སྨན་རྩིས་དྲ་བ། - བཤད་རྒྱུད།

ལེའུ་བཅུ་པ། ནད་ཇི་ལྟར་འཇུག་པའི་ཚུལ་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 22.08.2011
བཤད་རྒྱུད། >> ལེའུ་བཅུ་པ། ནད་ཇི་ལྟར་འཇུག་པའི་ཚུལ་བསྟན་པ།

གསུམ་པ་ནད་ཇི་ལྟར་འཇུག་པའི་ཚུལ་བཤད་པ་ལ་གསུམ་སྟེ། ཉན་པར་གདམས་པ། གཞུང་དོན། །ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་པ་ནས་ཉོན་ཅིག་ཅེས་པའི་བར་གྱིས་བསྟན་ཏེ། ནད་ཀྱི་རྐྱེན་བསྟན་ཟིན་པ་དེ་ནས་ཡང་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །དེ་ཡང་ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ལ་སོགས་པའི་འཁོར་རྣམས་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་བཤད་དོ་ཞེས་གདམས་སོ། །གཉིས་པ་གཞུང་གི་དོན་བཤད་པ་ལ་གཉིས་ཏེ། ནད་ཇི་ལྟར་འཇུག་པའི་ཚུལ་དང༌། ནད་གང་དུ་བསྟན་པའི་གནས་བཤད་པའོ། །དང་པོ་ལ་བཞི། འཇུག་ཚུལ་དངོས། གནོད་བྱ་གནོད་བྱེད་ཀྱི་འབྲེལ་ཚུལ། ནད་དེ་ལྟར་འཇུག་པའི་རྒྱུ། དེ་རྒྱུ་བའི་ལམ་བཤད་པའོ། །དང་པོ་ལ་གཉིས། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི། སྔ་རབས་པ་རྣམས་ན་རེ། ནད་ཀྱི་རྒྱུ་ཉེས་པ་གསུམ་ཐ་མལ་དུ་གནས་པ་དེ་ལ་རྣམ་པར་འགྱུར་བའི་ནད་སྐྱེད་པར་བྱེད་པའི་རྐྱེན་དང་འཕྲད་པའི་དུས་སུ་ནད་ཇི་ལྟར་འཇུག་ཅེ་ན། འཕང་བྱའི་ཡུལ་ནི་གནོད་བྱ་ཟུངས་དང་དྲི་མ་བཅུ་པོ་འབེན་ལྟ་བུ་དེ་ལ། འཕེན་པར་བྱེད་པའི་རྐྱེན་ནི་དུས་གདོན་ཟས་སྤྱོད་བཞི་མདའ་འཕེལ་མཁན་གྱི་སྐྱེས་བུ་ལྟ་བུ་དེས་འཕེན་བྱེད་མདའ་ལྟ་བུའི་ཉེས་པ་རླུང་མཁྲིས་བད་ཀན་ལ་ཕོག་པ་དང༌། གནོད་བྱེད་ལ་ཕོག་པས། གནོད་བྱེད་དང་འབྲེལ་བ་དེ་ལས་ནད་འཇུག་པར་ཤེས་ཤིང་དཔག་པར་བྱའོ། །ཞེས་པ་དང༌། ཡང་ཁ་ཅིག་ན་རེ། དེ་ལྟར་ནད་ཀྱི་རྒྱུ་ཉེས་པ་གསུམ་པོ་ལ་རྣམ་པར་གྱུར་པའི་རྐྱེན་གྱིས་བསྐྱེད་ནས་ནི་ནད་ཞུགས་པའི་ཚུལ་ནི་འཕང་བྱའི་ཡུལ་ཟུངས་དང་དྲི་མ་སྟེ་གནོད་བྱ་བཅུ་པོ་འབེན་ལྟ་བུ། དེ་ལ་འཕེན་པར་བྱེད་པའི་རྐྱེན་མདའ་འཕངས་པའི་སྐྱེས་བུ་ལྟ་བུ་སྟེ། དེ་ཡང་དུས་གདོན་ཟས་སྤྱོད་རྣམ་པ་བཞི་པོ་ཡི་འཕེན་བྱེད་མདའ་ལྟ་བུ་དེ་ཉེས་གསུམ་གང་རུང་གཅིག་ལ་འཕོག་པ་དང༌། གནོད་བྱ་གནོད་བྱེད་ལ་ནད་གང་ཡིན་རྗེས་སུ་དཔག་པར་བྱ་སྟེ་ངོས་ཟིན་པར་བྱའོ། །ཞེས་ཟེར་རོ། །འདི་གཉིས་ཀས་བྱ་བྱེད་ལས་གསུམ་གྱི་རྣམ་པར་གཞག་པ་མ་ཤེས་པས་ནོངས་ཏེ། དེ་ཡང་སྔ་མས་ནི་དཔེ་སྐྱེས་བུ་དང་མདའ་གཉིས་ཀ་ལ་འཕེན་བྱེད་ཅེས་བྱེད་པ་པོའི་སྒྲ་སྦྱར་ཞིང༌། མདའ་ལྟ་བུའི་དོན་དེ་ཉེས་པ་ལ་བྱེད་པ་དང༌། གང་འཕང་བྱའི་ཡུལ་གནོད་བྱ་ཡིན་ནོ་ཞེས་གོང་དུ་བཤད་ནས་འོག་ཏུ་རླུང་མཁྲིས་བད་ཀན་ལ་འཕོག་པས་ཞེས་ནང་འགལ་བ་དང༌། འདོད་པ་ཕྱི་མས་ཀྱང༌། དུས་གདོན་ཟས་སྤྱོད་རྣམས་དཔེ་མདའ་རུ་བཀོད་ནས་འཕེན་བྱེད་ཀྱི་སྐྱེས་བུ་ལྟ་བུ་རྐྱེན་ལ་བྱེད་པའང་མི་རིགས་ཏེ། དུས་གདོན་སོགས་ལས་གཞན་པའི་རྐྱེན་མེད་པའི་ཕྱིར། དེ་ལྟ་ན་རྐྱེན་བཞི་པོ་དེས་བྱ་བ་བྱེད་པ་པོ་གཉིས་ཀ་བྱེད་པར་འགལ་ཞིང༌། གཉིས་ཀས་ཀྱང་འབེན་གནོད་བྱ་ལ་ངོས་བཟུང་བའི་རྗེས་སུ། མདའ་ཉེས་པ་ལ་འཕོག་པར་བཤད་པ་དང༌། ཁྱད་པར་མདའ་ལྟ་བུ་ལའང་འཕེན་བྱེད་ཅེས་པའི་སྒྲ་སྦྱར་བས་ན་བྱ་བྱེད་གཅིག་ཏུ་ཐལ་བའི་སྐྱོན་སོགས་མང་དུ་སྣང་བས་མི་འཐད་དོ།

གཉིས་པ་ཚིག་གི་དོན་ནི། དེ་ལྟར་ཞེས་པ་ནས་འབྲེལ་བས་དཔག་ཅེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་གོང་དུ་བཤད་ཟིན་པའི་ཚུལ་གྱིས་ཉེས་པའི་རྒྱུ་ལ་སོགས་པ་རྣམས་ལ་སྐྱེ་མཆེད་སོགས་ཀྱི་རྐྱེན་གྱིས་ནད་བསྐྱེད་པར་བྱས་ནས་འཛུག་པའི་ཚུལ་ནི་ཇི་ལྟ་བུ་ཞིག་གོ་སྙམ་ན། འདི་ནི་བྱ་བྱེད་ལས་གསུམ་གྱི་དབང་དུ་བྱས་ནས་གསུངས་ཏེ། དཔེར་ན་མདའ་ལྟ་བུ་གང་ལ་འཕང་བར་བྱ་བའི་ཡུལ་རླུང་མཁྲིས་བད་ཀན་གསུམ་པོ་འབེན་ལྟ་བུ་དེ་ལ། འཕེན་པར་བྱེད་པའི་རྐྱེན་དེ་ནི་དུས་གདོན་ཟས་སྤྱོད་དང་རྣམ་པ་བཞི་པོ་མི་ལྟ་བུ་དེ་ཡིས། རླུང་མཁྲིས་བད་ཀན་གྱི་མཚན་ཉིད་དང་རྗེས་སུ་མཐུན་པའི་ལྕི་བ་ལ་སོགས་པའི་ཡོན་ཏན་རྣམས་འཕང་བར་བྱ་བ་མདའ་ལྟ་བུ་དེ་འཕངས་པས་རླུང་མཁྲིས་བད་ཀན་གསུམ་པོ་གང་རུང་ཞིག་ལ་འཕོག་པ་དང༌། གཞན་གཉིས་ཀྱང་འཁྲུག་པར་འགྱུར་ལ། དེ་རྣམས་འཁྲུགས་པའི་ཚེ་འོག་ནས་འབྱུང་བ་ལྟར་ལུས་ཟུངས་དང་དྲི་མ་ཡང་འཇོམས་པར་བྱེད་དེ། ཅིའི་ཕྱིར་ཞེ་ན། ནད་ཟུངས་དྲི་མ་དེ་རྣམས་ཕན་ཚུན་རྟེན་དང་བརྟེན་པའི་ཚུལ་དུ་གནས་པའི་འབྲེལ་བ་ལས་རྗེས་སུ་དཔག་པར་བྱ་དགོས་པ་ཉིད་ཀྱི་ཕྱིར་རོ། །དེ་ཡང་ངག་དོན་དུ་ན་ལྕི་རྟུལ་སོགས་ཀྱི་ཡོན་ཏན་མདའ་ལྟ་བུ་ནི་བྱ་བ་དང༌། དུས་ལ་སོགས་པའི་རྐྱེན་བཞི་པོ་མདའ་འཕེན་མཁན་གྱི་གང་ཟག་ལྟ་བུ་བྱེད་པ། ཡུལ་རླུང་སོགས་གསུམ་པོ་འབེན་ལྟ་བུ་དེ་ལ་ལས་ཞེས་རྟོགས་པར་བྱའོ། །གཉིས་པ་གནོད་བྱ་གནོད་བྱེད་ཀྱི་འབྲེལ་ཚུལ་བཤད་པ་ལ་གཉིས་ཏེ། སྤྱིའི་དོན་དང་ཚིག་གི་དོན་ནོ། །དང་པོ་ནི། ཟླ་ཟེར་ལས། ཁྱབ་བྱེད་དྭངས་མ་ལུས་ཟུངས་རྣམས། །འཐོར་བས་འོས་པའི་ལས་ཀྱི་ནི། །ཅིག་ཅར་རྒྱུན་མི་འཆད་ཀུན་ཏུ། །ལུས་ལ་རྟག་ཏུ་རྣམ་པར་འཐོར། །ཞེས་བྱ་བ་ལ། རླུང་ཁྱབ་བྱེད་ཀྱི་དྭངས་མ་དང་ལུས་ཟུངས་རྣམས་ལུས་ལ་འཐོར་ཞིང་ཁྱབ་པར་བྱེད་པ་ཡིན་ནོ། །དེ་ཡང་འཐོར་ཞིང་ཁྱབ་པར་བྱེད་པ་འོས་པའི་ལས་དང༌། དེ་དང་འཚམ་པའི་རང་བཞིན་དུ་གྲུབ་པ་གང་ཡིན་པ་དཔེ་ཅིག་ཅར་རྒྱུན་མི་འཆད་ཅིང་བར་ཆད་མེད་པར་ལུས་ལ་རྟག་ཏུ་རྣམ་པར་འཐོར་ཞིང་ཁྱབ་པར་བྱེད་པ་ཡིན་ནོ། །གཏོར་ཚེ་བུ་གའི་སྐྱོན་གྱི་ནི། །དྭངས་མ་གང་དུ་ཆགས་གྱུར་པ། །དེར་ནི་གནོད་པ་སྐྱེད་བྱེད་དེ། །མཁའ་ལ་སྤྲིན་ཆགས་ཆར་འབབ་མཚུངས། །ཞེས་བྱ་བ་ལ། དྭངས་མའི་ཟས་རབ་ཏུ་སྒྲུབ་པར་བྱེད་པ་ཞེས་བྱ་བ་དེ་རླུང་ཁྱབ་བྱེད་ཀྱིས་གཏོར་བའི་ཚེ་བུ་ག་ལ་ནད་ཀྱི་འཁྲུགས་པའི་རྐྱེན་གྱིས་དྭངས་མ་ཕྱོགས་གང་དུ་ཆགས་ཤིང་གནས་པར་གྱུར་པའི་ལུས་ཀྱི་ཕྱོགས་དེར་གནོད་པ་བྱེད་ཅིང་ནད་སྐྱེད་པར་བྱེད་དོ། །དེའང་ཇི་ལྟར་ནམ་མཁའི་བར་སྣང་ལ་སྤྲིན་ཆགས་པར་གྱུར་ན་དེ་ལས་ཆར་འབབ་པར་འགྱུར་བ་དང་མཚུངས་སོ། །ནད་ཀྱང་མ་སྙོམས་གྱུར་བ་ལས། །ཕྱོགས་གཅིག་འདུས་ནས་ལྡང་བར་འགྱུར། །ཞེས་བྱ་བ་ལ། རླུང་ལ་སོགས་པའི་ནད་རྣམས་ཀྱང་ཚུལ་དེ་བཞིན་དུ་མ་སྙོམས་པར་གྱུར་པ་ལས་ཕྱོགས་གཅིག་ཏུ་འདུས་ནས་གནས་ཀྱི་སྐྱོན་གྱིས་ནད་བསྐྱེད་པར་འགྱུར་རོ། །ཞེས་བཤད་པས། ཕལ་ཆེར་གྱི་བུ་གའི་རྐྱེན་གྱིས་ཞེས་པ་མ་དག་སྟེ། ཉེས་པ་གསུམ་པོ་གང་རུང་གི་སྐྱོན་དང་ལྡན་པའི་བུ་ག་དེར་ནད་དང་རྒྱུ་མཐུན་པའི་དྭངས་མ་ཆགས་པ་ལས་ནད་གསོག་ལྡང་བྱེད་པའི་དོན་ཡིན་པས་སོ། །དེ་ཡང་གོང་དུ། དྭངས་མ་ཉེར་འཕེལ་སྒོ་ནི་བུ་ག་སྟེ། །ཞེས་སོགས་དང༌། སློབ་དཔོན་གྱིས། འཕེལ་དང་ཟད་པར་བྱེད་པའི་སྨན། །གཅིག་གི་གང་ཡིན་གཞན་གྱིའང་དེ། །རུས་པ་རླུང་གཉིས་འདི་ལ་མིན། །ཞེས་གསུངས་པ་དང་མཐུན་པར་འཆད་དགོས་པའི་ཕྱིར་རོ། །

གཉིས་པ་ཚིག་གི་དོན་ནི། དེ་ཡང་ཞེས་པ་ནས་ཁོ་ནར་ལྡང་ཞེས་པའི་བར་གྱིས་བསྟན་ཏེ། ཉེས་པ་འཁྲུགས་པས་ལུས་ཟུངས་དང༌། དྲི་མ་རྣམས་ལ་གནོད་པར་བྱེད་པ་དེ་ཡང་རླུང་ལ་སོགས་པའི་ནད་དང༌། རྒྱུ་རྗེས་སུ་མཐུན་པའི་ཟས་ཡང་རྩུབ་དང་ལྡན་པའམ། ཚ་རྣོ་དང་ལྡན་པའམ། ལྕི་བསིལ་དང་ལྡན་པ་ལྟ་བུ་གང་ཡང་རུང་བ་རྣམས་ཀྱི་ཟས་ཟོས་པ་ཕོ་བར་བསྲེག་བཞུ་བྱས་པའི་དྭངས་མའི་བཅུད་དེ་ཁྱབ་བྱེད་ཀྱི་རླུང་གིས་ཟུངས་རྒྱུ་བའི་བུ་ག་རྣམས་སུ་གཏོར་བ་དེའི་ཚེ། ཡང་རྩུབ་ཀྱི་ཟས་ལ་བྱུང་བའི་དྭངས་མ་དེ་རླུང་གི་གནས་གང་དུ་ཆགས་པར་འགྱུར་བ་ལས་རུས་པའི་བུ་ག་རླུང་གི་སྐྱོན་དང་ལྡན་པ་ཉིད་དང༌། དེའི་དུས་དང་ལྷན་ཅིག་པར་རླུང་བསྐྱེད་པར་འགྱུར་བའི་སྤྱོད་ལམ་གྱིས་ནད་དུ་འགྱུར་ཏེ། དེ་བཞིན་དུ་ཚ་རྣོའི་ཟས་ལས་བྱུང་བའི་དྭངས་མ་དེ་ཡང་ཁྱབ་བྱེད་ཀྱིས་གཏོར་བས་ཁྲག་གི་གནས་སུ་ཆགས་པར་འགྱུར་ལ། དེའི་ཚེ་ཁྲག་རྒྱུ་བའི་བུ་ག་མཁྲིས་པའི་སྐྱོན་དང་ལྡན་པ་ཉིད་དང༌། ཁྲག་འཕེལ་བའི་སྤྱོད་ལམ་གྱིས་ནད་དུ་འགྱུར་ཞིང༌། ལྕི་བསིལ་གྱི་གནས་ལས་བྱུང་བའི་དྭངས་མ་དེ་ཡང་ཤ་ཚིལ་ལ་སོགས་རྒྱུ་བའི་བུ་ག་བད་ཀན་གྱི་སྐྱོན་དང་ལྡན་པ་དེ་དང་བད་ཀན་འཕེལ་འགྱུར་གྱི་སྤྱོད་ལམ་གྱི་དབང་གིས་ནད་དུ་འགྱུར་ལ། དེའང་རླུང་སོགས་རང་རང་གི་རྒྱུ་དང་རྗེས་སུ་མཐུན་པའི་དངས་མ་དེ་རྣམས་རང་རང་གི་གནས་སུ་ངེས་པར་ཆགས་པར་འགྱུར་བའི་རྒྱུ་མཚན་ཡང༌། གནས་དེ་དང་དེར་གནས་པའི་ཉེས་པ་རང་རང་གི་མཚན་ཉིད་རྗེས་སུ་མཐུན་པས་འཛིན་ཞིང་མི་གཏོང་བར་བྱེད་པ་ཡིན་ནོ། །དེ་ཡང་དཔེར་ན་དབྱར་ཁའི་ནམ་མཁའ་ལ་རྒྱ་མཚོ་ལས་འོངས་པ་ལྷོ་ཕྱོགས་ཀྱི་སྤྲིན་ཆུང་ངུ་ཆུང་ངུ་ནས་འདུས་ཤིང་བསགས་ཏེ་གདོད་ཆར་འབབ་པ་ཇི་ལྟ་བ་བཞིན་དུ། བུ་གའི་སྐྱོན་དང་ཟས་སྤྱོད་རིགས་མཐུན་ཕྲད་པའི་དབང་གིས་རླུང་མཁྲིས་བད་ཀན་རང་རང་གི་གནས་སུ་འཕེལ་ཞིང་གསོག་པར་བྱེད་ལ། བསགས་པ་དེ་ལས་སླར་ཡང་དུས་གདོན་སོགས་ཀྱི་རྐྱེན་དང་ཕྲད་ན་ངེས་པ་ཁོ་ན་སྟེ། གདོན་མི་ཟ་བར་ལྡང་བར་བྱེད་པ་ཡིན་པས་ན། བུ་གའི་རྒྱུན་ལ་མི་གནོད་པའི་ཟས་བསིལ་དྲོད་སྙོམས་པ་ཁོ་ན་བསྟེན་པར་གྱིས་ཤིག ཅེས་བྱ་བའི་དོན་ཏོ། །

བཞི་པ་ནད་དེ་དག་རྒྱུ་བའི་ལམ་བཤད་པ་ལ་གཉིས་ཏེ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། དང་པོ་ནི། ནད་རྣམས་འཇུག་སྒོ་དྲུག་དུ་ཇི་ལྟར་འཇུག་པའི་ཚུལ་ལ། སྔ་ཕྱིའི་འགྲེལ་པ་བཅུ་གསུམ་ཙམ་མཐོང་བ་གང་ནའང་གསལ་བར་མི་འདུག་ཀྱང་འདི་ལྟར་དཔྱད་དགོས་ཏེ། རྩ་རྒྱུད་དང་བདུད་རྩི་སྙིང་པོ་ལ་སོགས་པར། དེ་དག་འཕེལ་དང་ཟད་པར་གྱུར་ནས་ནི། །པགས་ལ་གྲམ་ཞིང་ཤ་ལ་རྒྱས་པ་དང༌། །རྩ་རུ་རྒྱུག་ཅིང་རུས་ལ་ཞེན་པ་དང༌། །དོན་ལ་འབབ་ཅིང་སྣོད་དུ་ལྷུང་བའོ། །ཞེས་འབྱུང་བས། རླུང་ལ་སོགས་པ་འཕེལ་ཟད་དུ་གྱུར་པ་ཀུན་ཀྱང་འདི་དྲུག་གི་ཚུལ་གྱིས་འཇུག་གམ་མི་འཇུག །འཇུག་ན་གོ་རིམ་ཇི་ལྟ་བ་བཞིན་དུ་འཇུག་གམ་འཆོལ་བར་འཇུག །མི་འཇུག་ན་དེའི་ཤེས་བྱེད་ཇི་ལྟ་བུ་ཞེས་རྩོད་པ་ན་འདི་ལྟར་བཤད་པར་བྱ་སྟེ། དེ་ལ་རླུང་ལ་སོགས་པ་འཕེལ་ཟད་རེ་རེ་ཡང་འཇུག་སྒོ་དྲུག་ག་ལ་ངེས་པར་འཇུག་པར་ཤེས་དགོས་ཏེ་འདི་དང༌། མན་ངག་རྒྱུད་གཉིས་ཀའི་ནད་ཀྱི་དབྱེ་བའི་སྐབས་སུ། གནས་ཀྱི་དབྱེ་ན་སྒོ་དྲུག་དབང་པོ་བདུན། །ཞེས་པ་རླུང་མཁྲིས་བད་ཀན་གསུམ་གའི་སྐབས་སུ་བྱུང་བ་དང༌། རྩ་རྒྱུད་སོགས་དང་གཞུང་ཚིག་འདི་ཉིད་ཀྱི་སྐབས་ཁོ་ནས་ཀྱང་ཤེས་པའི་ཕྱིར་འཇུག་ཚུལ་ཡང་རིམ་པ་ལྟར་ཤེས་དགོས་ཏེ། མན་ངག་རྒྱུད་དང་བདུད་རྩི་བུམ་པ་སོགས་ལས། འཇུག་སྒོ་དྲུག་ཏུ་རིམ་པས་འཇུག་པའམ། །ཞེས་པ་དང༌། ཡན་ལག་བརྒྱད་པར། གནས་ནི་གཟུགས་ཅན་ལུས་ཏེ་ཕྱི་ནང་གསུམ། །ཞེས་བཤད་པའི་རིགས་པས། ནད་གང་ཡང་ཐོག་མར་པགས་པ་དང་ཤ་བར་དུ་རྩ་དང་རུས་པ། ཐ་མར་དོན་དང་སྣོད་དུ་རིམ་པས་འཇུག་པ་ཤས་ཆེ་ཞིང༌། རིགས་པས་ཀྱང་དེ་ལྟར་མཐོང་བའི་ཕྱིར་རོ། །གཉིས་པ་ཚིག་གི་དོན་ནི། ལམ་དྲུག་ཅེས་པ་རྐང་པ་གཅིག་སྟེ། གོང་དུ་བཤད་པ་ལྟར་ནད་རྣམས་རང་གནས་སུ་བསགས་པ་རྐྱེན་དང་ཕྲད་ནས་ལྡང་བ་དེའི་ཚེ་པགས་པ་ལ་སོགས་པ་ལམ་དྲུག་ལ་ཞུགས་ནས་རང་རང་གི་རྟགས་དང་བཅས་ཏེ་ལུས་ཅན་རྣམས་ལ་བདེ་བ་མེད་པའི་ནད་འབྱུང་བར་འགྱུར་ཏེ། དེ་ཡང་ཐོག་མར་པགས་པ་ལ་གྲམ་ཞིང་ཤ་ལ་རྒྱས་པ་དང༌། བར་དུ་རྩ་རྣམས་ལ་རྒྱུག་ཅིང་རུས་ལ་ཞེན་པ་དང༌། ཐ་མར་དོན་ལྔ་ལ་འབབ་ཅིང་སྣོད་དྲུག་ལ་ལྷུང་བ་ལས། བདེ་བ་མེད་པའི་ནད་ཀྱིས་འཇོམས་པར་བྱེད་པ་ཡིན་ནོ།།

གཉིས་པ་ནད་གང་དུ་བརྟེན་པའི་གནད་བཤད་པ་ལ་གཉིས་ཏེ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི། ཟླ་ཟེར་ལས། ཞུ་བའི་གནས་དང་སྐེད་པ་དཔྱི། །རྣ་བ་རུས་པ་རེག་དབང་པོ། །རླུང་གནས་ཡིན་ཏེ་དེ་ལས་ཀྱང༌། །ཞུ་བའི་གནས་སུ་ཁྱད་པར་གནས། །ཞེས་བྱ་བ་ལ། རླུང་གི་གནས་ནི་ཞུ་བའི་གནས་ལ་སོགས་པ་ཡིན་ཏེ། དེ་ལ་ཞུ་བའི་གནས་ཏེ་ལྟེ་བའི་འོག་དང༌། སྐེད་པ་དང༌། དཔྱི་དང༌། རྣ་བ་དང༌། རུས་པ་དང༌། རེག་པའི་དབང་པོ་སྟེ་པགས་པ་རྣམས་ཡིན་ལ། དེ་རྣམས་ཀྱི་ནང་ནས་ཀྱང་ཞུ་གནས་ནི་རླུང་གི་ཁྱད་པར་གྱི་གནས་ཡིན་ཏེ། ཟས་ཞུ་བ་རྣམས་གང་ན་གནས་ཤིང་བརྟེན་པ་དེ་ནི་རླུང་གི་གནས་ཡིན་ནོ། །མཁྲིས་གནས་ལྟེ་བ་ཕོ་བ་རྔུལ། །ཆུ་སེར་དྭངས་མ་ཁྲག་དང་ནི། །མིག་དང་པགས་པ་དག་ཡིན་ཏེ། །དེ་ལས་ལྟེ་བ་ཁྱད་པར་གནས། །ཞེས་བྱ་བ་ལ། མཁྲིས་པའི་གནས་ནི་ལྟེ་བ་ལ་སོགས་པ་ཡིན་ཏེ། ཕོ་བ་ནི་ལྟེ་བ་ཡན་ཆད་ཀྱི་མ་ཟུ་བ་སྤྱི་ལ་བྱའོ། །ཆུ་སེར་ནི་པགས་དང་ཤ་མཐང་ན་ཆུར་གནས་ཏེ་འདུག་པ་ལ་བྱ་སྟེ། པགས་པ་འཕྲུགས་པ་ལས་ཆུའི་རྣམ་པ་འབྱུང་བ་སྣང་བའོ། །དྭངས་མ་ཁྲག་ནི་ལུས་ཟུངས་དང་པོ་དང་གཉིས་པའོ། །མིག་ནི་མིག་གི་དབང་པོའོ། །པགས་པ་ནི་རེག་བྱའི་དབང་པོ་སྟེ། དེ་ནི་རླུང་གི་གནས་ཡིན་པར་བསྟན་མོད་ཀྱི། མཁྲིས་པའི་མིང་ཡང་དེ་ཉིད་དེ། རླུང་གི་གྲོགས་ཡིན་པའི་ཕྱིར་རོ། །འདིར་གནས་དེ་དག་ལས་ཀྱང་ལྟེ་བ་ནི་ཁྱད་པར་གྱི་གནས་ཡིན་ནོ། །བད་ཀན་བྲང་དང་མགུལ་པ་མགོ་ །གློ་བ་རུས་ཚིགས་མ་ཞུའི་གནས། །དྭངས་མ་ཚིལ་དང་སྣ་ལྕེར་གནས། བྲང་ནི་ཁྱད་པར་དག་གི་གནས། །ཞེས་བྱ་བ་ལ། བད་ཀན་གྱི་གནས་ནི་བྲང་ལ་སོགས་པ་ཡིན་ནོ། །དེ་ལ་བྲང་ནི་ཐོང་གའི་གནས་སོ། །མགུལ་པ་ནི་ལྐོག་མའོ། །མགོ་བོ་ནི་སྤྱི་བོའོ། །གློ་བ་ནི་ཁོང་བའི་ནང་ཆ་ཡིན་ནོ། །ལུས་ཀྱི་ཡན་ལག་གི་དབྱེ་བ་དང་ལས་འོག་ནས་འཆད་དོ། །རུས་ཚིགས་ནི་ཚིགས་ཀྱི་མདུད་པའོ། །ཕོ་བའི་གནས་ནི་ལྟེ་བ་ཡན་ཆད་དོ། །དངས་མ་ལ་སོགས་པ་ནི་གོ་བར་ཟད་དོ། །འདིར་གནས་པ་འདི་རྣམས་ཀྱི་ནང་ནས་བྲང་ནི་བད་ཀན་གྱི་ཁྱད་པར་གྱི་གནས་ཡིན་ནོ། །ཞེས་བཤད་པས། པགས་པ་ནི་རླུང་མཁྲིས་ཀྱི་ཐུན་མོང་གི་གནས་དང༌། དེ་བཞིན་དུ་དངས་མ་ནི་བད་མཁྲིས་གཉིས་ཀྱི་ཐུན་མོང་གི་གནས་དང༌། ཚིགས་པ་རྣམས་ནི་བད་རླུང་གཉིས་ཀྱི་ཐུན་མོང་གི་གནས་ཡིན་པར་ཤེས་པར་བྱའོ། །འདིར་འགའ་ཞིག་ན་རེ། ལེའུ་འདི་ཁོ་ནར་གོང་དུ། དེ་ཡང་རླུང་ནི་རུས་པ་ལ་གནས་ཏེ། ཞེས་སོགས་དང་འདི་གཉིས་ཟློས་སོ་ཞེ་ན་མ་ཡིན་ཏེ། གོང་མ་ནི་རྣམ་པར་མ་གྱུར་པའི་ཉེས་པ་ཁོ་ནའི་གནས་བཤད་པ་ཡིན་ལ། འདི་ནི་ཉེས་པ་སྟེ་རྣམ་པར་གྱུར་ནས་འཕེལ་ཟད་དུ་གྱུར་པ་འཇུག་སྒོ་རྣམས་སུ་ཞུགས་ཟིན་པའི་གནས་བཤད་པས་ཁྱད་པར་ཤིན་ཏུ་ཆེ་བ་ཡིན་ནོ། །གཉིས་པ་ཚིག་གི་དོན་ལ་གསུམ་སྟེ། རླུང་གི་གནས། མཁྲིས་པའི་གནས། བད་ཀན་གྱི་གནས་བཤད་པའོ། །དང་པོ་ནི། དེ་ལྟར་ཞེས་པ་ནས་གནས་པ་ཡིན་ཞེས་པའི་བར་གྱིས་བསྟན་ཏེ། འདི་གསུམ་ག་ཡང་སྤྱི་དང་ཁྱད་པར་གྱི་གནས་གཉིས་གཉིས་ཀྱི་སྒོ་ནས་འཆད་པ་སྟེ། དེ་ཡང་རྒྱུ་རྐྱེན་གྱི་དབང་གིས། ནད་བསགས་ཤིང་ལངས་པ་འཇུག་སྒོ་དྲུག་ཏུ་དེ་ལྟར་ཞུགས་ནས་ལུས་ཀྱི་ཆ་ཤས་གང་དུ་བརྟེན་པའི་གནས་ནི་གང་ཞེ་ན། ཞུ་བའི་གནས་རྒྱུ་ལོང་དང༌། དཔྱི་མིག་དང༌། རུས་པ་དང༌། ཚིགས་པ་རྣམས་དང༌། རེག་བྱ་སྟེ་པགས་པ་དང༌། རྣ་བའི་དབང་པོ་རྣམས་ནི་རླུང་གི་གནས་ཡིན་ཏེ། དེ་རྣམས་སུ་རང་དང་རྗེས་སུ་མཐུན་པའི་ནད་རྟགས་རྣམས་འབྱུང་ཞིང༌། ཁྱད་པར་དུ་ཟས་ཞུ་བའི་གནས་ལོང་ན་གཙོ་ཆེར་གནས་པར་བྱེད་པ་ཡིན་ནོ།།

གཉིས་པ་མཁྲིས་པའི་གནས་ནི། མཁྲིས་གནས་ཞེས་པ་ནས་བར་ན་གནས་ཞེས་པའི་བར་གྱིས་བསྟན་ཏེ། རྣམ་པར་གྱུར་པའི་མཁྲིས་པའི་གནས་ནི་ལྟེ་བ་ནས་ཕོ་བའི་བར་ཞུ་མ་ཞུའི་མཚམས་དང༌། ཁྲག་དང༌། རྔུལ་དང༌། ཟས་ཀྱི་དངས་མ་དང༌། ཆུ་སེར་དང༌། མིག་གི་དབང་པོ་དང༌། པགས་པ་རྣམས་ལ་གནས་པ་ཡིན་ཏེ། དེ་རྣམས་རང་གི་མཚན་ཉིད་རྗེས་སུ་མཐུན་པའི་ནད་རྟགས་འབྱུང་ཞིང༌། ཁྱད་པར་ཟས་ཞུ་བ་ལོང་དང་མ་ཞུ་བ་ཕོ་བ་གཉིས་ཀྱི་བར་གནས་པར་བྱེད་པ་ཡིན་ནོ། །གསུམ་པ་བད་ཀན་གྱི་གནས་ནི། བད་ཀན་ཞེས་པ་ནས་ཞེས་གསུངས་སོ་ཞེས་པའི་བར་གྱིས་བསྟན་ཏེ། རྣམ་པར་གྱུར་པ་བད་ཀན་གྱི་གནས་ནི་བྲང་དང༌། མགུལ་བ་དང༌། གློ་བ་དང༌། མགོ་བོ་དང༌། དངས་མ་དང༌། ཤ་དང༌། ཚིལ་དང༌། རྐང་མར་དང༌། བཤང་གཅི་གཉིས་དང༌། སྣ་ལྕེའི་དབང་པོ་རྣམས་ལ་གནས་རང་དང་རྗེས་སུ་མཐུན་པའི་ནད་རྟགས་བསྟན་པར་འགྱུར་ཞིང༌། ཁྱད་པར་དུ་མ་ཞུ་བའི་གནས་ཕོ་བ་ན་གཙོ་ཆེར་གནས་པར་བྱེད་པ་ཡིན་ནོ་ཞེས་གསལ་བར་གསུངས་སོ། །གསུམ་པ་ལེའུའི་མཚན་ནི། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་གཉིས་པ་བཤད་པའི་རྒྱུད་ཀྱི་ནད་འཇུག་ཚུལ་གྱི་ལེའུ་སྟེ་བཅུ་པའོ་ཞེས་བྱ་བའི་དོན་ཏོ།། །།

 

མཐའ་མའི་འདོན་ཐེངས་།: 22.08.2011 ཉིན། 4:47 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།