སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་བཅུ་པ། གཅོང་ཆེན་དམུ་ཆུ་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.08.2011
མན་ངག་རྒྱུད། >> ལེའུ་བཅུ་པ། གཅོང་ཆེན་དམུ་ཆུ་བཅོས་པ།

ལེའུ་བཅུ་པ་དམུ་ཆུ་བཅོས་པ་ལ་གསུམ། ཉན་པར་གདམས་པ། གཞུང་དོན་བཤད་པ། མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། གཅོང་ཆེན་དམུ་ཆུའི་རྒྱུ་རྐྱེན་དབྱེ་བ་དང༌། །གྱུར་ཚུལ་གནས་དང་རྟགས་དང་བཅོས་ཐབས་དང༌། །ཕྱི་རྗེས་བཅད་དང་སྤྱི་དོན་བརྒྱད་ཀྱིས་བསྟན། །ཅེས་པས། མ་ཞུ་བ་རྙིངས་པའི་གཅོང་ཆེན་པོར་གྱུར་པ་དམུ་ཆུ་ལ། རྒྱུ། རྐྱེན། དབྱེ་བ། གྱུར་ཚུལ། གནས། རྟགས། བཅོས་ཐབས། ཕྱི་རྗེས་བཅད་པ་སྟེ་སྤྱི་དོན་བརྒྱད་ཀྱིས་བསྟན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ་བརྒྱད་ལས། དང་པོ་རྒྱས་པར་བཤད་པ་ནི། རྒྱུ་ནི་རླུང་མཁྲིས་བད་ཀན་ཆུ་སེར་ཁྲག་ཅེས། དམུ་ཆུའི་དངོས་རྒྱུ་ནི་དེ་ལྔའོ། །གཉིས་པ་ལ་གཉིས། མེ་དྲོད་ཉམས་པར་བྱས་པའི་ཁྱད་པར་གྱི་རྐྱེན་སོ་སོར་བསྟན་པ། ལས་དང་གདོན་རྐྱེན་སྤྱི་ལ་ཁྱབ་ཚུལ་ལོ། །དང་པོ་ནི། དེ་རྐྱེན་ཞེས་རྐང་པ་ལྔས་བསྟན་ཏེ། ལ་སོགས་ཞེས་པ་ཟླ་རོགས་བསྡུ་བའི་ཚིག་ཡིན་ལ། མདོར་ན་མེ་དྲོད་ཉམས་པར་བྱེད་པ་ཐམས་ཅད་དམུ་ཆུའི་རྐྱེན་ནོ། །གཉིས་པ་ནི། སྔོན་ལས་གདོན་རྐྱེན་དབང་གིས་དམུ་ཆུར་འགྱུར། ཞེས་པས་ནད་འདི་དང་གཞན་ཡང་བདེ་སྡུག་ཐམས་ཅད་ལས་ཀྱིས་བསྐྱེད་པ་སྟེ། མདོ་ལས། འཇིག་རྟེན་འདི་དག་ལས་ལས་སྐྱེས། །ལས་ཀྱི་བགོ་སྐལ་ལ་སྤྱོད་པ། །ཞེས་སོ། །གདོན་ཡང་ལས་དང་མཐུན་པའི་ནད་གཏོང་བའི་ནད་བདག་གཅིག་སྟེ། འདུལ་བ་ལུང་གཞིར། འཚོ་བྱེད་གཞོན་ནུས་གསོས་ཀྱིས། སྐྱེད་མོས་ཚལ་རྙིང་པ་ཞིག་ཏུ་དམུ་རྫིང་གིས་ཐེབས་པ་ཞིག་འདུག་པ་དེ་དག་དང་ལྷན་ཅིག་ཏུ་བསྡད་པས་རེ་ཞིག་ནས་དམུ་རྫིང་གིས་འདྲེ་དེ་དང༌། སྐྱེད་ཚལ་གྱི་འདྲེ་དེ་གཉིས། ནད་པ་དེ་ངས་ཐོབ་ལ་རྩོད་ནས་དམུ་རྫིང་གི་འདྲེ་དེ་ན་རེ། མི་བས་བླུན་པ་སྐྱེད་ཚལ་འདིར་ར་སྤུའི་དུད་པ་ཞིག་བཏང་ན། ཁྱོད་རྒྱ་མཚོའི་མཐར་འབྲོས་དགོས་པ་ལ། དེ་ཙམ་མི་ཤེས་པ་ཟེར་རོ། །སྐྱེད་ཚལ་གྱི་འདྲེ་དེ་འདྲེ་དེ་ན་རེ། མི་བས་བླུན་པ། ཁྱོད་ལ་དར་བ་རད་པ་ཞིག་ལ། ལ་ཕུག་གི་ས་བོན་བཏབ་ནས་གཏང་ན་ཁྱོད་ཀྱི་ལུས་ཚལ་པས་སོང་ནས་དོན་འགྲོ་དགོས་པ་ལ། དེ་ཙམ་ཡང་མི་ཤེས་པ་ཟེར་བ། འཚོ་བྱེད་བི་ཤ་ཙིའི་སྐད་ལ་མཁས་པ་དེས་ཐོས་ནས། ཐབས་གཉིས་ཀ་བྱས་པས། སྐྱེད་མོས་ཚལ་འདྲེ་མེད་ཅིང༌། དམུ་རྫིང་རྡོལ་ནས་ནད་ལས་གྲོལ་བར་བཤད་དོ།།

                        གསུམ་པ་དབྱེ་བ་ལ་གསུམ། མདོར་རྒྱས་མཇུག་གོ །དང་པོ་ནི། དབྱེ་བ་ཞེས་རྐང་པ་བརྒྱད་ཀྱིས་བསྟན་ཏེ། ནད་གྱུར། གདོན་གྱུར། དུག་གྱུར་གསུམ་ལས། དང་པོ་ལ་གཉིས། མདོར་རྒྱས་སོ། དང་པོ་ནི། ནད་ཆུ་བྱེར་ཟགས་འཁྱིམས་ཆུ་རྡོལ་ཆུ་བཞི། ཞེས། རང་བཞིན་ནད་ཀྱི་ཆུ་ལ། བྱེར་ཆུ། ཟགས་ཆུ། འཁྱིམས་ཆུ། རྒྱུ་རྡོལ་ཆུ་དང་བཞིའོ། །འདི་རྣམས་ཀྱི་ཁྱད་པར་ནི། བྱེར་ཆུ་བྱེར་བྱེར་བའོ། །ཟགས་ཆུ་ནི་ནང་དུ་ཟགས་པའོ། །རྒྱུ་རྡོལ་ནི་རྒྱུ་མའི་ཕྱིར་རྡོལ་བའོ། །དེ་བཞི་ལས། དང་པོ་ནི། བྱེར་ཆུ་སོགས་ནི། ཁྲག་བྱེར། མཁྲིས་པ་བྱེར། ཆུ་བྱེར་གསུམ། གཉིས་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། ཟགས་ཆུ་དོན་ཟགས་སྣོད་ཟགས་སྐྲན་ཟགས་གསུམ། ཞེས་པ་གསུམ། དང་པོ་ནི། དོན་ཟགས་སོགས་ཀྱི་མཆིན་མཆེར་གློ་བ་གསུམ། གཉིས་པ་ནི་སྣོད་ཟགས་སོགས་ཀྱི། ཕོ་ལོང་གཉིས། གསུམ་པ་ནི་ཟགས་སྐྲན་སོགས་ཀྱི་རྩ་སྐྲན་ཟགས་པ། ཆུ་སྐྲན་ཟགས་པ་གཉིས། གསུམ་པ་ནི། དབྱེ་བ་ཆུ་རིགས་བཅོ་ལྔར་འགྱུར་བ་ཡིན། ཞེས་པ་རང་བཞིན་འདུ་བ་ནད་བཞི་ལས་གྱུར་པའི་ཆུ་དང༌། གློ་བུར་གདོན་གྱིས་བསྐྱེད་པའི་ཆུ། དུག་ལས་གྱུར་པའི་ཆུ་གསུམ་ལས། དང་པོ་ནད་ཆུ་ལ་བཅུ་གསུམ་ཡོད་དེ། དང་པོ་ནི། དེ་ཡང་འཁྱིམས་ཆུ། གོང་དུ་ས་བཅད་གསུམ་པར་བསྟན་པ་འདིར་སྔོན་དུ་བསྟན་ནས། ཆུ་རིགས་བཅོ་ལྔ་སོ་སོར་འདྲེན་ན། རྩ་ཁ་ལོག་པའི་འཁྱིམས་ཆུ་གཅིག ཁྲག་བྱེར་དང༌། མཁྲིས་བྱེར། ཆུ་བྱེར་ཏེ་བྱེར་ཆུ་གསུམ། ཕོ་བར་ཟགས་པ་དང༌། ལོང་དུ་ཟགས་པ་དང༌། མཆིན་པར་ཟགས་པ་དང༌། མཆེར་པར་ཟགས་པ་དང༌། གློ་བར་ཟགས་པ་དང༌། རྩ་སྐྲན་ཟགས་པ་དང༌། ཆུ་སྐྲན་ཟགས་པ་སྟེ་ཟགས་ཆུ་བརྒྱད། རྒྱུ་མའི་རྡོལ་ཆུ་གཅིག་སྟེ་དྲིལ་བས་ཆུ་ནད་བཅུ་གསུམ། གཉིས་པ་གློ་བུར་གདོན་ལས་གྱུར་པའི་གཅིག གསུམ་པ་དུག་ལས་གྱུར་པའི་ཆུ་སྟེ་ཡོངས་སུ་དྲིལ་བས་ཆུ་རིགས་བཅོ་ལྔའོ། །བཞི་པ་གྱུར་ཚུལ་ལ་གསུམ། དབྱེ་བ་བཅོ་ལྔའི་གྱུར་ཚུལ་སོ་སོར་བསྟན་པ། གནས་སྐབས་གྱི་གྱུར་ཚུལ་སྤྱིར་བསྟན་པ། ཉེས་གསུམ་ཚ་གྲང་གི་གྱུར་ཚུལ་མདོར་བསྡུས་པའོ།།

                        དང་པོ་ནི། གྱུར་ཚུལ་ཞེས་རྐང་པ་ཞེ་བརྒྱད་ཀྱིས་བསྟན་ཏེ། ཕོ་བའི་དྲོད་ཤོར་རྫ་གསར་ཆུས་བཀང་འདྲ། རྔུལ་ཞིང་ཟགས་པ་ཞེས་བྱ་དལ་བུས་འཛག་པའོ། །གཉིས་པ་ནི། འོན་ཀྱང་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། ནད་བཅོས་ཉེས་པས་མེ་དྲོད་མ་རུངས་པར་བྱས་པས་མ་ཞུ་བ། དེལས་སྐྱ་རྦབ། དེ་རྙིངས་པ་འོར། དེ་རྙིངས་པ་དམུ་ཆུར་འགྱུར་རོ། །གསུམ་པ་ནི་མདོར་བསྡུས་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། རིགས་བཅོ་ལྔ་ཉེས་པ་གསུམ་དུ་འདུས། ཉེས་གསུམ་ཀྱང་ཚ་གྲང་གཉིས་སུ་འདུས་སོ། །ལྔ་པ་ལ་གཉིས་མདོར་རྒྱས་སོ། །དང་པོ་ནི། ཆུ་ཡི་གནས་ས་ཕྱི་ནང་བར་དང་གསུམ། ཞེས་ཕྱི་ཆུ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཤ་དང་མདངས་ཞེས་པ་པགས་པའི་མདོག་གམ། མདངས་བཀྲག་སྟེ། དེ་གཉིས་ཀྱི་བར་ཀུན་ལའོ། །གཉིས་པ་ནི། ནང་ཆུ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། རྒྱུ་ལོང་སྣོད་དུ་འཕྱོ། །ཞེས་ཀུན་ཏུ་འཁྱམས་པའོ། །གསུམ་པ་ནི། བར་ཆུ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཤ་ལྤགས་ཁྱབ་པར་གནས་སོ། །དྲུག་པ་རྟགས་ལ་གསུམ། མདོར་རྒྱས་མདོར་བསྡུས། དང་པོ་ནི། དེ་ཡི་རྟགས་ལ་སྤྱི་དང་བྱེ་བྲག་གོ །དང་པོ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། ཕྱི་རྟགས་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། སྤྱི་རྟགས་དང་པོ་མཇུག་དང་བར་དུ་སྨན། །ཐ་མ་རྒྱས་དུས་འཚོ་འཆི་བརྟག་པའོ། །ཞེས་པས། དང་པོ་འཇུག་པའི་རྟགས། བར་དུ་སྨིན་པའི་རྟགས། ཐ་མར་རྒྱས་པའི་རྟགས། འཚོ་འཆི་སྤང་བླང་གི་བརྟག་པའོ། །དང་པོ་ནི། དང་པོ་ཞེས་རྐང་པ་དྲུག་གིས་བསྟན་ཏེ། ཕོ་བ་ལྟེམ་པ་ནི་ཅུང་ཟད་གང་སྙམ་བྱེད་པའོ། །གསུས་པ་ལྡིག་པ་ནི། གྲོད་པ་ལྗི་བའོ། །རྐང་ལག་གི་བོལ་གོང་དང༌། ངར་གདོང་གི་ནང་འདེགས། ཆུ་སོ་མཚན་དབྲག ཚིགས་པ་བཅུ་དྲུག་ཐད་ཀྱི་མདོ། ཕོ་སྟེང༌། བྲང་ཞོལ་ཏེ་བྲང་སྨད། ཁ་གདོང༌། ཁ་སྣའི་ཉེ་འཁོར། མིག་སྨིན་དབྲག་གོ །དེ་བརྒྱད་ལ་ཆུའི་མཁར་བརྒྱད་དོ། །ཞེས་དང་པོར་ཞུགས་པའོ། །གཡོ་བ་ནི་འཕེལ་བའོ། །གཉིས་པ་ནི། བར་དུ་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །བེམ་ཏོལ་ཞེས་སོར་ཀག་པའམ་ཡུལ་སྐད་ལ་སྦྱར། གསུམ་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། ཐ་མ་ཞེས་རྐང་པ་གཅིག་གིས་བསྟན་ཏོ།

                        རྒྱས་པར་བཤད་པ་ལ་གསུམ། ཚ་ཆུའི་རྟགས་དཔེ་དང་སྦྱར་བ། གྲང་ཆུའི་རྟགས་དཔེ་དང་སྦྱར་བ། ཡུན་ལོན་འཚོ་འཆི་ངེས་པར་བསྟན་པའོ། །དང་པོ་ནི། ཚ་ཆུ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། གློ་སོར་ནི་རྩེག་པ་ལྟར་འོང་བའོ། །ལྷེན་སྣར་སློག་པ་ཆགས་པ་ནི། སློག་པ་ལྟར་གྱོང་ཁོག་གི་རྣམ་པ་ཅན་གྱི་དྲེག་པ་ཆགས་པའོ། །གཉིས་པ་ནི། གྲང་ཆུ་ཞེས་རྐང་པ་བཞིས་བསྟན་ཏེ། མནན་ཤུལ་འོང་བ་ནི་མཐེབ་མཛུབ་སོགས་གང་གིས་མནན་པ་དེའི་རྗེས་འོང་བའོ། །གསུམ་པ་ལ་གཉིས་ཏེ་དང་པོ་གྲང་ཆུ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། གྲང་ཆུ་མ་བཅོས་པར་ཡུན་ལོན་ན། ཆུའི་དབུས་སུ་གློ་སྙིང་མཆིན་པ་སོགས་ཚོས་ནས་མྱུར་དུ་འཆི། གཉིས་པ་ནི། ཚ་ཆུ་ཞེས་རྐང་པ་བཞིས་བསྟན་ཏེ། ཚ་ཆུ་ཡུན་ལོན་རྒྱས་ཐེབས་པ་ནི། ཟུངས་ཁྲག་དང་འདྲེས་ནས་ཆུ་དེས་ལུས་ཟུངས་བྱས་པ་ཡུན་རིང་དུ་འགོར་ཞིང༌། ནད་ཆུ་ལོགས་སུ་མི་གསོག་པས། རྒྱས་ཐེབས་ནས་བཤལ་གྱིས་མི་འདྲོངས། བཙགས་ན་སྲོག་གནས་པ་སྟེ། དེ་ལས་མི་འདའ་བའི་དོན་གྱི་རྒྱས་ཐེབས་པའོ། །དེ་སྐད་དུ་ཡང༌། ཛི་ན་མི་ཏྲའི་གཞུང་ལས། དམུ་ཆུ་རྒྱ་ཡིས་ཐེབས་པ་ནི། །བཤལ་གྱིས་མི་འདྲོངས་ཆུ་རྒྱས་ཐེབས། །བཙག་ཏུ་མི་བཏུབ་ལུས་ཟུངས་ཡིན། །ཆུ་རྒྱས་ཐེབས་པས་སྐྱེ་ཐག་ཆོད། །ཡུན་རིང་གསོ་དཀའ་དེ་ཡིན་ནོ། །ཞེས་འབྱུང༌། བཞི་པ་སྤང་བླང་ལ་གཉིས། དང་པོ་ནི། འཆི་རྟགས་ཞེས་རྐང་པ་བཞིས་བསྟན་ནོ། །གཉིས་པ་བླང་བྱ་ནི། དབུགས་དལ་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །གཉིས་པ། བྱེ་བྲག་བརྟག་པ་ལ་གསུམ། ནད་གདོན་དུག་གོ དང་པོ་ལ་བཞི་བྱེར་ཆུ། ཟགས་ཆུ། འཁྱིམས་ཆུ། རྒྱུ་རྡོལ་ཆུའོ། །དང་པོ་ལ་གཉིས། བྱེར་ཆུ་གསུམ་བསྟན་པ། དེ་གསུམ་གྱི་གནས་སྐབས་བཤད་པའོ། །དང་པོ་ནི། བྱེ་བྲག་ཅེས་རྐང་པ་བཞིས་བསྟན་ནོ། །གཉིས་པ་ནི། དྭངས་མ་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། རྔམ་འདེགས་ཞེས་པའི་རྔམ་པ་ནི། ཁ་སྣའི་དབུགས་ངོ་བོ་སྟེ་ལྟེ་བའི་རྩ་འདབ་ལས་བྱུང་བ་ཡིན་ཏེ། དེ་འབྱིན་འཇུག་བྱེད་ཚུལ་དེ་ལ་རྔམ་པ་ཞེས་བརྔོད་པ་ཡིན་པའོ། །པ་འདེགས་ནི་གྱེན་དུ་འདེགས་པ་ལྟར་འཕར་ཉམས་བྱེད་པའོ། །གསུམ་པ་ནི། དྭངས་མ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། ལྡེར་ཚོ་ནི་འཇིམ་པའི་ལྡེ་གུ་ལ་བཟོ་བོས་གཟུགས་བྱས་པ་ལྟར་རོ། །གཉིས་པ་ནི། དེ་གསུམ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། ཕྱི་ཆུ་ནི་ཕྱི་ནང་གི་ཟླས་ཕྱེ་བའི་ཕྱིའི་ཆུ་སྟེ། འཆི་བའི་ཆུ་དང་ནོར་བར་མི་བྱའོ། །གཉིས་པ་ཟགས་ཆུ་ལ། དོན་ཟགས། སྣོད་ཟགས། སྐྲན་ཟགས་གསུམ་ལས། དོན་ལ་གསུམ། མཆིན་ཟགས། མཆེར་ཟགས། གློ་ཟགས་སོ། །དང་པོ་ནི། མཆིན་པ་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། གཉིས་པ་ནི། མཆེར་པ་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། འདི་གཉིས་གཡོན་དང་པོ་འཕེལ་བ་ནི། རང་རང་གི་གནས་ན་ངུ་ཞིང་དལ་བུས་ཟགས་པའོ། །གསུམ་པ་ནི། གློ་བ་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་སྣོད་ཟགས་ལ་ཕོ་ལོང་ཞེས་རྐང་པ་བཞིས་བསྟན་ནོ། །གསུམ་པ་ནི། སྐྲན་ཟགས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གསོག་པ་བུལ་ཀྱང་ཡོད་ངོས་མང་བ་ནི། མང་པོ་གསོག་གསོག་འདྲ་བར་བྱེད་པའོ། །སྐྲན་རྡོལ་ནས་རྩ་ཁ་བྱེ་བ་སོགས་ཟུག་གཟེར་ཆེ་བའོ། །གསུམ་པ་ནི། འཁྱིམས་ཆུ་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །བཞི་པ་ནི། རྒྱུ་རྡོལ་ཞེས་རྐང་པ་གཅིག་གིས་བསྟན་ནོ།།

                        གཉིས་པ་ལ་གཉིས་རྒོད་གཡུང་ངོ༌། །དང་པོ་ནི། འདྲེ་ཆུ་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། ཤ་སྣ་འགུལ་བ་ནི་གསུམ་སོགས་ཤ་སྣ་རྣམས་འགུལ་འཕྲིག་བྱེད་པའོ། །འཕར་རྩ་མི་གྲུང་བ་ནི། ལག་པའི་བལྟ་རྩ་འདི་ཡིན་གྱི་བྱེ་བྲག་མི་ཕྱེད་པའོ། །ལྡང་དུབ་ནི་རེས་ཆེ་རེས་ཆུང་ལྡང་ཟུག་ཆེ་བའོ། འདྲེ་ཁ་རྒོད་པ་ནི། ཞུད་ཁ་ལྡང་བའོ། །གཉིས་པ་ནི། ཡང་ན་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། མེ་ལོང་ནང་དུ་བྱིང་བྱིང་ཐུ་ལུ་འདྲ། ཞེས་པ། མེ་ལོང་དྭངས་པའི་ནང་དུ་བྱིང་བྱིང་ཐུ་ལུའམ་རྫིབ་རྫིབ་ཞོ་ལ་ལ་སྤུར་པ་དེ་མེ་ལོང་གི་འོད་ལ་ཞེད་ནས་སྡོད་མ་ཚུགས། འཇམ་ཞིང་མཁྲེགས་པ་ལ་འདྲེད་ནས་འགྲོ་མ་ནུས་པ་སེམས་འཚུབ་ལ་འགྲོ་མི་ནུས་པ་ལྟར། འདར་ཡང་སེམས་འཚུབ། ལུས་སེམས་ཀྱི་གྲིམས་ཤོར་བའོ། །གོང་སྨན་པ་དང་ཟུར་མཁར་བའི་མཆན་བུ་རྣམས་སུ་གསུས་པ་བྱིང་བྱིང་ཐུ་ལུ་འདྲ་ཞེས་པ། ཡུལ་སྐད་ལ་ལར། ཤོ་མོ་གོ་ལེ་ཟེར་བའང་ཡོད། གསུམ་པ་ནི། དུག་གྱུར་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གསུམ་པ་མདོར་བསྡུ་བ་ལ་གཉིས། རྟགས་ཀྱི་མདོར་བསྡུས་དང༌། འཚོ་འཆིའི་མདོར་བསྡུས་སོ། །དང་པོ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། མདོར་བསྡུས་རླུང་མཁྲིས་བད་ཀན་འདུས་པ་བསྒྱུར་བའོ། །ཞེས་པས། ཀུན་ཀྱང་འདུ་བས་བསྒྱུར་བ་དེ་ལ་གསུམ། རླུང་མཁྲིས་བད་ཀན་ནོ། །དང་པོ་ནི། རླུང་གྱུར་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ནི། མཁྲིས་པ་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གསུམ་པ་ནི། བད་ཀན་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ནི། །དེ་ལ་ཞེས་རྐང་པ་བཞིས་བསྟན་ཏེ། ཆུ་རིགས་བཅོ་ལྔ་མདོར་བསྡུས་དང་བཅས་པ་དེ་ལ། འདྲེ་ཆུ་དང༌། འཁྱིམས་ཆུ་དང༌། ཟགས་ཆུའི་ནང་ནས་ཕོ་ལོང་ཟགས་ཆུ་དང༌། བྱེར་ཆུ་གསུམ་སྟེ་བདུན་ནོ། །དང་པོ་ལན་གཅིག་གསོ་བར་ནུས་པས་གསོར་རུང་ལ། སླར་ལོག་ཉེན་ཡོད་པས་གཟབ་པར་བྱ། ཕྱི་མ་དོན་ཟགས་གསུམ། སྐྲན་ཟགས་གསུམ། རྒྱུ་རྡོལ། དུག་གྱུར་ཏེ་བརྒྱད་ལ་གསོས་པར་ཁས་མི་བླང༌། མདོར་ན་མཁྲིས་པ་ལས་གྱུར་པའམ། ཚ་ཆུ་གསོ་བར་མི་ནུས་པས་སྤང༌། བད་རླུང་ལས་གྱུར་གྲང་ཆུ་གསོ་བར་ནུས་པས་ཁས་བླང༌། ཞེས་སོ།།

                        བདུན་པ་བཅོས་ཐབས་ལ་གཉིས། སྔོན་ཚུལ་མཇུག་དུས་ཀྱི་བཅོས་དང༌། སྨིན་ནས་རྒྱས་པའི་བཅོས་སོ། །དང་པོ་ནི། གསོ་ཐབས་ཞེས་རྐང་པ་བཞིས་བསྟན་ཏེ། སེ་འབྲུ་བརྒྱད་དང་རྒོད་མ་ཁ་ཡི་ཕྱེ་ནི་ཕྱི་རྒྱུད་ལྟར་རོ། །འཇམ་བཤལ་ནི། ཆུ་སྦྱོངས་སུ། ཡང་ན་ཆུ་མ་རྩི་དང་ཨ་རུ་ར། །སེ་འབྲུ་ཤིང་ཚ་སུག་སྨེལ་པྲི་ཡང་ཀུ། །གླ་རྩི་གུ་གུལ་བྲག་ཞུན་བོང་ང་དཀར། །མོན་ལྕམ་རྒྱམ་ཚྭ་རྒྱ་ཚྭ་སྡིག་སྲིན་དང༌། །སྦུར་མགྱོགས་འུ་སུ་བྱང་པ་ཆང་གིས་དབུལ། །ཞེས་པ་འདིའོ། །གཉིས་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། བར་དུ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། སྤྱི་དང་ཁྱད་པར་རོ། །དང་པོ་ལ་གསུམ་བཅོས་ཚུལ་མདོར་བསྟན་པ། དེ་དཔེ་དང་སྦྱར་ཏེ་རྒྱུ་མཚན་དགོད་པ། དེ་གསོ་ཐབས་ཀྱི་སྒོ་ནས་རྒྱས་པར་བཤད་པའོ། །དང་པོ་ནི། སྤྱི་རུ་ཞེས་རྐང་པ་དྲུག་གིས་བསྟན་ཏེ། དེ་ལ་སྤྱིར་གསོ་ཐབས་ལ། གསོ་ཚུལ་དང༌། གཉེན་པོ་དང༌། དེའི་ལག་ལེན་རྣམས་ཚང་དགོས་ཤིང༌། ཐོག་མར་གསོ་བའི་ཚུལ་ཞེས་བཅོས་ཚུལ་ལམ་གསོ་བའི་ཚུལ་གྱིས་དམིགས་རྣམས་བསྐྱེད་དགོས་ཏེ། ནད་ལ་གསོ་ཐབས་དཔག་ཏུ་མེད་མོད་ཀྱང༌། །གསོ་ཚུལ་མེད་ན་མུན་པར་མདའ་འཕེན་འདྲ། །ཞེས་པའོ། འདིར་བཅོས་ཚུལ་ལྔ་རུ་བཤད་དེ། དང་པོ་ཚ་ཆུ་གྲང་ཆུར་བསྒྱུར་བ་དང་གང་འདོད་དུ་བསྒྱུར་བ་ཆུ་བོ་འོལ་ཁ་བསྒྱུར་བ་ལྟ་བུ་དང༌། གཉིས་པ་རང་གནས་སུ་བསྐེམས་པ་རྒྱ་མཚོ་རང་གནས་སུ་བསྐེམས་པ་ལྟ་བུ་དང༌། གསུམ་པ་ཐུར་དུ་སྦྱོང་བ་རྫིང་གི་འོར་ཁུང་ངམ་ཆུ་བུག་བཏོལ་བ་ལྟ་བུ་དང༌། བཞི་པ་གང་དགོས་སུ་བཙག་པ་མཚོ་མོ་ཡུར་དུ་དྲངས་པ་ལྟ་བུ་དང༌། ལྔ་པ་ཕྱིས་མི་ལོག་པ་རྩ་ལ་དགག་མིག་བཞུག་པ་ཆུ་སྒོ་དགག་པ་ལྟ་བུའོ། །གཉིས་པ་ནི། ཆུ་བོ་ཞེས་རྐང་པ་བཅུ་གཅིག་གིས་བསྟན་ཏེ། དང་པོ་ཆུ་བོ་འོལ་ཀ་མ་བསྒྱུར་ན་སྐེམས་པས་མི་སྐེམས། དྲངས་པས་མི་ཟད་པ། དཔེར་ན་རྫིང་གི་སྐྱེ་ཆུ་དང་འདྲ་བར་ཚུར་འབབ་པའི་ཆུ་གསོག་པ་འདྲ་སྟེ་སྐེམས་མི་བཏུབ་བོ། །རྒྱ་མཚོ་གནས་སུ་མ་སྐམས་ན་ཆུ་མིག་གཏིང་སྐྱེས་ལུ་མ་ཅན་གྱི་ཆུ་མིག་འདྲ་སྟེ་མི་སྐྱེ་ཡང་མི་སྐེམས་སོ། །རྫིང་གི་ཆུ་ཁུང་མ་གཏོལ་ན། ཆུས་མདོང་མོ་འགེངས་པ་དང་འདྲ་བར་འཛག་མི་འདོད། མཚོ་མོ་ཡུར་དུ་མ་དྲངས་ན། རྫིང་གི་འོལ་ཁ་མེད་པ་འདྲ་སྟེ་ཆུ་འགྲོ་མི་ཐུབ། ཆུ་ཟད་ནས་རྩ་ལ་དགག་མིག་མ་བཅུག་ན་ཞིང་པས་ཡུར་བ་ཁ་མ་བཅད་པར་བཞག་པ་འདྲ་སྟེ་སླར་འཇུག་པར་འགྱུར་ལ། རྒྱུ་མཚན་དེའི་ཕྱིར་བཅོས་ཚུལ་ལྔ་རབ་ཏུ་གཅེས་སོ། །ཞེས་པ་འདི་ཉིད་གཞུང་འཆད་པ་དང་ལག་ཏུ་ལེན་པ་ཉིད་གར་དྲང་དང་གོ་རིམ་ངེས་སོ། །གསུམ་པ་ལ་ལྔ་ལ། དང་པོ་ལ་གཉིས། མ་ཞུ་བ་འཇུ་བ་དང་རྩ་ལམ་སྦྱངས་པའོ། །དང་པོ་ནི། ཆུ་བོ་ཞེས་རྐང་པ་བརྒྱད་ཀྱིས་བསྟན་ནོ།།

                        གཉིས་པ་ནི། དེ་རྗེས་ཞེས་རྐང་པ་དྲུག་གིས་བསྟན་ནོ། །གཉིས་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། དེ་ནས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །སྨན་དང་ཟས་དང་སྤྱོད་ལམ་དང་དཔྱད་དེ། དང་པོ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། སྨན་གྱིས་སྐེམས་པ་ཐོད་སྦྱོར་ཐལ་སྦྱོར་དང༌། །བྷི་ཥ་རུས་སྦྱོར་དངུལ་ཟངས་སྦྱོར་བ་དྲུག །ཅེས་པ། ཐོད་སྦྱོར། ཐལ་སྦྱོར། བྷི་ཥའི་སྦྱོར་བ། རུས་སྦྱོར། དངུལ་སྦྱོར། ཟངས་སྦྱོར་དང་དྲུག་གོ དང་པོ་ནི། ཐོད་པའི་སྦྱོར་ཞེས་རྐང་པ་བཅུས་བསྟན་ཏེ། བྱང་སེམས་དཀར་དམར་ནི། ཕྱི་ནང་གི་བྱང་སེམས་དཀར་དམར་གཉིས་ལས་འདིར་ཕྱིའི་བྱང་སེམས་དཀར་དམར་ཅོང་ཞི་དང་བྲག་ཞུན་ནོ། །ནུས་ལྡན་བསྲེགས་པ་ནི་དུ་བ་མ་ཤོར་བར་བསྲེགས་པའོ། །འདུ་བའི་རྟ་ནི་རླུང་ལ་ཞུན་མར། མཁྲིས་པར་གངས་ཆུ། བད་ཀན་ལ་ཆུ་སྐོལ་ལོ། །གཉིས་པ་ནི། ཐལ་སྦྱོར་ཞེས་རྐང་པ་བརྒྱད་ཀྱིས་བསྟན་ཏེ། ཐལ་སྨན་འཇམ་པོ་ནི་ཕྱི་རྒྱུད་དུ། རླུང་དང་ལྡན་པ་འཇམ་པོའི་སྦྱོར་བ་ནི། ཞེས་པ་དེའོ། །ཕོ་འགྲོན་ནི། འགྲོན་བུ་སྦྲུམ་པ་མེད་པའོ། །ཁྱེ་སུས་ནི་ཁྱེའུ་གསོ་བ་ལྟར་རིམ་པས་ཆེར་བསྐྱེད་ནས་གཏོང་བའོ། །གསུམ་པ་ནི། བྷི་ཥ་ཞེས་རྐང་པ་བཞིས་བསྟན་ཏེ། བཙན་དུག་རིགས་ལྔར་བཤད་པའི་གང་རིགས་སོ། །གྲང་ཆུའི་སྟེང་དུ་མེ་བདུན་བསྐལ་པ་དང་འདྲ། མེ་བདུན་ནི། དུས་མཐའི་མེ་ལས་ཀྱང་རེག་བྱ་བདུན་འགྱུར་གྱིས་ཚ་བའི་དཔེ་དོན་ནོ། །བཞི་པ་ནི། རུས་སྦྱོར་ཞེས་རྐང་པ་བརྒྱད་ཀྱིས་བསྟན་ཏེ། དུང་ཕང་ལོ་གཅིག འགྲོན་བུ་ལྔ།  དུར་རུས། ཉ། སྲམ། ཆུ་བྱའི་རུས་པ་རྣམས་མཐེབ་ཚིགས་ཙམ་རེ་རེ། མུ་ཟི་སྒོ་ང་གང༌། ཟངས་ཐལ་ཞོ་ཕྱེད། ཅོང་ཞི་ཁྱོར་བ་གང༌། ཨ་རུ་ར་གཉིས། རུ་རྟ་ཚ་བ་གསུམ། དབྱི་མོང་རྣམས་ཁྱོར་བ་ཕྱེད། ཟེ་ཚྭ། ཐལ་ཚྭ། རྒྱ་ཚྭ། ཁ་རུ་ཚྭ། རྒྱམ་ཚྭ། བྱང་གི་ཚྭ་རྣམས་སྒོ་ང་རེའོ། །ལྔ་པ་ནི། དངུལ་ཆུ་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། དངུལ་ཆུ་ཞོ་ཕྱེད། སྟར་བུ་ཞོ་གཅིག ཚ་བ་གསུམ་ཁྱོར་བ་རེ་རེ། ཚྭ་སྣ་བྱི་སྒོང་རེའོ། །དྲུག་པ་ནི། ཟངས་ཐལ་ཞེས་རྐང་པ་དགུས་བསྟན་ཏེ། རྡོ་དྲེག་ལ་དཀར་དམར་སེར་ལྗང་སྔོ་བ་རྣམས་ལས་འདི་དམར་པོའོ། །ཏ་ཙ་ནི་གོང་དུ་བཤད་པ་ལྟར་འུ་སུ། ཚ་གྲང་རྟ་བསྒྱུར་བ་ནི་ཚ་ན་ཀ་ར། གྲང་ན་བུ་རམ་གྱི་རིལ་བུ་དྲིལ་ལོ། །གཉིས་པ་ནི། ཁ་ཟས་ཞེས་རྐང་པ་བཞིས་བསྟན་ཏེ། ལུག་དང་གཡག་རྒོད་ཀྱི་ཤ་གྲིས་ཐག་བྱས་པའི་ཚོས་ཁུ་ལ། སྒ་གོ་སྙོད་འུ་སུས་སྤོད་ཀྱིས་བྲན་པའོ། །འཇུ་དཀའ་སྔོ་ངད་ཟས་ངན་བསིལ་ཟས་སྤང༌། ཟས་ནི་ཤི་ཤའོ། །བསིལ་ཟས་ནི་བྲ་བོ་སོགས་སོ། །གསུམ་པ་ནི། སྤྱོད་ལམ་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །བཞི་པ་ནི། དཔྱད་དུ་ཞེས་རྐང་པ་དྲུག་གིས་བསྟན་ནོ། །གསུམ་པ་ལ་གསུམ། རྒྱུ་མཚན་བཅས་ཏེ་མདོར་བསྟན་པ། སོ་སོའི་སྦྱོར་བ་རྒྱས་པར་བཤད་པ། གཏོང་ཚུལ་གྱི་རིམ་པ་བསྟན་པའོ།།

                        དང་པོ་ནི། གསུམ་པ་ཞེས་རྐང་པ་བཞིས་བསྟན་ཏེ། ཆུ་བཤལ། ཆུ་སྦྱོངས། འཕྲུལ་ཚགས་གསུམ་མོ། །གཉིས་པ་ལའང་གཉིས་ལས། དང་པོ་ཆུ་བཤལ་གཉིས། ལྟོ་སྦྱོང་ཁ་འབྱེད་ཆུ་སྡུད། རྩ་སྦྱོངས་སྨན་ནོ། །དང་པོ་ནི། ཆུ་བཤལ་ཞེས་རྐང་པ་བདུན་གྱིས་བསྟན་ཏེ། ཟངས་དྲེག་ནི། ཟངས་བརྡུངས་པའི་དྲེག་པའོ། །གཉིས་པ་ནི། དེ་རྗེས་ཞེས་རྐང་པ་ཉེར་གཅིག་གིས་བསྟན་ཏེ། ཆུ་མ་རྩི་ནི། མཁའ་འགྲོ་ལ་ཕུག་ཁ་འབུས་པ་ཙམ་ལ་རམ་བུ་ཞེས་པ་དེའི་རྩ་བའོ། །མོན་ལྕམ་པ་དངོས། སྦུར་མགྱོགས་ནི་ཆུའི་ནང་དུ་ཁ་གཏིང་རྒྱུག་པའི་སྦུར་བ་ནག་ཆུང་ངོ༌། །སྔོན་མོ་ཆབ་འདྲེན་ནོ། །བླ་རྟ་ལྟར་ན་བརྡ་སྤྲོད་ལྔ་པར། སྨུག་པོ་དར་ཡ་ཀན་ཞེས་བྱ། །སྐྱེ་ས་ཐང་ངམ་རྡོ་གསེབ་སྐྱེ། །ལོ་མ་ལེབ་ཆུང་སྲན་ཆུང་འདྲ། །མེ་ཏོག་སྔོན་མོར་གཟར་འདྲ། །གང་བུ་གྲོག་མའི་གཟུགས་པོ་འདྲ། །རྩ་བ་རྒྱུས་ཕྲན་བཤད་པ་འདྲ། །ཐོང་དཀར་སྨུག་པོ་ཞེས་ཀྱང་བྱ། །སྔོན་མོ་ཆུ་འདྲེན་ཞེས་ཀྱང་བྱ། །ཞེས་པ་དེ་ཡིན་ཏེ། མ་རྙེད་ན་སྒ་ཏིག་སྨུག་པོ་ཞེས། མཆོང་རྩ་གཡུ་འདབ་བྱུ་རུའི་མེ་ཏོག་ཅན་དེས་ཚབ་རུང་བར་བཤད་པ་འདུག་ནའང༌།

                        རང་ལུགས་ནི་གཏེར་སྟོན་ར་མོ་ཤེལ་སྨན་པའི་གསུང་བཞིན་ཆུ་དེ་བ་ལ་བཞེད་ལ། རག་ཤ་མིག་མེད་ཅེས་པ། བླ་རྟ་དང༌། བྱང་ངོས་རྣམས་ལེགས་སྦྱར་དུ། རུ་དྲ་ཀྵ་ཞེས། དྲག་པོའི་མིག་ཏུ་བསྒྱུར་ལ་འདི་སྒྲ་ཟུར་ཆག་པས་རཀྵར་འབོད་ལ། ཕྲེང་བ་བྱེད་པ་དེ་དག་གདོང་དྲུག་པ་མཆོག་དང་གཞན་ཕལ་པར་འདོད་དོ། །དེ་མིག་མེད་སྦྱོར་བའི་དོན་ལ་བཞེད། དཔོན་ཚང་གནས་ལུགས་དང༌། གོང་སྨན་པ་སོགས་འགའ་རེ་སྲོག་ཆགས་གྲོག་མ་ལ་བཞེད་པ་ལྟར་རང་ལུགས་ཀྱང་དེ་ལ་འཐད། སྔོན་མོ་ཆབ་འདྲེན་སྙིམ་པ་ཁ་སྦྱར་གང༌། རཀ་ཤ་མིག་མེད་བཅུ། དྲོད་སྨན་ཧྲིལ་མོ་སྟེ་ཤི་ཀྲུ་ཕོ་བ་རིས་ཞེས་པ་སྟེ་ཕོ་ཚོམ་གཅིག་རྣམས་ཆུ་བྲེ་གང་དུ་བསྡུས་པའི་བྲེ་ཕྱེད་སྐོམ་དུ་བསྟེན་ནོ། །བོང་རྨིག་གཡས་བཞུར་ནི། བོང་ཐོར་ནག་པོའི་ལག་རྨིག་གཡས་ཀྱི་རྩ་བཞུར་བའོ། །གཉིས་པ་ནི། ཀུན་གྱི་ཞེས་རྐང་པ་བཅུས་བསྟན་ནོ། །གསུམ་པ་ནི། འཕྲུལ་ཚགས་ཞེས་རྐང་པ་ལྔས་བསྟན་ཏེ། སེར་པོ་གསུམ་ནི། ཡུང་བ་སྐྱེར་པ་ལྕམ་པ་ལ་བཞེད་པ་འགའ་རེ་འདུག་ནའང༌། སྐབས་དང་སྦྱར་ན་སྦྱོང་བྱེད་སྨན་སྡེ་རུ་འདུག་པས། ཡུང་སྐྱེར་ལྕུམ་རྩ་གསུམ་ལ་འཐད། གསུམ་པ་ནི། ལུས་ཟུངས་ཞེས་རྐང་པ་དྲུག་གིས་བསྟན་ཏེ། འཐེར་འགྲོས་ནི། ཟས་སྨན་གཅིག་གཏོང་དུས་གཅིག་འཐེན་པའོ། །བཞི་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། བཞི་པ་ནས་གཉིས་ཀྱི་བར་ཏེ། རྩ་ནས་བཙག་པ་དང༌། གསང་ནས་བཙག་པའོ། །དང་པོ་ལ་གཉིས། རྩ་ལམ་སྦྱང་བ་དང་ཕུག་པ་གཉིས། དང་པོ་ནི། དང་པོ་ཤ་རུ་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། ཤ་རུ་ནི་བཙའ་མ། སེམས་ཅན་གྱི་མགོ་རུས་བཙའ་མ། ཙ་བྱ་ནི། དབྱི་མོང་དཀར་པོ། སྤེན་ཐལ་ནི། སྤེན་མ་དངོས་རང་ཡིན། གཉིས་པ་ནི། རྐང་པའི་ཞེས་རྐང་པ་ལྔས་བསྟན་ཏེ། སྦང་གར་རམ་སྦང་ཀླད་དང༌། བག་ཕྱེ་སྦྱར་བ་པུས་མོ་མན་ཆད་ཞོ་ཙམ་བྱུགས། དེའི་སྟེང་དུ་རེ་གོང་གི་སྤུ་གྲི་ལྷག་ཙམ་ཡང་ཡང་སྦྱར་བའི་དེ་བ་གཏང༌། སླར་སྦང་གར་བག་ཕྱེ་སྦྱར་བ་བྱུགས་ལ་དཀྲིས་མས་བཅིངས། དེ་ནས་མཐེབ་མོ་བོར་བའི་སོར་མོ་འོག་མ་གསུམ་གྱི་རྩར་གྱེན་དུ་རང་གི་མཚོན་གང་བཅལ་བར་ཕུལ་ལ་ཆུ་སེར་དབྱུང༌། ཆུ་ཐང་ཆོད་ནས་རྨ་ཁ་དེ་སྤྲ་བའི་མེས་བསྲེག་གོ་ །དེ་བཞིན་བཅུ་དྲུག་མདོ། །ལྟེ་འོག་མཚོན་གང་དུ་བསྲེག་གོ

                        གཉིས་པ་ལ་གསུམ། གསང་བ། དབུག་ཐབས། ཆུ་པྲའོ། །དང་པོ་ནི། ཐམས་ཅད་ཅེས་རྐང་པ་བཞིས་བསྟན་ཏེ། གོང་གི་བཅོས་ཐབས་ཐམས་ཅད་བསྡུ་ན། གསང་གནས་བཙག་པར་བྱ་སྟེ། གསང་ནི་རྒྱབ་ཀྱི་རྩིབ་ཐུང་གཉིས་ཀྱི་མཆན་ལྡེབས་ལོགས་མདུན་གྱི་ལྷེན་སྣ་ནས་མཚོན་གང་བཅལ་བའི་ལྷེན་གསང་མན། ལྟེ་བ་ཡན་གྱི་ཆུ་ཡོད་མེད་མཚམས། པགས་པ་སྲབ་པའི་འབྲི་མིག་སྟོང་ཁ་ལྟ་བུ་ཡོད་པ་དེ་ཡིན་ནོ། །གཉིས་པ་ནི། རྐེད་པ་ཞེས་རྐང་པ་བཅུ་གསུམ་གྱིས་བསྟན་ཏེ། བཅིང་བའི་ཆུ་བཅིང་སྣམ་བུ་སྲབ་འཐུག་རན་པས་མས་ནས་བཤར་ཅིང་བསྡམ། སྐྱིལ་ཀྲུང་བཅས་མཐོ་དམའ་མེད་པར་ཁོད་མཉམ་ལ་འདུག ལུས་པོ་བསྲང་ངོ༌། །ཕོ་བའི་རྫེམས་དང་རྫེམས་འཛིན་ཁུག་པ་དང༌། རྩ་ཡི་སྟེང་མ་ཡིན་པར་འབྲི་མིག་ཏུ་སྦུབས་ཅན་གྱི་ཐུར་མ་སྨྱུག་གུ་ཁ་ཡིས། སོར་གཉིས་ཀྱི་ཚད་ནང་དུ་དབུག་གོ་ འདོན་ཚད་ཆུ་མང་ན་བྲེ་ཕྱེད་དེ། ཕུལ་གསུམ་ཉུང་ན་ཕུལ་དོ་ཆུ་བུངས་སྦྱར་ལ་དབྱུང་ངོ༌། །དེ་ལས་མངས་ན་ཆུ་ཚབ་སླར་གསོག ཟུག་གཟེར་སྐྱེ་བས་མི་དབྱུང༌། དཔྱད་དུས་ཕུག་ཤུལ་དུ་དུང་དང༌། འགྲོན་བུའི་རྩིབ་མ་བསྲེགས་པས་མནན། དེའི་སྟེང་དུ་ཕྱིང་པ་བག་སྐྱོའི་འདག་པ་སྦྱར་བ་གླན་ལ་དེ་སྟེང་སྣམ་བུས་བཅིང་ངོ༌། །དེས་ཆུ་ཚབ་མི་བསྐྱེད། དེ་ལྟར་མ་ཡིན་པ་དེ་རང་བཞག་ན་ཆུ་ཁ་ལུད་པའམ། ཆུ་ཁ་རླུག་ནས་བོར་ཏེ། སྐད་ཅིག་ཏུ་ཟད་ན་སྲོག་དང་འབྲང་ལོ། །དེས་ན་སྔ་མའི་རྨེན་པ་བརྟས་ཞེས་གསོས་པའི་དོན་ཏེ། མ་བརྟས་པ་མ་གསོས་པར་ཕྱི་མ་མི་དབྱུང་ངོ༌། །བསྟུད་ན་སྲོག་གི་གཤེད་མ་བྱེད། རྨེན་པ་བརྟས་པ་དེ་ནས། ནས་རེ་རིམ་པས་བྱེ་དམིགས་དབུག །དེ་ལྟར་བཙག་དང་སྐམས་པའི་སྦྱོར་བ་དང༌། སྦྱངས་སུ་སྤེལ་གྱིན་སྤེལ་ཏེ་བཅོས། གསུམ་པ་ནི། བཙགས་པའི་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ལྟར་བཙགས་པའི་ཆུ་པྲ་སྟེ་ཆུ་བརྟག་ནི། ཆུ་དང་འདྲ་ན་འཚོ། ལྗང་ཁུ་དང་སེར་པོ་བྱུང་ན་འཚོ་དཀའ་སྟེ་ཡུན་དུ་སྦྱོང༌། ཐབས་མང་བར་དགོས། དམར་པོ་དང་སྨུག་པོ་འཆིའོ། །དེ་ལས་གཞན་པ་དང་པོ་ནད་ཆུ་དང༌། བར་མ་འདྲེས་མ་དང༌། ཐ་མ་སྲོག་ཆུ་ཡིན་མིན་བརྟག་པ་དབུག་ཐབས་སོགས་ལག་ལེན་དམར་ཁྲིད་ཡིག་ཆུང་དུ་རྒྱས་པར་བཤད་འདུག་པ་དེར་བལྟའོ། །ལྔ་པ་ནི། ལྔ་པ་ཞེས་རྐང་པ་ལྔས་བསྟན་ཏེ། བྲག་སྤོས་ནི་གསེར་གྱི་ཐིག་ཁྲབ་ཅན་ཏེ། བཙུན་མོ་རེ་རལ་ཞེས་ཀྱང་བྱའོ། །སྟེང་འོག་བར་ཀྱི་ཆུ་སྒོ་ནི། སྟེང་སྒོ་ཚིགས་པ་དང་པོ། འོག་སྒོ་ཚིགས་པ་བཅོ་བརྒྱད་པ། བར་སྒོ་ཚིགས་པ་བཅུ་གསུམ་པའོ། །གཉིས་པ་བྱེ་བྲག་གི་བཅོས་པ་ལ་གཉིས། རིགས་ཀྱི་སྒོ་ནས་རྒྱས་པར་བཅོས་པ། འདུ་བའི་སྒོ་ནས་བསྡུས་ཏེ་བཅོས་པའོ། །དང་པོ་ལ་གསུམ། ནད་གདོན་དུག་གོ་ །དང་པོ་ལ་བཞི། བྱེར། ཟགས། འཁྱིམས། རྡོལ་ལོ། །དང་པོ་ལ་གསུམ། སྤྱི་དང་བྱེ་བྲག་དུས་དང་སྦྱར་ཚུལ་ལོ།

                        དང་པོ་ནི། དེ་ནས་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། སེ་འབྲུ་བཞི་པ་ཕྱི་རྒྱུད་ལྟར་རོ། །གཉིས་པ་ལ་གསུམ། ཁྲག་བྱེར། མཁྲིས་བྱེར། ཆུ་བྱེར་རོ། །དང་པོ་ནི། དེ་རྗེས་ཞེས་རྐང་པ་བཞིས་བསྟན་ཏེ། ཉི་ཤུ་རྩ་ལྔ་ནི་ག་བུར་ཉེར་ལྔ་པའོ། །གཉིས་པ་ནི། མཁྲིས་བྱེར་ཞེས་རྐང་པ་གཉིས་དང་འབྲུ་བཞིས་བསྟན་ཏེ། བ་ཆུའི་སྦྱོངས་ནི། བ་ཆུ། ཙན་དན། དན་ད། དུར་བྱིད། སྤོས་དཀར་བཏབ་པའི་སྦྱོངས་སོ། །རུས་ཐལ་སིག་ནེའི་སྦྱོར་བ་ནི། དུར་ཐོད། འགྲོན་ཐལ། བཟང་པོ་དྲུག ཚ་བ་གསུམ། སོ་མ་རཱ་ཛ། བྲག་ཞུན། ཀ་རའོ། །གསུམ་པ་ནི། དྭངས་མ་ཞེས་འབྲུ་ལྔ་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། གསུམ་པ་ནི། དེ་རྣམས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ནི། མཆིན་ཟགས་ཞེས་རྐང་པ་བཅུ་དྲུག་གིས་བསྟན་ཏེ། དངུལ་ཆུའི་སྦྱོར་བ་ནི་གོང་དུ་བསྟན། མཆེར་ཟགས་ཀྱི་ཤི་ཀྲུ་ནི། ཕོ་བ་རིས། ཕོ་ཚོ། ན་ལེ་ཤམ་ཞེས་བྱ་སྟེ་དྲོད་སྨན་ཧྲིལ་མོའོ། །གཞན་གྱི་སྦྱོར་སྡེ་རྣམས་རྒྱ་མཚོ་གནས་སུ་སྐེམ་པར་གསལ་ལོ། །བཞི་པ་རྒྱུ་རྡོལ་ཞེས་འབྲུ་བཞིས་བསྟན་ནོ། །གཉིས་པ་གདོན་ཞེས་འབྲུ་ལྔས་བསྟན་ཏེ། གདོན་ཆུ་རིམ་གྲོས་བཅོས་ཞེས་གང་འཚམ་གྱི་དཀར་ཆོས་སོ། །གསེར་མཆན་དུ། གསར་དུས་ནི་རུ་ཧ་རྣོན་པོ་དང་འཇམ་ཙམ་སྤེལ་གྱིན་བཏང༌། ཞེས་འབྱུང་ངོ༌། །གསུམ་པ་དུག་གྱུར་ནི། དུག་ལ་སོགས་འོག་ཏུ་བསྟན་པ་ལྟར་རོ། །གཉིས་པ་རླུང་མཁྲིས་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། རླུང་ས་ཆེ་ན་ལྕི་སྣུམ། མཁྲིས་ཤས་ཆེ་ན་བསིལ་རྟུལ་བསྟེན། བད་ཤས་ཆེ་ན་ཡང་དྲོ་སོགས་སོ། །བརྒྱད་པ་ནི། མི་ལྡོག་ཅེས་རྐང་པ་བདུན་དང་འབྲུ་གསུམ་གྱིས་བསྟན་ཏེ། འཇིག་ཟས་ནི། ཉ་ཕག་རུལ་སུངས། སྒོ་ང༌། ཆང་སྐྱུར་སོགས་སོ། །རྩ་བ་ལྔ་དང་ད་བྱིད་སྐྱིན་གོར་ཕྱི་རྒྱུད་སྨན་མར་དུ་བཤད་དོ། །གསུམ་པ་ལེའུའི་མཚན་ནི་བདུད་རྩི་ཞེས་སོགས་ནས་བཅུ་པའོ་ཞེས་པས་བསྟན་ནོ།།

མཐའ་མའི་འདོན་ཐེངས་།: 29.08.2011 ཉིན། 11:29 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།