སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་བཅུ་དྲུག་པ། སྣ་སྨན་གྱི་སྦྱོར་བ་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 04.09.2011
ཕྱི་མ་རྒྱུད། >> ལེའུ་བཅུ་དྲུག་པ། སྣ་སྨན་གྱི་སྦྱོར་བ་བསྟན་པ།

བཅུ་བཞི་པ་སྣ་སྨན་གྱི་སྦྱོར་བ་བསྟན་པ་ལ་གསུམ། ཉོན་ཅིག་པར་གདམས་པ། གཞུང་གི་དོན། ལེའུའི་མཚན་སྨོས་པའོ། །དང་པོ་ནི། དེ་ནས་ཞེས་པ་ནས་ཉོན་ཅིག་ཅེས་པའི་བར་གྱིས་བསྟན་ཏེ། སྦྱོང་བྱེད་ལས་ལྔའི་ནང་ཚན་སྐྱུགས་ཀྱི་སྦྱོར་བ་བསྟན་ཟིན་པའི་མཇུག་ཐོག་དེ་མ་ཐག་པ་དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །དེ་ཡང་ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ཞེས་གདམས་པའོ། །གཉིས་པ་གཞུང་དོན་དངོས་ལ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་གཉིས་ཀྱི་དང་པོ་ནི། ལས་ལྔའི་སོགས་རྐང་པ་གཅིག་སྟེ། ལས་ལྔའི་ནང་གི་སྣ་སྨན་བཏང་བའི་ཐབས་ལ་ཞི་བྱེད་དང༌། དྲག་པོ་སྣ་ནས་སྦྱང་བ་རྣམ་པ་གཉིས་སུ་ཡོད་དོ་ཞེས་པའོ། །གཉིས་པ་ལ་གཉིས་ཀྱི་དང་པོ་ལའང་མདོར་བསྟན་རྒྱས་བཤད་གཉིས་ཀྱི་དང་པོ་ནི། ཞི་བྱེད་སོགས་རྐང་པ་གཅིག་སྟེ། ཞི་བྱེད་སྣ་སྨན་དེ་ལ་མི་རུང་བའི་སྐྱོན། བཏང་བའི་ཕན་ཡོན། བཏང་ཐབས་གསུམ་དུ་ཡོད་དོ་ཞེས་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་གྱི་དང་པོ་ལའང་སྤྱི་དོན་ཚིག་དོན་གཉིས་ཀྱི་དང་པོ་ནི། ཡན་ལག་བརྒྱད་པ་ལས། ཆུ་དང་ཆང་དང་སྦྱར་དུག་མར། །འཐུངས་པའང་འཐུང་བར་འདོད་པ་དང༌། །ཁ་ཟས་ཟོས་དང་མགོ་བཀྲུས་དང༌། །འཁྲུ་བར་འདོད་དང་གཏར་ཁ་བྱས། །ཆམ་གསར་ཤུགས་འོང་གིས་གཟིར་དང༌། །བུ་བཙས་ལུད་པ་དབུགས་མི་བདེ། །སྦྱང་བྱས་མས་བཏང་ཆོ་ག་བྱས། །དེ་བཞིན་དུས་མིན་མུལ་རྨུས་ལ། །སྣ་སྨན་བཏང་བར་མི་བྱ་སྟེ། །ཚབས་ཆེ་ནད་སོགས་མ་གཏོགས་སོ། །ཞེས་སོ། །གཉིས་པ་ཚིག་གི་དོན་ནི། སྣ་སྨན་སོགས་རྐང་པ་གཉིས་ཏེ། ཞི་བྱེད་སྣ་སྨན་མི་རུང་བ་ནི། རིམས་གསར་པ་དང༌། འཕྲལ་དུ་རྨས་པ་དང༌། ཆང་གིས་ར་རོ་བ་དང༌། སྣུམ་བཞི་གང་ཡང་རུང་བ་འཐུངས་པ་རྣམས་ལ་སྤང་བར་བྱའོ་ཞེས་པའོ།།

        གཉིས་པ་ལའང་སྤྱིའི་དོན་ཚིག་གི་དོན་གཉིས་ཀྱི་དང་པོ་ནི། བརྒྱད་པ་ལས། ནམ་འཚོང་ཡན་ཆད་ནད་རྣམས་ལ། །ལྷག་པར་སྣ་ནས་བཏང་བ་ཕན། །སྣ་ནི་ཀླད་པའི་སྒོ་ཡིན་ཏེ། །དེས་ན་དེ་ནས་ནད་དེ་འཇོམས། །བཀྲུ་སྨན་ཀླད་པའི་ནད་རྣམས་དང༌། །བློང་བག་ལྐོག་ནད་མཆི་མ་འཛག །སྐྲངས་དང་ཐོར་བུའི་སྲིན་རྨེན་བུ། །མཛེ་སྨྱོ་ཆམ་པས་བཏབ་ལ་བཏང༌། །བརྟ་བ་རླུང་ལས་འབྱུང་གཟེར་དང༌། །ཀླད་པ་ཕྱེད་ན་སྐད་འགགས་དང༌། །སྣ་དང་ཁ་སྐམ་ཚིག་མ་ཐོན། །མིག་དབྱེ་དཀའ་དཔུང་བསྐྱོད་དཀར་དང༌། །ཞི་བ་མིག་སྔོན་གདོང་པགས་ནད། །སྐྲན་སྐྱོན་མིག་དམར་ལ་བཏང་བྱ། །དང་པོ་རང་སྦྱོར་ཇི་ལྟའི་སྣུམ། །སྨན་གྱི་ལྡེ་གུ་སོགས་སྐོལ་དང༌། །ཤིས་མངར་རྒྱམ་ཚྭ་ཆང་སྙིང་སོགས། །ཅི་རིགས་པར་ནི་སྐོལ་བ་བཏང༌། །བརྟ་བ་འུ་སུའི་ཁུ་བ་དང༌། །ཤ་ཁུ་ཁྲག་དང་ཐང་ཆུའང་སྦྱར། །ཞི་བ་སྔ་མ་འོ་མ་དང༌། །ཆུ་དང་བཅས་པ་སྦྱར་བར་བྱ། །ཚད་ཅན་དང་ནི་ཚད་ཕྲན་ཏེ། །འདི་ཡི་སྣུམ་ཟད་རྣམ་པ་གཉིས། །ལྡེ་གུ་ལ་སོགས་བཙིར་བ་ཡི། །རྣོ་དེ་སྤྱི་བོའི་བཀྲུ་སྨན་ཡིན། །ཕྱེ་མ་བུད་པའི་བཀྲུ་སྨན་ཏེ། །སྦུ་གུ་སོར་དྲུག་ཁ་གཉིས་པ། །ནང་ན་སྨན་དང་བཅས་པ་དགག །ཁ་ཡི་དབུགས་ཀྱིས་བུས་ཏེ་བཏང༌། །དེས་ནི་མགོ་ནད་མང་པོ་དང༌། །ཕྱེ་མ་ཡིན་པས་འབྱིན་པར་བྱེད། །མཛུབ་མོའི་ཚིགས་ནི་གཉིས་པའི་བར། །སྙུགས་པའི་ཕྱིར་ཕྱུང་གྱུར་པ་ལས། །ཐིགས་པ་བཅུའམ་བརྒྱད་དང་དྲུག །ཇི་སྲིད་འཛགས་པར་གྱུར་པ་དག །སྣ་ནས་གཏོང་ཚད་ཆེ་འབྲིང་ཆུང༌། །རིམ་པ་དེ་གཉིས་ཀྱིས་ཤེས་བྱ། །ལྡེ་གུ་ལ་སོགས་ཐིགས་པ་ནི། །གཉིས་ཀྱིས་ཕྲི་སྟེ་སྦྱར་བར་བྱ། །ཞེས་སོ། །གཉིས་པ་ཚིག་གི་དོན་ལ། ཕན་ཡོན་སྤྱིར་བཤད་པ་དང༌། སྨན་སྦྱོར་དངོས་བཤད་པ་གཉིས། དང་པོ་ནི་ཕན་ཡོན་སོགས་རྐང་པ་གཉིས་ཏེ། སྣ་སྨན་བཏང་བའི་ཕན་ཡོན་ནི། སྣ་བུག་འདི་ཉིད་ཀླད་པའི་སྒོ་ཡིན་པའི་ཕྱིར། ཀླད་པ་ལ་ཡ་མ་དཀར་ནག་དང༌། གཞན་ཡང་ནད་ཀྱི་རིགས་ཇི་སྙེད་པ་ཞུགས་པ་རྣམས་མགོ་བོ་དང་དེའི་ཆར་གཏོགས་པ། མིག་སོགས་ནས་ནམ་ཚོང་ཡན་ཆད་ཀྱི་ནད་ཀུན་ལ་མཆོག་ཏུ་ཕན་པ་ཡིན་ཞེས་པའོ།།

        གཉིས་པ་ཞི་བྱེད་ཀྱི་སྨན་སྦྱོར་དངོས་སུ་བསྟན་པ་ནི་ཚིགས་བཅད་གཅིག་དང་རྐང་པ་གསུམ་གྱིས་བསྟན་ཏེ། ཁྱད་པར་སྣ་སྨན་ཞི་བྱེད་ཀྱི་སྨན་སྦྱོར་ལྔ་ནི། གུར་གུམ། ཞུན་མར། ཀ་ར་རྣམས་སྦྱར་བས་མགོ་བོ་རླུང་ཁྲག་འཐབས་པ་དང་གཟེར་ནད་འཁྱུག་པ་རྣམས་འཇོམས་པར་བྱེད་ལ། ཤིང་མངར། སྐྱུ་རུ་ར། ཀ་ར་གསུམ་ཞུན་མར་དང་སྦྱར་བས། རྣ་བ། མིག ཟ་འགྲམ། ཀླད་པའི་ནད་རྣམས་སེལ་བ་དང༌། ལ་ཕུག་གི་ཁུ་བས་རྣ་བ་དང་མགོ་ནད་སེལ་ཞིང༌། རྟ་སྦངས་གསར་པ་རས་ལ་བཏུམས་ནས་བཙིར་བའི་ཁུ་བས་སྣ་ཁྲག་འཛག་པ་དང༌། ཀླད་ཁྲག སོ་སྲིན་རྣམས་སེལ་ཞིང༌། མར་གསར་གྱི་ཞུན་མར་གྱིས་ནམ་ཚོང་ཡན་ཆད་ཀྱི་རླུང་གི་ནད་རྣམས་འཇོམས་པར་བྱེད་པའོ་ཞེས་སྦྱོར་བ་ལྔ་བསྟན་པའོ། །གསུམ་པ་བཏང་ཐབས་ལ་སྤྱི་དོན་ཚིག་དོན་གཉིས་ལས་དང་པོ་ནི། ཡན་ལག་བརྒྱད་པ་ལས། དེ་ནས་སྣ་ནས་སྨན་བཏང་བ། །བད་ཀན་སྣང་བར་མཁྲིས་ཉིན་ཕྱེད། །རླུང་ཅན་ཕྱི་འཕྲེང་མཚན་མོ་བཏང༌། །ནད་མེད་པ་ལ་སྟོན་ཀ་དང༌། །དཔྱིད་ཀྱི་ཚེ་ན་སྔ་དྲོ་བཏང༌། །དགུན་ནི་ཕྱེད་དུས་སོས་ཀའི་ཚེ། །ཕྱི་འཕྲེད་དབྱར་ནི་ཉི་དྲོན་བཅས། །ཀླད་པ་རླུང་ནད་ཀྱིས་ཐེབས་དང༌། །སྐྱིགས་བུས་བཏབ་དང་འགོ་འདར་དང༌། །གཉའུ་རེངས་སྐད་ནི་འགགས་པ་ལ། །ཉིན་རེ་ནད་པར་དགོང་ཀ་བཏང༌། །གཞན་ལ་ཉིན་རེས་བར་བཅད་ལ། །ཉི་མ་བདུན་དུ་དེ་དཔྱད་བྱ། །རྟག་ཏུ་བྱ་བའི་ལས་བྱས་ནས། །དང་པོར་མགོ་སྣུམ་བསྐུ་དུགས་བྱས། །རླུང་མེད་མལ་དུ་གནས་ནས་ནི། །ནམ་ཚོང་ཡན་ཆད་དུགས་ཀྱང་བྱ། །དེ་ནས་གན་རྐྱལ་ལུས་དྲང་བརྐྱང༌། །རྐང་པ་ལག་པ་ལེགས་བརྐྱང་ལ། རྐང་པ་ཅུང་ཟད་སྟོད་ནས་སུ། །མགོ་བོ་ཡིད་ཙམ་སྨད་པར་བྱ། །ཞེས་སོ། །གཉིས་པ་ཚིག་གི་དོན་ནི། བཏང་ཐབས་སོགས་རྐང་པ་གསུམ་སྟེ། དེ་ལྟར་སྣ་སྨན་བཏང་བའི་ཐབས་སྔ་དྲོའམ་དགོང་མོའི་དུས་གང་རུང་ལ་གན་རྐྱལ་དུ་ཉལ་ཞིང་སྔས་སྨད་དེ་མགོ་ཐུར་དུ་དཔྱངས་ལ་སྣ་སྨན་ཐིགས་པ་ལྔའམ་བདུན་བླུག་ནས་དར་ཅིག་ཉལ་བའི་རྗེས་སུ་དུད་པ་དང་རླུང་བསེར་བུ་རྣམས་སྤང་བར་བྱའོ་ཞེས་པའི་དོན་ཏོ། །གཉིས་པ་སྣ་སྦྱོངས་ལ་མདོར་བསྟན་པ་དང་རྒྱས་པར་བཤད་པ་གཉིས་ཀྱི་དང་པོ་ནི། སྣ་སྦྱོངས་སོགས་རྐང་པ་གཉིས་ཀྱིས་བསྟན་ཏེ། སྣ་ནས་དྲག་པོར་སྦྱོང་བ་ལ་མི་རུང་བ་སྤང་དགོས་པའི་སྐྱོན་དང༌། ཕན་ཡོན། སྦྱོར་བ་དངོས། བཏང་བའི་ཚུལ། ལོག་གནོན་དང་ལྔས་བསྟན་པ་ཡིན་ནོ་ཞེས་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་ལྔ་ལས། དང་པོ་ནི། མི་རུང་སོགས་རྐང་པ་གཉིས་ཏེ། སྣ་སྦྱོངས་མི་རུང་བ་རླུང་གིས་མགོ་འཁོར་བ་དང༌། མིག་རབ་རིབ་ཅན་དང༌། རྫི་འཁོར་བ་དང༌། སོ་ནད་དང༌། རྣག་ཁྲག་འཛག་པ་རྣམས་ལ་སྤང་ངོ་ཞེས་པའོ། །གཉིས་པ་ཕན་ཡོན་ནི། ཕན་ཡོན་སོགས་ཚིགས་བཅད་གཅིག་སྟེ། སྣ་སྦྱོངས་ཀྱི་ཕན་ཡོན་ནི། ཆམ་རྒན་མཚུལ་པར་ཞེན་པ་དང༌། ཚད་པ་གག་ལྷོག་གི་རྫོང་ལ་བྲོས་པ་སྟེ། མན་ངག་རྒྱུད་དུ། ནད་ལོག་ཡར་རྫོང་ཀླད་པར་ཤོར་བ་ན། སྣ་ནས་ཆུ་སེར་འཛག་ཅིང་བླ་བཅོལ་སྨྲ། །དེ་ལ་སྣ་བཤལ་བཏང་ལ་ཆུ་སེར་སྦྱང༌། །ཞེས་པ་ལྟ་བུ་དང༌། མིག་དམར་བ། མཛེ་ནད། ཆུ་སེར་གདོང་ལ་ལུད་པ། མགོ་ཆག་རྩ་ལ་བྱེར་བ། ཆུ་སེར་ལྷུང་བ་རྣམས་སེལ་བར་བྱེད་དོ་ཞེས་སོ།།

        གསུམ་པ་སྦྱོར་བ་དངོས་ནི། སྦྱོར་བ་སོགས་ཚིགས་བཅད་གཅིག་དང་རྐང་པ་གཅིག་གིས་བསྟན་ཏེ། སྣ་སྦྱོངས་ཀྱི་སྦྱོར་བ་དེ་ལ་དྲག་འཇམ་གྱི་སྦྱོར་བ་གཉིས་སུ་ཡོད་པའི་དྲག་པོ་ནི། འགྲོན་བུ། བོང་ང་དཀར་པོ། སུག་པ་ལུག་སུག་དང༌། སྒ་སྐྱ་བཞི་པོ་བསྲེགས་པའི་ཐལ་བ་དང༌། བྱང་པ་དམར་ཁྲ། རྒྱ་ཚྭ་རྣམས་དྲི་ཆུར་སྦྱར་བར་བྱ་ལ། ཡང་ན་འཇམ་པོ་ནི། འབྲི་ཏ་ས་འཛིན། རྒྱ་ཚྭ། ཤུ་དག་ནག་པོ། རུ་རྟ། ཤིང་མངར་རྣམས་བ་ཆུར་སྦྱར་བར་བྱའོ། །ཞེས་པའོ། །བཞི་པ་བཏང་ཚུལ་ལ་སྤྱིའི་དོན་དང་ཚིག་གི་དོན་གཉིས། དང་པོ་ནི། ཡན་ལག་བརྒྱད་པ་ལས། རྟག་ཏུ་བྱ་བའི་ལས་བྱས་ནས། །དང་པོར་མགོ་སྣུམ་བསྐུ་དུགས་བྱས། །རླུང་མེད་མལ་དུ་གནས་ནས་ནི། །ནམ་ཚོང་ཡན་ཆད་དུགས་ཀྱང་བྱ། །དེ་ནས་གན་རྐྱལ་ལུས་དྲང་བརྐྱང༌། །རྐང་པ་ལག་པ་ལེགས་བརྐྱང་ལ། །རྐང་པ་ཅུང་ཟད་སྟོད་ནས་སུ། །མགོ་བོ་ཡིད་ཙམ་སྨད་པར་བྱ། །སྣ་ཁུང་གཅིག་ནི་རབ་བཀག་ལ། །རིམ་གྱིས་ཡོངས་སུ་བླུགས་བྱ་བ། །སྨན་ནི་ཆུ་དྲོན་གྱིས་བསྲོས་ལ། །སྦུ་གུའམ་རས་བལ་གྱིས་བླུགས་བྱ། །བླུག་ནས་རྐང་མཐིལ་ཕྲག་པ་དང༌། །ལག་པ་རྣ་བ་ལ་སོགས་མཉེ། །རིམ་གྱིས་བླུགས་ལ་གློ་གཉིས་སུ། །མཆིལ་མ་དོར་ལ་དེ་ནས་ནི། །སྨན་ནི་ཟད་པར་འགྱུར་གྱི་བར། །ལན་གཉིས་ལན་གསུམ་སྣར་བཏང་སྤྱད། །གལ་ཏེ་བརྒྱལ་གྱུར་བསིལ་བའི་ཆུས། །མགོ་མ་གཏོགས་པར་གཏོར་བར་བྱ། །བཀྲུ་སྨན་འོག་ཏུ་སྣུམ་དག་ནི། །ནད་སོགས་ཚུལ་ལས་དཔགས་ཏེ་བཏང༌། །སྣ་སྨན་བཏང་མཐར་གན་རྐྱལ་དུ། །གྲངས་བརྒྱར་དེ་ལ་བསྡད་པར་བྱ། །དུད་པས་རྔུབས་ལ་ཆུ་དྲོ་འཇམ། །གྲེ་བ་མཚུལ་པ་དག་ཕྱིར་བྱ། །སྣུམ་བཏང་ལེགས་རྒྱུ་དབུགས་བདེར་རྒྱུ། །གཉིད་ལོག་སད་བདེ་དབང་པོ་གསལ། །ཞེས་དང༌། གྲངས་དེ་ཉིད་བརྩི་ཚུལ་ཀྱང༌། བྱ་རྫོགས་ཀྱི་སྐད་ཅིག་མ་ཡིན་པར་བཤད་ལ། འགྲེལ་བྱེད་སྔ་མ་ཐམས་ཅད་ཀྱིས་དཔྲལ་བ་དང༌། པུས་མོ་གཉིས་ལ་རེག་ནས་སེ་གོལ་རེ་གཏོག་པ་བྱ་རྫོགས་ཀྱི་སྐད་ཅིག་ཡིན་ཞེས་གསུང་མོད། རྒྱུ་མཚན་མེད་དེ་གཞུང་གི་དགོངས་པ་མ་ལོན་པའི་ཕྱིར། ཇི་ལྟར་ན་སྤྱིར་བྱ་རྫོགས་ཀྱི་སྐད་ཅིག་ཅེས་པ་སྐྱེས་བུ་དར་བབས་ཀྱི་སེ་གོལ་གཅིག་གི་ཡུན་ནམ། མིག་འབྱེད་འཛུམ་གྱི་ཚད་ཡིན་ལ། དེ་དྲུག་ཅུ་རྩ་བཞིར་ཕྱེ་བའི་ཆ་གཅིག་ལ་དུས་མཐའི་སྐད་ཅིག་མ་ཞེས་བྱ། དེ་བརྒྱ་ཉི་ཤུར་དེའི་སྐད་ཅིག་རྩོམ་པ་སོགས་ཆོས་མངོན་པ་ལ་སོགས་པ་ནས་བཤད་ཅིང༌། སྐབས་འདིར་ཀྱང་པུས་མོ་ལ་ལག་པས་བསྐོར་བའི་ཡུན་ནམ་མིག་འབྱེད་འཛུམ་གཅིག་ཏུ་བཤད་པ་ཡིན་ཏེ། ཟླ་ཟེར་ལས། པུས་མོ་གཡས་པའི་ལྷ་ང་ནི། །ལག་རྩེས་བསྐོར་བའི་བར་དང་ནི། །མིག་འབྱེད་འཛུམ་ནི་མཉམ་པ་ཡི། །ཡུན་ནི་གྲངས་ཀྱི་ཚད་དུ་བཤད། །ཅེས་བྱ་བ་ལ་གྲངས་བཟུང་བའི་ཚད་ནི་པུས་མོ་གཡས་པའི་ལྷ་ང་ལག་པའི་རྩེ་མོའི་སོར་མོས་ཀུན་ནས་བསྐོར་བའི་བར་དང༌། དེ་བཞིན་དུ་མིག་གཉིས་འབྱེད་པ་དང༌། འཛུམ་པའི་དུས་དང་མཉམ་པའི་དུས་ཀྱི་ཡུན་ནི་གྲངས་ཀྱི་ཚད་ཡིན་པར་མཁས་པ་རྣམས་ཀྱིས་བཤད་དོ་ཞེས་གསུངས་པའི་ཕྱིར་རོ།།

        གཉིས་པ་ཚིག་གི་དོན་ནི། བཏང་ཐབས་སོགས་ཚིགས་བཅད་གཉིས་དང་རྐང་པ་གཅིག་གིས་བསྟན་ཏེ། སྣ་སྦྱོངས་དེ་ཉིད་བཏང་བའི་ཐབས་ནི་སྔ་དྲོ་ནས་སྣབས་ལུད་གཉིས་སྦྱངས་ཤིང་རབ་ཏུ་བསལ་གན་རྐྱལ་དུ་ཉལ་ཏེ་འཕུལ་བྱེད་ཀྱི་སྔས་གཞུའམ། ཨོད་མ་བཀུག་པའི་རྒྱུད་ཡར་བསྟན་ཞིང་མི་འགྱུར་བ་བྱས་པའི་གཞུ་རྒྱུ་ལྟ་བུ་ལ་མཇིང་པ་བཀལ་ལ་མགོ་དཔྱངས་ཏེ་ཐིགས་པ་དགུ་བླུག་ཅིང༌། མར་ཁུ་དེ་རྐན་གྱི་ནང་ནས་མར་ཁ་ནང་དུ་བྱུང་ན་འགག་ཅེས་སོ། །ཧག་ཅེས་ཕྱིར་ཕོ་བ་བྱས་ལ་བཟློག བྱ་རྫོགས་ཀྱི་སྐད་ཅིག་མ་གྲངས་བརྒྱའི་བར་དུ་ཉལ། དེས་ཀྱང་ཐེབས་དཀའ་ན། དུ་བ་རལ་པ་དང་སུག་པའི་ཕྱེ་སྣ་ནང་དུ་བུད། ཚ་ཞིང་གཡའ་བ་དང༌། སྣབས་མང་པོ་བྱུང་ན་ཡར་ལ་ལངས་ལ་འཕྱི། དེ་རྗེས་སུ་ཆུ་སེར་རྣག་སོགས་གང་ཡོད་དབྱུང༌། གྲེ་བ་དང་མཚུལ་པ་དག་ཕྱིར་ཆུ་བསྐོལ་མང་དུ་བཏུང༌། དེ་ནས་སྤོས་དཀར་དང་མར་གསར་བསྲེས་པའི་དུད་པ་བདུག་པར་བྱའོ་ཞེས་པའོ། །ཡང་མྲི་གི་ཞེས་པའི་སྲིན་བུ་ཀླད་པར་ཞུགས་ཏེ་བརྒྱལ་འགྲོ་བ་ལ་བཤའ་དཀར་དྷུ་ཏི་དང་འབྲས་གསུམ་གང་རུང་གིས་བཏུལ་བའི་ཕྱེ་མ་བོང་བུའི་ཆུས་རྟ་བྱས་ཏེ་སྣ་སྨན་དུ་བཏང་བས་ཕན་ངེས་པ་ཡིན་ནོ། །ལྔ་པ་ལོག་གནོན་བསྟན་པ་ནི། ལོག་གནོན་སོགས་ཚིགས་བཅད་གཅིག་སྟེ། སྣ་སྦྱོངས་ཀྱི་ལོག་གནོན་ལ། སྣ་ནས་ཁྲག་ཤོར་ན་མགོ་བོ་དང་སྟོད་ཆུ་ཡིས་བྲན། དེས་མ་ཆོད་ན་ཁྲག་གཅོད་ཀྱི་སྨན་དང༌། མེ་བཙའ་གཏར་ཁ་སོགས་མན་ངག་རྒྱུད་ཀྱི། སྣ་ནས་ཁྲག་འཛག་དེ་རིགས་རྣམ་པ་གསུམ། ཞེས་པ་ནས། རྩེ་ཆུང་གཏར་ཏེ་འོལ་ཁ་བསྒྱུར་བ་བྱ། ཞེས་པའི་བར་གང་ལ་གང་དགོས་རིག་པས་དཔྱད། སྣ་སྦྱོངས་མ་ཐེབས་པར་མིག་དམར་ཞིང་མགོ་དང་དཔྲལ་བ་གཟེར་ན། སྣ་རྩ། དཔྲལ་རྩ། ཁ་ལྕེ་སོགས་གཏར་བའི་རྗེས་ལ་ཆུ་གྲང་མོའི་ལྕག་བྱའོ་ཞེས་གསུངས་སོ་ཞེས་པའོ།།

        གསུམ་པ་ལེའུའི་མཚན་བསྟན་པ་ནི། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་བཞི་པ་ཕྱི་མ་འཕྲིན་ལས་རྒྱུད་ཀྱི་སྦྱོང་བྱེད་ལས་ལྔའི་གསུམ་པ་སྣ་སྨན་གྱི་ལེའུ་སྟེ་བཅུ་དྲུག་པའོ་ཞེས་བྱ་བའི་དོན་ཏོ།།

 

 

མཐའ་མའི་འདོན་ཐེངས་།: 05.09.2011 ཉིན། 10:10 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།