱ་ཞེས་པའི་བར་གྱིས་བསྟན་ཏེ། གོང་དུ་བཤད་པ་ལྟར་སོ་གའི་དུས་སུ་ཉི་མའི་འོད་ཟེར་རབ་ཏུ་ཚ་བས་ལུས་ཀྱི་སྟོབས་འཕྲོག་པའི་ཕྱིར་ན་མངར་བའི་རོ་ཤས་ཆེར་ཡང་ནས་ཡང་དུ་བཟའ་ཞིང༌། དེ་བཞིན་དུ་རང་བཞིན་གྱི་ནུས་པ་ཡང་བ་དང༌། སྣུམ་པ་དང༌། བསིལ་བ་ཉིད་གཙོ་བོར་བཟའ་བར་བྱ་བ་ཡིན་གྱི་ལན་ཚྭ་ཚ་སྐྱུར་དང་ལྡན་པའི་ཁ་ཟས་དང༌། རྩོལ་བཅག་ཉི་འོད་ལ་གནས་པ་སོགས་མ་ཡིན་ཏེ་ཡོངས་སུ་སྤང་བར་བྱ་ལ། རབ་ཏུ་བསིལ་བའི་ཆུས་བཀྲུ་ཞིང་ཆང་དང་ཆུ་བསྲེས་པ་དག་ཉུང་ཟད་བཏུང་བར་བྱ་ཡི། ཆང་འབའ་ཞིག་ནི་སྤང་བདང༌། དར་རམ་རས་དང་ཐེར་མ་ལ་སོགས་པ་རབ་ཏུ་ཕྲ་ཞིང་སྲབ་པའི་གོས་ལུས་ལ་བགོས་ཏེ་ཤིན་ཏུ་བསིལ་བའི་ཁང་བ་དྲི་བཟང་པོས་ཆག་ཆག་བཏབ་པའི་ནང་ཡིད་དུ་འོང་བ་བསྟེན་པ་དང༌། གཞན་ཡང་ལོ་མ་ཤིན་ཏུ་སྣུམ་པའི་ཤིང་གྲིབ་དང་རྫི་ཆར་ཏེ་ལྷོ་ཕྱོགས་ཀྱི་རླུང་དྲི་ཞིམ་པོ་ལྡང་ཞིང་བསེར་བུའི་ངད་དང་ལྡན་པ་རྣམས་སུ་གནས་པར་བྱའོ། །ལྔ་པ་དབྱར་དུས་ཀྱི་སྤྱོད་པ་ནི། དབྱར་དུས་ཞེས་པ་ནས་བསིལ་སྤངས་གནས་ཞེས་པའི་བར་གྱིས་བསྟན་ཏེ། དབྱར་གྱི་དུས་སུ་ནི་རང་བཞིན་གྱི་ནམ་མཁའ་ལ་སྤྲིན་འདུས་ཤིང་ཆར་བབས་པའི་ཆུ་ཡིས་ས་གཞི་ཐམས་ཅད་བརླན་དང་ལྡན་ལ། རླུང་དང་གྲང་བའི་རེག་བྱ་ལྷག་པར་རྒྱས་ཤིང་ས་རླངས་དང་ཆུ་རྙོག་མ་ཅན་ལ་སོགས་པ་རྣམས་ཀྱིས་ལུས་ཀྱི་མེ་དྲོད་ལ་གནོདཔར་གྱུར་པས་ན། དུས་དེར་མེ་དྲོད་སྐྱེད་པའི་ཁ་ཟས་ཤས་ཆེར་བསྟེན་ཞིང༌། ཁྱད་པར་དུ་དང་པོའི་རོ་མངར་སྐྱུར་ལན་ཚྭ་གསུམ་དང༌། ནུས་པ་ཡང་དྲོ་སྣུམ་པ་དང་བཅས་པ་གཙོ་བོར་བཟའ་ལ། སྐམ་སའི་འབྲུ་ལས་བྱུང་བའི་ཆང་བཏུང་བ་དང༌། ཁང་བའི་སྟེང་དུ་བསིལ་བའི་རེག་བྱ་སྤངས་ཏེ་དྲོ་བར་གནས་པར་བྱའོ། །དྲུག་པ་སྟོན་དུས་ཀྱི་སྤྱོད་པ་ནི། དབྱར་བསིལ་ཞེས་པ་ནས་བཏབ་པར་འདུག་ཅེས་པའི་བར་གྱིས་བསྟན་ཏེ། དབྱར་དུས་ཆར་རླུང་གི་ནུས་པ་བསལ་ཞིང༌། འཕྲལ་དུ་ལུས་ལ་ཉི་ཟེར་གྱིས་གདུངས་པས་མཁྲིས་པ་གསོག་པ་དེས་ན་ཆར་དུས་སུ་བསགས་པའི་མཁྲིས་པ་དེ་ནི་སྟོན་ཀའི་དུས་ན་ལྡང་བས་དེ་བསལ་བར་བྱ་བའི་ཕྱིར་ན་མངར་ཁ་བསྐ་བའི་རོ་དང་ལྡན་པའི་ཁ་ཟས་ཤས་ཆེར་བསྟེན་པར་བྱ་ཞིང༌། ག་བུར་དང་ཙན་དན་དཀར་པོ་དང་ཨུ་ཤི་ར་སྟེ་པུ་ཤེལ་རྩེའི་དྲི་དང་ལྡན་པའི་གོས་བགོ་བ་དང༌། ཁང་བ་ཆུང་ངུ་དང་སྐྱེད་མོས་ཚལ་ལ་སོགས་པར་ཤིན་ཏུ་བསིལ་བའི་སྤོས་ཀྱིས་ཆག་ཆག་བཏབ་སྟེ་གནས་ཤིང་བག་དང་ལྡན་པར་འདུག་ཅིག་ཅེས་བྱ་བའི་དོན་ཏོ། །གསུམ་པ་མཇུག་བསྡུ་བ་ལ་གཉིས་ཏེ། སྤྱི་དོན་དང༌། ཚིག་དོན་ནོ། །དང་པོ་ནི། སློབ་དཔོན་གྱིས། དགུན་དང་དབྱར་ནི་དང་པོའི་གསུམ། །དཔྱིད་ནི་ཐ་མའི་རོ་གསུམ་བསྟེན། །སོ་ག་མངར་ཏེ་སྟོན་ཀ་ནི། །མངར་དང་ཁ་དང་བསྐ་བ་བསྟེན། །མདོར་ན་ཟས་དང་སྐོམ་དག་ནི། །སྟོན་དང་དཔྱིད་ནི་རྩུབ་པ་སྟེ། །སོ་ག་དབྱར་མཐའ་བསིལ་བར་བྱ། །གཞན་དག་ཏུ་ནི་དེ་ལས་བཟློག །རྟག་ཏུ་དེ་ཀུན་བསྟེན་པ་ལས། །རང་རང་དུས་སུ་ལྷག་པར་བསྟེན། །དུས་གཉིས་ཐོག་མཐའི་ཞག་བདུན་ནི། །དུས་མཚམས་ཡིན་པར་ཤེས་པར་བྱ། །དེར་ནི་་སྔ་མའི་ཆོ་ག་སྤངས། །འོག་མ་རིམ་བཞིན་བསྟེན་པར་བྱ། །མ་སྤངས་ན་ནི་ནད་འགྱུར་ཏེ། །འཕྲལ་དུ་ནད་ནི་འོང་བར་འགྱུར། །ཞེས་འགྲེལ་པ་དང་བཅས་པས་རྒྱས་པར་བཤད་པ་ལྟར་རྟོགས་པར་བྱ་ཞིང་ཁྱད་པར་དུ་དུས་དྲུག་པོ་རང་རང་མཚམས་ཀྱི་ཐོག་མའི་ཞག་བདུན་བདུན་གྱི་སྐབས་སུ་དུས་འོག་མ་དེ་ཉིད་ཀྱི་སྤྱོད་པ་ཆུང་ངུ་བྲིད་པའི་ཚུལ་གྱིས་སྤྱད་པར་བྱའོ། །གཉིས་པ་ཚིག་གི་དོན་ནི། མདོར་ན་ཞེས་པ་ནས་ཅེས་གསུངས་སོ་ཞེས་པའི་བར་གྱིས་བསྟན་ཏེ། དུས་དྲུག་པོའི་སྤྱོད་པ་ཐམས་ཅད་ཀྱང་མདོར་ཧྲིལ་གྱིས་བསྡུ་ན། ཟས་སྐོམ་དང་སྤྱོད་ལམ་ཀུན་ཀྱང་དབྱར་དགུན་གྱི་དུས་རྣམས་སུ་དྲོ་བ་ཤས་ཆེར་བསྟེན་ཞིང༌། དཔྱིད་ཀ་ནི་རྩུབ་པ་དང་སོ་ག་དང་སྟོན་ཀ་ནི་བསིལ་བར་བྱ་ལ། ཁྱད་པར་དུ་དབྱར་དང་དགུན་ནི་དང་པོའི་རོ་མངར་སྐྱུར་ལན་ཚྭ་གསུམ་གཙོ་བོར་བསྟེན་པ་དང༌། དཔྱིད་ཀ་ནི་ཐ་མའི་རོ་ཁ་ཚ་བསྐ་བ་གསུམ་དང༌། སོ་ག་མངར་བ་དང༌། སྟོན་ཀ་མངར་ཁ་བསྐ་ བ་དག་བསྟེན་པར་བྱའོ། །དེ་བཞིན་དུ་སྟོན་དང་དཔྱིད་ཀྱི་དུས་སུ་རིམ་པ་བཞིན་མཁྲིས་པ་དང་བད་ཀན་སེལ་བའི་སླད་དུ་བཤལ་དང་སྐྱུག་བཏང་ཞིང༌། དབྱར་གའི་དུས་སུ་ནི་རླུང་བསལ་བའི་འཇམ་རྩི་ཉིད་བསྔགས་པ་ཡིན། དེ་ལ་སོགས་པའི་ཞི་སྦྱངས་ཀྱི་སྨན་དཔྱད་བྱས་པས་གལ་ཏེ་དམན་ལྷག་ལོག་ནས་ནད་གསར་དུ་སྐྱེས་པ་དེའི་ཚེ་ནའང་དེ་ཉིད་དང་འཚམ་པའི་སྨན་དཔྱད་ཟས་དང་སྤྱོད་པ་རིག་པས་དཔྱད་པར་བྱའོ། །ཞེས་གསུངས་སོ། །གསུམ་པ་ལེའུའི་མཚན་ནི། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་གཉིས་པ་བཤད་པའི་རྒྱུད་ཀྱི་དུས་སུ་སྤྱད་པའི་ལེའུ་སྟེ་བཅུ་བཞི་པའོ་ཞེས་བྱ་བའི་དོན་ཏོ།། །།

 

མཐའ་མའི་འདོན་ཐེངས་།: 22.08.2011 ཉིན། 4:34 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།