སྨན་རྩིས་དྲ་བ། - བཤད་རྒྱུད།

ལེའུ་བཅུ་བདུན་པ། ཁ་ཟས་བསྡམས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 04.09.2023
བཤད་རྒྱུད། >> ལེའུ་བཅུ་བདུན་པ། ཁ་ཟས་བསྡམས་པ།



ལེའུ་བཅུ་བདུན་པ། ཁ་ཟས་བསྡམས་པ།

ཟས་ཀྱི་ཚུལ་ཤེས་པར་བྱ་བའི་ལེའུ་བསྟན་ཟིན་པའི་མཇུག་ཐོག་དེ་མ་ཐག་པ་དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །དེ་ཡང་ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་ཅེས་གདམས་སོ། །ཟས་སྐོམ་ནི་ཟ་ཞིང་བཏུང་བར་བྱ་བ་ཁོ་ན་ཡིན་མོད་དུ་ཟིན་ཀྱང༌། །འགའ་ཞིག་ནི་བསྡམ་པར་བྱ་བ་དག་ཀྱང་ཡོད་དོ། །གང་ཞེ་ན་སྦྱར་བ་ལ་སོགས་པའི་དུག་དང་ལྡན་ཞིང་མི་འཕྲོད་པའི་ཟས་གང་ཡིན་པ་ཀུན་ཡིན་ལ། །དེ་མ་བསྡམས་པར་ཟོས་ན་འཕྲལ་དུ་སྲོག་འདོར་བ་འམ་རླུང་ལ་སོགས་པའི་ཉེས་པ་རིམ་པས་འཁྲུགས་པས་ཏེ་མི་བཟོད་པའི་ཟུག་རྔུས་འདེབས་པར་འགྱུར་བ་དེའི་ཕྱིར་འབད་པས་བསྲུང་བར་བྱའོ། །དེ་ཡང་སྐྱེ་དགུ་ཐམས་ཅད་ཀྱི་བདེ་བ་དང་འབྱོར་པ་ནི་ས་དེའི་བདག་པོ་ཉིད་ལ་རག་ལུས་པ་དེའི་ཕྱིར་གཙོ་བོར་རྒྱལ་པོའི་ཕོ་བྲང་ཉིད་དམ། དེ་དང་ཉེ་བར་སྲོག་འཚོ་བའི་སློབ་དཔོན་སྨན་པ་ཤིན་ཏུ་མཁས་པ་བཞག་ཅིང་གནས་པར་བྱས་པ་དེས་ནི། རྒྱལ་པོ་ལ་གནོད་པ་རྣམས་ཀྱི་ཟས་སྐོམ་ལ་སྦྱར་བ་ལ་སོགས་པའི་དུག་ཡོད་མེད་ལེགས་པར་བརྟགས་ཤིང་ལོངས་སྤྱོད་པར་བྱེད་དུ་བཅུག་ན་ངེས་པར་དུག་གི་འཇིགས་པ་ལས་ཐར་བར་འགྱུར་བ་ཡིན་པ་དེས་ན་སྨན་པ་མཁས་པ་རྟག་ཏུ་བསྟེན་པར་བྱའོ། །སྨན་པ་དེས་ཀྱང་སྔར་བྱུང་བ་ཞི་བ་དང་ཕྱིས་མི་འབྱུང་བའི་ཐབས་ཤེས་ཤིང་དཔྱད་པར་བྱ་བ་ཡིན་ནོ། །བློ་དང་ལྡན་པ་རྣམས་ཀྱིས་དོགས་པའི་གནས་སམ་གཞན་དུ་འང་རུང་སྟེ་བཟའ་བཏུང་གི་རིགས་རྣམས་ལ་སྦྱར་བ་ལ་སོགས་པའི་དུག་ཡོད་མེད་ལེགས་པར་བརྟགས་ཤིང་དཔྱད་ནས་སྤང་བླང་ཤེས་པར་བྱའོ།།

དེ་ཡང་སྦྱར་བ་དང་གྱུར་བ་དང་དངོས་ཀྱི་དུག་དང་ལྡན་པའི་ཟས་དང་སྐོམ་གང་ཡང་རང་རང་གི་རང་བཞིན་དེ་ལས་ཁ་དོག་དང་དྲི་རོ་ལ་སོགས་པ་ལྡོག་ཅིང་མི་འདྲ་བར་འགྱུར་ལ། ཁྱད་པར་དུ་མེར་བསྲེགས་པའི་ཚེ་དུ་བ་རྨ་བྱའི་མགྲིན་པ་འདྲ་བ་སྔོན་པོར་འབྱུང་ཞིང༌། མེ་ལྕེ་ཡང་གྱེན་དུ་མི་འགྲོ་བར་ཕྱོགས་གཅིག་ཏུ་འཁྱིལ་ཞིང་མེ་སྟག་རྒྱང་རིང་དུ་བརྒལ་ཏེ་འགྲོ་བ་དང༌། ཁ་ཟས་དེ་ཉིད་གཞན་གྱིས་མཐོང་བར་གྱུར་པ་ན་བྱ་རོག་རྣམས་སྐད་འདོན་ཞིང་རྨ་བྱ་ནི་དགའ་བར་འགྱུར་བ་དང༌། ཁྱི་ལ་བྱིན་ན་ལྟོ་བ་དྲོས་པའི་ཚོད་ཙམ་ནས་སྐྱུག་པར་འགྱུར་ཏེ། བྱེ་བྲག་ཏུ་ཤ་ལ་དུག་ཡོད་ན་དམར་པོ་ལ་ཡོད་དུ་ཟིན་ཀྱང་ལྕགས་བསྲེགས་པར་སྦྱར་ན་མི་ལེན་པ་དང༌། ཡང་ན་སྦོས་པ་ལྟར་འབྱུང་ཞིང༌། ཤ་དེ་ཉིད་ཆང་དང་སྦྱར་ནས་རླངས་པ་མིག་ལ་བདུགས་པ་ན་ཚ་ཞིང་འཁྲུགས་པར་འགྱུར་ལ། གལ་ཏེ་ཉོན་མོངས་པས་ཀུན་ནས་བསླངས་ནས་དུག་སྟེར་བའི་ཆག་ཚང་སྟེ་གཡོས་མཁན་གྱི་མི་དེ་ཉིད་ཁ་སྐམས་ལ་ལུས་རྔུལ་ཞིང་འདར་ལ་སྐྲག་ཅིང་ས་གཅིག་ཏུ་འདུག་མི་ཚུགས་པ་དང༌། གནོང་བག་གི་རྣམ་འགྱུར་དང་ལྡན་པས་ནི་དོན་མེད་ཀྱི་ཕྱོགས་རྣམས་སུ་ལྟ་བར་བྱེད་པ་དེ་ལྟར་ཞིབ་ཏུ་ཤེས་པར་བྱས་ནས་ལུས་ཅན་ཕྲ་མོ་དང་བཅས་པ་ཀུན་ལ་གནོད་པར་འགྱུར་བ་ཁོ་ན་ཡིན་པའི་ཕྱིར་དུག་ལྡན་གྱི་བཟའ་བཏུང་དེ་དག་ས་འོག་ལ་སོགས་པ་གཞན་དུ་དོར་བའམ་ལྷག་མ་མེད་པའི་ཐབས་ལ་ནན་ཏན་བྱའོ།།

འཚོ་བའི་མདོ་ལས། དུས་བཞིར་དྲོ་བབས་རན་པར་ཟས་ཟ་ངོམས་པར་སྐོམ་བཏུང་སྟེ། །ཐུག་པ་ཁུ་ཚན་ལ་སོགས་སྣུམ་ལྕི་དྲོད་ཀུན་སྔར་ཟ་ཞིང༌། །འབྲས་ལ་སོགས་པ་བསིལ་ཡང་ཕྱིས་ཟ་ཕྲད་མེད་ཕྱེ་མ་འགམ། །བབ་ཆོལ་ཧ་ཅང་འགྲངས་པར་ཟ་མིན་མྱོས་པར་ཆང་མི་བཏུང༌། །འབྲས་ཀྱིས་འགྲངས་རྗེས་ཕྱེ་ཟན་མི་ཟ་དྲོད་རྗེས་སྐོམ་མི་བཏུང༌། །སྐྱོ་མ་རན་པར་འཐུངས་ན་ལུས་བརྟ་མང་ན་རྒན་ལ་གསོད། །རོ་དྲུག་གང་ཡང་གཅིག་ལ་ཆེར་ཟོས་ནད་ལྡང་རན་པར་ཟ། །འགྲངས་པའི་རྗེས་ལ་ཉལ་པོ་བང་སྟོབས་རྟ་རྒྱུག་ལ་སོགས་སྤང༌། །ཤིང་ཏོག་སྔོ་ལྡུམ་མངས་ན་ནད་ལྡང་བ་མོས་ཕོག་པ་གནོད། །དབྱར་ཟླ་འབྲིང་པོའི་ཚེས་ལ་ལྡམ་ལྡུམ་མང་དྲགས་ནད་དུ་འགྱུར། །ནད་ཅན་ལུམས་གྱིས་དྲངས་ཏེ་མགྱོགས་ན་ནད་ལྡང་སྐྲན་དུ་འོང༌། །མཆིན་པ་གཡེར་མ་སྦངས་ཏེ་ཟོས་ན་ཅུང་ཟད་སྙིང་ལ་གནོད། །ཟས་མཆོག་སྦྲང་རྩི་མར་རྙིང་ཆ་མཉམ་ཟོས་ན་དུག་བཞིན་གནོད། །མི་མཉམ་ཆེ་ཆུང་བྱས་ཀྱང་ཟོས་རྗེས་ཆང་ཆུ་འཐུངས་ན་གནོད། །མ་ལངས་ཞོ་དང་ལངས་མ་ཐག་པའི་ཞོ་དྲོན་ནད་ཀུན་སློང༌། །ཆུ་བྱ་དབྱར་སྤང་ལྡུམ་མཆོག་ཀི་འུ་དབྱར་ཟླ་འབྲིང་པོའི་སྨན། །སྨན་འཐུང་ཤ་བའི་ཤ་གནོད་ག་གོན་ཞོར་འདྲེས་རིམས་སུ་འགྱུར། །བཙོང་སྲེག་སྦྲང་རྩིར་མི་འཕྲོད་ལྷན་ཅིག་ཟོས་ན་འཆི་བར་འགྱུར། །ཀི་འུ་སྣ་ཤ་ལྷན་ཅིག་ཟོས་ན་སྐྲན་ཡང་བྱེད། །དགུན་སྟོད་རྒྱ་གཡེར་ཟོས་ན་སྙིང་ན་དྲགས་ན་མིག་ཀྱང་ལྡོངས། །མར་ཚིལ་ཟོས་དང་མི་འཕྲོད་ལྷ་བ་ཟ་དྲགས་ན་སོ་འབྱུང༌། །བྲ་བོ་མང་དུ་ཟོས་པར་གྱུར་ན་རླུང་དང་ལུས་གཡའ་སྟེ། །ནུབ་མོ་ཆུ་འཐུངས་ཆང་དྲོན་ལ་ཕུག་རྙིང་དང་ཤ་སྐམ་སྤང༌། །ཉ་དང་ཁ་ཚ་མར་ཚིལ་མི་འཕྲོད་སྣོད་ཀྱང་གཅིག་མི་བྱ། །ཉ་དང་འོ་མ་ལྷན་ཅིག་མང་ཟོས་ནང་ན་ཟེར་མ་གནོད། །ཤིང་ཏོག་ཆང་ལ་སོགས་ཏེ་སྐྱུར་དང་ཤང་ཚེ་ལ་ཕུག་རློན། །ཉུང་རྙིང་འདི་རྣམས་གང་ཡང་འོ་མར་འཕྲོད་མིན་མང་ཟོས་གནོད། །འོ་ཚན་འཐུངས་རྗེས་ཆུ་གྲོག་འཐུངས་དང་རྒྱ་སྲན་ནག་པོ་གནོད། །ཟླ་བ་སྤྱང་གིས་ཟིན་ཚེ་ཟན་ཟོས་སོ་ན་ཤུ་བ་འབྱུང༌། །གནག་ཤ་རྟ་ཤ་ལྷན་ཅིག་ཟོས་ན་ལུས་ལ་གཡན་པ་འོང༌། །གནག་ཤ་ཕག་ཤ་ལྷན་ཅིག་ཟོས་ན་ལྟོ་བའི་སྲིན་བུ་སྐྱེད། །ཉ་དང་ཁྱིམ་བྱའི་ཤ་ཉིད་ལྷན་ཅིག་ཟོས་ན་སྐྲན་དུ་འགྱུར། །ཁྱིམ་བྱའི་སྒོ་ངའི་སྤྲི་དང་སྒོག་སྐྱ་ཟོས་ན་དབུགས་མི་བདེ། །ཁྱིམ་བྱའི་ཤ་དང་རི་བོང་ཤ་གཉིས་ལྷན་ཅིག་ཟོས་ན་ཅུང་ཟད་འཁྲུ། །ཤ་མོ་ཡུངས་མར་ནང་དུ་བརྔོས་པར་ཟོས་ན་ལུས་ལ་གནོད། །མ་ནུའི་ས་བོན་ཀ་པ་རྩམ་རྩི་སྦྲང་རྩིར་འཕྲོད་མ་ཡིན། །ལ་ཕུག་བུ་རམ་མི་འཕྲོད་ཞོ་དང་བྱ་གག་ཤ་མི་འཕྲོད། །ཅེས་པ་དང༌། སློབ་དཔོན་གྱིས། ཁ་ཟས་དག་ཀྱང་མི་མཐུན་ཟོས། །སྦྱར་དུག་འདྲ་བར་ཤེས་པར་བྱ། །རླན་ཅན་ཤ་དང་མོན་སྲན་གྲེའུ། །སྦྲང་རྩི་འོ་མ་མྱུ་གུ་ཅན། །པདྨའི་རྩ་བ་ལ་ཕུག་གམ། །བུ་རམ་དང་བཅས་མི་འཕྲོད་ཡིན། །ཁྱད་པར་དུ་ནི་འོ་མ་ཉ། །ཉ་རྣམས་ལས་ཀྱང་ཙི་ལི་རྩིམ། །འོ་མ་ལྷན་ཅིག་སྐྱུར་ཀུན་ནི། །མི་འཕྲོད་ཤིང་ཏོག་དེ་བཞིན་ནོ། །དེ་བཞིན་རྒྱ་སྲན་ཁྲེ་དག་དང༌། །བ་ལ་ཀུ་མུཥྛ་མི་འཕྲོད། །ལ་ཕུག་ལ་སོགས་སྔོ་དང་ནི། །ཟོས་ན་འོ་མ་སྤང་བར་བྱ། །ཕག་རྒོད་བྱི་དུར་ཤ་མི་ཟ། །ཁྱིམ་བྱ་སྲི་ཤ་ར་ཞོར་མིན། །ཤ་རློན་མཁྲིས་པ་དག་དང་ནི། །ལ་ཕུག་མ་ཤའི་ཚོད་མར་མིན། །ལེ་བརྒན་རྩི་ཚོད་ལུག་ཤར་མིན། །མྱུ་གུའི་ཚོད་མ་པད་རྩར་མིན། །མ་ཤའི་སྲན་ཚོད་བུ་རམ་ཞོ། །མར་འོ་ལི་གུ་རྩེ་འབྲས་མིན། །ཆུ་ཤིང་འབྲས་བུ་དར་བར་མིན། །ཏཱ་ལའི་འབྲས་བུ་ཞོར་མི་འཕྲོད། །ཚ་བ་གཉིས་པོ་བུ་རམ་དང༌། །སྦྲང་རྩི་ཀ་ཀ་མ་རྩིར་མིན། །དེ་ནི་ཉ་བཙོས་པའི་སྣོད་དང༌། །དོང་གྲ་བཙོས་པར་གཡོས་པ་མིན། །ཀ་མ་ཏ་ནི་སྣོད་གཞན་དུ། །བཙོས་ནས་ཉིན་མཚན་ལོན་མི་ཟ། །ཉ་བརྔོས་གྲ་ཡི་སྣུམ་ལ་ནི། །པི་པི་ལིང་བརྔོས་སྤང་བར་བྱ། །མར་གསར་འཁར་སྣོད་ཞག་བཅུ་ལོན། །གོ་བྱེའི་འབྲས་བུ་གྲོར་མི་ཟ། །བ་ས་སྲེག་ཤར་མི་འཕྲོད་ཅིང༌། །དར་བར་སྐོམ་པ་ལི་བཙོས་མིན། །འོ་ཐུག་དང་ནི་ཀྲི་ས་དང༌། །ཆང་དང་ལྷན་ཅིག་མི་འཕྲོད་སྤང༌། །སྦྲང་རྩི་མར་གསར་ཞག་ཏིལ་མར། །ཆུ་རྣམས་གཉིས་གཉིས་གསུམ་གསུམ་མམ། །མ་མཉམ་ལྷན་ཅིག་ཟོས་པ་དང༌། །ཕན་ཚུན་དག་ནི་མི་མཐུན་ནོ། །མར་སྦྲང་ཆ་ནི་མི་སྙོམས་ཡང༌། །ཆར་པའི་ཆུ་ནི་འཐུང་ན་གནོད། །སྦྲང་རྩི་པདྨའི་ས་བོན་དང༌། །སྦྲང་རྩི་འབྲུ་ཆང་ཁ་རར་མིན། །འོ་ཐུག་རྗེས་ལ་སྐྱོ་མར་མིན། །ཤ་མོ་ཡུངས་མར་བརྔོས་མི་འཕྲོད། །ཨུ་པོ་ཏ་ཀ་ཏིལ་ཚིགས་ལ། །བཙོས་པ་འཁྲུ་བར་བྱེད་པ་ཡིན། །བྱ་གར་ཤ་ནི་ཆང་དྭངས་དང༌། །ཀུ་ལ་མ་ཤའི་ཐུག་མི་འཕྲོད། །དེ་ཉིད་ཕག་རྒོད་ཚིལ་ལ་བརྔོས། །སྲོག་ནི་འཕྲལ་ལ་འཇོམས་པར་བྱེད། །དེ་བཞིན་སྲེག་པ་རྨ་བྱ་དང༌། །ལ་བ་ཀ་པིན་ཛ་ལ་སྲན། །ཨེ་རནྡ་ཡི་མེ་ལ་ནི། །ཨེ་རནྡ་མར་བརྔོས་མི་འཕྲོད། །ཧ་རི་ཏ་ཤ་སྐྱེར་པ་ཡི། །ཐུར་མ་དག་ལ་བསྐྱོན་ནས་ནི། །སྐྱེར་པའི་མེ་ལ་བསྲེགས་གྱུར་ན། །འཕྲལ་དུ་སྲོག་ནི་འཇོམས་པར་བྱེད། །དེ་ཉིད་ཐལ་བ་རྡུལ་གྱིས་གོས། །སྦྲང་རྩི་བྱས་པ་འཕྲོད་མ་ཡིན། །གང་ལ་ཉེས་པ་མ་སྦྱངས་པ། །མདོར་ན་དེ་ནི་མི་འཕྲོད་ཡིན། །ཉེས་འདིར་སྦྱང་བར་འདོད་པའམ། །ཡང་ན་དེ་དང་མི་མཐུན་པའི། །རྫས་དེ་ཉིད་ཀྱིས་དང་པོ་ནི། །ལུས་ནི་མངོན་པར་སྦྱང་བར་བྱ། །ཞེས་པ་དང༌། ཟླ་ཟེར་ལས། དེ་བཞིན་དུ་མི་མཐུན་པ་གཞན་དག་སྟེ། གྲང་བ་དང་དྲོ་བ་དང་གསར་པ་དང་རྙིང་པ་དང་བཙོས་པ་དང་མ་བཙོས་པ་དག་ནི་རླུང་དང་བད་ཀན་དང་མི་མཐུན་པའི་སྨན་རྣམས་ནི་བད་ཀན་གྱི་ཁམས་དང་མི་འཕྲོད་པར་འགྱུར་བ་ཡིན་ནོ། །ལ་ལ་ནི་ཕན་ཚུན་གཅིག་ལ་གཅིག་མི་འཕྲོད་པ་ཡིན་ལ། ཁ་ཅིག་ནི་སྦྱོར་བའི་དབང་གིས་ཕྲད་པ་ལས་མི་འཕྲོད་པ་དང༌། གཞན་དག་ནི་གཡོས་སུ་བྱས་པ་ལ་སོགས་པའི་དབང་གིས་མི་འཕྲོད་པ་དང༌། ཡང་གཞན་དག་ནི་དུས་དང་ཡུལ་དང་ཚད་ལ་སོགས་པས་མི་འཕྲོད་པ་ཡིན་པ་དང༌། དེ་བཞིན་དུ་རང་བཞིན་གྱིས་མི་འཕྲོད་པ་ཡང་ཡིན་ཏེ། གཞུང་རྩོམ་པར་བྱེད་པས་བསྡུས་པ་ལས་བཤད་པ། རྫས་མཐུ་དང་ལྡན་པ་དག་གིས་ནི་ཡོན་ཏན་ཕན་ཚུན་མི་མཉམ་པ་ཉིད་ཀྱིས་གཡོས་སུ་བྱས་པ་ལ་སོགས་པའི་དབང་གིས་མི་འཕྲོད་པར་འགྱུར་ཏེ། འོ་མ་ནི་རྒྱ་སྲན་ཀུ་ལཏྠ་དང་མི་འཕྲོད་ལ། པ་ན་ས་ནི་ཉ་དང་མི་འཕྲོད་པ་དང༌། མར་དྲོན་མོ་དང་སྦྲང་རྩི་དང་ཞོ་དྲོན་མོར་མི་འཕྲོད་པ་དང༌། ཚ་སྒོ་ཅན་གྱི་ཆུ་དང་ཕྱེར་བསྲེས་ཏེ་མཚན་མོ་ཟ་བ་མི་འཕྲོད་པ་དང༌། དེ་བཞིན་དུ་ཆུ་གཞན་དག་དང་ནས་འདྲར་མི་འཕྲོད་པ་ལྟ་བུའོ་ཞེས་དང༌། གང་ཡང་རུང་བའི་ཁ་ཟས་ལས་བྱུང་བའི་ཉེས་པ་ཁྲུས་དང་རློན་ལ་སོགས་པས་མ་སྦྱངས་པ་དེ་ནི་མདོར་ན་ཞེས་པ་མདོར་བསྡུ་ན་མི་འཕྲོད་པ་ཡིན་པས་བསྟེན་པར་མི་བྱའོ་ཞེས་དང་ཟས་མི་འཕྲོད་པ་ཟོས་པ་ལས་བྱུང་བའི་ཉེས་པ་འདི་ནི་སྦྱང་བ་ཞེས་བྱ་བའི་རློན་དང་ཁྲུས་ལ་སོགས་པའི་ཚུལ་བྱ་བ་ནི་འདོད་ཅིང་བསྔགས་པར་བྱ་བ་ཡིན་ནོ། །ཡང་ན་དེ་དང་མི་མཐུན་པའི་རྫས་ཀྱི་སྨན་གྱིས་ཞི་བར་བྱ་བ་འདོད་པ་ཡིན་ཏེ། མི་འཕྲོད་པའི་ཁ་ཟས་དེའི་གཉེན་པོར་གྱུར་པའི་སྨན་ཡོན་ཏན་གོ་ལྡོག་པ་ཡོད་པ་དེས་ཞི་བར་བྱ་བའི་ཡུལ་དང་དུས་ལ་ལྟོས་ནས་བྱ་བ་ཉིད་ཡིན་ནོ། །ཡང་ན་གང་ཕན་པར་འགྱུར་བའི་སྨན་དང་ཟས་ཀྱི་རྫས་དེ་ཉིད་ཀྱིས་དང་པོ་ཁོ་ནར་ལུས་མངོན་པར་སྦྱངས་ཤིང་ཕན་པའི་དཔྱད་དུ་བྱ་བ་སྟེ། མདོར་ན་དང་པོ་ཉིད་ནས་ཟས་ཕན་པ་ཉིད་ཟ་བར་བྱ་ཞིང་བསྟེན་པར་བྱའོ་ཞེས་པ་དང༌། དྲང་སྲོང་ཙ་ར་ཀས། མི་འཕྲོད་ཟས་ཟོས་ལས་གྱུར་ན། །རློན་དང་ཁྲུས་ཀྱིས་སྦྱང་བྱ་ཞིང༌། །རྣམ་པར་བསལ་ནས་ཞི་བ་འམ། །དང་པོར་འཕྲོད་པ་བསྟན་པས་སོ། །ཞེས་པ་ལྟར་རྟོགས་ཤིང་དཔྱད་པར་བྱ་དགོས་ཏེ།

སྦྱར་བ་དང་དངོས་ལྟ་བུའི་དུག་མ་ཡིན་ཡང་ཁ་ཟས་ཀྱི་བྱེ་བྲག་ཕན་ཚུན་ནུས་པ་མི་འཕྲོད་པ་འགའ་ཞིག་ཟོས་པ་ལ་བརྟེན་ནས་སྦྱར་དུག་དང་མཚུངས་པར་འགྱུར་བ་དག་ཀྱང་ཡོད་དེ། དེ་ཡང་ཞོ་མ་ལངས་པ་དང་ཆང་གསར་ལྷན་ཅིག་ཏུ་འཐུང་བ་མི་འཕྲོད་དེ། ཉའི་ཤ་དང་འོ་མ་གཉིས་ཀྱང་ནུས་པ་འཕྲོད་པར་གྱུར་པ་མིན་ནོ། །དེ་བཞིན་དུ་འོ་མ་དང་ཁམ་སྟར་ལ་སོགས་པའི་ཤིང་ཏོག་གཉིས་ཕན་ཚུན་མི་འཕྲོད་ཅིང༌། བྱའི་སྒོ་ང་དང་ཉའི་ཤ་ཡང་ལྷན་ཅིག་ཏུ་མི་འཕྲོད་པ་དང༌། སྲན་མའི་ཚོད་མ་དང་བུ་རམ་དང་ཞོ་གསུམ་པོ་ཡང་མཉམ་དུ་ཟ་བ་མི་འཕྲོད་པ་དང༌། སེར་ཤ་ལ་སོགས་པ་ཤ་མོའི་རིགས་སུ་གཏོགས་པ་ཀུན་ཀྱང་ཡུངས་ཀར་ནག་གི་མར་ལ་བརྔོས་པ་ཡང་མི་འཕྲོད་པ་དང༌། དེ་བཞིན་དུ་ཁྱིམ་བྱའི་ཤ་དང་ཞོ་བསྲེས་ནས་ཟ་བ་དང༌། སྦྲང་རྩི་མར་ནག་སྟེ་སྣུམ་དང་ཆ་མཉམ་པར་ཟོས་ན་འཕྲོད་པར་མི་འགྱུར་ཞིང༌། མར་གསར་འཁར་བ་དང་ཟངས་ཀྱི་སྣོད་དུ་ཞག་བཅུ་འམ་བཅུ་ལས་ལྷག་པ་ལུས་ཏེ་ཟ་བ་དང༌། སྐྱེར་པའི་མེ་ལ་བྱ་ཧ་རི་ཏྲ་ཤ་སྟེ་བྱ་ལྗང་གུ་ཞིག་ཡིན་པ་ཆ་མཐུན་ནེ་ཙོ་ཡིན་པ་སྐྱོགས་ལོས་བཤད་པ་དང༌། གཞན་རི་བོང་ཡིན་ཞེས། ལ་ལ་བྱ་སྲེག་པ་ཡིན་ཞེས་པ་ཟུར་མཁར་བས་ཀྱང་བརྗོད་མེད་དུ་བཞག་ཀྱང་ཁོ་བོ་ནི་ནེ་ཙོ་དང་རི་བོང་སོགས་ཀྱི་ཤ་སྐྱེར་པའི་མེ་ལ་བསྲེགས་པ་ཁྱི་ལ་སོགས་པར་བྱིན་ཀྱང་སྐྱོན་སྤུ་ཙམ་མི་འབྱུང་ལ་ཧ་རི་ནི་སེང་གེའི་སྐད་དོད་དེ་སེང་གེའི་ཤར་སེམས་ལ་ཤ་དེ་བསྲེགས་ཏེ་ཟ་བ་དང༌། ཅོང་ཞིའི་ཕྱེ་མ་ཟོས་པའི་རྗེས་ལ་ཤ་མོ་དང་ཁུར་བའི་བྱེ་བྲག་ཟ་བ་དང༌། ཞུན་མར་ཟོས་པའི་རྗེས་ལ་ཆུ་གྲང་སོགས་སྐོམ་གྲང་མོར་འཐུང་བ་དང༌། ཤ་རློན་པ་ལ་འོ་མ་དང་ཞོ་སོགས་དཀར་དང་ཆང་སོགས་སྐྱུར་དང་རྩམ་པའི་དྲི་མས་ཕོག་སྟེ་ཞག་ཏུ་ལུས་པ་ཟ་བ་དང༌། ཤ་བཙོས་པའི་རླངས་པ་ཕྱིར་མངོན་པར་བསུབས་ཏེ་ཞག་བདུན་ལོན་པ་ཟ་བ་དང༌། སྟར་བུ་དང་ཆུ་རྐང་སོགས་སྐྱུར་དུ་གཏོགས་པ་རྣམས་དང་འོ་མ་ལྷན་ཅིག་ཏུ་ཟ་བ་དང༌། གཞན་ཡང་ཁ་ཟས་ཕན་ཚུན་མཐུན་པ་དག་ཀྱང་སྔ་མ་ཟོས་པ་རྣམས་མ་ཞུ་བའི་ཁར་ཕྱི་མ་ཡང་ཡང་བསྟུད་ནས་ཚད་ལས་འདས་ཏེ་ཐལ་བར་ཟ་བའི་ཉེས་པ་དང༌། ཁ་ཟས་ཅུང་ཟད་མི་འཕྲོད་པ་དག་ཀྱང་མཉམ་དུ་ཟོས་པས་ན་ཕན་ཚུན་འཐབ་པར་འགྱུར་བ་དང༌། སྔར་ཟ་བར་མ་གོམས་པའི་བཟའ་བཏུང་བྱེད་པ་དང༌། དུས་མ་ཡིན་པ་བབ་ཆོལ་དུ་ཟོས་ཤིང་འཐུངས་པ་ལ་སོགས་པའི་རྐྱེན་དེ་རྣམས་ཀྱིས་ཀྱང་དུག་ཏུ་སོང་ནས་ཟུག་རྔུ་མི་བཟད་པས་འདེབས་ཤིང་སྲོག་གི་དབང་པོ་འཇོམས་པར་འགྱུར་ལ། གཞན་ཡང་བདེ་འདོད་རྣམས་ཀྱིས་རྟོག་དཔྱོད་དང་ལྡན་པའི་སྒོ་ནས་སྤང་བླང་ཤེས་པར་བྱོས་ཤིག

གོང་དུ་ཁ་ཟས་མི་འཕྲོད་པས་དུག་ལྟ་བུར་འགྱུར་ཚུལ་བཤད་མོད་དུ་ཟིན་ཀྱང༌། དམིགས་བསལ་དུ་ལུས་ཀྱི་རྩོལ་བཅས་ལ་རག་ལུས་པ་ཞུན་མར་ལ་སོགས་པ་སྣུམ་རྟག་ཏུ་བསྟེན་པ་དང་ཕོ་བའི་མེ་དྲོད་ཤིན་ཏུ་ཆེ་བ་དང༌། ན་སོ་དར་ལ་བབ་ཅིང་ལུས་ཀྱི་སྟོབས་དང་ལྡན་པ་དག་གིས་མི་འཕྲོད་པའི་ཁ་ཟས་འགའ་ཞིག་ཟོས་པར་གྱུར་ཀྱང་ནད་དུ་མི་འགྱུར་བ་དང༌། དེ་བཞིན་དུ་ཅུང་ཟད་ཅུང་ཟད་ཙམ་ནས་གོམས་པར་ཟོས་པ་ལའང་གནོད་པར་མི་འགྱུར་བ་དག་ཀྱང་ཡོད་ལ། རྣམ་པ་དེས་ན་སླར་ནས་ཁ་ཟས་མི་འཕྲོད་པ་བསྟེན་པར་འདོད་པ་འམ། གོམས་ཟིན་པ་སྤོང་བར་བྱེད་པ་དང༌། འཕྲོད་པའི་ཁ་ཟས་དག་ཀྱང་ཕྱིས་ནས་བསྟེན་པར་འདོད་དམ་སྔར་གོམས་འདྲིས་ཡིན་པ་སྤོང་བར་བྱེད་འདོད་ན་ཞག་ཉི་ཤུའམ་བཞི་བཅུའི་བར་དུ་བཞི་ཆ་དང་བཅུ་དྲུག་ཆའི་རེ་རེ་བཞིན་བསྣོན། འབྲིང་ཞག་གིས་བར་ཆོད་པར་བྱས་ཏེ་བསྟེན་པ་ལས་ལེགས་པར་འདྲིས་ཤིང་གོམས་པའི་སྒོ་ནས་ཆ་ཡིས་ཆ་ཡིས་བསླབ་པར་བྱ་བ་ཡིན་གྱི། འཕྲལ་དུ་གློ་བུར་མི་འོས་པ་སྤང་ཞིང་འོས་པ་བསྟེན་པར་གྱུར་ན་མི་འཕྲོད་པ་དང་འཕྲོད་པའི་ཟས་གང་རུང་ཡིན་དུ་ཟིན་ཀྱང་དེས་ཉེས་པ་མྱུར་དུ་འཁྲུགས་ཏེ་ལུས་ལ་གནོད་པར་འགྱུར་བ་དེའི་ཕྱིར་ན་གནོད་པར་བྱེད་པ་ཉེས་པ་གསུམ་དང་གནོད་པར་བྱ་བའི་བདག་ཉིད་ཅན་གཉིས་ཕན་ཚུན་ཤིན་ཏུ་ཉེ་བར་གྱུར་པ་ལས་བྱུང་བའི་ལུས་འདི་ཉིད་ལ་ཕན་པ་མེད་ཅིང་གནོད་པར་བྱེད་པའི་ཁ་ཟས་དང་སྤྱོད་ལམ་མཁས་པས་སྤང་བར་བྱ་ཞིང༌། ཉེས་པ་ལྡང་བ་རྣམས་ཕྱིར་བསལ་ནས་སླར་མི་སྐྱེ་བར་བྱ་བ་ནི་ཡོན་ཏན་ཐམས་ཅད་འཕེལ་བར་བྱེད་པའི་གཞི་ཡིན་ནོ་ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་གཉིས་པ་བཤད་པའི་རྒྱུད་ཀྱི་ཁ་ཟས་བསྡམས་པའི་ལེའུ་སྟེ་བཅུ་བདུན་པའོ།། །།



     

མཐའ་མའི་འདོན་ཐེངས་།: 05.09.2023 ཉིན། 11:27 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།