སྨན་རྩིས་དྲ་བ། - བཤད་རྒྱུད།

ལེའུ་བཅུ་དྲུག་པ། ཟས་ཀྱི་ཚུལ་ཤེས་པར་བྱ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 06.08.2012
བཤད་རྒྱུད། >> ལེའུ་བཅུ་དྲུག་པ། ཟས་ཀྱི་ཚུལ་ཤེས་པར་བྱ་བ།



ལེའུ་བཅུ་དྲུག་པ། ཟས་ཀྱི་ཚུལ་ཤེས་པར་བྱ་བ། 

བྱ་བ་སྤྱོད་ལམ་གྱི་གནས་བཤད་ཟིན་པའི་མཇུག་ཐོག་དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །དེ་ཡང་ཀྱེ་ཞེས་མཚན་ནས་བོས་ཏེ་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས། འཚོ་བ་ཟས་ཀྱི་གནས་ཞེས་བྱ་བ་ལ་བདག་ཅག་རྣམས་ཇི་ལྟར་བསླབ་པར་བགྱི་ཞེས་འདྲི་ན་འཚོ་མཛད་སྨན་པའི་རྒྱལ་པོས་གསལ་པོར་བཤད་དུ་གསོལ་ཞེས་ཞུས་པ་ལས། སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་ལྟར་གསུངས་པ། དེའང་ཀྱེ་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་འཁོར་དང་བཅས་པ་རྣམས་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་བཤད་པར་བྱའོ་ཞེས་གདམས་ནས། དོན་དངོས་ནི་ནད་ལ་གསོ་བར་བྱེད་པའི་གཉེན་པོ་སྤྱོད་ལམ་སོགས་བཞི་ཡོད་པའི་གཉིས་པ་འཚོ་བ་ཟས་ཀྱི་གནས་ལ་བསླབ་པར་འདོད་པ་རྣམས་ཀྱིས་ནི་འདི་ལྟར་ཤེས་པར་བྱ་དགོས་ཏེ། འོག་ནས་འབྱུང་བ་ལྟར་ཟས་སྐོམ་གྱི་ཕན་གནོད་ལེགས་པར་བརྟགས་ཤིང་ལོངས་སྤྱད་ན་ལུས་དང་སྲོག་ལ་ཉེ་བར་ཕན་པས་ཡུན་རིང་དུ་འཚོ་ཞིང༌། བབ་ཅོལ་དུ་ཟོས་ཤིང་འཐུངས་ན་དམན་ལྷག་ལོག་པ་གང་ཡང་རུང་བར་གྱུར་ནས་ནད་བསྐྱེད་དེ་འཕྲལ་དུ་ལུས་སྲོག་འཇོམས་པར་འགྱུར་བ་དེའི་ཕྱིར། བདེ་འདོད་རྣམས་ཀྱིས་ཟས་སྐོམ་གྱི་སྦྱོར་བ་ལ་མཁས་པ་ཁོ་ན་ངེས་པར་གཅེས་པ་ཡིན་པས། འདི་ལ་སྤྱི་སྡོམ་ནི་ཟས་ཀྱི་ཚུལ་ཤེས་པར་བྱ་བ་དང༌། ཟས་མི་འཕྲོད་པ་གདམས་པ་དང༌། ཁ་ཟས་ཚོད་རན་པར་བཟའ་བ་ཞེས་བྱ་བ་དེ་རྣམ་པ་གསུམ་གྱི་སྒོ་ནས་རྟོགས་པར་བྱའོ།།

དང་པོ་ཁ་ཟས་ཀྱི་ཚུལ་ཤེས་པར་བྱ་བ་ལ་ཟས་ཀྱི་ཚུལ་ཤེས་པར་བྱ་བ་དང༌། སྐོམ་གྱི་ཚུལ་ཤེས་པར་བྱ་བ་གཉིས་ལས། དང་པོ་ཟས་ཀྱི་ཚུལ་ཤེས་པར་བྱ་བ་ལའང་འབྲུ་དང་ཤ་དང་སྣུམ་དང་སྔོ་ངད་དང་གཡོས་སུ་སྦྱར་བ་སྟེ་རྣམ་པ་ལྔ་ཡོད་ལ།

འབྲུའི་ཚུལ་ཤེས་པར་བྱ་བ་ལའང་གཉིས་ཏེ། གྲ་མ་ཅན་གྱི་རིགས་དང༌། གང་བུ་ཅན་གྱི་རིགས་སོ། །ཟས་ཀྱི་ཚུལ་ཤེས་པར་བྱ་བ་དེ་ལ་གྲ་མ་ཅན་གྱི་འབྲུའི་སྡེ་ལ་ཉེ་བར་བསྡུ་ན། འབྲས་དང་ཁྲེ་དང་ཁྲ་མ་དང་གྲོ་དང་ནས་དང་སོ་བ་དང་སྲེ་ད་དང་ལ་སོགས་པ་ཞེས་པའི་སྒོ་ནས་རང་རང་གི་བྱེ་བྲག་སོ་སོ་དང་བཅས་པ་ཀུན་ཀྱང་རགས་པའི་དབང་དུ་བྱས་ན་རོ་དང་ཞུ་རྗེས་གཉིས་ཀ་མངར་ཞིང་ནུས་པས་རོ་ཙ་བ་དང༌། རླུང་འཇོམས་པ་དང༌། ལུས་སྟོབས་དང་བད་ཀན་དག་ཀྱང་ཉེ་བར་སྐྱེད་པར་བྱེད་པ་ཡིན་ནོ། །གྲ་མ་ཅན་དེ་ལ་བྱེ་བྲག་ཏུ་འབྲས་ནི་ལྗང་པ་གྲོ་བཞིན་ཕྲ་བ་སྙེ་མ་འདམ་སྙེ་འདྲ་བ་རྩེ་ཐུར་བལྟས་དེའི་འབྲུ་དཀར་མོ་དེ་ནི་སྣུམ་འཇམ་བསིལ་ལ་ཡང་བའི་ནུས་པ་དང་ལྡན་པས་ཉེས་པ་གསུམ་ག་སེལ་ཞིང་རོ་ཙ་བ་དང་འཁྲུ་སྐྱུག་གཅོད་པར་བྱེད་ལ། ཁྲེ་ནི་ལྗང་པ་ནས་དང་མཚུངས་པ་སྙེ་མ་ཧ་ལམ་འབྲས་མཚུངས་དེའི་འབྲུ་དཀར་དམར་འབྱུང་བ་དེས་ལྕི་བསིལ་དང་ལྡན་པས་རྨ་བརྟས་པར་བྱེད་ཅིང་རུས་པ་ཆག་གྲུགས་ལ་སོགས་པ་སྦྱོར་བར་བྱེད་པ་དང༌། ཁྲ་མ་ཞེས་པ་ཞག་དྲུག་ཅུ་ལ་སྨིན་པའི་ནས་དེ་ལ་ཟུར་མཁར་བ་ངོས་འཛིན་ནའང༌། གྲོ་ནས་འབྲས་སོ་བ་སྲེ་ད་ཡོས་ལ་སོགས་པའི་ཆང་འོང་བའི་རིགས་མཐའ་དག་ལ་ཆང་གི་སྐབས་སུའང་བཤད་པས་ན་དེ་ཡིན་ན་ཁྲ་མའི་ཆང་ཞེས་འོང་བར་མཆིས་ཤིང་ནུས་པ་ཡང་བསིལ་ཡང་སོགས་ཆེར་མེད་པ་དང༌། རྒྱ་བྲར་བཞེད་པའང་མཆིས་པ་ཕལ་ཆེར་དེ་ཉིད་བྲ་བོའི་ཁོངས་སུ་བསྡུ་ནའང་འདི་ནི་ཉེས་པ་གསུམ་སློང་བ་སོགས་མི་བྱེད་ཅིང༌། ནུས་པའི་སྒོ་ནས་འཐད་པ་ཙམ་མཆིས་ཀྱང་དེ་དག་གསུང་བ་པོ་རྣམས་ཀྱི་ངོ་བོ་སྤྱོད་ཡུལ་དུ་མ་གྱུར་ཞིང་ངོ་བོ་རྒྱ་མོན་འབྲས་ལྗོངས་སོགས་སུ་འོང་བའི་ལྗང་པ་ནས་ལས་ཀྱང་འདབ་པ་སྙེ་མ་ཆོ་འབྲས་ཁྲེ་དང་མཚུངས་པ་གྲ་མ་ཅན་འབྲུ་དཀར་ནག་ཆུང་བ་འོད་འཚེར་ཞིང་ལག་ཏུ་ལེན་ཀྱང་བྱིད་པའི་འཇམ་པ་དེའི་ནུས་པའང་བསིལ་ཡང་རྩུབ་ཅིང་ཡི་གར་འཕྲོད། གྲོ་ནི་ལྕི་བསིལ་དང་ལྡན་པས་ལུས་འཚོ་བར་བྱེད་ཅིང་རླུང་མཁྲིས་སེལ་བ་དང༌། ནས་ཕལ་ཆེར་ནི་ལྕི་བསིལ་དང་ལྡན་ལ་བཤང་བ་འཕེལ་ཞིང་སྟོབས་སྐྱེད་མཆོག་ཡིན་པ་དང༌། སོ་བ་དང་ནས་ཀྱི་གསེབ་ནས་འབྱུང་བའི་སྲེ་ད་དེ་ནི་བསིལ་ལ་ཡང་བས་བད་མཁྲིས་སེལ་བར་བྱེད་པ་ཡིན་ནོ། །གཉིས་པ་གང་བུ་ཅན་གྱི་འབྲུ་བཤད་པ་ནི། སྲན་མ་རིལ་མོ་དང་མོན་སྲན་ལེབ་མོ་གཉིས་ནི་རོ་བསྐ་མངར་དང་ལྡན་ཞིང་བསིལ་ཡང་སྐྱ་ལ་རྩ་སྒོ་འགགས་པ་དང༌། བད་ཀན་དུ་ལྡན་པའི་ཚ་བ་སེལ་ཞིང་འཁྲུ་བ་གཅོད་པ་དང༌། སྣུམ་པའི་ཆ་ཤས་མ་ལུས་པ་སེལ་ཞིང་ཁྲག་མཁྲིས་དང་ཚིལ་བུ་འཕེལ་བ་ལ་དེའི་སྐྱོ་མ་བྱུགས་ན་ཕན་ནོ། །དེ་བཞིན་དུ་རྒྱ་སྲན་དཀར་ནག་གི་ནུས་པས་བད་རླུང་དང་ལུད་པ་དང་དབུགས་མི་བདེ་བ་དང་གཞང་འབྲུམ་དང་ཁུ་བ་ལས་བྱུང་བའི་རྡེའུ་རྣམས་འཇོམས་ཤིང་ཁྲག་མཁྲིས་སྐྱེད་པར་བྱེད་པའོ། །མ་ཤ་སྟེ་མོན་སྲན་གྲེའུས་ནི་རླུང་འཇོམས་ཤིང་བད་མཁྲིས་དང་ཁུ་སྟོབས་འཕེལ་བར་བྱེད་དོ། །སྲན་ཆུང་ལེབ་མོ་ནི་རོ་བསྐ་མངར་དང་ལྡན་ཞིང་ནུས་པས་ཉེས་པ་གསུམ་ག་སྐྱེད་ཀྱང་སྐྱོ་མས་ནི་མེ་དབལ་དང་དྲེག་ནད་དང་ཁྲག་ནད་སེལ་བར་བྱེད་པ་ཡིན་ནོ། །ཏིལ་གྱི་འབྲུ་དཀར་ནག་གིས་ནི་ལྕི་དྲོ་དང་ལྡན་པས་རོ་ཙ་ཞིང་རླུང་ནད་འཇོམས་པར་བྱེད་ལ། ཟར་མ་ནི་རོ་མངར་ཁ་དང་ལྡན་ཞིང་ནུས་པ་སྣུམ་འཇམ་དང་ལྡན་པས་རླུང་ལ་ཕན་ཞིང༌།

བྲ་བོའི་རིགས་ཀུན་ཀྱང་བསིལ་ཡང་ལྡན་པས་རྨ་འཇིག་ཅིང་ཉེས་པ་གསུམ་ག་སྐྱེད་པར་བྱེད་དོ།།

གྲ་མ་ཅན་ལ་སོགས་པའི་འབྲུ་ཀུན་ཀྱང་གསར་ཐོག་སྟེ་ལོ་གཅིག་མ་ལོན་པ་དང་རློན་པ་རྣམས་ནི་ལྕི་བས་བད་ཀན་སྐྱེད་པ་ཡིན་ཏེ་མི་དགེ་ལ། འོན་ཀྱང་འབྲས་བུ་སྨིན་པ་ཤིན་ཏུ་གྱུར་པ་རྣམས་དང་སྐམས་ཏེ། རླན་དང་བྲལ་བ་རྣམས་དང་རྙིང་པ་ལོ་ལོན་པ་རྣམས་ནི་ཡང་ཞིང་དགེ་བ་ཡིན་ནོ། །དེར་མ་ཟད་འབྲུ་སྐམ་རློན་གང་ཡིན་ཡང་རྗེན་པ་དང་བཙོས་པ་དང་ཚྭ་སྡོར་ལ་སོགས་པའི་སྒོ་ནས་གཡོས་སུ་བྱས་པ་ཀུན་ཀྱང་རིམ་པ་བཞིན་དུ་སྔ་མ་ལྕི་ལ་ཕྱི་མ་ཡང་ཞིང་འཇུ་སླ་བ་དང་ཁམས་ལ་འཕྲོད་པར་འགྱུར་རོ།།

ཁ་ཟས་སུ་བྱེད་པའི་ཤའི་རིགས་ནི་ཁྲོན་གྱིས་བརྐོ་བ་ལ་སོགས་པའི་སྡེ་བརྒྱད་ཡོད་ལ། དེ་དག་ཀུན་ཀྱང་གནས་ཀྱི་དབང་གིས་སྐམ་ས་ལ་གནས་པ་དང༌། གཤེར་བ་ལ་གནས་པ་དང༌། དེ་གཉིས་ཀ་ལ་ཐུན་མོང་དུ་གནས་པ་དང་རྣམ་པ་གསུམ་ཡིན་ནོ། །རྨ་བྱ་དང་གོང་མོ་དང་སྲེག་པ་དང་སྐྱུང་ཀ་དང་དེ་འདྲ་བའི་བྱ་ནག་ལ་སོགས་པའི་རི་བྱ་རྣམས་ནི་ཁྲོན་གྱིས་ཞེས་རྐང་པས་བརྐོས་ནས་ཟས་འཚོལ་བར་བྱེད་པའི་སྡེ་ཚན་ཡིན་ནོ། །ནེ་ཙོ་དང་ཁུ་བྱུག་དང་ཐི་བ་ཞར་མ་དང་སྐྱ་ག་དང་འཇོལ་མོ་དང་བྱིའུ་ཕལ་ཆེར་རྣམས་ནི་གཟན་བུ་མཆུས་བརྐོས་ཏེ་ཟ་བའི་སྡེ་ཚན་ཡིན་ནོ། །ཤ་བ་དང་གླ་བ་དང་དགོ་བ་དང༌། གཉན་དང༌། རི་བོང་དང་གཙོད་དང་གནའ་བ་ལ་སོགས་ཀྱི་ཤ་རྣམས་ནི་རི་དྭགས་ཀྱི་སྡེ་ཚན་ཡིན་ནོ། །རྒྱ་དང་ཁ་ཤ་དང་ར་རྒོད་དང་ཕག་རྒོད་དང་མ་ཧེ་དང་བསེ་རུ་དང་སྨྱུག་མའི་ནགས་ན་གནས་པའི་སྨུག་སྟག་ཅེས་བྱ་བ་དང༌། རྐྱང་དང་གཡག་རྒོད་དེ་འབྲོང་དང་རི་ལ་གནས་པའི་མཛོ་རྒོད་ཅེས་བྱ་བ་ལ་སོགས་པ་རྣམས་ནི་རི་དྭགས་ཆེ་བའི་སྡེ་ཚན་ཡིན་ནོ། །སྟག་དང་གཟིག་དང་དོམ་དང་དྲེད་དང་གསའ་དང་སྤྱང་ཀི་དང་གཡི་དང་ཝ་དང་འཕར་བ་དང་སྤྲེ་དང་སོགས་པའི་སྒྲས་འོབས་ལ་སོགས་པའི་གཅན་གཟན་གྱི་སྡེ་རྣམས་དང༌། བྱ་རྒོད་དང་ཁྭ་ཏ་དང་བྱ་གླག་དང་ནེ་ལེ་སྟེ་འོལ་བ་དང་བྱ་རོག་དང་འུག་པ་དང་བྱིའུ་གསོད་པའི་ཁྲ་དང་རྒྱ་ཁྲ་ལ་སོགས་པ་རྣམས་ལ་ནི་རྩལ་མཐུས་ཟ་བའི་སྡེ་ཚན་ཞེས་བྱའོ། །མཛོ་དང་གཡག་དང་རྔ་མོ་དང་རྟ་དང་བོང་བུ་དང་བ་ལང་དང་སྐོམ་པོ་སྟེ་རྟོལ་དང་ར་དང་ལུག་དང་ཁྱི་དང་ཕག་པ་དང་ཁྱིམ་བྱ་དང་བྱི་ལ་སྟེ་ཞི་མི་ལ་སོགས་པ་རྣམས་ནི་མིས་བདག་བྱེད་པའི་སྡེ་ཚན་ཡིན་ནོ། །འཕྱི་བ་དང་གཟུགས་མོ་བྱི་ཐུར་དང་སྦལ་པ་དང་སྦྲུལ་དང་གྲུམ་པ་དང་རྨིགས་པ་དང་རྩངས་པ་དང་སྡིག་པ་དང་སྐྱིན་གོར་ལ་སོགས་པ་རྣམས་ནི་སའི་ཁུང་ངམ་སྦུབས་སུ་གནས་པའི་སྡེ་ཚན་ཡིན་ནོ། །ཁྲུང་ཁྲུང་དང་ངང་སྐྱ་དང་ངུར་པ་དང་སོ་བྱ་སྟེ་སོ་ཏོ་རོག་པོ་དང་སྐྱར་མོ་བྱ་དཀར་ཏི་ཏིག་གུ་ལིང་ཟས་ཆེན་མ་དང་སྲམ་དང་ཉ་ལ་སོགས་པ་རྣམས་ནི་རླན་ལ་གནས་པའི་སྡེ་ཚན་ཡིན་ནོ།།

དེ་ལྟར་བཤད་པའི་སྡེ་བརྒྱད་ཀྱི་ཤ་རྣམས་ཀུན་ཀྱང་རོ་དང་ཞུ་རྗེས་གཉིས་ཀ་མངར་བ་ཡིན་ལ། སྡེ་བརྒྱད་པོ་དེ་ལས་ཐོག་མ་ཁྲོན་གྱིས་བརྐོ་བ་དང༌། མཆུས་བརྐོ་བ་དང༌། རི་དྭགས་ཀྱི་སྡེ་གསུམ་དང༌། ཐ་མ་ཁུང་ན་གནས་པ་དང༌། རླན་ལ་གནས་པའི་སྡེ་གཉིས་དང་བར་མ་རི་དྭགས་ཆེ་བ་དང༌། གཅན་གཟན་དང༌། རྩལ་མཐུས་ཟ་བ་དང༌། མིས་བདག་བྱེད་པའི་སྡེ་རྣམས་རིམ་པ་བཞིན་དུ་དང་པོ་གསུམ་སྐམ་ལ་གནས་པ་དང༌། ཐ་མ་གཉིས་གཤེར་ལ་གནས་པ་དང༌། བར་མ་གསུམ་ཐུན་མོང་ལ་གནས་པ་ཡིན་ནོ། །དེ་ལས་སྐམ་ས་ལ་གནས་པའི་ཤ་རྣམས་བསིལ་ཞིང་ཡང་ལ་རྩུབ་པས་རླུང་དང་བད་ཀན་ལྡན་པའི་ཚ་བ་སེལ་བར་བྱེད་ཅིང༌། རླན་གཤེར་ལ་གནས་པའི་ཤ་རྣམས་སྣུམ་ཞིང་ལྕི་ལ་དྲོ་བ་དང་ལྡན་པས་ཕོ་བ་དང་མཁལ་རྐེད་དང་གྲང་རླུང་གི་ནད་ཀུན་ལ་ཕན་པ་ཡིན་ལ། སྐམ་གཤེར་ཐུན་མོང་ལ་གནས་པའི་ཤ་རྣམས་ནུས་པ་གཉིས་དང་ལྡན་ཞེས་པ་བད་རླུང་དང་ལྡན་པའི་ཚ་བ་དང༌། གྲང་རླུང་གཉིས་ཀ་སེལ་བའི་ནུས་པ་དང་ལྡན་པའི་དོན་ཡིན་ནོ།།

གོང་དུ་བཤད་པའི་བྱ་དང་གཅན་གཟན་རྩལ་མཐུས་ཤ་རློན་ཟ་བ་རྣམས་ཀྱི་ཤ་ནི་རྩུབ་ཡང་རྣོ་བས་ཕོ་བའི་མེ་དྲོད་སྐྱེད་ཅིང་སྐྲན་བཤིག་པ་དང་ཤ་འཕེལ་བ་དང་གྲང་བའི་ནད་ཀུན་སེལ་བར་བྱེད་པ་ཡིན་ལ། ལུག་ཤ་ནི་སྣུམ་དྲོ་དང་ལྡན་པས་འཇུ་བ་སླ་ཞིང་སྟོབས་འཕེལ་བ་དང༌། ལུས་ཟུངས་སྐྱེད་པ་དང༌། རླུང་དང་བད་ཀན་སེལ་ཞིང་དང་ག་འབྱེད་པ་དང༌། ར་ཤ་ནི་ལྕི་བསིལ་དང་ལྡན་པས་ཁོང་དུ་ཉེས་པ་གསུམ་བསགས་པ་ཡོད་ན་སློང་བར་བྱེད་ཅིང་བསེ་དུག་དང་ཤ་དུག་དང་འབྲུམ་ནག་དང་མེས་ཚིག་པའི་རྨ་རྣམས་ལ་ཕན་པ་ཡིན་ལ། འདིར་ཡན་ལག་བརྒྱད་པ་སོགས་སུ་ར་ཤ་ལ་ལེགས་པར་གསུངས་པ་དང༌། ཟླ་ཟེར་དུ་ལུག་ཤ་ཤིན་ཏུ་བསིལ་བར་བཤད་པ་འདིར་དྲོ་བར་གསུངས་པ་སོགས་འགལ་བ་ལྟ་བུ་དང་སྔ་རབས་རྣམས་རྒྱ་གར་དང་ཡུལ་གྱི་ཁྱད་ཡིན་ཟེར་ཡང་དེས་ན་གཞན་རྣམས་ལ་ཡང་དེ་ལྟར་འགྱུར་དགོས་པ་བཅས་དོགས་པ་དང་རྒྱུ་མཚན་མང་དག་ཅིག་མཆིས་ཀྱང་ཡི་གེས་འཇིགས་ཤིང་དོན་ནུས་པ་བཤད་པ་ལྟར་ལ་འཕྱུགས་པ་མེད་དོ། །བ་ལང་གི་ཤ་ནི་བསིལ་སྣུམ་དང་ལྡན་པས་རླུང་ལྡན་གྱི་ཚ་བ་སེལ་བར་བྱེད་པ་དང༌། རྟ་རྐྱང་བོང་བུ་དང༌། ལ་སོགས་པའི་སྒྲས་དྲེའུ་རྣམས་ཀྱི་བཤུལ་ཤ་རྣམས་ཀྱིས་རྣག་འཛག་པ་གཅོད་ཅིང་མཁལ་རྐེད་ལ་སོགས་པའི་གྲང་བ་དང་ཆུ་སེར་སེལ་བ་དང༌། ཕག་ཤ་ནི་བསིལ་ཡང་དང་ལྡན་པས་རྨ་འཇིག་ཅིང་བད་ཀན་སྨུག་པོ་སེལ་བ་དང༌། མ་ཧེའི་ཤ་ཡིས་ནི་གཉིད་དང་ཤ་འཕེལ་བར་བྱེད་པ་དང༌། གཡག་གི་ཤ་ནི་སྣུམ་དྲོད་དང་ལྡན་པས་གྲང་བ་སེལ་ཞིང་ཁྲག་མཁྲིས་སྐྱེད་པ་དང༌། ཁྱིམ་བྱ་དང་བྱེའུ་མཆིལ་པའི་ཤས་ནི་ཁུ་བ་འཕེལ་ཞིང་རྨ་ལ་ཕན་པ་དང༌། རྨ་བྱའི་ཤས་མིག་གི་ནད་དང་སྐད་འགགས་པ་ལ་ཕན་ཞིང་རྒས་པ་སྲ་བར་བྱེད་དོ། །གཡག་རྒོད་དེ་འབྲོང་གི་ཤས་ནི་ཕོ་མཆིན་ལ་ཞུགས་པའི་གྲང་ནད་སེལ་ཞིང་མེ་དྲོད་སྐྱེད་པ་དང༌། ཤ་བ་ལ་སོགས་པའི་རི་དྭགས་ཆེ་བ་ཕལ་ཆེར་གྱི་ཤ་ནི་བསིལ་ལ་ཡང་བས་བད་ཀན་དང་ལྡན་པའི་ཚད་པ་སེལ་བར་བྱེད་པ་དང༌། རི་བོང་གི་ཤ་ནི་རྩུབ་པས་དྲོད་བསྐྱེད་ཅིང་འཁྲུ་བ་གཅོད་པ་དང༌། འཕྱི་བའི་ཤ་ནི་སྣུམ་ལྕི་དང་ལྡན་པས་དྲོ་ཞིང་འབྲས་ལ་ཕན་པ་དང༌། གྲང་རླུང་དང་ཕོ་བའི་ནད་དང་མཁལ་རྐེད་ཀྱི་ནད་དང་མགོ་བོའི་ནད་རྣམས་སེལ་བར་བྱེད་པ་དང༌། སྲམ་གྱི་ཤ་ནི་རོ་ཙ་ཞིང་མཁལ་རྐེད་ལ་སོགས་པའི་གྲང་བ་སེལ་བ་དང་། ཉ་ཤས་ནི་ཕོ་བའི་ནད་སེལ་ཞིང་དང་ག་འབྱེད་པ་དང༌། མིག་གསལ་ལ་རྨ་དང་འབྲས་དང་བད་ཀན་རྣམས་བཤིག་པར་བྱེད་པ་ཡིན་ནོ།།

གོང་དུ་བཤད་པའི་ཤ་དེ་དག་ཀུན་གྱི་ཕོ་དང་མོའི་སྟོད་དང་སྨད་ཕྱེད་ཕྱེད་ལྕི་བ་ཡིན་ཏེ། ཤུགས་ལས་ཕོའི་སྨད་དང་མོའི་སྟོད་ནི་ཡང་བ་ཡིན་ནོ། །དེ་རྣམས་ལས་སྦྲུམ་མའི་ཤ་ནི་ཕྱེད་ཕྱེད་མ་ཡིན་པ་སྟོད་སྨད་ཀུན་ལྕི་ཞིང༌། བ་ལང་ལ་སོགས་པ་རྐང་བཞི་རྣམས་ཀྱི་ནང་ནས་མོའི་ཤ་རྣམས་ཡང་ལ། ཁྱིམ་བྱ་ལ་སོགས་པ་བྱ་རྣམས་ཀུན་གྱི་ནི་ཕོའི་ཤ་ཡང་བ་ཡིན་ནོ། །དེ་བཞིན་དུ་ཤ་ཡིན་ནོ་ཅོག་ཐམས་ཅད་ཀྱི་མགོ་དང་རོ་སྟོད་ཀྱི་ཆ་དང་བྲང་དང་རྒྱབ་དང་དཔྱི་དང་རྐེད་པའི་ཤ་རྣམས་ནི་མས་རིམ་བཞིན་དུ་ལྕི་ཞིང༌། དྭངས་མ་ལ་སོགས་པའི་ལུས་ཟུངས་བདུན་པོ་རྣམས་ནི་ཕྱི་མ་རིམ་པ་བཞིན་དྭངས་མ་ལས་ཁྲག དེ་ལས་ཤ དེ་ལས་ཚིལ། དེ་ལས་རུས། དེ་ལས་རྐང༌། དེ་ལས་ཁུ་བ་རྣམས་ཕྱི་མར་སོང་གིན་ལྕི་བ་ཡིན་ལ། གཞན་ཡང་ཤའི་རིགས་དང་རང་རང་ལ་ལྟོས་པའི་གསར་པ་རྣམས་བསིལ་ཞིང་ཤ་རྙིང་པ་རྣམས་དྲོ་ལ་བཅུད་པ་དང༌། ལོ་ལོན་པའི་ཤ་ནི་ཁྱད་པར་དུ་དྲོ་བས་རླུང་གནོན་ཞིང་མེ་དྲོད་སྐྱེད་པར་བྱེད་པ་དང༌། ཤ་རློན་པ་རྣམས་འཁྱགས་པོ་དང་མེར་བསྲེགས་པ་རྣམས་འཇུ་དཀའ་ཞིང་ལྕི་བ་དང༌། སྐམ་པོ་དང་ལེགས་པར་བཙོས་པ་ནི་ཡང་ཞིང་འཇུ་བ་སླ་ལ། དེ་ཡང་སོ་སོའི་ན་ཚོད་དར་མ་ཤི་བ་མིན་པའི་བསད་པ་སོགས་ནུས་ལྡན་ཕན་ལ་ཆུའམ་དུག་སོགས་ཀྱིས་ཤི་བ་དང༌། ཚིལ་ཆེ་ཞིང་ཚོ་དྲགས་པ་ནི་ངན་པ་ཡིན།

ཁ་ཟས་རྣམས་ཀྱི་ནང་ནས་སྣུམ་ནི་རྩི་མར་དང་ཏིལ་ལ་སོགས་པའི་འབྲུ་མར་དང་རྐང་མར་དང་ཚིལ་ཏེ་རྣམ་པ་བཞི་གའང་རོ་མངར་ཞིང་སྔ་མ་སྔ་མ་བས་ཕྱི་མ་ཕྱི་མ་རྣམས་ལྕི་བསིལ་གྱི་ནུས་པ་དང་ལྡན་པས་ཁོང་པའི་ནད་ཅུང་ཟད་འཁྲུ་བར་བྱེད་པ་སྟེ། དྭངས་སྙིགས་འབྱེད་པར་བྱེད་ཅིང་སྣུམ་པ་དང༌། རྟུལ་བ་དང་ཕྲ་ལ་མཉེན་ཞིང་བརླན་པའི་ཡོན་ཏན་དང་ལྡན་པ་ཡིན་པས་ན་རྒས་པ་དང་བྱིས་པ་དང༌། དེ་གཉིས་མ་ཡིན་དུ་ཟིན་ཀྱང་སྟོབས་ཆུང་བ་དང༌། སྦེག་པ་སྟེ་ཤིན་ཏུ་རིད་པ་དང་ལུས་རྩུབ་མོར་གྱུར་པ་དང་སྐྱེས་པའམ་བུད་མེད་ཀྱི་ཁུ་ཁྲག་མང་དུ་ཟད་པ་དང༌། བཤལ་ལ་སོགས་པའི་སྦྱང་བ་བྱས་པ་དང༌། སེམས་ལས་དང་སྨྲ་བརྗོད་ཧ་ཅང་མངས་པ་སོགས་མདོར་ན་རླུང་གིས་རབ་ཏུ་ཉེན་པ་རྣམས་ལ་ལྷག་པར་དུ་བསྔགས་པ་ཡིན་ནོ།།

སྣུམ་གྱི་ཚོགས་དེ་ལས་བསྲུབས་ཟིན་མ་ཐག་པའི་མར་གསར་ནི་བསིལ་ཞིང་རོ་ཙ་བའི་ནུས་པ་དང་ལྡན་ལ་ཟོས་པ་ན་མདོག་སྟོབས་སྐྱེད་ཅིང་མཁྲིས་ཚད་སེལ་བར་བྱེད་པ་ཡིན། དེ་ལས་ལྡོག་པའི་མར་རྙིང་པ་ལོར་ལོན་པས་ནི་སྨྱོ་བ་དང་བརྗེད་བྱེད་ཀྱི་ནད་དང་དྲན་མེད་དུ་བརྒྱལ་བ་དང་རྨ་བྱུང་བ་རྣམས་འཚོ་བར་བྱེད་དོ། །དེ་བཞིན་དུ་མར་ཧ་ཅང་རྙིངས་པ་མ་ཡིན་པ་ལས་བྱས་པའི་ཞུན་མར་གྱིས་ནི་བློ་རྣོ་ཞིང་དྲན་པའི་དབང་པོ་གསལ་བ་དང་ལུས་ཀྱི་དྲོད་སྟོབས་ཆེས་ཆེར་སྐྱེད་པ་དང༌། ཚེ་འཕེལ་བར་བྱེད་པ་སོགས་སྣུམ་པ་རྣམས་ཀྱི་ནང་ནས་མཆོག་གམ་གཙོ་བོར་གྱུར་པ་སྟེ་ཕན་པའི་ལས་སྟོང་ཙམ་ཡང་བྱེད་ནུས་པ་ཡིན་ནོ། །འོ་མ་དང་དར་བ་བསྲེས་པར་བཞེད་པའམ་ཞོ་ཕྲུམ་མ་ཞིག་ཙམ་ལས་བྱུང་བའི་ཕྲུམ་གསར་དང་བེའུ་སྐྱེས་མ་ཐག་པའི་འོ་མ་ལས་བྱས་པའི་སྤྲི་དང༌། ཞོ་ཁ་ཆུའམ་དར་བ་བསད་པ་ལས་བྱུང་བའི་ཆུར་བ་དང༌། ལ་སོགས་པའི་སྒྲས་འོ་མ་ལས་བྱས་པའི་བྱེ་བྲག་གཞན་ཡང་བསྡུས་ཏེ། དེ་དག་ཀུན་གྱི་དང་ག་ལེན་ཞིང་རྟུག་པ་སྐམ་པར་བྱེད་པ་དང༌། བད་ཀན་ཡང་སེལ་བར་བྱེད་ལ། འོ་ཟོམ་གྱི་ངོས་ལ་ཆགས་པའི་ཟོ་མར་རམ་རྒྱ་ཕྲུམ་ཞེས་པ་དེ་ཡིས་ནི་བད་རླུང་སེལ་ཞིང་མེ་དྲོད་སྐྱེད་པར་བྱེད་པ་ཡིན་ནོ། །དེ་ལྟར་བཤད་པ་ཀུན་ཀྱང་རགས་པའི་དབང་དུ་བྱས་ཀྱི་ཞིབ་ཏུ་ན་འབྲི་དང་ལུག་གི་མར་ནི་ཟོ་མར་གྱི་ནུས་པ་དེ་བཞིན་དུ་གྲང་བ་དང་རླུང་སེལ་ཞིང་མཛོའི་མར་ནི་བསིལ་དྲོད་སྙོམས་ལ། བ་དང་རའི་མར་ནི་བསིལ་བ་ཡིན་པས་རླུང་དང་ལྡན་པའི་ཚད་པ་སེལ་བར་བྱེད་དོ། །དེ་དག་ནི་མར་གསར་པའི་དབང་དུ་བྱས་ཀྱི། ལོ་ལོན་ཏེ་རྙིང་པར་གྱུར་ན་བ་རའི་མར་ཡང་དྲོ་སྟེ་གྲང་རླུང་སེལ་བར་འགྱུར་རོ། །དེ་བཞིན་དུ་འབྲུ་མར་རྣམས་ཀྱི་ནང་ནས་ཏིལ་དཀར་ནག་ལས་བྱུང་བའི་མར་ཁུ་ནི་ཚ་རྣོའི་ནུས་པ་དང་ལྡན་པས་སྐེམ་པོའི་ཤ་སྐྱེད་པར་བྱེད་ཅིང་སྦོམ་པོ་ནི་འབྲི་བར་བྱེད་ལ། གཉིས་ཀའང་མཁྲེགས་པར་བྱེད་དེ་བད་རླུང་སེལ་བ་དང༌། ཡུངས་ཀར་དང་ཡུངས་ནག་ལས་བྱུང་བའི་མར་ཁུས་ནི་རླུང་གནོན་ཅིང་བད་མཁྲིས་གཉིས་ཀ་སྐྱེད་པ་ཡིན་ལ། གཞན་ཡང་རྐང་གི་སྦུབས་ལས་བྱུང་བའི་མར་གྱིས་རླུང་འཇོམས་ཤིང་ཁུ་བའི་སྟོབས་དང་བད་ཀན་སྐྱེད་པ་དང༌། ཚིལ་གྱིས་ནི་རུས་ཚིགས་ན་བ་དང་མེས་ཚིག་པ་དང༌། རླུང་ནད་དང་རྣ་བའི་ནད་དང་ཀླད་པ་དང་མངལ་གྱི་ནད་རྣམས་སེལ་བར་བྱེད་པ་ཡིན་ནོ།།

གཞན་ཡང་བདེ་བར་འདོད་པའི་སྐྱེས་བུ་གང་ཞིག་སྣུམ་གྱི་ཚོགས་ཀྱི་བྱེ་བྲག་ཏུ་ཞུན་མར་ལ་རྟག་ཏུ་སྟེན་པར་བྱེད་པ་གང་ཡིན་པ་རྣམས་ཀྱི་ནང་གི་མེ་དྲོད་འབར་ཞིང་ཁོང་པའི་ཉེས་པ་དག་པར་བྱེད་པ་དང༌། དྭངས་མ་ལ་སོགས་པའི་ལུས་ཟུངས་ཀུན་ཀྱང་འཕྲལ་དུ་བརྟས་པར་བྱེད་ནུས་པས་ན་སྟོབས་དང་མདོག་བཟང་པོར་ལྡན་ཞིང་དྲན་པ་དང་མིག་ལ་སོགས་པའི་དབང་པོ་རྣམས་བརྟན་པ་དང༌། ཁྱད་པར་དུ་རྒས་པ་སྲ་བས་ལོ་བརྒྱ་ཙམ་ཐུབ་པར་དྲང་སྲོང་མཆོག་གིས་བཤད་པ་ཡིན་ནོ།།

སྔོ་ངད་ཀུན་གྱི་ནང་ནས་སྒོག་སྐྱ་དང་བཙོང་ལ་སོགས་པ་རོ་ཚ་བ་རྣམས་དང༌། ཁུར་མང་དང་རྒྱ་ཁུར་ལ་སོགས་པ་རོ་ཁ་བ་རྣམས་དང༌། དེ་དག་ཀུན་ཀྱང་སྐམ་ས་ལ་སྐྱེས་པ་དང་གཤེར་བའི་གནས་སུ་སྐྱེས་པའི་ཁྱད་པར་དང༌། དེའང་སྐམ་པོར་བྱས་པ་དང༌། རློན་པའི་ཁྱད་པར་དང༌། དེའང་གཡོས་སུ་བྱས་པ་དང༌། མ་བྱས་པ་རྗེན་པའི་ཁྱད་པར་རྣམས་ཀྱི་སྒོ་ནས་སྔ་མ་སྔ་མ་རྣམས་དྲོ་ཡང་ལྡན་ཞིང༌། ཕྱི་མ་ཕྱི་མ་རྣམས་བསིལ་ལྕི་དང་ལྡན་པ་ཡིན་པས་ན་རིམ་པ་བཞིན་དུ་གྲང་བའི་ནད་དང་ཚད་པའི་ནད་སེལ་བའི་ཡོན་ཏན་དུ་གྱུར་པའོ།།

སྔོ་ངད་རྣམས་ཀྱི་ནང་ནས་བཙོང་སྒོག་སྟེ་སྒོག་སྔོན་བཙོང་ཞེས་པ་དེས་ནི་གཉིད་འཕེལ་ཞིང་ཟས་ལེན་པ་སྟེ་དང་ག་འབྱེད་པ་དང་བད་རླུང་སེལ་བར་བྱེད་ལ། སྒོག་སྐྱ་ནི་ལྕི་བསིལ་དང་ལྡན་པས་སྲིན་ནད་དང་ཚད་རླུང་ལྡན་པ་སེལ་ཞིང༌། ལ་ཕུག་གི་རྩ་བའམ་ཁ་ལོ་གང་ཡང་རུང་སྟེ་གཞོན་ནུ་གསར་པ་མཆོག་དང་ཡིན་ཀྱང་རྀ་ཥི་མ་ཤར་བར་ཡང་དྲོ་དང་ལྡན་པས་མེ་དྲོད་སྐྱེད་ཅིང་ཉེས་པ་གསུམ་ག་སེལ་བ་དང༌། ནར་སོན་ལོ་ལོན་ནམ་རྀ་ཥི་ཤར་གྲུབ་བའི་ལ་ཕུག་རྒན་པོ་ནི་ལྕི་བསིལ་དུ་གྱུར་པས་བད་ཀན་ལ་སོགས་པའི་ཉེས་པ་སྐྱེད་པར་བྱེད་པ་དང༌། ཉུང་མ་དེ་ཡང་ལ་ཕུག་གཞོན་ནུ་དང༌། ནར་སོན་གྱི་ཁྱད་པར་ཇི་ལྟ་བ་བཞིན་དུ་གཞོན་ནུས་ལུས་ལ་ཕན་ཞིང་རྒན་པོས་གནོད་པར་བྱེད་པ་དང༌། ཁྱད་པར་དུ་དུག་ནད་མ་ལུས་པ་སྲུང་བར་བྱེད་པ་ཡིན་ནོ། །གཞན་ཡང་རུག་པ། ཐུལ་པ། གྲུ་གུ་སོགས་རི་སྒོག་གི་བྱེ་བྲག་ཐམས་ཅད་འཇུ་དཀའ་ཞིང་ཟས་ལེན་པ་དང་ལྕི་བ་ཡིན་ལ། ལྕུམ་དང་ཆུ་ལོས་ནི་བད་ཀན་སེལ་ཞིང་དང་ག་འབྱེད་པར་བྱེད་པ་ཡིན་ནོ། །དེ་ལྟར་བཤད་པའི་སྔོའི་བྱེ་བྲག་བསིལ་དྲོད་དུ་ཕྱེ་བ་ཀུན་ཀྱང་ལུས་ཀྱི་རྩ་སྒོ་འགག་ཅིང་སྨན་གྱི་ནུས་པ་འཇོམས་པར་བྱེད་པ་ཡིན་པར་ཤེས་པར་བྱའོ།།

ཁ་ཟས་ཀྱི་ཚུལ་དེ་ལས་གཡོས་སུ་བྱས་པའི་ཟས་ཀྱི་སྡེ་ལ་འབྲས་ཀྱི་ཐུག་པ་སླ་བ་དང་དེ་ལས་ཅུང་ཟད་སྐ་བ་དང༌། དེ་ལས་ཀྱང་གར་བ་དང༌། ཁུ་བ་མེད་པའི་འབྲས་ཆན་རྣམས་ནི་རིམ་པས་སྔ་མ་སྔ་མ་ཡང་ཞིང་འཇུ་སླ་བ་ཡིན་ལ། ཁྱད་པར་དུ་འབྲས་ཐུག་སླ་བ་རྐྱང་རྐྱང་པོ་ཤིན་ཏུ་ཚོས་པ་དེས་ནི་སྐོམ་པ་དང་རྨྱ་བ་སྟེ་རིད་ཅིང་སྐོམ་པ་སེལ་བ་དང༌། བཤལ་ལ་སོགས་པ་སྦྱང་བ་བྱས་རྗེས་ཀྱི་ཉེས་པའི་ལྷག་མ་རྣམས་འཇོམས་པ་དང༌། དེ་བཞིན་དུ་ཉེས་པ་རྣམས་འཇུ་ཞིང་ལུས་ཟུངས་རྣམས་དང༌། རླུང་ལ་སོགས་པ་མགོ་སྙོམས་པར་བྱེད་པ་དང༌། ལུས་ཀྱི་དྲོད་སྐྱེད་ཅིང་རྩ་སྦུབས་རྣམས་མཉེན་ལ་འཇམ་པར་བྱེད་པ་ཡིན་ལ། དེ་དང་ཆ་མཐུན་པར་འབྲས་ཐུག་སྐ་བས་ཀྱང་དྲོད་སྐྱེད་ཅིང་བཀྲེས་སྐོམ་དང་ཉམ་ཆུང་བ་དང་རྨྱ་བ་རྣམས་སེལ་བ་དང༌། བད་ཀན་ལ་སོགས་པའི་ནད་འཇུ་བར་བྱེད་ཅིང་དྲི་མ་འགགས་པ་སེལ་བར་བྱེད་པ་དང༌། འབྲས་ཐུག་གར་པོས་ནི་འཁྲུ་བ་གཅོད་ཅིང་ཡི་གར་འོང་བ་དང་སྐོམ་པ་སེལ་བ་ཡིན་ནོ། །རྒྱུ་མཚན་དེ་རྣམས་ཀྱི་ཕྱིར་མས་ཀྱི་རིམ་པས་ཏེ་ཐུག་གར་དང༌། སྐ་བ་ནི་ཉམ་ཆུང་བ་དང་ཐུག་པ་སླ་བ་ནི་ཁྲུས་ལ་སོགས་པའི་སྦྱང་རྗེས་ལ་མཆོག་ཏུ་བསྔགས་པ་ཡིན་ཞིང༌། འབྲས་ཐུག་ལ་དཔེར་མཚོན་པ་དེ་བཞིན་དུ་ཐུག་པ་གཞན་རྣམས་ལ་ཤེས་པར་བྱའོ། །གཞན་ཡང་འབྲས་ལེགས་པར་བཀྲུས་པ་དང༌། ཕྱེད་ཙམ་ཚོས་ནས་ཁུ་བ་བཙགས་པ་དང༌། ལེགས་པར་ཚོས་པ་དང༌། རླངས་པ་ཡལ་བའི་འབྲས་ཆན་རྣམས་དང༌། འབྲས་ཆན་ལེགས་པར་བཙོས་ལ་པི་པི་ལིང་དང་སྒ་ལ་སོགས་པ་ཚ་བའི་སྨན་དང་ལྷན་ཅིག་ཏུ་བསྐོལ་བ་རྣམས་ཡང་ཞིང་འཇུ་སླ་བ་ཡིན་ལ། དེ་ལས་ལྡོག་སྟེ་བཙོས་པའམ། ཤ་ཁུ་དང་འོ་མ་དང་ཚོད་མ་གཞན་དང་ཞག་དང་ཏིལ་མར་དང་མར་དང་འབྲས་བུ་ལ་སོགས་པ་རྣམས་དང་ལྷན་ཅིག་ཏུ་བསྐོལ་བའི་འབྲས་ཆན་ནི་ལྕི་བ་ཡིན་ནོ། །འབྲས་ཡོས་ཀྱིས་འཁྲུ་བ་གཅོད་པ་དང་རུས་ཆག་སྦྱོར་བར་བྱེད་ལ། འབྲས་དང་ནས་ལ་སོགས་པའི་སྲུས་ཐུག་དང་ནས་ཐུག་གིས་ནི་བཤང་བའི་རྒྱུན་འགག་ཅིང་མེ་དྲོད་ཉིད་ཀྱང་འཇོམས་པ་དང༌། ཡོས་ཅུང་ཟད་དྲལ་བ་སྟེ་བསྐོལ་བའི་ཐུག་པ་ནི་ཡང་ཞིང་འཇམ་དྲོ་དང་ལྡན་པས་ཕོ་བ་ལ་འཕྲོད་པ་དང༌། རྩམ་པ་ཁོ་ན་འགམ་པ་དང་ཟན་གྲང་མོར་ཟོས་པས་ནི་ལུས་ཀྱི་སྟོབས་སྐྱེད་ཅིང་ལྕི་བ་ཡིན་པས། དེ་ལས་ལྡོག་པ་བཙོས་པའི་ཟན་ནི་ཡང་ལ་འཇམ་པས་འཇུ་བར་སླ་བ་ཡིན་ནོ། །དེ་ལྟར་བཤད་པ་དེ་རྣམས་སམ་ཤ་ལ་སོགས་པ་གཞན་ཡང་རུང་སྟེ་ཁེངས་པོ་ཞེས་པ་རད་པར་གྱུར་པ་ཐམས་ཅད་ཀྱིས་ཕོ་བའི་མེ་དྲོད་འཇོམས་པར་བྱེད་ཅིང༌། ཨ་སྦྱར་ཏེ་ཆུ་ཚ་མོའི་སྐྱོ་མ་སླ་མོ་དང་ཇ་སྡོར་སོགས་འཇམ་པོའི་སྐྱོ་སླ་ནི་འཇུ་སླ་ཞིང་སྟོབས་འཕྲོག་པ་དང་ཉེས་པ་ཀུན་སེལ་བར་བྱེད་ལ། ཟན་ལས་བྱས་པའི་ཆང་གིས་ནི་རླུང་སེལ་ཞིང་ཁོང་པའི་དྲོད་ལ་ཕན་པ་དང༌། ཆང་དེ་ཉིད་དུས་ཀྱི་སྐྱུར་པོར་སོང་བའི་དྭངས་མས་ནི་ཟས་ལེན་ཞིང་ཉེས་པ་ཀུན་སེལ། སྙིགས་ཞབས་ནི་སྨད་པ་དང༌། དེ་བཞིན་དུ་ཤ་ཁུས་ནི་ཉམས་བརྟས་ཤིང་ཚིམ་པར་བྱེད་པ་དང༌། རླུང་ལ་ཕན་པ་དང༌། ཟན་སྐམ་གྱི་ཚོད་མ་ནི་རླུང་ལ་མཆོག་ཏུ་བསྔགས་པར་བྱེད་དེ། འདིར་མ་འཐུས་པ་གཞན་ཡང་ཇི་སྙེད་ཅིག་མཚོན་ཏེ་ཤེས་པར་བྱའོ།།

སྔོ་ཚོད་རྣམས་ཀྱི་ནང་ནས་ཟྭའི་ཚོད་མས་ནི་རླུང་འཇོམས་ཤིང་དྲོད་སྐྱེད་པ་དང་བད་མཁྲིས་སློང་བར་བྱེད་ཅིང༌། ལྕམ་པ་དང་བེ་ཁུར་ཏེ་ཐ་རམ་གྱི་ཚོད་མས་ནི་དྲོད་སྐྱེད་ཅིང་འཁྲུ་བ་གཅོད་པར་བྱེད་ལ། དྭ་བའི་ཚོད་མས་ཀྱང་རླུང་འཇོམས་ཤིང་རྨ་སྐེམ་པར་བྱེད་ལ་བད་མཁྲིས་སྐྱེད་པ་དང༌། སྣེ་འུའི་ཚོད་མས་ནི་མིག་ལ་གནོད་ཅིང་རྟུག་སྐམ་སེལ་བ་དང༌། མོན་སྣེ་དམར་པོ་སྟེ་ཨ་མ་ཀྱི་བ་ཞེས་གྲགས་པའི་ཚོད་མས་ནི་ཉེས་པ་གསུམ་ག་སེལ་བ་དང༌། སྐྱབས་དང་ཁུར་མང་གི་ཚོད་མ་ནི་བསིལ་ཏེ་ཚ་བ་སེལ་བ་དང༌། སྔོ་སྒའི་ཚ་བ་སྟེ་ཚོད་མ་དེས་ནི་མཁྲིས་ཚད་དང་དེས་བསྐྱེད་པའི་མགོ་ནད་སེལ་བ་དང༌། སྲན་མའི་ཚོད་མས་ནི་ཁ་ཟས་དང་ག་ལེན་པར་བྱེད་ཅིང་བད་རླུང་སྐྱེད་པ་དང༌། ལུས་ཀྱི་སྣུམ་པའི་ཆ་རྣམས་འདོན་ཞིང་འབྲུ་མར་ལ་སོགས་པ་མ་ཞུ་བ་སེལ་བ་དང༌། ལོ་མ་གསར་པ་སྟེ་ས་ནས་སོར་བཞི་ལྔ་ཙམ་སྐྱེས་འཕྲལ་གྱི་ཚོད་མ་ནི་བསིལ་དྲོད་སྙོམས་ཞིང་དེ་ཞག་ཏུ་ལོན་ནས་རད་པ་ལ་ཤུར་བ་ཞེས་བྱ་ལ། དེའི་ཚོད་མས་ནི་བད་རླུང་སྐྱེད་པར་བྱེད་པ་དང༌། ཡུངས་ཀར་ནག་གི་ལོ་མས་བད་མཁྲིས་འཁྲུག་པར་བྱེད་ལ། ལྕ་བ་དང་ར་མཉེའི་ཚོད་མས་ནི་བད་རླུང་སེལ་བ་དང༌། ལ་ཕུག་གི་ཚ་བ་ཞེས་པ་ཚོད་མ་དེས་ནི་དྲོད་སྐྱེད་འཁྲུ་བ་གཅོད་ཅིང་རླུང་ལ་ཕན་པ་དང༌། སྒོག་སྐྱ་དང་སྒོག་སྔོན་གྱི་ཚ་བ་ནི་རླུང་ལ་ཕན་པ་ཡིན་ནོ། །ཚོད་མ་སོགས་གཡོས་སུ་སྦྱར་བ་ཕལ་ཆེར་ལ་འདེབས་པའི་ལན་ཚྭ་ནི་ཁ་ཟས་ཀུན་གྱི་བྲོ་བ་སྐྱེད་པ་དང༌། དྲོད་སྐྱེད་པ་དང་འཇུ་བ་སླ་ཞིང་བཤང་བ་བདེ་བར་འབྱིན་པ་ལ་སོགས་པའི་ཡོན་ཏན་དང་ལྡན་ལ། གཡེར་མས་ནི་རྩ་སྒོ་འབྱེད་ཅིང་བད་རླུང་སྐྱེད་པ་དང༌། སྒ་ཡིས་ནི་དྲོད་སྐྱེད་ཅིང་ཤིང་ཀུན་གྱིས་རླུང་ནད་འཇོམས་པར་བྱེད་པ་དང༌། དེ་ལ་སོགས་ཏེ་ཁ་ཟས་ལ་འདེབས་པའི་སྤོད་ཀྱི་རིགས་ཀུན་གྱིས་ཟས་རང་རང་གི་བྲོ་བ་ལྷག་པར་དུ་སྐྱེད་ཅིང་ཡི་གར་འོང་བར་བྱེད་པ་ཡིན་ནོ།།

བཟའ་བར་བྱ་བའི་བྱེ་བྲག་ཕལ་ཆེར་བཤད་ཟིན་ནས་བཏུང་བ་ནི་འོ་མ་དང་ཆུ་དང་ཆང་ལ་སོགས་པ་རྣམས་སུ་ཡོད་པ་ལས། གཙོ་བོ་དེ་གསུམ་གྱིས་གོ་རིམ་ཇི་ལྟ་བ་བཞིན་དུ་རླུང་དང་མཁྲིས་པ་དང་བད་ཀན་གྱི་ནད་སེལ་བར་བྱེད་ཅིང་གོ་རིམ་ལྡོག་པ་སྟེ་འོ་མས་བད་ཀན་དང་ཆུས་རླུང་དང་ཆང་གིས་མཁྲིས་པ་སྟེ་དེ་རྣམས་རབ་ཏུ་སྐྱེད་པ་ཡིན་ནོ།།

བཏུང་བ་རྣམས་ཀྱི་ནང་ནས་འོ་མ་ཕལ་ཆེར་ནི་རོ་དང་ཞུ་རྗེས་གཉིས་ཀ་མངར་ལ་སྣུམ་ཞིང་ལྕི་བས་ལུས་ཟུངས་ཀུན་འཕེལ་བར་བྱེད་པ་དང༌། མདངས་བཀྲག་བསྐྱེད་པ་དང༌། རླུང་མཁྲིས་སེལ་བ་དང༌། རོ་ཙ་བ་སྟེ་ཁུ་སྟོབས་འཕེལ་བ་དང༌། བད་ཀན་སྐྱེད་པས་བསིལ་ལ་ལྕི་བ་དང་ལྡན་པ་ཡིན་ནོ། །འོ་མ་རྣམས་ཀྱི་ནང་ནས་བའི་འོ་མས་ནི་གློ་རྡོལ་དང་གློ་གཅོང་ལ་ཕན་ཞིང༌། རིམས་རྙིང་པ་དང་གཅིན་སྙི་བ་ལ་ཕན་ཞིང་ཡིད་གཞུངས་པ་སྟེ་བློ་རྣོ་བ་དང་ནུ་ཞོ་ལུས་ཟུངས་ལ་སོགས་པ་འཕེལ་བའི་བཅུད་ཀྱི་ལེན་མཆོག་ཡིན་པས་ན་འཚོ་བར་བྱེད་པ་ཡིན་ཞེས་བྱ་ལ། རའི་འོ་མས་ནི་དབུགས་མི་བདེ་བ་སེལ་ཞིང༌། ལུག་གི་འོ་མས་ནི་རླུང་ནད་མ་ལུས་འཇོམས་ཤིང་སྙིང་བད་ཀན་དང་རླུང་གཉིས་ཀའི་གཞི་མཐུན་ནས་འོ་མའི་རིགས་སྤྱི་དང་ཁྱད་པར་ལུག་འོ་རོ་དང་ཞུ་རྗེས་མངར་བས་བད་ཀན་སྐྱེད་ཅིང་ལུག་གླེན་པའི་རང་བཞིན་ནས་འོ་མ་ཤ་སོགས་གཞན་དང་མི་འདྲ་བའི་རིགས་སུ་གྱུར་པའི་སྙིང་སེམས་ཀྱི་རྟེན་ནམ་ངོ་བོ་རྨོངས་པ་ལ་སོགས་འབྱུང་བས་གནོད་པ་དང༌། འབྲིའི་འོ་མས་ནི་བད་ཀན་དང་མཁྲིས་པ་ལ་སོགས་པའི་ནད་ལ་གནོད་པ་དང༌། རྟ་དང་བོང་བུ་ལ་སོགས་པ་རྨིག་པ་གཅིག་པ་རྣམས་ཀྱི་འོ་མས་ནི་གློ་བ་གསོ་ཞིང་ཤེས་རབ་རྨོངས་པར་བྱེད་པ་སྟེ། དེ་ལྟར་བཤད་པའི་འོ་མ་དེ་དག་རྣམས་སམ། གཞན་ཡང་འོ་མར་གཏོགས་པ་ཇི་སྙེད་ཅིག་མཚོན་པ་དེ་དག་ཐམས་ཅད་བཞོས་མ་ཐག་པ་ལས་གྲང་སྟེ་སླར་ཡང་མ་བསྐོལ་བའི་འོ་རློན་དུ་གྲགས་པ་དེ་འདྲ་བ་ནི་ལྕི་བསིལ་དང་ལྡན་པ་ཡིན་པས་སྲིན་བུ་དང་བད་ཀན་གྱི་ནད་སྐྱེད་པར་བྱེད་ཅིང་ཅུང་ཟད་བསྐོལ་བ་ཙམ་ཡང་མ་ཡིན། བསྐོལ་དྲགས་པའང་མ་ཡིན་པར་ལེགས་པར་བསྐོལ་ཏེ་འོ་མ་དང་མཉམ་པའི་ཆུ་བླུགས་ལ། སླར་ཆུ་དེ་ཉིད་དུ་བའི་ཚོད་ཙམ་དུ་གྱུར་པ་ནས་ཡང་དྲོའི་ནུས་པ་དང་ལྡན་པས་དགེ་ལ། ཆུ་མ་བླུགས་པར་ཆ་གཅིག་ལ་སོགས་པ་ཇི་ཙམ་གདུས་པར་འགྱུར་བ་དེ་ཙམ་དུ་ན་འཇུ་དཀའ་ཞིང་ལྕི་བར་འགྱུར་བ་དང༌། མཆོག་ཏུ་ནི་བཞོས་མ་ཐག་གི་འོ་མ་དྲོན་མོ་དེ་ཉིད་བདུད་རྩི་དང་མཚུངས་པར་རིག་པར་བྱའོ།།

ཞོར་བཅོས་པ་མ་ཡིན་པར་འོ་མ་ཉིད་དཀྲོགས་ཏེ་སྙིང་པོ་མར་བཏོན་པའི་རྗེས་དེ་ཉིད་ལས་བྱས་པའི་ཞོ་སྐྱ་ཞེས་པ་དེས་ནི་བད་ཀན་ལས་གྱུར་པའི་རིམས་དང་རིམས་ལྡང་དུབ་པ་མ་སྙོམས་པ་དང་རིམས་ཆམ་དང་འགྲམས་འཁྲུགས་ཀྱི་རིམས་དང་འཁྲུ་བ་རྣམས་སེལ་བར་བྱེད་ལ། ཞོ་སྐྱ་དེ་དང་འོ་མ་ལས་བྱས་པའི་ཞོ་ཀུན་གྱི་རོ་དང་ཞུ་རྗེས་གཉིས་ཀ་སྐྱུར་ཞིང་ནུས་པ་བསིལ་སྣུམ་དང་ལྡན་པས་རྟུག་སྐམ་དང་རླུང་ཚད་སེལ་ཞིང་ཡི་ག་འབྱེད་པར་བྱེད་པ་དང༌། འོ་མ་ལས་ཞོར་བྱས་ཏེ་དཀྲོགས་ནས་སྙིང་པོ་བཏོན་པའི་ལྷག་མ་ལ་དར་བ་ཞེས་བྱ་བ་དེ་ཉིད་གསར་པའི་དུས་སུ་བསྐ་སྐྱུར་གྱི་རོ་དང་ནུས་པ་ཡང་ཞིང་མེ་དྲོད་སྐྱེད་པ་དང༌། སྐྲན་དང་མཆེར་པའི་ནད་དང་གཞང་འབྲུམ་གྱི་ནད་དང་མར་མ་ཞུ་བའི་ནད་སེལ་བ་དང༌། ཡུན་རིང་དུ་བསགས་པ་མིན་པའི་འོ་མ་ཉིད་དཀྲོགས་ཏེ་མར་བཏོན་པའི་རྗེས་ཀྱི་ཞོའི་ཁ་ཆུ་ནི་ཕལ་ཆེར་དར་བ་གསར་པའི་ཡོན་ཏན་དང་ལྡན་ལ་ཁྱད་པར་དུ་འཁྲུ་ཞིང་བཤང་བ་སླ་བ་དང༌། རྩ་སྦུབས་སྦྱོང་བར་བྱེད་པ་དང༌། འོ་མ་དང་ཞོ་སོགས་ལས་མར་ཕྱུངས་པའི་དར་བ་ལས་ཕྱུར་བ་བཙགས་པའི་ཁུ་བ་དེ་ལ་ཕྱུར་ཁུར་གྲགས་པ་དེས་ནི་རླུང་མཁྲིས་མི་སྐྱེ་ཞིང་བད་ཀན་སེལ་བར་བྱེད་པས་དགེ་ལ། ཞོ་བཙོས་པས་རྟུག་པ་སྐེམ་ཞིང་ཚད་པས་འཁྲུ་བ་སེལ་བར་བྱེད་པ་ཡིན་ནོ། །དེ་ལྟར་བཤད་ཟིན་པའི་དཀར་དེ་རྣམས་ཐམས་ཅད་འབྱུང་ཁུངས་ཀྱི་དབང་དུ་བྱས་ནས་ལུག་དང་འབྲིའི་འོ་མ་སོགས་དྲོ་ལ་བཅུད་ཆེ་བ་དང༌། བ་དང་རའི་འོ་མ་སོགས་བསིལ་ཡང་དང་ལྡན་པ། མཛོའི་འོ་མ་དང་ཞོ་ལ་སོགས་པ་ནི་བསིལ་དྲོད་སྙོམས་པས་མཆོག་ཏུ་བཟང་བ་ཡིན་ཞེས་པའོ།།

ཡན་ལག་བརྒྱད་པ་ཆེན་པོ་ལས། ཆུ་ནི་སྲོག་ཆགས་རྣམས་ཀྱི་སྲོག །ལུས་ཀྱང་དེ་ཡི་རང་བཞིན་ཡིན། །དེ་བས་ཤིན་ཏུ་དག་པ་ཡི། །ཆུ་ནི་གང་དུའང་ལྡོག་པ་མེད། །ཅེས་པ་དང༌། དྲང་སྲོང་ཙ་ར་ཀས། ཁྲོན་པ་རྫིང་བུ་མཚེ་འུ་དང༌། །མཚོར་བཅས་ཆུ་མིག་ལ་སོགས་ཆུ། །སྐམ་ས་རླན་ཅན་བྲག་ལས་ནི། །ཡོན་ཏན་སྐྱོན་དག་ཤེས་པར་བྱ། །ཞེས་དང༌། དེ་བཞིན་དུ་བསྡུས་པ་ལས་ཀྱང༌། སྐམ་ས་གཤེར་བ་རི་བོ་དང༌། །ཉེ་ལས་ཡང་དང་ལྕི་བར་འགྱུར། །ཞེས་དང༌། ཁྲོན་པ་རྫིང་ལ་སོགས་པའི་ཆུ། །སྐམ་ས་རླན་བྲག་ལས་ཤེས་བྱ། །ཞེས་པ་ལ་ཟླ་ཟེར་ལས། ཁྲོན་པ་དང་རྫིང་བུ་ལ་སོགས་པའི་ཆུ་ཡང་བ་དང་ལྕི་བ་དང་ཡོན་ཏན་དང་སྐྱོན་གཉིས་སྐམ་ས་དང་གཤེར་བ་དང་རླན་ཅན་དང་བྲག་ལས་ཤེས་པར་བྱ་སྟེ། སྐམ་ས་ལ་སོགས་པའི་ཡོན་ཏན་གྱིས་དེའི་ཁྲོན་པ་ལ་སོགས་པའི་ཆུའི་བྱེ་བྲག་ཤེས་པར་བྱའོ། །དེས་ནི་འདི་སྐད་ཅེས་སྟོན་པ་ཡིན་ཏེ། སྐམ་སའི་ས་ཕྱོགས་ན་གནས་པའི་ཁྲོན་པ་ལ་སོགས་པའི་ཆུ་ནི་ཡང་བ་ཉིད་ཡིན་ལ། རླན་ཅན་གྱིས་ཕྱོགས་ན་གནས་པའི་ཁྲོན་པ་ལ་སོགས་པའི་ཆུ་ནི་ལྕི་བ་ཉིད་ཡིན་ནོ། །རིའི་ཕྱོགས་ན་གནས་པའི་ཁྲོན་པ་ལ་སོགས་ཆུ་ནི་ཉེས་པ་སྐྱེད་པ་ཡིན་ལ། པ་རི་ཡ་ཏྲའི་ཕྱོགས་ན་གནས་པ་ནི་ཉེས་པ་འཇོམས་པ་ཡིན་ཏེ། ཐམས་ཅད་ལའང་འདི་བཞིན་དུ། སྦྱར་བར་བྱའོ་ཞེས་དང༌། དབྱར་གྱི་ཆར་ཆུ་ཆུ་ཀླུང་ཆུ། །མཆོག་ཏུ་བཟང་དང་ངན་པར་བཤད། །ཅེས་བྱ་བ་ལ། ཆར་འབབ་པ་སྟེ་བར་སྣང་ལས་འབབ་པའི་ཆུ་དང༌། ཀླུང་དུ་འབབ་པ་ཆུ་ཀླུང་གི་ཆུ་སྟེ། དེ་ལྟར་ཆར་གྱི་ཆུ་དང༌། ཆུ་ཀླུང་གི་ཆུ་དེ་ལས་དབྱར་གྱི་ཆུ་ཆར་གྱི་ཆུ་ཤིན་ཏུ་བཟང་ཞིང་མཆོག་ཏུ་གྱུར་པ་ཡིན་ལ། ཆུ་ཀླུང་གི་ཆུ་ནི་དབྱར་མཆོག་ཏུ་ངན་ཞིང་སྨད་པར་བྱ་བ་ཡིན་པར་བཤད་དོ།།

བཏུང་བ་རྣམས་ཀྱི་ནང་ནས་ཆུའི་དབྱེ་བ་ནི་རྣམ་པ་བདུན་ཏེ། ནམ་མཁའ་ལས་འབབ་པ་ཆར་པའི་ཆུ་དང༌། གངས་ཞུ་བ་ལས་བྱུང་བའི་ཆུ་དང༌། ཆུ་ཀླུང་སྟེ་ཆུ་བོའི་རྒྱུན་ཆེན་པོ་ཀླུངས་སུ་འབབ་པའི་ཆུ་དང་ས་ཕྱོགས་འགའ་ཞིག་ཏུ་ཉུང་ཟད་ཅིག་སྐྱེ་བ་ཆུ་མིག ས་འོག་ཏུ་བརྐོས་པ་ཁྲོན་པའི་ཆུ་དང༌། ཕྱིའི་རྒྱ་མཚོ་ཆེན་པོ་ལ་སོགས་པ་བ་ཚྭ་དང་ལྷན་ཅིག་པའི་ཆུ་དང༌། ནགས་ཆེན་པོ་ལས་འབབ་པ་ཤིང་གི་ཆུ་སྟེ་རྣམ་པ་བདུན་པོ་དེ་དག་ནི་རིམ་པས་དང་པོ་དང་པོ་རྣམས་མཆོག་ཡིན་གྱི། ཕྱི་མ་ཕྱི་མ་དམན་ཏེ་ངན་པར་བཤད་པ་ཡིན་ནོ། །ཆར་ཆུ་ནི་ནམ་མཁའ་ལས་འབབ་པ་ཆུ་བོ་གངྒཱ་དང་རྗེས་སུ་མཐུན་པའི་འབྲས་ཆན་མི་རུལ་པའི་ཆར་ཆུ་མངར་བ་ལ་སོགས་པའི་རོ་གཅིག་ཏུ་མི་གསལ་ལ་ཞིམ་པས་སེམས་ཅན་རྣམས་མཆོག་ཏུ་སྲེད་པ་དང༌། དྭངས་མ་ལ་སོགས་པའི་ཁམས་འཚོ་བར་བྱེད་པ་དང༌། ངོམས་པ་སྟེ་སྐོམ་པས་གདུངས་པའི་ངལ་བ་སེལ་བ་དང༌། ནུས་པ་དང་རེག་བྱ་གཉིས་ཀ་བསིལ་བ་དང་ལྡན་ལ། ཡང་བའི་ཡོན་ཏན་ལ་སོགས་པ་མདོ་ལས། བསིལ་དང་ཞིམ་དང་ཡང་དང་འཇམ། །དྭངས་པ་དང་ནི་དྲི་མ་མེད། །འཐུང་ན་ལྟོ་བར་མི་གནོད་ཅིང༌། །མགྲིན་པ་ལ་ཡང་མི་གནོད་པ། །ཞེས་སོགས་ཡན་ལག་བརྒྱད་དང་ལྡན་པ་ནི་བདུད་རྩི་དང་མཚུངས་པ་ཡིན་ལ། དེ་ཡང་གངྒཱ་དང་མཚུངས་འབབ་པ་དུས་བཟོས་པ་སོགས་དབྱེ་བ་བཞི་འམ་གསུམ་དུ་ཡོད་པ་ལས། ཡན་ལག་བརྒྱད་པ་ལས། མཁའ་ལས་འབབ་པ་གངྒཱའི་ཆུ། །འཚོ་བྱེད་ངོམས་བྱེད་ཡི་གར་འོང༌། །ཚིམ་ཞིང་སེམས་ནི་གསལ་བྱེད་ལ། །སླ་ཞིང་རོ་མི་གསལ་ལ་ཞིམ། །བསིལ་ཞིང་ཡང་བས་བདུད་རྩིར་མཚུངས། །ཞེས་པ་ལ། ཟླ་ཟེར་ལས། ནམ་མཁའ་ལས་འབབ་པ་གངྒཱའི་ཆུ་ནི་ཡོན་ཏན་འདི་དག་དང་ལྡན་ཏེ། འཚོ་བྱེད་ཅེས་བྱ་བ་མདངས་འཕེལ་བར་བྱེད་པའོ། །ངོམས་བྱེད་ནི་ངལ་བ་སེལ་བར་བྱེད་པའོ། །ཡི་གར་འོང་བ་ནི་སྙིང་དགའ་བར་བྱེད་པའམ། ཡང་ན་སྙིང་ལ་ཕན་པར་བྱེད་པའོ། །ཚིམ་བྱེད་ནི་བདེ་བ་སྐྱེད་པའམ་ནད་སེལ་བའོ། །བློ་གསལ་བར་བྱེད་པ་ནི་ཤེས་རབ་ཀྱི་ཁ་འབྱེད་པར་བྱེད་པ་སྟེ་གང་ལ་ཤེས་རབ་ཇི་ཙམ་ཞིག་ཡོད་པ་དེ་ཙམ་ཞིག་ལ་གསལ་བར་སྣང་བ་ཉིད་དུ་དེ་འཐུངས་པ་ལས་འགྱུར་བའོ། །སླ་བ་ནི་སྐ་བ་མ་ཡིན་པའོ། །རོ་མི་གསལ་ཞེས་པ་ནི་མངར་བ་ལ་སོགས་པའི་རོ་དེ་ལ་གསལ་བར་མེད་པས་རོ་མི་གསལ་བའོ། །ཞིམ་པ་ནི་རོ་བདའ་བ་སྟེ་སྲོག་ཆགས་རྣམས་ཀྱིས་ཤིན་ཏུ་སྲེད་པར་བྱས་ནས་བཏུང་པའི་དོན་དུ་འཐུང་བ་ཞེས་བྱ་བའི་དོན་ཏོ། །དེ་ཡང་གང་གི་ཕྱིར་དྲང་སྲོང་དག་གིས། །བསིལ་ཞིང་གཙང་ལ་དགེ་ཞིང་ཞིམ། །ཞེས་བཤད་པ་ཡིན་ནོ། །བསིལ་བ་ཞེས་བྱ་བ་ནི་རེག་པ་དང་ནུས་པ་གཉིས་ཀ་ལ་སྦྱར་རོ། །ཡང་བ་ཞེས་བྱ་བ་ནི་ཡང་བའི་ཡོན་ཏན་དང་ལྡན་པའོ། །དེ་བཞིན་དུ་བདུད་རྩིར་མཚུངས་ཞེས་བྱ་བ་ནི་བདུད་རྩིའི་ཡོན་ཏན་དང་ལྡན་པ་སྟེ་ཡོན་ཏན་དམ་པའི་ཚོགས་དང་ལྡན་པའོ་ཞེས་པ་དང༌། ཉི་ཟླ་རླུང་གིས་རེག་གྱུར་པ། །དེ་ནི་ཡུལ་དུས་ལ་ལྟོས་ནས། །ཕལ་ཆེར་ཕན་དང་གནོད་པ་ཡིན། །ཞེས་པ་ལ་དེ་ལྟ་བུའི་ཡོན་ཏན་དང་ལྡན་པ་དག་ཀྱང་ནམ་མཁའ་སྟེ་བར་སྣང་ལས་འབབ་ཅིང་ལྷུང་བ་ནི་ཉི་མ་དང་ཟླ་བ་དང་རླུང་གིས་རེག་ཅིང་ཕྲད་པར་གྱུར་པའི་ཆུ་དེ་ཡང་ཡུལ་དུས་ལ་ལྟོས་ཤིང་ཡུལ་དང་དུས་ཀྱི་རྗེས་སུ་ཞུགས་པས་ཡུལ་དུས་ཀྱི་ཡོན་ཏན་དང་འདྲེས་ཤིང་བདག་གིར་བྱེད་ལ། དེས་ཕལ་ཆེར་བསླད་ཅིང་ཕན་པ་དང་གནོད་པ་སྟེ་ལུས་ལ་ཕན་པར་འགྱུར་བ་དང༌། གནོད་པར་འགྱུར་བར་བྱེད་པ་ཡིན་ཏེ། དེ་ཡང་རླན་ཆེ་བ་ལ་སོགས་པའི་ཡུལ་ཕྱོགས་གཞན་ཞིག་ཏུ་འབབ་པ་ན་དེར་ཡང་ནག་པོའམ་དཀར་པོ་ལ་སོགས་པ་ལས་གཞན་དུ་འགྱུར་བ་དང༌། དུས་དེ་དུས་དྲུག་ལ་ལྟོས་ནས་ཕན་པ་དང་གནོད་པར་བྱེད་པ་དག་ཡིན་ནོ། །གང་ཞིག་ཆར་འབབ་དྲི་མ་མེད། །འབྲས་ཆན་དངུལ་ཕོར་ནང་གནས་པ། །མ་རུལ་མདོག་ཀྱང་མ་འགྱུར་ན། །གངྒཱའི་ཆུ་དེ་བཏུང་བར་བྱ། །ཞེས་བྱ་བ་ལ། ཆུ་གང་ལེགས་པར་ཆར་དུ་འབབ་པས་བརླན་ཞིང་སྦངས་པའི་སཱ་ལུའི་འབྲས་ཆན་དེ་དངུལ་ཕོར་གྱི་ནང་ན་གནས་པ་དེ་འང་རུལ་བར་མ་གྱུར་ཅིང་མདོག་ཀྱང་གཞན་དུ་མ་གྱུར་ན་ཆུ་དེ་ནི་གངྒཱའི་ཆུ་ཞེས་བྱ་སྟེ། དེ་ནི་འཐུངས་ཀྱང་གནོད་པ་མེད་པ་ཡིན་པས་ན་བཏུང་བར་བྱ་བ་ཡིན་ནོ་ཞེས་པའི་ཆར་ཆུ་ནི་གངྒཱ་སྟེ། དེ་ཡང་ཁྱད་པར་འཕགས་བསྟོད་ཀྱི་འགྲེལ་པ་དང་ཨ་མར་ཀོ་ཥའི་འགྲེལ་པ་སོགས་ལས། ལྷ་མ་ཡིན་བྷ་གི་ར་ཐ་ཞེས་བྱ་བའི་ཕ་མེས་རྣམས་དམྱལ་བར་སྐྱེས་པའི་སྡིག་པ་བཀྲུ་བའི་སླད་དུ་ཚངས་པ་མཉེས་པའི་དཀའ་ཐུབ་བྱས་པས་མགུ་སྟེ་གངྒཱ་ལྷ་མོའི་ཚུལ་དུ་གནས་པ་དེ་ཉིད་དག་བྱེད་དུ་བྱིན་པ་རིམ་པས་ལྷ་ཆེན་པོའི་རལ་པ་དང༌། མཚོ་མ་ཕམ་པ། དྲང་སྲོང་ཛ་ཧུའི་མགྲིན་པ་རྣམས་བརྒྱུད་དེ་བབས་པར་བཤད་པས་ནམ་མཁའ་ལས་བབས་པའི་ཆུ་ཞེས་པ་དངོས་ནི་གངྒཱ་ཡིན་ལ། ཆར་ཆུ་སྣོད་དུ་བཟེད་ནས་འབྲས་ཆན་མི་རུལ་བ་དེ་ཡང་གངྒཱ་དང་ཆ་མཐུན་ཙམ་ཡིན་པར་རིག་པར་བྱའོ། །དུས་ཀྱི་ཡན་ལག་བརྒྱད་ལྡན་ནི་སྟོན་ཀ་སྟེ་ཡན་ལག་བརྒྱད་པར། གཞན་དུ་མཚོ་ཆུ་སྟོན་ཟླ་ནི། །འབྲིང་པོ་མིན་པར་བཏུང་མི་བྱ། །ཞེས་བྱ་བ་ནི་ཆུ་དེས་སྦངས་པའི་འབྲས་སཱ་ལུ་ཅན་རུལ་པའམ་མདོག་གཞན་དུ་གྱུར་ན་དེ་ནི་རྒྱ་མཚོའི་ཆུ་དང་འདྲ་བ་ཡིན་པས་བཏུང་བར་མི་བྱ་སྟེ། བ་ཚྭ་ལ་སོགས་པའི་སྐྱོན་ཡོད་པའི་ཕྱིར་རོ། །སྤྱིར་དུས་ཐམས་ཅད་དུ་བཏུང་བར་མི་བྱ་བའམ། འོན་ཏེ་ལན་འགའ་ཞིག་བཏུང་བར་མི་བྱ་ཞེ་ན། སྟོན་ཟླ་འབྲིང་པོ་མིན་པར་བཏུང་བར་མི་བྱ་ཞེས་སྨྲས་པ་ཡིན་ཏེ། སྟོན་ཟླ་འབྲིང་པོ་མ་གཏོགས་པ་དུས་གཞན་དག་ཏུ་བཏུང་བར་མི་བྱའོ་ཞེས་སྟོན་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། དེའི་ཚེ་དྲང་སྲོང་རྀ་ཥི་འཆར་བའི་དུས་ཡིན་པས་དེས་མཚོ་དང་རྫིང་བུ་ལ་སོགས་པར་གཏོགས་པའི་ཆུ་ཐམས་ཅད་གནོད་པ་དག་ཀྱང་ཕན་པར་བྱེད་པ་ཡིན་པའི་ཕྱིར་རོ། །ཆར་པའི་ཆུ་ནི་སྣོད་བཟང་བཞག །འགྱུར་བ་མེད་པར་རྟག་ཏུ་བཏུང༌། །ཞེས་བྱ་བ་ལ། ཆར་པའི་ཆུ་ནི་དབང་པོས་བར་སྣང་ལས་ཆར་དུ་བབ་པའི་ཆུའོ། །སྣོད་བཟང་བཞག་ཅེས་པ་ནི་སྣོད་བཟང་པོ་བཟེད་དེ་བསགས་པའོ། །འགྱུར་བ་མེད་ཅེས་བྱ་བ་ནི་ཁ་དོག་དང་དྲི་དང་རོ་མ་ཉམས་ཤིང་འགྱུར་བ་མེད་པ་སྟེ། དེ་ནི་རྟག་ཏུ་ཞེས་པ་དུས་ཐམས་ཅད་དུ་བཏུང་ཞིང་སྤྱད་པར་བྱའོ། །དེ་མེད་ན་ནི་ཐང་ལ་གནས། །བར་སྣང་བ་དང་རྗེས་མཐུན་ཡིན། །ས་ཕྱོགས་དཀར་ནག་གཙང་ཞིང་ཡང༌། །ཉི་འོད་རླུང་གིས་ཕོག་པ་བསྔགས། །ཞེས་བྱ་བ་ལ། དེ་མེད་ན་ཞེས་པ་བར་སྣང་གི་ཆུ་བསགས་པ་དེ་མ་རྙེད་ན་ཐང་ལ་གནས་པ་ཞེས་པ་ས་ལ་ལྟེང་ཀར་གནས་པའི་ཆུ་ནི་བར་སྣང་བ་དང་རྗེས་མཐུན་ཡིན་ཞེས་བར་སྣང་གི་ཆུ་དང་འདྲ་བར་འཚོ་བར་བྱེད་པ་ལ་སོགས་པའི་ཡོན་ཏན་ཆ་མཐུན་པར་བྱེད་པ་ཡིན་ནོ། །དེ་བཞིན་དུ་ས་ཕྱོགས་ཁ་དོག་དཀར་བ་གནག་པ་དག་གི་ཆ་འདྲེས་པ་སྟེ་ཕལ་ཆེར་དཀར་གནག་ཏུ་གནས་པ་ན་ཡོད་པ་དང་གཙང་བ་སྟེ་དག་པ་དང༌། ཡངས་པ་སྟེ་ས་ཕྱོགས་རྒྱ་ཆེ་བ་ན་ཡོད་པ་དེ་ཉི་མའི་འོད་དང་རླུང་གི་བསེར་བུས་ཀུན་ནས་ཕོག་ཅིང་བརྟེན་པའི་ཆུ་གང་ཡིན་པ་དེ་བསྔགས་པ་ཡིན་པས་བཏུང་བར་བྱའོ་ཞེས་པ་དང༌། ཉི་མའི་ཟེར་གྱིས་གདུངས་པ་དང༌། །ཟླ་བའི་འོད་ཀྱིས་བསིལ་བྱས་ལ། །རྀ་ཥི་ཤར་བས་དུག་མེད་པ། ཉིན་མཚན་གཉིས་ཀ་སྦྱངས་ཆུ་བཏུང༌། །དང་བ་དྲི་མེད་ཆུ་ཞེས་པ། །དྲི་མེད་དྲི་མ་སེལ་གྱུར་པ། །མི་འགྲུབ་རྩུབ་པ་མ་ཡིན་པ། །བཏུང་བ་ལ་སོགས་བདུད་རྩིར་མཚུངས། །ཞེས་བྱ་བ་ལ། ཡང་སྟོན་ཀའི་དུས་ཀྱི་དེའི་ཚེ་ཉིན་མོ་ཉི་མའི་འོད་ཟེར་གྱིས་གདུངས་ཤིང་རྣམ་པ་ཐམས་ཅད་དུ་ཚ་བར་གྱུར་པ་དང༌། མཚན་མོ་ཟླ་བའི་འོད་ཟེར་གྱིས་བསིལ་ཞིང་གྲང་བར་བྱས་པ་དེ་དེ་ལྟར་དུས་ཀྱིས་སོས་ཤིང་སྨིན་པར་བྱས་པ་དང༌། རྀ་ཥི་ཤར་བས་དུག་མེད་པ་སྐར་མ་རྀ་ཥི་ཞེས་པ་ཤར་བ་ན་དུག་མེད་པ་སྟེ། དེ་ཤར་ནས་བར་སྣང་ལ་བབས་ཤིང་བྱུང་ནས་ཆུ་བོ་དང་རྫིང་བུ་ལ་སོགས་པར་གནས་པའི་གནོད་པ་རྣམས་སྟོན་གྱི་ཚེ་དུག་མེད་པ་ཉིད་དུ་བྱེད་པས་ན་དེ་སྐད་ཅེས་བྱའོ། །ཁྲོན་པའི་ཆུ་ནི་མ་ཡིན་ཏེ་དེ་ནི་ཐམས་ཅད་དུ་དུག་དང་བཅས་པ་ཡིན་ནོ། །དང་བའི་དྲི་མེད་ཆུ་ཞེས་པ་ནི་ཉི་མ་དང་ཟླ་བ་དག་ལ་བྱ་སྟེ། དེ་ཉིད་ཀྱིས་བརྟེན་ཞིང་དྲི་མ་མེད་པ་རྡུལ་དང་བྲལ་བ་ནི་དྲི་མ་ཞེས་པ་རླུང་ལ་སོགས་པ་སེལ་ཞིང་འཇོམས་པར་འགྱུར་བ་ཡིན་ནོ། །མི་འགྲུབ་ཅེས་བྱ་བ་ནི་ཆུ་མིག་ལྟར་དེ་སྣུམ་ཞིང་ལྕི་བ་མ་ཡིན་པས་བད་ཀན་སྐྱེད་པར་མི་བྱེད་ལ།འགྲུབ་པ་མ་ཡིན་པ་ཉིད་ཀྱིས་ན་རྩུབ་པ་མ་ཡིན་ནོ། །བཏུང་བ་ལ་སོགས་པ་ཞེས་བྱ་བ་ནི་བཏུང་བ་དེ་ཞེས་བཤད་པ་ལྟར་རྟོགས་པར་བྱའོ། །དྲང་སྲོང་རྀ་ཥི་ཤར་བའི་དུས་སུ་ཆུ་ལ་དུག་མེད་པའི་རྒྱུ་མཚན་ཅི་ཡིན་སྙམ་ན། དེའང་ཁྱད་པར་འཕགས་བསྟོད་ཀྱི་འགྲེལ་པ་དང་འདོད་འཇོ་ལ་སོགས་པ་ཐུན་མོང་གི་བསྟན་བཅོས་རྣམས་ལས་ལྷ་མ་ཡིན་རླུང་ཐོབ་དང༌། སེར་ལྡན་སྤུན་གཉིས་དྲང་སྲོང་རྀ་ཥིས་ཟོས་པས་སྐོམ་ཆེས་ཏེ། མཚེའུ་དང་རྫིང་བུ་ལ་སོགས་པ་ནས་རྒྱ་མཚོ་ཆེན་པོའི་མཐར་ཐུག་གི་བར་འཐུངས་སོ་ཞེས་འབྱུང་བས། ཆུ་འཐུངས་པའི་སྔ་རོལ་དུ་དུག་སྦྱང་བའམ་དཀའ་ཐུབ་ཀྱི་ནུས་པས་དུག་དག་པར་བྱེད་པས་ཡིན་ལ། འདི་ཉིད་ཀྱི་ལོ་རྒྱུས་དང་དུས་སོགས་ཞིབ་ཆ་ནི་བཻ་དཀར་བུ་ཡིག་ལས་ཤེས་པར་བྱའོ།།

གངས་ཅན་གྱི་རི་དང་ཁ་བས་གཡོགས་པ་ཀུན་ལས་བྱུང་ཞིང་ཤུགས་དྲག་པོས་རྡོ་ལ་བརྡབས་ཤིང་གཡེངས་པའི་ཆུ་གང་ཡིན་པ་རྣམས་ནི་ཤིན་ཏུ་བཟང་བ་སྟེ་རེག་བྱ་དང་ནུས་པ་གཉིས་ཀ་རབ་ཏུ་བསིལ་བ་ཡིན་པས་ཕོ་བའི་མེ་དྲོད་དང་རྒན་པོ་ལ་སོགས་པས་ཅུང་ཟད་ཐུབ་པར་དཀའ་ཞིང་དགེ་བ་ཡིན་གྱི། གལ་ཏེ་གངས་ལས་བྱུང་བའི་ཆུ་དེ་ཉིད་དྲག་པོར་འགྲུབ་པ་མ་ཡིན་པར་བརྟན་ཞིང་གཡུང་བ་སྟེ་མཚོ་ལྟ་བུར་མི་འགྲོ་བ་དང་འགྲོ་རུ་ཟིན་ཀྱང་དལ་གྱིས་འབབ་པ་ཡིན་ན་དེས་ལྟོ་བ་ལ་སོགས་པའི་སྲིན་བུ་དང་རྐང་བམ་དང་སྙིང་གི་ནད་ལྷག་པར་སྐྱེད་པར་བྱེད་ལ། མདོར་ན་ཆུ་གང་ཡང་ས་ཕྱོགས་གཙང་མར་གནས་ཤིང་ཉི་ཟླའི་འོད་ཟེར་དང་རླུང་གི་རེག་པས་ཕོག་པ་རྣམས་བཟང་བ་ཡིན་ལ། དེ་ཡང་ཟླ་ཟེར་ལས། ནུབ་ཕྱོགས་ནས་ནི་རྒྱ་མཚོར་འབབ། །གང་ཡང་མྱུར་འབབ་རྡུལ་མེད་ཆུ། །དེ་དག་མདོར་ན་དགེ་བ་ཡིན། །དེ་ལས་ལྡོག་པ་བཟང་མ་ཡིན། །ཞེས་བྱ་བ་ལ་ཆུ་བོ་གང་ནུབ་ཕྱོགས་རྒྱ་མཚོར་འབབ་ཅིང་སོང་བ་དང༌། གང་ཡང་མྱུར་བར་འབབ་ཅིང་མགྱོགས་པར་འགྲོ་བ་དང༌། དེ་བཞིན་དུ་རྡུལ་མེད་ཆུ་ཞེས་བྱ་བ་དེ་དྲི་མ་མེད་པའི་ཆུ་དང༌། དེ་དག་ནི་མདོར་ན་དགེ་ཞིང་ཕན་པ་ཡིན་ནོ། །དེ་ལས་ལྡོག་པ་བཟང་མ་ཡིན། །ཞེས་བྱ་བ་ནི་ཆུ་བོ་ནུབ་ཕྱོགས་ནས་མི་འབབ་པ་དང༌། དེ་བཞིན་དུ་མྱུར་བར་མི་འགྲོ་བ་དང༌། རྡུལ་མེད་པ་མ་ཡིན་པ་སྟེ་གོང་མ་ལས་ལྡོག་པ་དེ་དག་ནི་བཟང་པོ་མ་ཡིན་ཏེ་གནོད་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྡོ་ལ་ཤུགས་དྲག་བརྡབས་པ་ཡིས། །རྒྱུན་ཆད་གཡེངས་པའི་ཆུ་དག་དང༌། །གངས་ཅན་མ་ལ་ཡ་ནས་བྱུང༌། །དགེའོ་ཞེས་བྱ་བ་ལ་རྡོའི་ཚོགས་ལ་ཤུགས་དྲག་པོ་བརྡབ་པར་བྱེད་པ་དེས་རྒྱུན་ཆད་ཅིང་རྣམ་པར་འཐོར་བས་གཡེངས་ཤིང་སྤྲུགས་པའི་ཆུ་གང་དག་ཡིན་པ་དང༌། གངས་ཅན་དེ་རི་ཁ་བ་ཅན་དང༌། མ་ལ་ཡའི་རི་ལས་བྱུང་བ་སྟེ་དེ་གཉིས་ལས་ཐོན་ཞིང་འབབ་པའི་ཆུ་བོ་ནི་དགེའོ་ཞེས་པ་སྟེ་ཕན་ཞིང་བསོད་པ་ཡིན་ནོ། །དེ་ཉིད་བརྟན་གཡུང་ནི། སྲིན་བུ་རྐང་བམ་སྙིང་དང་ནི། །ལྐོག་མ་ཀླད་པའི་ནད་བསྐྱེད་འགྱུར། །ཞེས་བྱ་བ་ལ། ཁ་བ་ཅན་དང་མ་ལ་ཡ་ལས་བྱུང་བ་དེ་ཉིད་བརྟན་ཞིང་གཡུང་བ་སྟེ་དལ་གྱིས་འབབ་པ་ཡིན་ན་སྲིན་བུ་ལ་སོགས་པ་བསྐྱེད་པར་འགྱུར་རོ། །རྐང་བམ་ནི་ཚིལ་དང་ཤ་ལ་བརྟེན་ནས་རྐང་པ་དག་ཏུ་སྐྲངས་པ་དག་འབྱུང་བ་སྟེ་མཚན་ཉིད་འོག་ནས་འཆད་དོ། །ཤར་དང་ནུབ་ཀྱི་མཐའ་ལས་བྱུང༌། །གཞང་འབྲུམ་བསྐྱེད་དོ་ཞེས་བྱ་བ་ནི་ཤར་ཕྱོགས་ལྷོ་བལ་གྱི་ཡུལ་ནས་འབབ་པ་དང༌། ནུབ་ཕྱོགས་ཏ་ཟིག་གི་ཡུལ་ནས་འབབ་པ་དང༌། མཐའ་ལས་བྱུང་བ་སྟེ་ལྷོ་ནུབ་ཀྱི་མཚམས་ཀྱི་ཡུལ་མ་ལ་ཡ་ལ་སོགས་པ་ནས་བྱུང་ཞིང་འབབ་པའི་ཆུ་ནི་གཞང་འབྲུམ་ཞེས་བྱ་བའི་ནད་སྐྱེད་པར་བྱེད་དོ། །དབང་ཆེན་འབབ། དམུ་རྫིང་རྐང་བམ་ནད་བསྐྱེད་འགྱུར། །ཞེས་བྱ་བ་ལ། དབང་ཆེན་ཞེས་བྱའི་རི་ལས་འབབ་ཅིང་རྒྱུ་བའི་ཆུ་བོས་དམུ་རྫིང་གི་ནད་དང་རྐང་བམ་གྱི་ནད་བསྐྱེད་པར་འགྱུར་བར་བཤད་དོ།།

གང་ཞིག་འདམ་རྫབ་ཅན་གྱི་ཆུ་དང་ཉ་ལྕིབས་ཆུ་ཤིན་ཏུ་དལ་བའི་ནང་དུ་སྐྱེས་པའི་སྔོན་མོ་ནར་ནར་ཆུ་ཡུལ་ལམ་ཆུ་བལ་སྔོན་པོས་གང་བ་དང༌། རྩྭ་དང་ལོ་མ་དང་ཤིང་ལ་སོགས་པ་སྐྱེས་པའམ། དེ་རྣམས་ཀྱི་གྲིབ་མ་ཕོག་པ་དང༌། གང་ཡང་ཁྲོན་པ་ཤིན་ཏུ་རིང་ཞིང་ཐོག་དང་བཅས་པས་ཉི་ཟླའི་ཟེར་དང༌། རླུང་གི་རྫིས་མི་རེག་པ་དང༌། ཕྱིའི་རྒྱ་མཚོ་ཆེན་པོ་ལ་སོགས་ཏེ་བ་ཚྭ་ཅན་དང་སྲོག་ཆགས་ཧ་ཅང་མི་འཚམ་པར་གནས་པ་དང༌། གཞན་ཡང་བཤང་གཅི་དང་དུག་ལ་སོགས་པའི་ཁུ་བ་དང་ལྡན་པའི་ཆུ་རྣམས་ཀྱིས་ཉེས་པ་ཀུན་སྐྱེད་པར་བྱེད་པ་ཡིན་པས་ཤིན་ཏུ་ངན་ལ། གཞན་ཡང་ཟླ་ཟེར་ལས། དེ་བཞིན་དུ་ཆར་པ་གང་དུས་ལ་མ་བབ་པ་ཡང་བཏུང་བར་མི་བྱ་སྟེ། ཆར་ཆུ་ཡིན་པའི་ཕྱིར་བཏུང་བར་བྱ་བ་ཉིད་ཡིན་ཡང་ཆར་འབབ་པའི་དུས་སུ་མ་བབས་པ་ཉིད་ཀྱིས་ན་གནོད་པ་ཡིན་པའི་ཕྱིར་བཀག་པ་ཡིན་ནོ། །དུས་མ་ཡིན་པར་བབ་པ་བཀག་པ་ལས་ནི་དུས་སུ་བབ་པ་ནི་བཏུང་དུ་རུང་ངོ་ཞེས་གནང་བར་དོན་གྱིས་གོ་བར་བྱའོ། །དེ་བས་ན་བར་སྣང་ལས་འབབ་པའི་ཆུ་ཁྱད་པར་ཅན་དེ་ནི་བཏུང་བར་བྱ་བ་ཉིད་ཡིན་པ་ལས་དེའི་དུས་སུ་བཏུང་བར་བྱ་བ་ཡིན་ལ། དེ་ཡང་དབྱར་གྱི་དུས་ཡིན་ཏེ། གང་གི་ཚེ་དབྱར་ནམ་མཁའ་ལས་བབས་པ་བཏུང་བར་བྱ་བ་ཉིད་ཡིན་གྱི་དུས་གཞན་དག་ཏུ་བབ་པ་ནི་དུས་མ་ཡིན་པས་བཏུང་བར་མི་བྱའོ། །ཅི་དུས་སུ་བབ་པ་ཐམས་ཅད་བཏུང་བར་བྱ་བའམ་དུས་སུ་བབ་པ་ཡིན་དུ་ཟིན་ཀྱང་བཏུང་བར་མི་བྱ་བ་ཅུང་ཞིག་ཡོད་དམ་ཞེ་ན། དེའི་ཕྱིར། དུས་ཀྱི་དང་པོར་བབ་པ་གང༌། །ཞེས་བྱ་བ་སྨོས་པ་ཡིན་ཏེ། དུས་ཀྱི་དང་པོ་བབ་པའི་ཆུ་གང་ཡིན་པ་དེ་ནི་བཏུང་བར་མི་བྱའོ། །དེས་ན་འདི་སྐད་སྟོན་པ་ཡིན་ཏེ། དབྱར་གྱི་དུས་སུ་འབབ་པ་ནི་བཏུང་བར་བྱ་ལ་དེ་ལས་ཀྱང་དང་པོར་འབབ་པ་ནི་དུས་སུ་འབབ་པ་ཡིན་ཡང་བཏུང་བར་མི་བྱའོ་ཞེས་གངས་ཆུ་རྣམས་སྤང་བར་བྱའོ།།

གོང་དུ་བཤད་པའི་ཆུ་བཟང་བ་དེ་རྣམས་བསྐོལ་བ་ལ་སོགས་པའི་ལས་མ་བྱས་པར་ཆུ་བསིལ་ཉིད་ཁོང་དུ་བཏང་ཞིང་བརྒལ་བའམ་ལུས་ལ་གཏོར་བས་དྲན་མེད་དུ་བརྒྱལ་བ་དང༌། ལུས་ངལ་བར་གྱུར་པ་དང་ཆང་ནད་དང་མགོ་འཁོར་དང་སྐྱུག་པ་དང་སྐོམ་དད་དང་ལུས་ཧ་ཅང་ཚོ་ཆེས་པར་གྱུར་པ་དང་ཁྲག་དང་མཁྲིས་པ་འཕེལ་བའི་ནད་དང་དུག་གི་ནད་ལ་སོགས་པ་རྣམས་ཉེ་བར་སེལ་བར་བྱེད་པ་ཡིན་ནོ། །བཟོས་པའི་ཡན་ལག་བརྒྱད་ལྡན་ནི་ཆུ་བསྐོལ་དེ་ཡང་ཡུལ་དུས་དང་ལྕི་ཡང་བར་མ་ལ་རྗེས་སུ་དཔག་ནས་ལེགས་པར་བསྐོལ་བའི་ཆུ་དེས་ནི་ཕོ་བ་ལ་སོགས་པའི་མེ་དྲོད་སྐྱེད་ཅིང་ཁ་ཟས་འཇུ་བར་བྱེད་པ་དང༌། སྐྱིགས་བུ་སེལ་ཞིང་རླུང་དང་བད་ཀན་དང་ལྟོ་བ་སྦོས་པ་དང་དབུགས་མི་བདེ་བ་དང་ཆམ་པ་གསར་པ་དང༌། རིམས་གསར་པ་བྱུང་མ་ཐག་པ་རྣམས་འཕྲལ་དུ་སེལ་ཞིང་ལམ་ནས་ལྡོག་པར་བྱེད་པ་ཡིན་ལ། དེ་ཡང་ཟླ་ཟེར་ལས། ཡུལ་དུས་ལྕི་དང་ཡང་བ་ལས། བཞི་ཆ་སུམ་ཆ་ཕྱེད་གདུ་བར། །ལྦུ་བ་མེད་པར་བསྐོལ་བ་ནི། །ཤུགས་མེད་དྲི་མ་མེད་ཅིང་ཕན། །ཞེས་པ་ལྟར་ཡུལ་རླན་ཅན་དང༌། དུས་དཔྱིད་སོས་ཀྱི་ཆུ་ནི་རང་བཞིན་གྱིས་ལྕི་བ་ཡིན་པས་ཆུ་ཇི་ཙམ་ཡོད་པ་དེའི་བཞི་ཆ་གསུམ་གདུས་ནས་བཞི་ཆ་གཅིག་ལུས་པར་བྱའོ། །དེ་བཞིན་དུ་ཡུལ་སྐམ་གཤེར་བར་མ་དང་དུས་དབྱར་དགུན་གྱི་ཚེ་ཆུ་ལྕི་ཡང་བར་མར་གནས་པས་སུམ་ཆ་གཅིག་ཙམ་མ་ལུས་ཀྱི་བར་གཉིས་འཐག་པར་གདུ་བ་དང༌། ཡུལ་སྐམ་ས་ཅན་ཁོ་ན་དང༌། དུས་སྟོན་གྱི་ཆུ་ནི་རང་བཞིན་གྱིས་ཡང་བར་ལྡན་པས་ཆུ་ཇི་ཙམ་བླུགས་པ་དེའི་ཕྱེད་ཙམ་གདུ་ལ། མདོར་ན་ཡུལ་ལ་སོགས་པའི་བྱེ་བྲག་ཇི་ལྟ་བ་བློས་མ་ཕྱེད་ཀྱང་ལྦུ་བ་མ་སངས་བར་དུ་བསྐོལ་བར་བྱ་བ་ནི་ངེས་པ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །དེའི་རྒྱུ་མཚན་ཡང་དུས་འཁོར་བསྡུས་རྒྱུད་ལས། ཉི་མ་ཟླ་བས་རེག་པའི་ཆུ་ནི་དྲི་མ་བྲལ་བའི་སླད་དུ་རྐང་པའི་ལྷག་མར་བསྐོལ་བར་བྱ། །ཞེས་གསུངས་པའི་དོན་དང་མཐུན་པ་ཡིན། དེ་ལྟར་བྱས་ན་ཡན་ལག་བརྒྱད་པ་ལས། ཆུ་ཚན་དྲོད་སྐྱེད་ཟས་འཇུ་ཞིང༌། །མགུལ་བདེ་ལུས་ཡང་གཅིན་ནད་སེལ། །སྐྱིགས་བུ་ལྟོ་སྦོས་རླུང་བད་ཀན། །རིམས་གསར་འཕྲལ་དུ་ཟློག་བྱེད་ཅིང༌། །ལུད་པ་ཆམ་གསར་དབུགས་མི་བདེ། །རྩིབ་ལོགས་ཟུག་ལ་བསྔགས་པ་ཡིན། །ཞེས་སློབ་དཔོན་གྱིས་བཤད་པའི་ཡོན་ཏན་རྣམས་འབྱུང་ལ་གཞན་དུ་དེ་ལྟ་བུ་མ་ཡིན་ནོ། །ཡུལ་དུས་དང་བསྟུན་ཆུ་ལེགས་པར་བསྐོལ་ནས་གྲང་དུ་བཅུག་པ་ནི་ཡང་བ་སོགས་ཆུ་བསྐོལ་ལས་ཀྱང་མཆོག་ཏུ་ལེགས་ཏེ་བད་ཀན་མི་སྐྱེད་ཅིང་མཁྲིས་པ་སེལ་བར་བྱེད་པ་ཡིན་ལ། བསྐོལ་གྲང་དེའང་ཉིན་ཞག་གཅིག་ལ་སོགས་པ་ཡུན་ལོན་ནས་དུག་དང་འདྲ་བར་ཉེས་པ་ཀུན་སྐྱེད་པར་བྱེད་པས་སྤང་བར་བྱའོ།།

སྤྱིར་བཏང་གི་དབང་དུ་བྱས་ན་ཆང་ཐམས་ཅད་རོ་ནི་མངར་སྐྱུར་ཁ་བ་གསུམ་དང་ལྡན་ལ་ཞུ་རྗེས་སྐྱུར་བར་འཇུ་བ་དང༌། ནུས་པ་རྣོ་དྲོ་རྩུབ་ཕྲ་དང་ལྡན་པས་ཅུང་ཟད་ཐུར་དུ་འཁྲུ་ཞིང་ལུས་དྲོད་འབར་བར་བྱེད་པ་དང༌། སྨྲ་བ་ལ་སོགས་པ་མི་ཞུམ་པའི་སྤོབས་པ་སྐྱེད་ཅིང༌། གཉིད་མེད་པ་རྣམས་ཀྱི་གཉིད་འཕེལ་བ་དང་བད་རླུང་སེལ་བའི་བྱ་བ་བྱེད་པ་ཡིན་ནོ། །དེ་ཡང་ཟླ་ཟེར་ལས། དུས་དང་ཡུལ་དང་བདག་ཉིད་ཀྱི་རང་བཞིན་གང་ཡིན་པ་དང༌། མཐུན་པའི་གྲོགས་དང་ནད་ཀྱི་ཚུལ་དང་ན་ཚོད་ཀྱི་རིམ་པ་ཤེས་པར་བྱས་ནས་དེ་དང་རྗེས་སུ་མཐུན་པར་འཐུང་ན་བདུད་རྩི་འཐུངས་པ་དང་མཚུངས་པ་ཡིན་གྱི། དེ་ལས་གཞན་པ་རིགས་པ་དང་མི་ལྡན་ཞིང་རྣམ་པར་མ་དཔྱད་པར་འཐུངས་ན་དུག་དང་མཚུངས་ཤིང་འདྲ་བ་ཡིན་ནོ། །མི་རིགས་པར་འཐུང་བ་ནི་དམན་པའམ་ལོག་པའམ་ཧ་ཅང་མང་དུ་འཐུང་བ་ཡིན་ནོ་ཞེས་པ་ལྟར་རོ།།

ཆང་འཐུངས་པ་མངས་ཏེ་ཧ་ཅང་ཐལ་དྲགས་པ་ན་སེམས་རང་བཞིན་དུ་གནས་པ་ལས་གཞན་དུ་བསྒྱུར་ཏེ་བག་མེད་པར་འཇུག་པའི་ངོ་ཚ་ཉེ་བར་འཇིག་པར་འགྱུར་རོ། །དེའང་ར་རོ་བ་དང་པོ་སྟེ་མྱོས་པར་གྱུར་མ་ཐག་པ་དེའི་ཚེ་བག་མེད་པའི་གནས་ལ་ལྷག་པར་གནས་ཤིང་རགས་པའི་རྣམ་རྟོག་ངན་པའི་རྗེས་སུ་འབྲང་བ་ཕལ་ཆེར་བཅོམ་པ་ལྟར་མྱོས་པའི་རང་བཞིན་དེ་ཉིད་ལ་བདེ་བ་ཡིན་སྙམ་པའི་འདུ་ཤེས་གཅིག་ཏུ་བསྡུས་ཤིང་དེ་ལྟར་སེམས་པར་བྱེད་ལ། དེ་བཞིན་དུ་ར་རོ་བའི་གནས་སྐབས་གཉིས་པ་ལ་བབ་པ་དེའི་ཚེ་ན་གླང་ཆེན་སྨྱོན་པ་ལྕགས་ཀྱུ་དང་བྲལ་བ་ཅི་བྱ་གཏོལ་མེད་པ་ལྟར་རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་སྟེ་འཇིག་རྟེན་ན་སྨད་པར་འོས་པའི་བྱ་བ་ཀུན་དང་ཚུལ་ཁྲིམས་འཆལ་པའི་གནས་སུ་འཇུག་པར་བྱེད་ཅིང༌། ར་རོ་ཐ་མ་སྟེ་མྱོས་པའི་མཐར་ཐུག་པ་དེའི་ཚེ་སེམས་བག་མེད་པ་དང་བཅས་ནས་རོ་ལྟར་ཉལ་ཞིང་བྱ་བ་དང་བྱ་བ་མ་ཡིན་པ་གང་ཡང་མི་ཤེས་པར་མུན་པ་ལྟ་བུའི་གནས་སུ་འགྱུར་བར་མ་ཟད། དེ་ཡང་ཟླ་ཟེར་ལས། རླུང་མཁྲིས་བད་ཀན་ཀུན་ལས་བྱུང༌། །ཆང་ནད་རྣམ་པ་བཞིར་འགྱུར་རོ། །ཞེས་བྱ་བ་ལ། རླུང་ལ་སོགས་པའི་ནད་གཞི་རེ་རེ་དང་ཀུན་འདུས་པ་ལས་གཅིག་སྟེ། ཆང་ནད་རྣམ་པ་བཞིར་འགྱུར་རོ། །ཀུན་ཀྱང་ཀུན་ལས་བསྐྱེད་མོད་ཀྱི།། ཤས་ཆེ་བ་ལས་མིང་དུ་བཏགས། །ཞེས་བྱ་བ་ལ། ཆང་ནད་ཀུན་ཀྱང་ཉེས་པ་གསུམ་ཆར་ལས་འབྱུང་མོད་ཀྱི། འོན་ཀྱང་ནད་ཀྱི་གཞི་གང་དང་གང་དག་ཤས་ཆེ་བ་དེ་དང༌། དེ་ལས་ཕྱེ་སྟེ་མིང་དུ་བཏགས་པ་ཡིན་ནོ། །དེ་རྣམས་ཀྱི་ནི་སྤྱིའི་མཚན་ཉིད། །རྨོངས་དང་སྙིང་ནི་ན་བ་དང༌། །འཁྲུ་ཞིང་རྟག་ཏུ་སྐོམ་དད་ཆེ། །ཚ་གྲང་རིམས་འདེབས་ཡི་ག་འཆུས། །མགོ་བོ་རྩིབ་རུས་ན་དང་འདར། །གནད་འཇིག་ལྟག་པ་ན་བ་དང༌། །བརླ་རེངས་རབ་རིབ་ཁྱེར་བ་དང༌། །ལུད་པ་དབུགས་མི་བདེ་གཉིད་མེད། །རྔུལ་ཆེན་འབྱུང་ཞིང་བཤང་བ་འགགས། །སྐྲངས་ཤིང་སེམས་ནི་འཁྲུལ་པ་དང༌། །སླ་ཞིང་རློན་པར་བྱེད་པ་དང༌། །མགོ་འཁོར་རྨི་ལམ་ངན་མཐོང་བའོ། །ཞེས་བྱ་བ་ལ་ཆང་ནད་དེ་རྣམས་ཀྱི་སྤྱིའི་མཚན་ཉིད་དེ་རྣམ་པར་དབྱེ་བ་མེད་པར་ཐུན་མོང་གི་རྟགས་ནི་འདི་དག་ཡིན་ཏེ། སེམས་རྨོངས་ཤིང་བླུན་བག་ཏུ་གྱུར་པ་དང༌། སྙིང་ན་ཞིང་འཕར་བ་དང༌། འཁྲུ་ཞིང་བཤང་བ་སླ་བ་དང༌། རྟག་པར་རྒྱུན་མི་ཆད་པར་སྐོམ་དད་ཆེ་བ་དང༌། རིམས་ཚ་བ་དང་གྲང་བའི་བར་དག་གིས་བཏབ་པར་འགྱུར་བའམ། ཡང་ན་ཚ་གྲང་སྟེ་མཁྲིས་པ་དང་བད་ཀན་གྱི་མཚན་ཉིད་དང་ལྡན་པར་འགྱུར་བ་དང༌། མགོ་ལ་སོགས་པ་ལུས་འདར་ཞིང་འགུལ་བ་དང༌། གནད་རྣམས་འཇིག་ཅིང་བྱེ་བ་སྙམ་དུ་སེམས་པ་དང༌། ལྟག་པའི་ཕྱོགས་ན་ཞིང་ཟུག་པ་དང༌། བརླ་རེངས་ཀྱི་འགྱུར་བར་མི་བདེ་བ་དང༌། མིག་རབ་རིབ་ཀྱིས་ཁྱེར་ཞིང་མི་གསལ་བ་དང༌། ལུད་པ་ལ་སོགས་པ་འབྱུང་བ་དང༌། སེམས་འཁྲུལ་ཞིང་ཉམས་པ་ལ་སོགས་དུ་མ་འབྱུང་བའི་ཕྱིར་བློ་དང་ལྡན་པའི་ལེགས་འདོད་རྣམས་ཀྱིས་ཆང་ཉིད་སྤང་བར་བྱ་ཞིང༌། གལ་ཏེ་འཐུང་དུ་ཟིན་ཀྱང་མྱོས་པ་མ་ཡིན་པའི་མཚམས་ཤེས་པར་བྱ་སྟེ་བཏུང་ངོ༌། །བ་རུ་ར་ཆང་ཡང་ཞིང་ཕན། །ཤིན་ཏུ་ར་རོར་མི་འབྱུང་ཞིང༌། །རྨ་དང་མཛེ་ནད་སྐྱ་རྦབ་ལ། །ཧ་ཅང་གནོད་པར་མི་འགྱུར་ཡིན། །རྒུན་ཆང་ནད་སྦྱོང་སྙིང་ལ་ཕན། །ཤིན་ཏུ་དྲོ་མིན་མངར་ཞིང་འཁྲུ། །མཁྲིས་རླུང་ཅུང་ཟད་སྐྱེད་སྐྱ་རྦབ། །གཅིན་ནད་གཞང་འབྲུམ་སྲིན་ནད་སེལ། །བུ་རམ་ཆང་ནི་གཅིན་རྟུག་འགགས། །འབྱིན་ཞིང་ངོམས་ལ་དྲོད་སྐྱེད་ཡིན། །བུ་རམ་ཤིང་ཆང་རླུང་མཁྲིས་སྐྱེད། །རླུང་དང་བད་ཀན་ལས་བྱུང་འཇོམས། །ཚིལ་འོར་དམུ་རྫིངས་གཞང་འབྲུམ་སེལ། །དེ་ལས་ཁུ་བ་བསྐོལ་མཆོག་ཡིན། །བུ་རམ་ཤིང་ཁུའི་བུ་རམ་ཆང༌། །རློན་པ་ཡི་ནི་ནུས་པ་བསིལ། །བསྐོལ་བ་བསྐོལ་མའི་ཆང་ཞེས་བྱ། །སྦྲང་ཆང་འགྲིབ་བྱེད་རྣོ་བ་སྟེ། །གཅིན་ནད་ཆམ་པ་ལུད་པ་སེལ། །ཞེས་སོགས་འགྲེལ་པ་དང་བཅས་དུ་མར་བཤད་དོ།།

ཆང་དུ་གྱུར་པ་ཐམས་ཅད་ཀྱི་གསར་པ་རྣམས་ལྕི་ཞིང་རྙིང་པ་ཀུན་ཡང་བ་ཡིན་ལ། འོན་ཀྱང་ཧ་ཅང་གསར་པ་མ་སྨིན་པ་མ་ཡིན་པའི་གསར་འཇམ་ནི་ཕོ་བའི་མེ་དྲོད་སྐྱེད་ཅིང་འཇུ་བ་ཡང་སླ་བ་ཡིན་ལ། དེ་བཞིན་དུ་འབྲུ་སོ་སོ་ལས་ཀྱང་གྲོ་ཆང་དང་འབྲས་ཆང་དང་ནས་ཆང་རྣམས་རིམ་པས་གོང་མ་ལྕི་ཞིང་སོ་བ་དང་སྲེ་ད་དང་ཡོས་ལས་བྱས་པའི་ཆང་ནི་གོང་མ་རྣམས་ལས་ཆེས་ཤིན་ཏུ་ཡང་བ་ཡིན་ལ། ཆང་དེ་རྣམས་རོ་ལྔ་དང་ལྡན་པ་ཡིན་ལ། དུས་འདས་ཏེ་ཡུན་རིང་པོར་ལོན་པས་མངར་བ་སོགས་རོ་བཞི་ཡལ་བ་ཤིན་ཏུ་སྐྱུར་བ་འབའ་ཞིག་ཏུ་སོང་བ་ལ་ཚ་ཞེས་བྱ་བ་ཟླ་ཟེར་མདོ་གནས་ལེའུ་ལྔ་པ་ནས་བཤད་པ་ལྟར་དང༌། གཞན་ཡང༌། ཤིན་ཏུ་སྐྱུར་བ་ཚ་ཞེས་བྱ། །ཞེས་པ་ལྟར། དེས་ནི་ཁྲག་མཁྲིས་དང་བད་ཀན་གྱི་ནད་སེལ་བར་བྱེད་པ་ཡིན་ནོ་ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་གཉིས་པ་བཤད་པའི་རྒྱུད་ཀྱི་ཟས་ཀྱི་ཚུལ་ཤེས་པར་བྱ་བའི་ལེའུ་སྟེ་བཅུ་དྲུག་པའོ།། །།


 

མཐའ་མའི་འདོན་ཐེངས་།: 05.09.2023 ཉིན། 10:17 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།