སྨན་རྩིས་དྲ་བ། - བཤད་རྒྱུད།

ལེའུ་བཅུ་དགུ་པ། རོ་དང་ཞུ་རྗེས་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 22.08.2011
བཤད་རྒྱུད། >> ལེའུ་བཅུ་དགུ་པ། རོ་དང་ཞུ་རྗེས་བསྟན་པ།

གསུམ་པ་སྦྱོར་བ་སྨན་གྱི་གནས་བཤད་པ་ལ་གཉིས་ཏེ་ཇི་ལྟར་ཞུས་པའི་ཚུལ་དང༌། ལན་དངོས་བཤད་པའོ། །དང་པོ་ནི། དེ་ནས་ཞེས་པ་ནས་ཞུས་པ་ལས་ཞེས་པའི་བར་གྱིས་བསྟན་ཏེ། འཚོ་བ་ཟས་ཀྱི་གནས་བསྟན་ཟིན་པའི་མཇུག་དེ་མ་ཐག་པ་དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ལ་འདི་སྐད་ཅེས་ཞུས་སོ། །དེའང་ཀྱེ་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས་ཞེས་ཞེས་ས་དང་བཅས་ཏེ་སྙན་པའི་གདངས་ཀྱིས་མཚན་ནས་བོས་ཏེ་གནས་དྲུག་པ་སྦྱོར་བ་སྨན་གྱི་གནས་ཞེས་བྱ་བ་ལ་ཇི་ལྟར་བསླབ་པར་བགྱི་ཞེས་འདྲི་ན་འཚོ་མཛད་སྨན་པའི་རྒྱལ་པོས་གསལ་པོར་བཤད་དུ་གསོལ་ཞེས་གུས་པ་དང་བཅས་ཏེ་ཞུས་པ་ལས་ཞེས་པའོ། །གཉིས་པ་དེའི་ལན་དངོས་བཤད་པ་ལ་གཉིས་ཏེ། ཉན་པར་གདམས་ཤིང་མདོར་བསྟན་པ། དོན་རྒྱས་པར་བཤད་པའོ། །དང་པོ་ནི། སྟོན་པས་ཞེས་པ་ནས་སྦྱར་ཐབས་བཞི་ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་ཞུས་པའི་ལནདུ་སྟོན་པས་འདི་ལྟར་གསུངས་པ། དེ་ཡང་ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་བཤད་པར་བྱའོ་ཞེས་མཚམས་སྦྱར་ནས། ནད་ལ་གསོ་བར་བྱེད་པའི་གཉེན་པོ་སྤྱོད་ལམ་ལ་སོགས་པ་བཞི་ཡོད་པའི་ནང་ནས་གསུམ་པ་སྦྱོར་བ་སྨན་གྱི་གནས་ལ་བསླབ་པར་བྱ་ན། དེ་ལ་རོ་དང་ཞུ་རྗེས་དང་ནུས་པ་དང་སྦྱར་བའི་ཐབས་བསྟན་པ་སྟེ་རྣམ་པ་བཞི་ཡོད་པར་ཤེས་པར་བྱའོ། །གཉིས་པ་དོན་རྒྱས་པར་བཤད་པ་ལ་གསུམ་སྟེ། སྨན་གྱི་རོ་བཤད་པ། དེའི་ནུས་པ་བསྟན་པ། གཉིས་ཀའི་སྦྱར་ཐབས་བཤད་པའོ། །དང་པོ་སྨན་གྱི་རོ་བཤད་པ་ལའང་བཞི་སྟེ། མདོར་བསྟན་པ། རྒྱས་པར་བཤད་པ། ཞར་ལ་ཞུ་རྗེས་བསྟན་པ། ལེའུའི་མཚན་ནི། དང་པོ་ནི། དང་པོ་ཞེས་པ་ནས་རྣམ་པ་ལྔ་ཞེས་པའི་བར་གྱིས་བསྟན་ཏེ། སྦྱོར་བ་སྨན་གྱི་གནས་ལས་རོ་ལ་སོགས་པ་རྣམས་ཀྱི་ནང་ནས་དང་པོ་རོ་བཤད་པ་ལའང་རོའི་རྟེན་དང༌། དབྱེ་བ་དང༌། ངོ་བོ་དང༌། སྡེ་ཚན་དང༌། ལས་དང༌། རྣམ་པ་ལྔའི་སྒོ་ནས་རྟོགས་པར་བྱའོ། །གཉིས་པ་རྒྱས་པར་བཤད་པ་ལ་ལྔ་ལས། དང་པོ་སྨན་གྱི་རྟེན་བཤད་པ་ལ་བཞི་སྟེ། རགས་པར་བཤད་པ། ཞིབ་ཏུ་བཤད་པ། ཤིན་ཏུ་ཞིབ་པར་བཤད་པ། མཇུག་བསྡུ་བའ། །དང་པོ་ལ་གཉིས་ཏེ། སྤྱི་དོན་དང༌། ཚིག་དོན་ནོ། །དང་པོ་ནི།

ཟླ་ཟེར་ལས། སྨན་རྣམས་ཉིད་ཀྱི་རོ་ལ་སོགས། །དེ་ནི་དེ་ལ་བརྟེན་པས་མཆོག །ཅེས་བྱ་བ་ལ། སྨན་རྣམས་ཉིད་ཀྱི་ནི་རོ་དང་ནུས་པ་ལ་སོགས་པ་རྣམས་ཀྱི་ནང་ན་མཆོག་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རོ་ལ་སོགས་པ་དེ་རྣམས་ནི་སྨན་དེ་ལ་བརྟེན་ཅིང་གནས་པ་ཡིན་ནོ། །རོ་ལ་སོགས་པ་འབའ་ཞིག་ཆིག་སྐྱར་གནས་པ་ནི་མ་ཡིན་ཏེ། དེ་བས་ན་དེ་ནི་མཆོག་ཡིན་ནོ། །དེ་ཡང་འབྱུང་ལྔའི་བདག་ཉིད་ཅན། ཞེས་བྱ་བ་ལ། སྨན་དེ་ཡང་འབྲས་བུའི་རང་བཞིན་རྒྱུ་བ་དང་མི་རྒྱུ་བའི་ཚུལ་དུ་གནས་པ་གང་ཡིན་པ་དེ་ནི་འབྱུང་བ་ལྔའི་བདག་ཉིད་ཅན་ཏེ་འབྱུང་བ་ཆེན་པོ་རྣམ་པ་ལྔས་བསྐྱེད་པ་ཡིན་གྱི། ནམ་མཁའ་ལ་སོགས་པ་རྒྱུའི་རྫས་རྣམས་ནི་མ་ཡིན་ཏེ། ནམ་མཁའ་ལ་སོགས་པ་རྒྱུའི་རྫས་ཀྱི་འབྱུང་བ་ཆེན་པོ་ལྔའི་བདག་ཉིད་ཅན་དུ་གྱུར་པ་ནི་སོ་སོ་རང་ཉིད་ཐོབ་པའི་དོན་དུ་གནས་པས་འདི་ནི་ནམ་མཁའ་ཞེས་བྱ་བའི་འབྱུང་བ་ཆེན་པོའོ། །འདི་ནི་སའི་འབྱུང་བ་ཆེན་པོའོ། །ཞེས་སྨྲ་བར་ནུས་པ་མ་ཡིན་གྱི། ས་ལ་སོགས་པའི་འབྱུང་བ་རྣམས་ནི་འབྱུང་བ་ཆེན་པོ་ལྔའི་བདག་ཉིད་ཅན་ཡིན་པས་ན་དེའི་སྒྲས་བསྟན་པ་ཡིན་ནོ། །དེ་བས་ན་འབྱུང་བ་ལྔའི་བདག་ཉིད་ཅན་དང་གཅིག་པ་ཉིད་མ་ཡིན་ནོ། །དེར་ཉེ་བར་དམིགས་པ་རྣམ་པ་ལྔས་ཤེས་པར་བྱ་སྟེ། དེ་ལ་དེའི་དྲིའི་ཤས་ཆེ་བ་གང་ཡིན་པ་དེ་ནི་སའི་ཡིན་ལ། རོའི་ཤས་ཆེ་བ་གང་ཡིན་པ་དེ་ནི་ཆུའི་ཡིན་ནོ། །གཟུགས་ཀྱི་ཡོན་ཏན་ཤས་ཆེ་བ་གང་ཡིན་པ་དེ་ནི་མེའི་ཡོན་ཏན་ནོ། །རེག་པའི་ཡོན་ཏན་ཤས་ཆེ་བ་གང་ཡིན་པ་དེ་ནི་རླུང་གི་ཡོན་ཏན་ཡིན་ནོ། །སྒྲའི་ཡོན་ཏན་ཤས་ཆེ་བ་གང་ཡིན་པ་དེ་ནི་ནམ་མཁའི་ཡིན་ཏེ། གང་དང་དེ་ནི་རྟག་ཏུ་འབྲེལ་བ་ཡིན་པའི་ཕྱིར་རོ། །གང་ཞེས་བྱ་བའི་ཚིག་འདི་མ་སྨྲས་སུ་ཟིན་ཀྱང་བསྟན་པ་ཉིད་ཡིན་པར་ཤེས་པར་བྱའོ། །གལ་ཏེ་སྨན་དེ་འབྱུང་བ་ཆེན་པོ་ལྔས་བསྐྱེད་པ་ཡིན་ན། དེ་འབྱུང་བ་ཆེན་པོ་གང་གིས་ཇི་ལྟར་ས་བརྟེན་པའི་གནས་སུ་བྱས་ནས་སྐྱེ་བ་ཡིན་ནོ། །དེ་ལྟར་ན་ས་ཞེས་བྱ་བའི་འབྱུང་བ་ཆེན་པོས་རྟེན་དུ་བྱེད་པའི་དགོས་པ་བྱས་པས་ན་དེས་བསྐྱེད་ཅིང་བསྐྲུན་པ་ཡིན་ནོ། །ཞེས་བཤད་པ་ཡིན་ནོ། །དེ་བཞིན་དུ་ནི་མེའི་སྐྱེ་གནས་ཞེས་བྱ་བ་ཆུ་ནི་སྐྱེ་གནས་སུ་གྱུར་ཅིང་བསྐྱེད་པའི་རྒྱུ་བྱེད་པས་ན་སྨན་གྱི་སྐྱེ་གནས་ནི་ཆུ་ཡིན་ཏེ། དེ་ལྟར་ན་ཆུ་ཞེས་བྱ་བའི་འབྱུང་བ་ཆེན་པོའི་རོ་དང་ལྡན་པར་སྐྱེ་གནས་ཀྱི་དགོས་པ་བྱས་པས་དེས་དེ་བསྐྱེད་པ་ཞེས་བྱའོ། །ཆུ་ནི་སྐྱེ་གནས་མེ་དང་རླུང༌། །ནམ་མཁའ་རྣམས་ནི་ཚོགས་པ་ལས། །དེས་བསྐྱེད་གྱུར་ཀྱང་ཁྱད་པར་འབྱུང༌། །ཞེས་བྱ་བ་ལ། སྨན་དེ་སྐྱེས་ཤིང་འབྱུང་བར་གྱུར་པ་དང༌། རྫོགས་པར་ཐོན་པ་དེ་ནི་མེ་དང་རླུང་དང་ནམ་མཁའ་རྣམས་ཀྱི་ཚོགས་ལས་སྐྱེས་པར་གྱུར་པ་ཡིན་ཏེ། ཚོགས་པས་རྒྱུ་དང་འབྲས་བུའི་ཚུལ་གྱིས་བསྐྱེད་དེ་དེས་ན། དཔེར་ན་མེ་ནི་སྨིན་པར་བྱེད་པ་ཉིད་ཀྱིས་དགོས་པ་བྱེད་ལ། རླུང་ནི་གཡོ་འགུལ་གྱི་ཚུལ་གྱིས་སོ། །ནམ་མཁའ་ནི་གོ་འབྱེད་པའི་ཚུལ་གྱིས་སོ། །དེས་བསྐྱེད་པར་གྱུར་པས་མེ་དང་རླུང་དང་ནམ་མཁའ་རྣམས་ཀྱི་ཚོགས་པ་ལས་དེ་སྐྱེ་བར་འགྱུར་བ་འབའ་ཞིག་ཏུ་མ་ཟད་ཀྱི། གང་ཁྱད་པར་གཞན་རྣམས་ཚུལ་ཐ་དད་ཅིང་རང་བཞིན་མ་གྱུར་པའི་བར་རྣམས་དང༌། མེ་དང་རླུང་དང་ནམ་མཁའ་དེ་རྣམས་ཀྱི་ཚོགས་པ་ལས་བྱུང་བ་ཡིན་ནོ། །གལ་ཏེ་དེ་ལྟར་སྨན་རྣམས་ཐམས་ཅད་འབྱུང་བ་ཆེན་པོ་ལྔ་ཆར་གྱིས་བསྐྱེད་པ་ཡིན་ན་འདི་ནི་སའི་འོ། །འདི་ཆུའི་འོ་ཞེས་མི་ཅིའི་ཕྱིར་འདོགས་ཤེ་ན། དེའི་ཕྱིར་སྨྲས་པ་ནི། མིང་ནི་ཤས་ཆེ་ལས་གྱུར་ཡིན། །ཞེས་བྱ་བ་ལ། རྫས་གང་ལ་འདི་དག་ཐམས་ཅད་རྒྱུར་གྱུར་པ་ཡིན་ཡང་གང་གང་གི་ཤས་ཆེ་ཞིང་མང་བར་གྱུར་པ་དེར་ནི་དེ་ཉིད་ཀྱི་མིང་དུ་བཏགས་པ་ཡིན་ཏེ། སའི་ཤས་ཆེ་བ་ལས་སྐྱེས་པ་ནི་སའི་མིང་ཅན་ཡིན་ལ། ཆུའི་ཤས་ཆེ་བ་ལས་སྐྱེས་པ་ནི་ཆུའི་འོ། །དེ་ལྟར་ན་སྨན་ཐམས་ཅད་ནི་འབྱུང་བ་ལྔའི་བདག་ཉིད་ཅན་ཡིན་ནོ། །དེ་བས་འབྱུང་བ་འདུས་པ་ལས། །འབྱུང་བས་སྨན་ནི་རོ་གཅིག་མིན། །ཞེས་བྱ་བ་ལ། གང་གི་ཕྱིར་འབྱུང་བ་ཆེན་པོའི་ཚོགས་པ་རྣམས་ལས་སྨན་རྣམས་བྱུང་ཞིང་སྐྱེ་བ་ཡིན་པ་དེ་བས་ན་སྨན་རྣམས་ནི་རོ་གཅིག་ཁོ་ནར་མི་འགྱུར་ཏེ། རོ་མང་ཞིང་ཐ་དད་པ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །འདིར་འདི་ལྟར་གང་རོ་ནི་ཆུའི་འབྱུང་བ་ཆེན་པོ་གཅིག་བུའི་རྒྱུ་ཉིད་ཡིན་གྱི། འབྱུང་བ་ཆེན་པོ་གཞན་དག་ནི་མ་ཡིན་ཏེ། དེ་དག་ནི་རོ་མེད་པ་ཡིན་ལ་འབྲས་བུ་ནི་རྒྱུ་དང་ཆ་འདྲ་བར་འབྱུང་བ་ཡིན་པས་གཞན་ལས་རོ་འབྱུང་བར་ནི་མི་རིགས་སོ། །ཞེས་བརྒལ་ཞིང་བརྟག་པར་མི་བྱ་སྟེ། གང་གི་ཕྱིར་འབྱུང་བ་འདུས་པ་ལས་འབྱུང་ཞེས་བྱ་བ་འདིས་འདི་སྐད་སྟོན་པ་ཡིན་ཏེ། ཇི་ལྟར་སྨན་འབྱུང་བ་ཆེན་པོ་འདུས་པ་ལས་སྨན་འབྱུང་བ་དེ་བཞིན་དུ་སྨན་སྨན་ལ་བརྟེན་པའི་རོ་ཐ་དད་པར་གྲུབ་པ་དག་ཀྱང་འབྱུང་བ་འདུས་པ་ཉིད་ལས་སྐྱེ་བ་ཡིན་གྱི། ཡོན་ཏན་གཞན་ལྟར་སྨན་ལ་བལྟོས་པ་ནི་མ་ཡིན་ནོ། །ཞེས་བཤད་པ་ལྟར་རྟོགས་དགོས་སོ།།

གཉིས་པ་ཚིག་གི་དོན་ནི། རྟེན་ནི་ཞེས་པ་ནས་རོ་གཅིག་མིན་ཞེས་པའི་བར་གྱིས་བསྟན་ཏེ། མངར་བ་ལ་སོགས་པའི་རོ་རྣམས་ཀྱི་རྟེན་དུ་གྱུར་པའི་སྨན་དུ་གཏོགས་པ་ཀུན་ཀྱང་ནི་ས་ལ་སོགས་པའི་འབྱུང་བ་ཆེན་པོ་ལྔ་ཆར་འདུས་པ་ཁོ་ན་ལས་ངེས་པར་སྐྱེ་བར་འགྱུར་བ་ཡིན་ཏེ། དེའང་ཚུལ་ཇི་ལྟར་ཞེ་ན། སྨན་ཡིན་ནོ་ཅོག་རང་རང་གི་རྒྱུའམ་ས་བོན་ཉིད་ས་ཡིས་ས་གཞི་བརྟེན་ནས་ཆགས་པར་གྱུར་པ་ལ་ཆུས་བརླན་ཞིང་མེས་དྲོད་བསྐྱེད་པ་དང༌། རླུང་གིས་བསྐྱོད་དེ་འཕེལ་བར་བྱེད་ཅིང་ནམ་མཁས་ཆེར་སྐྱེ་བའི་གོ་སྐབས་བྱེ་བ་ལས་ཏེ། དེ་ལྟར་ན་ཡང་སྨན་ཀུན་ཀྱང་རྐྱེན་དེ་ལྟ་བུས་བསྐྱེད་པར་འགྱུར་བའི་ཚུལ་མཚུངས་ཀྱང་ས་བོན་ཉིད་ཀྱི་རང་བཞིན་དང་འབྱུང་བ་ཕན་ཚུན་ཤས་ཆེ་ཆུང་གི་དབང་གིས་རོ་གཅིག་ཁོ་ནར་ངེས་པ་ནི་མ་ཡིན་ནོ། །གཉིས་པ་རོའི་རྟེན་ཅུང་ཟད་ཞིབ་ཏུ་བཤད་པ་ལ་གཉིས་ཏེ། སྤྱི་དོན་དང༌། ཚིག་དོན་ནོ། །དང་པོ་ནི། ཟླ་ཟེར་ལས། དེ་ལ་རོ་ནི་རེ་ཞིག་ཆུའི་རང་བཞིན་དང་པོ་མི་གསལ་བ་ཡིན་ལ། དེ་བཞིན་དུ་དུས་རྣམ་པ་དྲུག་དང་ལྡན་པ་ཡིན་པའི་ཕྱིར་དང༌། འབྱུང་བ་ཆེན་པོའི་ཡོན་ཏན་ཤས་ཆེ་ཆུང་གི་དབང་ལས་བྱུང་བ་དང༌། མི་མཉམ་ཞིང་ཚོགས་པ་ལས་མངར་བ་ལ་སོགས་པའི་དབྱེ་བ་རྣམ་པ་དྲུག་ཏུ་འགྱུར་རོ། །དེ་ལྟར་ན་ཆུ་སྨོས་པས་ནི་རོ་དག་ཆུའི་རྣམ་པར་འགྱུར་བ་ཡིན་པར་ཤེས་ལ། ས་ལ་ལོགས་པ་ནི་ལྷན་ཅིག་བྱེད་པའི་ཚུལ་གྱིས་དགོས་པ་བྱེད་པ་ཡིན་ཏེ། དེ་ལས་ན་ཚོགས་པ་ནི་ཡང་དག་པར་ན་རོའི་བྱེད་པ་པོ་ཡིན་ནོ། །དེའི་ཕྱིར་འབྱུང་བ་ཆེན་པོ་ཤས་ཆེ་བའི་ཁྱད་པར་ལས་རོ་འབྱུང་བའི་ཚུལ་སྨྲས་པ་ནི། །མངར་བ་ལ་སོགས་རོ་སྐྱེ་བ། །ས་ཆུ་མེ་ས་ཆུ་དང་མེ། །མཁའ་རླུང་མེ་རླུང་ས་དང་རླུང༌། །གཉིས་གཉིས་ཤས་ཆེ་ལས་རིམ་འབྱུང༌། །ཞེས་བྱ་བ་ལ། རོ་མངར་བ་དང་སྐྱུར་བ་ལ་སོགས་པ་དྲུག་པོ་རྣམས་སྐྱེ་ཞིང་འབྱུང་བ་ནི་འབྱུང་བ་གཉིས་ཤས་ཆེ་ཞིང་ལྷག་པ་ལས་གོ་རིམ་ཇི་ལྟ་བ་བཞིན་དུ་བསྟན་པ་དང༌། བཤད་པའི་ཚུལ་གྱིས་འབྱུང་སྟེ། འབྱུང་བ་གཉིས་གཉིས་གང་ལ་ཤས་ཆེ་བར་གྱུར་པ་དེ་ལས་བྱུང་བ་སྟེ། དེ་ལས་འབྱུང་བ་ཆེན་པོ་གང་གིས་རོ་གང་ཞིག་རྩོམ་པ་ལ་ལྷག་པར་འགྱུར་བ་ཡིན་ཞེ་ན། དེ་དག་གྲངས་ཇི་ལྟ་བ་བཞིན་དུ་སྨྲས་པ་ནི། ས་ཆུ་ཞེས་པ་ལ་སོགས་པ་སྟེ་ས་དང་ཆུའི་འབྱུང་བ་ཤས་ཆེ་བ་ལས་ནི་རོ་མངར་བ་འབྱུང་ལ། མེ་ས་ཞེས་བྱ་བ་མེ་དང་ས་ཤས་ཆེ་བ་ལས་ནི་སྐྱུར་བ་འབྱུང་ངོ༌། །ཆུ་དང་མེ་ཞེས་བྱ་བ་འབྱུང་བ་ཆུ་དང་མེ་ཤས་ཆེ་བ་ལས་ལན་ཚྭའི་རོ་འབྱུང་ངོ༌། །མཁའ་རླུང་ཞེས་བྱ་བ་ནི་ནམ་མཁའ་དང་རླུང་གི་ཤས་ཆེ་བ་ལས་ནི་རོ་ཁ་བ་འབྱུང་ངོ༌། །མེ་རླུང་ཞེས་བྱ་བ་མེ་དང་རླུང་ཤས་ཆེ་བ་ལས་ནི་རོ་ཚ་བ་འབྱུང་ངོ༌། །ས་དང་རླུང་ཞེས་བྱ་བ་འབྱུང་བ་ས་དང་རླུང་ཤས་ཆེ་བ་ལས་ནི་རོ་བསྐ་བ་འབྱུང་ངོ༌། །དེ་ལྟར་ན་གཉིས་གཉིས་ལས་འབྱུང་བ་ཡིན་ནོ། །ཤས་ཆེ་ཞེས་སྨོས་པས་ནི་རོ་ཐམས་ཅད་ཀྱང་འབྱུང་བ་ལས་གྱུར་པ་ཡིན་པར་སྟོན་ཏེ། དེས་ན་ཚོགས་པ་ལས་བྱུང་བ་ཡིན་ཡང་ཤས་ཆེ་བའི་ཆས་རྫོགས་པར་བྱས་པ་ཡིན་ཏེ། གང་དུ་གང་ཞིག་ཤས་ཆེ་བ་དེ་དེར་རོའི་ཁྱད་པར་གཞན་བསྐྱེད་པ་ཡིན་ནོ། །དེ་ལྟར་ཤས་ཆེ་བའི་དབང་གིས་ན་རོ་མངར་བ་ནི་འབྱུང་བ་ཐམས་ཅད་ཀྱིས་བསྐྱེད་དུ་ཟིན་ཀྱང་ས་དང་ཆུ་ལས་བྱུང་བ་ཡིན་ནོ། །ཞེས་བཤད་པ་ཡིན་ནོ། །དེ་བཞིན་དུ་ལྷག་མ་གཞན་རྣམས་ལའང་སྦྱར་བར་བྱའོ། །ཞེས་གསལ་བར་བསྟན་ཏོ།།

གཉིས་པ་ཚིག་གི་དོན་ནི། ས་ཆུ་ཞེས་པ་ནས་རོ་དྲུག་བསྐྱེད་ཅེས་པའི་བར་གྱིས་བསྟན་ཏེ། རོ་དྲུག་གི་རྟེན་དུ་གྱུར་པའི་སྨན་ཀུན་ཀྱང་འབྱུང་བ་ཆེན་པོ་ལྔ་ག་ཚོགས་པ་ལས་འབྱུང་བ་ཡིན་ནོ། །ཞེས་སྔར་བསྟན་མོད་ཀྱང༌། ཤས་ཆེར་རོ་གཅིག་མིན་ཞེས་པའི་དོན་གྱིས་ན་འབྱུང་བ་ཆེན་པོ་ཕན་ཚུན་གཅིག་ཏུ་འདུས་པའི་ཚེ་ཤས་ཆེ་ཆུང་གི་དབང་གིས་རོ་གཅིག་ཏུ་མ་ངེས་པ་དེ་ཡང་ཇི་ལྟ་བུ་ཞེ་ན། འདི་ལྟར་ས་དང་ཆུ་ཤས་ཆེ་བ་ལས་རོ་མངར་བ་དང༌། མེ་དང་ས་ཤས་ཆེ་བ་ལས་སྐྱུར་བ་དང༌། ཆུ་དང་མེ་ཤས་ཆེ་བ་ལས་ལན་ཚྭ་བ་དང༌། ཆུ་དང་རླུང་ཤས་ཆེ་བ་ལས་ཁ་བ་དང༌། མེ་དང་རླུང་ཤས་ཆེ་བ་ལས་ཚ་བ་དང༌། ས་དང་རླུང་ཤས་ཆེ་བ་ལས་བསྐ་བ་སྟེ། དེ་ལྟར་ན་འབྱུང་བ་གཉིས་གཉིས་ཤས་ཆེ་བའི་དབང་གིས་རོ་དྲུག་པོ་དེ་དག་སོ་སོར་སྐྱེད་པར་བྱེད་པ་ཡིན་ནོ། །གསུམ་པ་ཤིན་ཏུ་ཞིབ་པར་བཤད་པ་ལ་གཉིས་ཏེ། སྤྱི་དོན་དང༌། ཚིག་དོན་ནོ། །དང་པོ་ནི། སློབ་དཔོན་གྱིས། སྨན་གྱི་ཡོན་ཏན་ལྕི་སོགས་དང༌། །རོ་ནི་ས་ལ་སོགས་བསྟེན་པས། །མཚུངས་པར་སྤྱོད་པ་ཉེར་གདགས་པས། །རོ་ལས་མིང་དུ་བཏགས་པ་ཡིན། །དེ་ལ་ས་སྨན་ལྕི་དང་སྦོམ། །སྲ་ཞིང་དྲི་ཡི་ཤེས་རབ་ཆེ། །ལྕི་ཞིང་བརྟན་དང་འདུས་པ་དང༌། །ཉེ་བར་འཕེལ་བར་བྱེད་པ་ཡིན། །ཆུ་ཡིས་གཤེར་དང་ལྕི་བསིལ་སྣུམ། །རྟུལ་ཞིང་བསྐ་ལ་དྲི་ཤས་ཆེ། །འཇམ་ཞིང་བད་ཀན་འདྲ་བ་ལ། །འདྲུལ་ཞིང་ཚིག་བྱེད་སྡུད་པར་བྱེད། །མེ་ཡིས་རྩུབ་རྣོ་ཚ་ཞིང་སྐམ། །ཕྲ་ཞིང་གཟུགས་ཀྱི་ཡོན་ཏན་ཆེ། །ཚ་ཞིང་འབར་ལ་མདོག་བསྐྱེད་ཅིང༌། །གསལ་ཞིང་སྨིན་པའི་བདག་ཉིད་ཅན། །རླུང་གིས་རྩུབ་ཅིང་ཁྱབ་ལ་ཡང༌། །རེག་པའི་ཡོན་ཏན་ཤས་ཆེ་ཡིན། །རྩུབ་ཅིང་ཡང་ལ་དྲི་མ་ཆེ། །རྣམ་དཔྱོད་ན་བར་བྱེད་པ་ཡིན། །ནམ་མཁའ་ཕྲ་ཞིང་དེངས་ལ་ཡང༌། །སྒྲ་ཡི་ཡོན་ཏན་ཤས་ཆེ་སྟེ། །ཁོང་སྟོང་ཡང་བར་བྱེད་པ་ཡིན།  །ཞེས་བྱ་བ་དེ་ལ་སྨན་གྱི་ཡོན་ཏན་ལྕི་བ་ལ་སོགས་པ་ལྟ་བུ་ནི་ས་ལ་སོགས་པ་ལ་གནས་པ་ཡིན་ལ། སྨན་གྱི་རོ་བྲོ་བ་རྣམས་ནི་སྨན་དངོས་ལ་བརྟེན་པ་ཡིན་ནོ། །དེ་བས་ན་གཙོ་བོ་སྨན་ཉིད་ཡིན་ཡང་སྨན་ལས་མི་སྨོས་པར་ཐུན་མོང་དུ་མཚུངས་པར་མིང་བཏགས་ཏེ། སྨན་གྱི་རོ་ལ་བརྗོད་ཅིང་འདོགས་སོ། །དེ་ལ་སྨན་གྱི་དངོས་པོ་ཆེན་པོ་ལྔའི་རང་བཞིན་ཅན་དེ་ཡང་རྣམ་པ་གཉིས་སུ་ལྟ་སྟེ། རང་བཞིན་དང་ལས་ཀྱི་མཚན་ཉིད་དུ་རིག་པར་བྱའོ། །དེ་ལས་སའི་རང་བཞིན་གྱི་ཤས་ཆེ་བའི་སྨན་ནི་ལྕི་བ་དང༌། སྦོམ་པ་དང་སྲ་བ་དང་དྲི་བསུང་གི་ཤས་ཆེ་བ་དང༌། ཡོན་ཏན་འདི་ལྡན་པ་ནི་སའི་རང་བཞིན་དུ་གཏོགས་སོ། །སྨན་སའི་ཁམས་ཀྱི་རང་བཞིན་ཅན་དེའི་ལས་ནི་ལྕི་བར་བྱེད། སྲ་ཞིང་བརྟན་པར་བྱེད། འཕེལ་ཆེ་ཞིང་མང་བར་བྱེད། ལུས་སྐྱེ་ཞིང་བརྟ་བར་བྱེད་པ་ཡིན་ནོ། །སྨན་ཆུའི་རང་བཞིན་གྱི་ཤས་ཆེ་བའི་ཡོན་ཏན་ནི་གཤེར་བ་དང་བསིལ་བ་དང་ལྕི་བ་དང་སྣུམ་པ་དང་རྣོ་བའི་རང་བཞིན་ལ། ཁུ་བ་སྐ་ལ་དེའི་རོའི་ཤས་ཆེ་བ་འདི་ལྟ་བུ་ནི་ཆུའི་ཁམས་སུ་གཏོགས་པའི་རང་བཞིན་ཡིན་ནོ། །སྨན་ཆུའི་རང་བཞིན་གྱི་ཤས་ཅེ་བའི་ཡོན་ཏན་ནི་གཤེར་བ་དང་བསིལ་བ་དང་ལྕི་བ་དང་སྣུམ་པ་དང་རྣོ་བའི་རང་བཞིན་ལ། ཁུ་བ་སྐ་ལ་དེའི་རོའི་ཤས་ཆེ་བ་འདི་ལྟ་བུ་ནི་ཆུའི་ཁམས་སུ་གཏོགས་པའི་རང་བཞིན་ཡིན་ནོ། །སྨན་ཆུའི་ཤས་ཆེ་བའི་ལས་ནི་འཇམ་པར་བྱེད། བད་ཀན་ལྟ་བུར་འདག་འདག་པོར་བྱེད། འཇུ་བ་འདྲུལ་བག་ཏུ་བྱེད། ལུས་སིམ་པར་བྱེད། མི་འགྱེས་མི་འཇིག་བར་སྡུད་ཅིང་འབྱོར་བར་བྱེད་དོ། །ཡང་སྨན་མེའི་རང་བཞིན་གྱི་ཤས་ཆེ་བ་ནི་ཚ་རྣོ་རྩུབ་སྐམ་པོ་ཤོག་ཤོག་པོའམ་དུལ་དུལ་པོའི་བག་ཏུ་འདུག ཕྲ་ཞིང་གཟུགས་ཀྱི་ཡོན་ཏན་ཤས་ཆེ་བ་འདི་ལྟ་བུ་ནི་མེའི་རང་བཞིན་ཅན་དུ་གཏོགས་སོ། །སྨན་མེའི་རང་བཞིན་ཤས་ཆེ་བའི་ལས་ནི་ཤ་འབར་བཞིན་མདོག་གསལ་ཞིང་རྩ་དམར་ཟས་འཇུ་བའི་རང་བཞིན་ཅན་ཡིན་ནོ། །དེ་ལ་སྨན་རླུང་གི་ཤས་ཆེ་བའི་ཡོན་ཏན་ནི་རྩུབ་ཅིང་ཡང༌། ཅིའི་ནང་དུའང་འཇུག་ཅིང་འགྲོ། རེག་པའི་ཤས་ཆེ་བ་འདི་ལྟ་བུ་ནི་རླུང་གི་ཁམས་སུ་གཏོགས་སོ། །སྨན་རླུང་གི་ཤས་ཆེ་བའི་ལས་ནི་རྩུབ་པར་འགྱུར། ཡང་བར་འགྱུར། ཅིའི་ནང་དུ་འཇུག་པའམ། གྱེས་ཤིང་འཇིག་པར་བྱེད། སེམས་བརྟན་ཞིང་སྤྱོད་པ་ལ་འཇུག་པར་བྱེད། ན་བར་བྱེད། ཟུག་པར་བྱེད་དོ། །སྨན་ནམ་མཁའི་རང་བཞིན་གྱི་ཤས་ཆེ་བ་ནི་ཕྲ་བ་དང༌། འཇུག་ཅིང་རྒྱུ་བ་དང༌། གྱེས་ཤིང་འཐོར་བ་དང༌། ཡང་བ་སྒྲའི་ཡོན་ཏན་གྱི་ཤས་ཆེའོ། །སྨན་ནམ་མཁའ་ཤས་ཆེ་བའི་ལས་ནི་སྦུ་གུ་ནང་སྟོང་བ་དང༌། ཁོང་ཡངས་པའི་རང་བཞིན་ཅན་བྱེད་དོ། །ཞེས་བཤད་དོ། །དེ་ལ་གཞན་དག་ན་རེ། རླུང་དང་ནམ་མཁའ་ནི་གཟུགས་མེད་པ་ཡིན་པས་དེས་བསྐྱེད་པའི་འབྲས་བུ་ཡོད་པར་ག་ལ་འགྱུར་ཞེ་ན། ཉེས་པ་འདི་ནི་འཇུག་པ་མ་ཡིན་ཏེ། དངོས་པོ་གང་ལ་རྩུབ་ཅིང་ཡང་བ་དང༌། །སྟོང་ཞིང་གོ་འབྱེད་པའི་ལས་བྱེད་པ་མང་དུ་མཐོང་བ་ལས། རླུང་དང་ནམ་མཁའི་བདག་ཉིད་ཅན་དུ་ཉེ་བར་བརྟགས་པ་ཡིན་ཏེ། དཔེར་ན་དད་པ་དང༌། ཚུལ་ཁྲིམས་དང༌། ཐོས་པ་དང༌། གཏོང་བ་ལ་སོགས་པའི་ལས་བྱེད་པར་མཐོང་བའི་སྐྱེས་བུ་དམ་པ་དག་ལ་འདི་ནི་ལྷ་ཡིན་ནོ་ཞེས་འདོགས་པར་བྱེད་པ་དང་འདྲའོ།།

གཉིས་པ་ཚིག་གི་དོན་ནི། ས་སྨན་ཞེས་པ་ནས་འདུས་ནད་སེལ་ཞེས་པའི་བར་གྱིས་བསྟན་ཏེ། འབྱུང་བ་ལྔ་ལས་རེ་རེ་ཤས་ཆེ་བའི་བདག་ཉིད་ཅན་གྱི་སྨན་དེ་དག་ཀུན་ཀྱང༌། ཡོན་ཏན་དང་ལས་གཉིས་གཉིས་ཀྱི་སྒོ་ནས་སྟོན་ཞིང༌། དེ་ཡང་འབྲས་བུ་ནི་རྒྱུ་དང་མཚུངས་ལྡན་དུ་འབྱུང་བའི་ཕྱིར་ན་རྒྱུ་འབྱུང་བ་དང་འབྲས་བུ་གཉིས་ཀའི་ཡོན་ཏན་རྣམས་རྐང་པ་སྔ་མ་སྔ་མས་སྟོན་ལ། ལས་རྣམས་ཕྱི་མ་ཕྱི་མས་གསལ་པོར་སྟོན་པ་ལས། སའི་རང་བཞིན་ཤས་ཆེ་བའི་སྨན་རྣམས་ཀྱི་ཡོན་ཏན་ནི། ལྕི་བརྟན་རྟུལ་འཇམ་སྣུམ་ལ་སྐམ་པ་དང་ལྡན་ཞིང་དྲི་ཤས་ཆེ་བ་ཡིན་ལ། ལས་ནི་ཡན་ལག་ལ་སོགས་པ་བརྟན་ཞིང་མཁྲང་བ་དང༌། ལུས་བརྟན་པ་དང་མི་མཐོང་བ་གཅིག་ཏུ་སྡུད་པར་བྱེད་ཅིང་གཙོ་བོར་རླུང་གི་ནད་སེལ་བ་ཡིན་ནོ། །དེ་བཞིན་དུ་ཆུའི་རང་བཞིན་ཤས་ཆེ་བའི་སྨན་གྱི་ཡོན་ཏན་ནི་སླ་བསིལ་ལྕི་རྟུལ་སྣུམ་འཇམ་མཉེན་པ་དང་ལྡན་ཞིང་རོའི་ཤས་ཆེ་བ་ཡིན་ལ། ལས་ནི་ཁོང་པ་ལ་སོགས་པ་བརླན་ཅིང་གཤེར་བ་དང༌། ལུས་འཇམ་ལ་ཕྱོགས་གཅིག་ཏུ་སྡུད་པར་བྱེད་ཅིང་གཙོ་བོར་མཁྲིས་པའི་ནད་སེལ་བ་ཡིན་ནོ། །མེའི་རང་བཞིན་ཤས་ཆེ་བའི་སྨན་རྣམས་ཀྱི་ཡོན་ཏན་ནི་ཚ་རྣོ་སྐམ་རྩུབ་ཡང་སྣུམ་གཡོ་བ་དང་ལྡན་ཞིང་གཟུགས་ཀྱི་ཤས་ཆེ་བ་ཡིན་ལ། ལས་ནི་ལུས་ཀྱི་དྲོད་བསྐྱེད་པ་དང་ཁ་ཟས་དང་ལུས་ཟུངས་ལ་སོགས་པ་སྨིན་ཅིང་མདོག་གསལ་བར་བྱེད་ལ། གཙོ་བོར་བད་ཀན་གྱི་ནད་སེལ་བ་ཡིན་ནོ། །རླུང་གི་རང་བཞིན་ཤས་ཆེ་བའི་སྨན་རྣམས་ཀྱི་ཡོན་ཏན་ནི་ཡང་གཡོ་གྲང་བ་རྩུབ་སྐྱ་ལ་སྐམ་པ་དང་ལྡན་ཞིང་རེག་བྱའི་ཤས་ཆེ་བ་ཡིན་ལ། ལས་ནི་ལུས་སྲ་ཞིང་བསྒུལ་བསྐྱོད་དང་དངས་མ་ལ་སོགས་པ་ལུས་ལ་ཁྱབ་པར་བྱེད་ཅིང་གཙོ་བོར་བད་མཁྲིས་ལྡན་པའི་ནད་སེལ་བ་ཡིན་ནོ། །ནམ་མཁའ་ནི་འབྱུང་བ་གཞན་བཞི་གས་བསྐྱེད་པའི་སྨན་ཀུན་ལ་ཅི་རིགས་སུ་མ་ཆད་པར་ཁྱབ་པ་ཡིན་མོད། འོན་ཏེ་དེ་ཉིད་ཀྱི་རང་བཞིན་ཤས་ཆེ་བའི་སྨན་ཡང་མང་དུ་སྲིད་པས་ན། དེའི་ཡོན་ཏན་ནི་ཁོང་སྟོང་པ་དང་སྒྲའི་ཤས་ཆེ་བ་ཡིན་ལ། ལས་ནི་ཡངས་པའི་གོ་ས་འབྱེད་པར་བྱེད་ཅིང་ཉེས་པ་གསུམ་ག་འདུས་པ་ལས་བྱུང་བའི་ནད་སེལ་བ་ཡིན་ནོ།།

བཞི་པ་མཇུག་བསྡུ་བ་ལ་གཉིས་ཏེ། སྤྱི་དོན་དང༌། ཚིག་དོན་ནོ། །དང་པོ་ནི། ཟླ་ཟེར་ལས། དེ་ལྟར་འགྲོ་ན་དོན་དང་ནི། །སྦྱོར་བ་སྣ་ཚོགས་དབང་གིས་ན། །སྨན་མིན་ཅི་ཡང་ཡོད་མ་ཡིན། །ཞེས་བྱ་བ་ལ། དེ་ལྟར་འབྱུང་བ་ཆེན་པོ་ལས་བྱུང་བ་འདིས་ན་སྨན་ལྕི་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པས་འགྲོ་བ་སྟེ་འཁོར་བའི་གནས་འདི་ན་སྨན་མ་ཡིན་པར་གྱུར་པའི་རྫས་ཅི་ཡང་ཡོད་པ་མ་ཡིན་ཏེ། གཞན་དུ་ན་ཐམས་ཅད་ཀྱང་སྨན་ཉིད་ཡིན་ནོ། །གང་གི་དབང་གི་ཞེ་ན། སྣ་ཚོགས་དོན་དང་སྦྱོར་བའི་དབང་གིས་ཞེས་བྱ་བ་སྟེ། །དོན་ནི་དགོས་པ་དང་རྒྱའོ། །སྦྱོར་བ་ནི་རིགས་པར་བྱ་སྟེ་དེ་དག་སྣ་ཚོགས་པར་བྱས་པའི་དོན་དང་སྦྱོར་བ་དག་གི་དབང་གིས་རྫས་ཅི་ཡང་རུང་བ་སྟེ་ཐམས་ཅད་ནད་སེལ་བར་བྱེད་པའི་དགོས་པ་བྱེད་པས་སྨན་གྱི་ཉིད་ཡིན་ནོ་ཞེས་དང༌། དེ་ལྟར་ན་རྒྱུའི་དོན་གྱི་དབང་གིས་རྫས་ལ་ལ་འགའ་ཞིག་ཏུ་སྨན་དུ་འགྱུར་བ་ཡིན་གྱི། ཐམས་ཅད་ནས་ཐམས་ཅད་དུ་ནི་མ་ཡིན་ནོ། །དེ་བཞིན་དུ་སྦྱོར་བའི་དབང་གིས་ཀྱང་རྫས་ལ་ལ་དག་ལ་ལར་སྨན་དུ་འགྱུར་བ་ཡིན་གྱི། སྦྱོར་བ་གཅིག་གིས་ནད་ཐམས་ཅད་ལས་སྨན་དུ་གྱུར་པ་མ་ཡིན་མོད་ཀྱི། འོན་ཀྱང་སྦྱོར་བའི་དབང་ཁ་ཅིག་གིས་ནད་ཁ་ཅིག་ལ་སྨན་དུ་གྱུར་པ་ཡིན་ཏེ། འདི་ལྟར་པོ་སོན་ཆ་ལ་སོགས་པའི་སྨན་སྦྱོར་བའི་ཁྱད་པར་གཞན་དག་གིས་སྔ་མ་བས་ལྷག་པར་འགྱུར་བ་ཡིན་ལ། གཞན་དག་གིས་ཀྱང་གཞན་དག་ཏུ་འགྱུར་གྱི། གཅིག་གིས་ཐམས་ཅད་བྱེད་པ་ནི་མ་ཡིན་ནོ། །དེ་བས་ན་སྦྱོར་བའི་དབང་གིས་རྫས་ཐམས་ཅད་ཀྱང་སྨན་ཡིན་ནོ། དེ་ལ་སྨན་ནི་གྱེན་དུ་འགྲོ། །ཕལ་ཆེར་མེ་དང་རླུང་ཤས་ཆེ། །ཞེས་བྱ་བ་ལ། དེ་ལ་སྨན་གྱི་རིགས་དེ་རྣམས་ཀྱི་ནང་ནས་གྱེན་དུ་འགྲོ་ཞིང་སྟོད་དུ་རྒྱུ་བའི་སྨན་རློན་པར་བྱེད་པ་ནི་ཕལ་ཆེར་ཞེས་པ་མང་དུ་མེ་དང་རླུང་གི་ཤས་ཆེ་བ་སྟེ་མེ་དང་རླུང་གི་བདག་ཉིད་ཅན་ཡིན་ནོ། །དེའང་གང་གི་ཕྱིར་གྱེན་དུ་འགྲོ་བས་མེ་ཡིན་པ་དང་མང་བས་རླུང་ཡིན་པར་ཤེས་པར་བྱའོ། །ཐུར་དུ་འགྲོ་བ་ཕལ་ཆེར་ནི། ས་ཆུའི་ཡོན་ཏན་ཤས་ཆེ་ཡིན། །ཞེས་བྱ་བ་ལ། སྨན་ཐུར་དུ་འགྲོ་ཞིང་འོག་ཏུ་རྒྱུ་བས་འཁྲུ་བར་བྱེད་པའི་ཚུལ་ཅན་གང་ཡིན་པ་དེ་ནི་ས་དང་ཆུའི་ཤས་ཆེ་བ་ཡིན་ཏེ། དེ་གཉིས་ནི་ས་ལྕི་བ་དང་ཆུ་གཞོལ་ཕྱོགས་སུ་འགྲོ་བ་ཡིན་པའི་ཕྱིར་རོ། །ཞེས་བཤད་ལ། འདིར་ཡང་དོགས་པ་འདི་ལྟ་བུ་ཞིག་འཇུག་སྟེ། རི་ཤོ་ལ་སོགས་པའི་བཀྲུ་སྨན་ཕལ་ཆེར་ཡང་མེ་རླུང་གིས་བསྐྱེད་པའི་རོ་ཚ་བར་མི་འབྱུང་ཞིང༌། དུར་བྱིད་ལ་སོགས་པའི་བཤལ་སྨན་ཕལ་ཆེར་ཡང་ས་ཆུས་བསྐྱེད་པའི་རོ་མངར་བ་མ་མཐོང་ལ། ཁྱད་པར་དུ་སྐྱུག་སྨན་བཏང་བས་འཁྲུ་བ་དང༌། འཁྲུ་སྨན་གྱིས་སྐྱུག་པའང་མང་དུ་སྣང་བའི་ཕྱིར། བཤད་པ་འདི་ནི་གྱི་ན་བ་ཙམ་དུ་ཟད་དོ། །ཞེ་ན་བདེན་མོད། འོན་ཀྱང་སྐབས་འདིར་སྤྱིར་བཏང་བ་རོ་ནུས་ཞུ་རྗེས་མཐུན་པ་གཞིར་བཞག་གི་དབང་དུ་བྱས་པ་དང༌། བྱེ་བྲག་ཏུ་སྐྱུག་འཁྲུ་བའི་སྨན་རྣམས་ཀྱི་རོ་ཇི་ལྟར་འདུག་ཀྱང་ནུས་པ་གོ་རིམ་བཞིན་དུ་མེ་རླུང་དང་ས་ཆུའི་ཡོན་ཏན་ཤས་ཆེ་བ་ཞིག་ལས་ནམ་ཡང་མ་འདས་ཤིང་དམིགས་བསལ་དུ། ཕྱི་རྒྱུད་ལས། བཤལ་སྨན་རྩི་སྐམ་ནུས་པ་གཏིང་འགྲོའི་དུས། །སྐྱུགས་སྨན་ཁ་འབུས་གྱེན་བསྟན་དུས་སུ་བཏུ། །ཞེས་གསུངས་པ་འདི་ཁོ་ན་དབང་བཙན་པ་ཡིན་ལ། སྐྱུགས་སྨན་བཏང་བས་འཁྲུ་བ་ནི་དུར་བྱིད་ལ་སོགས་པ་འགའ་ཞིག་བཤལ་སྐྱུག་ཐུན་མོང་གི་སྨན་ཡིན་པའི་དོན་དང༌། བཤལ་སྨན་གྱིས་སྐྱུག་པ་ནི། སྐྱུག་སྨན་དངོས་སུ་ཡོད་པ་ཡིན་ཡང༌། དུས་སུ་མ་བསྐོས་ཤིང་འདུལ་ལེགས་མ་བྱུང་བ་སོགས་ཀྱིས་སྐྱོན་ཡིན་ཏེ། སྨན་རྩུབ་ཐུན་ཆེས་རླུང་མ་ནོན་པ་དང༌། །ནད་ལས་བྱུང་དང་སྨན་སུན་ཡི་ག་གདར། །སྨྲ་འགུལ་གདོན་དགུ་སྐྱུག་པའི་རྒྱུ་ཡིན་པས། ཞེས་སོགས་གསུངས་པ་ལྟར་རོ། །འོ་ན་དུར་བྱིད་སྐྱུག་སྨན་ལ་གཏོང་བའི་རྒྱུ་མཚན་རང་ཅི་ཡིན་སྙམ་ན། དུར་བྱིད་མ་བཏུལ་བ་དེ་ལ་ཤིན་ཏུ་རྩུབ་པའི་ནུས་པ་ཡོད་པས་ན་ནད་སློང་ཞིང་སྐྱུག་པར་བྱེད་པ་ཡིན་པས། བཤལ་སྨན་ལ་གཏོང་བའི་ཚེ་འདུལ་ཞིང་སྐྱུག་ལ་གཏོང་དུས་མི་འདུལ་བའི་ཤེས་བྱེད་དང་བཅས་པའོ། །ཞིབ་པར་ཕྱི་མ་རྒྱུད་ཀྱི་སྐབས་སུ་བཤད་པར་བྱ་བ་ཉིད་དོ།།

གཉིས་པ་ཚིག་གི་དོན་ནི། དེ་བས་ཞེས་པ་ནས་རོ་ལས་འབྱུང་ཞེས་པའི་བར་གྱིས་བསྟན་ཏེ། མངར་བ་ལ་སོགས་པའི་རོ་དང་ལྡན་པའི་སྨན་ཀུན་ཀྱང་འབྱུང་བ་འདུས་པ་ལས་སྐྱེ་ཞིང༌། འབྱུང་བ་སོ་སོ་བ་རྣམས་ཀྱང་ལྕི་བ་སོགས་ཀྱི་ཡོན་ཏནདང་ལྡན་པས་མཁྲང་བ་ལ་སོགས་པའི་བྱེད་ལས་ཅན་ཁོ་ན་ཡིན་པ་དེ་བས་ན་སྨན་དངོས་ཡིན་པ་རྣམས་དང༌། དངོས་མིན་པའི་བཙན་དུག་ལ་སོགས་པ་རྣམས་ཀྱང་གཉེན་པོ་དང་བཅས་ཏེ་ཕན་ཚུན་སྦྱར་བའི་དབང་དུ་གྱུར་པ་ལས་ཀྱང་སྨན་དུ་འགྱུར་བ་དེའི་ཕྱིར། ས་སྟེང་འདི་ན་སྨན་མ་ཡིན་པའི་དངོས་པོ་ཅི་ཡང་ཡོད་པ་མ་ཡིན་ཏེ། ཧ་ལ་ཧ་ལ་ལ་སོགས་པའི་དུག་ཀུན་ཀྱང་སྨད་དུ་བསྒྱུར་ནུས་ན་གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བས་ན་ལུས་ཀྱི་སྟོད་ནད་སེལ་ཞིང་གྱེན་དུ་སྐྱུག་འདྲེན་པར་བྱེད་པའི་སྨན་རྣམས་ནི་འཐུ་དུས་ལ་སོགས་པའི་དབང་གིས་མེ་དང་རླུང་གི་ཡོན་ཏན་དང་ལྡན་པ་ཡིན་ཏེ། དེ་གཉིས་ཀའང་གྱེན་དུ་འགྲོ་བའི་རང་བཞིན་དུ་དངོས་པོའི་སྟོབས་ཀྱིས་གྲུབ་པ་ཡིན་ལ། དེ་བཞིན་དུ་ཐུར་ཕྱོགས་སུ་གཞོལ་ཞིང་འགྲོ་བ་ནི་ས་དང་ཆུའི་རང་བཞིན་ལས་བྱུང་བ་དེའི་ཕྱིར་སྨན་གྱིས་ནད་སེལ་ཞིང་ཉེས་པ་བཀྲུ་བའི་སྨན་ཨ་རུ་ར་མཆུ་རིང་གི་མཆུ་ལ་སོགས་པ་ཕལ་ཆེར་ནི་བཏུ་དུས་ལ་སོགས་པའི་དབང་གིས་རོ་དྲུག་གི་དང་པོ་མངར་བའི་རོ་ལས་འབྱུང་བ་ཡིན་ནོ། །དེ་ཡང་སྨྲ་སྒོ་མཚོན་ཆ་ལས། ཕལ་ཆེར་ཞེས་པ་མ་ཚང་ཚིག །མི་མཐུན་མཐུན་པར་སྟོན་པའང་ཡིན། །ཞེས་བཤད་པ་ལྟར། ཕལ་ཆེར་ཞེས་པའི་སྒྲས་བཀྲུ་སྨན་ཐམས་ཅད་ཀྱི་རོ་མངར་བ་མ་ཡིན་པ་དང༌། ཁ་བ་དང་བསྐ བ་ལ་སོགས་པའི་བཀྲུ་སྨན་ཀུན་གྱི་ནུས་པ་ཡང་མཐར་ཐུག་འཁྲུ་ནུས་ཀྱི་ངོ་བོར་མཐུན་པར་བསྡུས་པ་ཡིན་ནོ། །གཉིས་པ་རོའི་དབྱེ་བ་བཤད་པ་ལའང་གཉིས་ཏེ། སྤྱི་དོན་དང༌། ཚིག་དོན་ནོ། །དང་པོ་ནི། ཟླ་ཟེར་ལས། རོ་ནི་མངར་སྐྱུར་ལན་ཚྭ་དང༌། །ཚ་དང་ཁ་དང་བསྐ་བ་སྟེ། །རྫས་དྲུག་ལ་གནས་དེ་རྣམས་ཀྱང༌། །གོ་རིམ་བཞིན་དུ་སྟོབས་ཆེན་ཡིན། ཞེས་བྱ་བ་སྨོས་པ་ཡིན་ཏེ། མངར་བ་ལ་སོགས་པའི་རོ་དྲུག་ནི་ལྕེའི་དབང་པོའི་ཡུལ་ཡིན་པས་ན་རོའོ། །དེ་དག་ཀྱང་འབྱུང་བ་ལྔའི་བདག་ཉིད་ཅན་གྱི་རྫས་ལ་བརྟེན་པ་ཡིན་ཏེ། གོ་རིམ་ཇི་ལྟ་བ་བཞིན་དུ་མཐུ་སྟོབས་ཆེ་བ་ཡིན་ཏེ། སྔུན་མ་སྔུན་མ་རྣམས་སྟོབས་ཐོབ་ཅིང་ནུས་པ་ཆེ་བ་ཡིན་ནོ། །དེ་བས་ན་རོ་ཐམས་ཅད་ལས་རོ་མངར་བ་ནི་ལུས་ཅན་རྣམས་ཀྱི་སྟོབས་ཤིན་ཏུ་བསྐྱེད་པ་ཡིན་ལ། བསྐ་བ་ནི་ཐམས་ཅད་ལས་སྟོབས་བསྐྱེད་པ་དམན་པ་ཡིན་ནོ། །ཞེས་དང༌། དྲུག་ཅེས་བྱ་བ་ནི་དྲུག་པོ་ཉིད་དེ་ལྷག་པའམ་ཆད་པ་མ་ཡིན་པའོ། །རོ་དེ་རྣམས་ཀྱི་ཡོན་ཏན་དང་རོ་ལ་སོགས་པའི་བྱེ་བྲག་དང༌། དེ་བཞིན་དུ་སྦྱར་ཞིང་འདྲེས་པ་དང༌། རོ་རྗེས་ཉིད་དང་ཤིན་ཏུ་མྱུར་བར་བརྟགས་པ་ལ་སོགས་པའི་བྱེ་བྲག་གི་ཐ་དད་པར་འགྱུར་བར་ཟད་ཀྱི་འོན་ཀྱང་དྲུག་པོ་ཉིད་ལས་འདའ་བར་མི་འགྱུར་རོ། ཞེས་པ་དང༌། རོ་རྣམས་ཀྱི་དབྱེ་བ་བསྟན་པ་ནི། རོ་རྣམས་ཀྱི་དབྱེ་བ་ལས། སྦྱོར་བ་ལྔ་བཅུ་རྩ་བདུན་དང༌། །བརྟག་པ་དྲུག་ཅུ་རྩ་གསུམ་དུ། །རགས་རིམ་ཇི་བཞིན་ཕྱེ་བ་ཡིན། །ཞེས་བྱ་བ་ལ། རོ་རྣམས་ཀྱི་གཞི་སྨན་གྱི་སྦྱོར་བ་བྱས་པ་ལས་འོག་ནས་བཤད་པའི་ཚུལ་དུ་ཕན་ཚུལ་འདྲེས་པའི་སྦྱོར་བ་བྱས་ཤིང་རྣམ་པར་ཕྱེ་བ་ལས་སྦྱོར་བ་ལྔ་བཅུ་རྩ་བདུན་དུ་ཐ་དད་པར་བྱ་བ་ཡིན་པ་དང༌། ཡང་འདི་རྣམས་ལ་བརྟག་པ་དྲུག་ཅུ་རྩ་གསུམ་དུ་ཕྱེ་བ་ཡིན་ནོ། །ཇི་ལྟར་བྱས་ནས་རོ་རྣམས་ཀྱི་སྦྱོར་བ་ལྔ་བཅུ་རྩ་བདུན་དང་བརྟག་པ་དྲུག་ཅུ་རྩ་གསུམ་དུ་འདུས་པ་ཡིན་ཞེ་ན། རགས་རིམ་ཇི་བཞིན་ཞེས་བྱ་བ་ཡིན་ཏེ། རགས་པའི་གོ་རིམ་ལ་བལྟོས་ཤིང་མཚོན་ནས་རོ་གསལ་བར་མྱོང་བའི་ཚུལ་དང༌། རྗེས་སུ་མཐུན་པར་བྱས་པ་ཡིན་གྱི། རོ་རྗེས་སུ་ཕྲ་མོ་ཡན་ཆད་རབ་དང་རབ་མཆོག་གི་དབྱེ་བ་ལས་ནི་རོ་མཐའ་ཡས་པ་ཡིན་པས། ཕྲ་མོ་རྣམས་ཀྱི་དབང་དུ་བྱས་པ་ནི་མ་ཡིན་ནོ། །དེ་ཡང་ཅི་ཙམ་ཞིག་ལུས་ལ་དགོས་པ་ཡོད་པ་དེ་ཙམ་གྱི་རགས་རིམ་ཇི་ལྟ་བ་བཞིན་དུ་ཕྱེ་ཞིང་གྲངས་སུ་ཚུད་པར་བྱས་པ་ཡིན་ནོ། །ཞེས་བཤད་པས་འོག་ནས་འབྱུང་བའི་རོ་སྡེབ་ཀྱི་སྦྱོར་བ་ཇི་སྙེད་པ་རྣམས་ཀྱང་རོའི་དབྱེ་བ་ཡིན་ནོ།།

གཉིས་པ་ཚིག་གི་དོན་ནི། རོ་ནི་ཞེས་པ་ནས་སྟོབས་ཆེན་ཡིན་ཞེས་པའི་བར་གྱིས་བསྟན་ཏེ། སྨན་གྱི་རོ་ལ་དབྱེ་ན་ནི་དྲུག་སྟེ། མངར་བ་དང༌། སྐྱུར་བ་དང༌། ལན་ཚྭ་བ་དང༌། ཁ་བ་དང༌། ཚ་བ་དང༌། བསྐ་བའོ། །དེ་ལས་འཕྲོས་ནས་རོ་སྦྱོར་ལྔ་བཅུ་རྩ་བདུན་སོགས་མང་དུ་འབྱུང་ཞིང་སྨན་གྱི་རྣམ་པ་གྲངས་མེད་པ་ཀུན་ཀྱང༌། དྲུག་པོ་འདིར་འདུ་བས་དེ་ལས་མང་མི་དགོས་ཤིང༌། འབྱུང་བ་ལྔས་བསྐྱེད་པར་ཀུན་མཐུན་ཀྱང་རོ་གཅིག་དང་ལྔ་ལ་སོགས་པར་མི་འདུ་བའི་ཕྱིར་གྲངས་ངེས་ཀྱང་གྲུབ་ལ། དེ་བཞིན་དུ་རྒྱུའི་ཡོན་ཏན་གྱི་དབང་གིས་མངར་བ་སོགས་གོ་རིམ་ཇི་ལྟ་བ་བཞིན་དུ་ཁམས་འཚོ་བར་བྱེད་པའི་སྟོབས་ཀྱང་སྔ་མ་སྔ་མ་རྣམས་ཆེ་བ་དང་ལྡན་པ་ཡིན་པས་གོ་རིམ་ཡང་གྲུབ་བོ། །གསུམ་པ་ངོ་བོ་བཤད་པ་ལ་གཉིས་ཏེ། སྤྱི་དོན་དང༌། ཚིག་དོན་ནོ། །དང་པོ་ནི། ཟླ་ཟེར་ལས། ད་ནི་མངར་བ་ལ་སོགས་པ་འབྱུང་བ་རྣམས་ཀྱི་མཚན་ཉིད་དང་ལས་བསྟན་པའི་ཕྱིར་སྨྲས་པ་ནི། དེ་ལས་རོ་ནི་མངར་བ་དག །གང་ཞིག་མྱངས་པའི་ཚེ་ན་ནི། །ཁ་ལ་ཆགས་ཤིང་ལུས་ཀྱང་ནི། །ཚིམ་བྱེད་དབང་པོ་རབ་དྭངས་བྱེད། །གྲོག་མ་ལ་སོགས་དགའ་བ་ཡིན། །ཞེས་བྱ་བ་ལ། རོ་དྲུག་པོ་དེ་དག་གི་ནང་ནས་རོ་མངར་བ་དག་ཏུ་ཤེས་པར་བྱ་བ་ནི་གང་ཞིག་མྱངས་ཤིང་ལྕེ་དང་ཕྲད་པར་གྱུར་པ་ན་ཁ་ལ་ཆགས་ཤིང་འབྱར་བག་ཅན་དུ་གྱུར་པ་དང༌། དེ་བཞིན་དུ་ལུས་ཀྱང་ཚིམ་ཞིང་བདེ་བར་བྱེད་པ་དང༌། དབང་པོ་རྣམས་རབ་ཏུ་དྭངས་ཤིང་དགའ་བར་བྱེད་པ་དང༌། དེ་བཞིན་དུ་གྲོག་མ་ལ་སོགས་པའི་སྲོག་ཆགས་ཕྲ་མོ་རྣམས་ཀྱང་དགའ་ཞིང་སྲེད་པར་བྱེད་པ་ཡིན་ནོ། །སྐྱུར་བ་ཁ་ནས་ཆུ་འཛག་ཅིང༌། །སོ་བརྩེ་སྤུ་ནི་ལྡང་བ་དང༌། །མིག་དང་སྨིན་མ་འཛུམ་པར་བྱེད། །ཅེས་བྱ་བ་ལ། རོ་སྐྱུར་བ་ནི་མྱངས་པའི་ཚེ་ན་ཁ་ནས་ཆུ་འཛག་ཅིང་གཤེར་བར་འདུ་བ་དང༌། དེ་བཞིན་དུ་སོ་བརྩེ་བ་དང་སྤུ་ལྡང་བར་བྱེད་པ་དང༌། མིག་གཉིས་དང་སྨིན་མ་འཛུམ་ཞིང་སྡུད་པར་བྱེད་པ་ཡིན་ནོ། །ལན་ཚྭ་ཁར་ནི་མཆིལ་མ་འདུ། །མཁུར་བ་གྲེ་བ་ཚ་བར་བྱེད། །ཅེས་བྱ་བ་ལ། རོ་ལན་ཚྭ་ནི་ལྕེས་མྱངས་པ་ན། ཁར་མཆིལ་མ་འདུ་ཞིང་འཛག་པ་དང༌། མཁུར་བ་དང་གྲེ་བ་ཚ་བར་བྱེད་པ་ཡིན་ནོ། །ཁ་བ་ཁ་ཡི་དྲི་མ་སྦྱོང༌། །ལྕེ་ནི་འཇོམས་པར་བྱེད་པ་ཡིན། །ཞེས་བྱ་བ་ལ། རོ་ཁ་བ་ནི་མྱངས་པར་གྱུར་པ་ན། ཁའི་དྲི་མ་སྦྱོང་ཞིང་དག་པར་བྱེད་དེ་ལྗན་ལྗིན་སེལ་བ་ཡིན་ཞིང༌། ལྕེ་འཇོམས་པ་ནི་རོ་གཞན་འཛིན་པར་བྱེད་པའི་ནུས་པ་འཇིག་པར་བྱེད་པ་སྟེ། རང་གི་ལས་ཀྱི་ནུས་པ་ཉེ་བར་འཇོམས་པ་བྱེད་དོ། །ཞེས་བྱ་བའི་དོན་ཏོ། །ཚ་བ་ལྕེ་རྩེ་སྐྱོད་བྱེད་ཅིང༌། །ཙག་ཙག་བྱེད་པར་འགྱུར་བ་དང༌། ཁ་མིག་སྣ་ལས་འཛག་བྱེད་ཅིང༌། །མཁུར་བ་བསྲེག་པར་བྱེད་པ་ཡིན། །ཞེས་བྱ་བ་ལ། རོ་ཚ་བ་ནི་ལྕེ་ལ་མྱངས་པའི་ཚེ་ལྕེའི་རྩེ་མོ་སྐྱོད་པར་བྱེད་ཅིང༌། ན་བར་བྱེད་པ་སྟེ་ལྕེ་བེན་པོར་བྱེད་དོ། །ཞེས་བྱ་བའི་དོན་ཏོ། །ཙག་ཙག་བྱེད་པར་འགྱུར་བ་ཞེས་བྱ་བ་ནི་མེ་ལྕེ་ལ་རེག་པ་ལྟར་ཚ་ལམ་ལམ་པོར་བྱེད་པ་དང༌། སྐེ་རྩེའི་ལྡེ་གུས་བསྐུས་པ་ལྟར་ཚ་བ་ཙག་ཙག་པོར་བྱེད་པར་འགྱུར་རོ། །དེ་བཞིན་དུ་ཁ་དང་མིག་སྣ་ལས་ཆུ་འཛག་པར་བྱེད་པ་དང༌། མཁུར་བ་མེ་ལྕེ་འཕོག་པ་ལྟར་སྲེག་པར་བྱེད་པ་ཡིན་ནོ། །བསྐ་བས་ལྕེ་ནི་བེམ་པོར་བྱེད། །གྲེ་བ་རྩ་སྦུབས་འགག་པར་བྱེད། །ཅེས་བྱ་བ་ལ། རོ་བསྐ་བ་ནི་ལྕེས་མྱངས་པ་ན་ལྕེ་བེམ་པོར་བྱེད་དེ། རོ་ཇི་ལྟ་བ་བཞིན་དུ་ཚོར་བར་འགྱུར་བ་ལས་ཉམས་པར་བྱེད་པ་དང༌། དེ་བཞིན་དུ་གྲེ་བ་དང་རྩའི་སྦུགས་འགག་པར་བྱེད་པར་འགྱུར་རོ། །ཞེས་བཤད་ལ། རོ་སྤྱིའི་སྟོན་བྱེད་ནི། མངར་བ་ལ་སོགས་པའི་རོ་ནི་ལྕེའི་དབང་པོའི་ཡུལ་ཡིན་པས་ན་རོའོ། །ཞེས་གོང་དུ་དྲངས་པ་ལྟར་ཡིན་པ་དེས་ན། རོ་རྣམས་ཀྱི་ངོ་བོ་བཤད་པའི་ཤུགས་ལས་ངེས་ཚིག་དང་མཚན་ཉིད་རྣམས་ཀྱང་རྟོགས་པར་ནུས་ཤིང༌། སྐབས་འདིར་སྐྱུར་བས་ཞེས་སོགས་པའི་སྒྲ་ཉིད་དོར་བར་བྱ་ལས་བཤད་པའི་སྐབས་དང་ཟློས་པར་གྱུར་པའི་སྐྱོན་ཡོད་པ་ཡིན་ལ། འོག་ཏུ་བྱེད་ལས་ཀྱི་སྐབས་སུ་ནི་སའི་སྒྲ་ངེས་པ་ཉིད་དུ་སྦྱར་བར་བྱའོ།།

གཉིས་པ་ཚིག་གི་དོན་ནི། ངོ་བོ་ཞེས་པ་ནས་རྩུབ་སྙམ་བྱེད་ཅེས་པའི་བར་གྱིས་བསྟན་ཏེ། འབྱུང་བ་ལྔའི་བདག་ཉིད་ཅན་གྱི་རྫས་རགས་པ་སྨན་ཞེས་གྲགས་པ་རྣམས་ལ་བརྟེན་ཅིང་གནས་པའི་རོའི་ངོ་བོ་ནི་གང་ཞེ་ན། ལྕེའི་དབང་པོ་དང་ཕྲད་པའི་ཚེ་དེ་ལ་བྱེ་བྲག་དང་བཅས་པ་གསལ་བར་འགྱུར་བས་ན་རོ་ཞེས་བྱའོ། །དེ་ཡང་རྣམ་པ་དྲུག་ལས། མངར་བའི་རོ་དེ་ལྕེ་དང་འཕྲད་ཅིང་མྱངས་པའི་ཚེ་ན་ཁ་ལ་ཡུན་རིང་དུ་ཆགས་ཤིང་ཞིམ་པས་སླར་ཡང་སྲེད་པ་སྐྱེད་པར་བྱེད་པ་དེ་ཉིད་ཡིན་ཞིང༌། སྐྱུར་པ་ནི་ཟོས་པའི་ཚེ་སོ་རྩེ་ཞིང་བཞིན་གྱི་ཆ་ཤས་ཕལ་ཆེར་སྡུད་པ་དང་ཁ་ཆུ་འཛག་པར་བྱེད་པ་དག་ཡིན་ལ། ལན་ཚྭ་ནི་ལྕེ་དང་རེག་པ་ན་ཚ་ཞིང་མཆིལ་མ་འདུ་བར་བྱེད་པ་ཉིད་དང༌། ཁ་བ་ནི་གང་དག་ཁའི་དྲི་མ་རྣམས་སྦྱོང་ཞིང་ཡི་ག་ཟློག་པར་བྱེད་པ་དག་དང༌། ཚ་བ་དག་ནི་ཟོས་མ་ཐག་ཏུ་ཁ་ལྕེ་བསྲེག་ཅིང་མིག་ཆུ་ལ་སོགས་པ་འཛག་པར་བྱེད་པ་དང༌། བསྐ་བ་ནི་ཟོས་པས་ལྕེ་རྐན་ལ་ཡུན་རིང་དུ་ཆགས་ཤིང་སྔར་བས་རྩུབ་སྙམ་བྱེད་པ་གང་ཡིན་པ་རྣམས་སོ། །བཞི་པ་རོའི་སྡེ་ཚན་བཤད་པ་ལ་གཉིས་ཏེ། རྐྱང་པའི་སྡེ་དང༌། ལྡན་པའི་སྡེའོ། །དང་པོ་ལ་དྲུག་ལས། དང་པོ་མངར་བའི་སྡེ་ཚན་ནི། རོ་དྲུག་ཅེས་པ་ནས་སྨན་སྡེ་ཡིན་ཞེས་པའི་བར་གྱིས་བསྟན་ཏེ། མངར་བ་ལ་སོགས་པའི་རོ་དྲུག་སོ་སོར་བསྟན་པའི་སྨན་རྣམས་ཀྱི་སྡེ་ཚན་བསྟན་པ་ནི་འདི་ལྟ་སྟེ། ཤིང་མངར་དང༌། རྒུན་འབྲུམ་དང༌། གུར་ཀུམ་དང༌། ཅུ་གང་དང༌། དོང་ག་དང༌། ར་མཉེ་དང༌། ཉེ་ཤིང་པ་དང༌། ལྕ་བ་དང༌། ཀ་ར་དང༌། བུ་རམ་དང༌། སྦྲང་དང༌། ཤ་དང༌། མར་ལ་སོགས་པ་རྣམས་དང༌། གཞན་ཡང་རོ་དེ་དང་དེ་འདྲ་བ་ཇི་སྙེད་ཅིག་ཡོད་པ་ཀུན་ཀྱང་མངར་བའི་སྨན་གྱི་སྡེ་ཚན་ཡིན་ནོ། །གཉིས་པ་སྐྱུར་བའི་སྡེ་ཚན་ནི། སེ་འབྲུ་ཞེས་པ་ནས་སྐྱུར་བའི་སྡེ་ཞེས་པའི་བར་གྱིས་བསྟན་ཏེ། སེ་འབྲུ་དང༌། སྟར་བུ་དང༌། སེ་ཡབ་དང༌། སྐྱུ་རུ་ར་དང༌། རྒྱ་ཤུག་གི་ཚིག་གུ་དང༌། ད་ཏྲིག་དང༌། ཞོ་དང༌། དར་བ་དང༌། ཆང་དང༌། འོ་རྩབས་རྣམས་དང༌། གཞན་ཡང་དེ་དང་དེ་འདྲ་བ་ལ་སོགས་པ་ཀུན་ཀྱང་སྐྱུར་བའི་སྨན་གྱི་སྡེ་ཚན་ཡིན་ནོ། །གསུམ་པ་ལན་ཚྭའི་སྡེ་ནི། རྒྱམ་ཚྭ་ཞེས་པ་ནས་ལན་ཚྭའི་སྡེ་ཞེས་པའི་བར་གྱིས་བསྟན་ཏེ། རྒྱམ་ཚ་དང༌། རྒྱ་ཚ་དང༌། ལྕེ་མྱང་ཚ་དང་ནི། རྭ་ཚ་དང༌། ཁ་རུ་ཚ་དང༌། ཙབས་རུ་ཚ་དང༌། ཟེ་ཚ་དང༌། ཝ་ཚ་དང༌། མཛེ་ཚ་དང༌། ཐལ་ཚ་དང༌། ཤིང་ཚ་དང༌། ཡ་བཀྵ་ར་དང༌། བུལ་ཏོག་རྣམས་དང༌། རོ་དེ་དང་དེ་འདྲ་བ་ལ་སོགས་པ་གཞན་ཡང་ཇི་སྙེད་ཅིག་མཚོན་པ་རྣམས་ལན་ཚྭའི་སྡེ་ཚན་ཡིན་ནོ། །བཞི་པ་ཁ་བའི་སྡེ་ཚན་ནི། ནིམ་པ་ཞེས་པ་ནས་སྨན་སྡེ་ཡིན་ཞེས་པའི་བར་གྱིས་བསྟན་ཏེ། དེ་ལ་ནིམ་པ་དང༌། ཏིག་ཏ་དང༌། བོང་ང་དཀར་པོ་དང༌། ཧོང་ལེན་དང༌། གསེར་གྱི་མེ་ཏོག་དང༌། དུག་མོ་ཉུང་དང༌། གླ་རྩི་དང༌། མཁྲིས་པ་ཀུན་དང༌། སྐྱེར་བ་དང༌། བ་ཤ་ཀ་དང་བྲག་ཞུན་དང༌། ཀྱི་ལྕེ་དང༌། རེ་སྐོན་པ་ལ་སོགས་པ་དེ་དང་དེ་འདྲ་བའི་སྨན་ཇི་སྙེད་ཅིག་ཡོད་པ་རྣམས་ནི་ཁ་བའི་སྨན་གྱི་སྡེ་ཚན་ཡིན་ནོ། །ལྔ་པ་ཚ་བའི་སྡེ་ནི། ན་ལེ་ཤམ་ཞེས་པ་ནས་སྨན་སྡེ་ཡིན་ཞེས་པའི་བར་གྱིས་བསྟན་ཏེ། ན་ལེ་ཤམ་དང༌། བཅའ་སྒ་དང༌། པི་པི་ལིང་དང༌། སྒེའུ་གཤེར་དང༌། ཤིང་ཀུན་དང༌། སྲུབ་ཀ་དང༌། ལྕེ་ཚ་བ་དང༌། དྭ་བ་དང༌། བཙོང་དང༌། སྒོག་སྐྱ་ལ་སོགས་པ་དེ་དང་དེ་འདྲ་བ་ཀུན་རོ་ཚ་བའི་སྨན་གྱི་སྡེ་ཚན་ཡིན་ནོ།།

དྲུག་པ་བསྐ་བའི་སྡེ་ནི། ཙན་དན་ཞེས་པ་ནས་བསྐ་བའི་སྡེ་ཞེས་པའི་བར་གྱིས་བསྟན་ཏེ། ཙན་དན་དཀར་དམར་དང༌། ཨ་རུ་ར་དང༌། བ་རུ་ར་དང༌། ཨུཏྤལ་སྔོན་པོ་དང༌། ལི་ག་དུར་དང༌། སྨག་དང༌། མོན་ཆ་ར་དང༌། འོམ་བུ་ལ་སོགས་པ་དེ་དང་འདྲ་བ་གཞན་རྣམས་དང་བཅས་ཏེ་བསྐ བའི་སྡེ་ཚན་ཡིན་ནོ། །དེ་ལྟར་རྐྱང་པའི་སྡེ་ཚན་རྣམས་ཀྱི་ཚིག་དངོས་བསྟན་ཉིད་ལས་མ་རྟོགས་པར་བྱ་བ་ཆེར་མེད་ཅིང༌། འདི་སྐབས་ཀྱི་ཟླ་ཟེར་སོགས་སུ་ཡང་སྨན་མིང་རྣམས་སྐད་སོར་བཞག་པ་སོགས་ཀྱིས་རྟོགས་པར་ནི་ཤིན་ཏུ་དཀའ་བས་བཏང་སྙོམས་སུ་བཞག་པ་ཡིན་ནོ། །གཉིས་པ་ལྡན་པའི་རོ་བཤད་པ་ལ་གཉིས་ཏེ། སྤྱི་དོན་དང༌། ཚིག་དོན་ནོ། །དང་པོ་ནི། དེ་ལས་བསྒྲེས་ཏེ་དཔྱད་ཅེས་གསུངས་པའི་དོན་ལ། དྲི་ཚིག་དངུལ་དཀར་མེ་ལོང་དུ། རྩ་བ་དྲུག་པོ་དེ་ལས་ཤས་ཆེ་ཆུང་གི་དབང་གིས་གྱེས་པ་དང་ལྡན་པའི་རོ་ནི། མངར་བའི་མངར་བ། མངར་བའི་སྐྱུར་བ། མངར་བའི་ལན་ཚྭ། མངར་བའི་ཁ་བ། མངར་བའི་ཚ་བ། མངར་བའི་བསྐ་བ་སྟེ་འདི་ལྟར་རོ་གཞན་ལྔ་པོ་ལའང་སྦྱར་བས་དྲུག་དྲུག་སུམ་ཅུ་རྩ་དྲུག དེ་ལས་གྱེས་པ་མངར་བའི་མངར་བ་སྐྱུར་བ། མངར་བའི་སྐྱུར་བ་ལན་ཚྭ་བ། མངར་བའི་སྐྱུར་བ་སྐྱུར་བ་སྟེ། དྲུག་པོ་སོ་དྲུག་པོ་རེ་རེ་ལ་སྦྱར་བས་ཉིས་བརྒྱ་དང་བཅུ་དྲུག དེ་ལས་གྱེས་པ་མངར་བའི་མངར་བ་སྐྱུར་བ་ལན་ཚྭ་བ། མངར་བའི་སྐྱུར་བ་ལན་ཚྭ་ཁ་བ་སོགས་དྲུག་པོ་གོང་ལ་སྦྱར་བས་སྟོང་དང་ཉིས་བརྒྱ་དགུ་བཅུ་གོ་དྲུག དེ་ལས་གྱེས་པ་མངར་བའི་མངར་བ་སྐྱུར་བ་ལན་ཚྭ་བ་ཁ་བ། མངར་བའི་སྐྱུར་བ་སྐྱུར་བ་ལན་ཚྭ་བ་ཁ་བ། མངར་བའི་ལན་ཚྭ་བ་ལན་ཚྭ་བ་སྐྱུར་བ་ཁ་བ། མངར་བའི་ཁ་བ་ཁ་བ་སྐྱུར་བ་ལན་ཚྭ་སོགས་དྲུག་པོ་སྟོང་སོགས་རེ་རེ་ལ་སྦྱར་བས་བདུན་སྟོང་བདུན་བརྒྱ་བདུན་ཅུ་རྩ་དྲུག་ཏུ་འགྱུར་རོ། །དེ་ལས་གྱེས་པ་རོ་མངར་བ་ཤས་ཆེ་བ་གཅིག་རོ་གཞན་རོ་ལྔ་ཡང་ལྡན་ཞིང༌། རིམ་པས་ཆ་ཇེ་ཆུང་དུ་སོང་བ་ནི་མངར་བའི་སྐྱུར་བ་ལན་ཚྭ་བ་ཁ་བ་ཚ་བ་བསྐ་བ་ཞེས་པ་རོ་གཞན་ལྔ་ལ་བསྒྲེས་ནས་གོང་གི་བདུན་སྟོང་སོགས་ལ་སྦྱར་བས་ཁྲི་ཕྲག་བཞི། སྟོང་ཕྲག་དྲུག བརྒྱ་ཕྲག་དྲུག ལྔ་བཅུ་རྩ་དྲུག་སྟེ། བཞི་ཁྲི་དྲུག་སྟོང་དྲུག་བརྒྱ་ང་དྲུག་འབྱུང་ངོ༌། །ཞེས་དང༌། དེ་ལས་གྱེས་པ་ནི་བགྲང་བའི་ཡུལ་ལས་འདས་པ་འབྱུང་སྟེ། ཁ་ཆེ་ཟླ་བ་ལ་མངོན་དགས།  འབྱུང་ལྔས་བསྐྱེད་པའི་རོ་དྲུག་པོ། །རྐྱང་པ་ལྡན་དང་ཚོགས་ལ་སོགས། །ཆ་ཡི་དབྱེ་བས་བཞི་ཁྲི་དང༌། །དྲུག་སྟོང་དྲུག་བརྒྱ་ང་དྲུག་པོ། །ཤིན་ཏུ་ཕྲ་བར་གྱེས་པ་ནི། །བྱིས་པས་བགྲང་བར་ནུས་མ་ཡིན། །རྒྱུན་ཤེས་བུས་ཀྱང་རབ་ཏུ་དཀའ། །ཞེས་གསུངས་སོ། །ཞེས་འབྱུང་བ་ལྟར་རྟོགས་པར་བྱའོ། །གཉིས་པ་ཚིག་གི་དོན་ནི། ག་བུར་ཞེས་པ་ནས་བསྒྲེས་ཏེ་དཔྱད་ཅེས་པའི་བར་གྱིས་བསྟན་ཏེ། ཁ་བའི་ཁ་བ་ཚ་བ་བསྐ་བ་སྟེ་རོ་བཞི་དང་ལྡན་པའི་ག་བུར་དང༌། སྐྱུར་བའི་མངར་བ་བསྐ་བ་གསུམ་དང་ལྡན་པའི་ཆུ་མ་རྩི་དང༌། ལ་སོགས་པའི་སྒྲས་མངར་སྐྱུར་ཁ་བ་གསུམ་དང་ལྡན་པའི་ཆང་ལ་སོགས་པའི་སྨན་རོ་གཉིས་ནས་དྲུག་གི་བར་དུ་ལྡན་པའམ། དེ་ལས་ཀྱང་ཤིན་ཏུ་མང་བར་ལྡན་པའི་རོ་རྣམས་ནི་རྐྱང་བའི་རོ་དེ་རྣམས་ལས་རིགས་པས་བསྒྲེས་ཏེ་ཞིབ་ཏུ་དཔྱད་པར་བྱ་བ་ཡིན་གྱི། མཐའ་དག་པ་ཀུན་ཀྱང་འདིར་བཤད་པར་བྱ་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ།།

ལྔ་པ་རོའི་ལས་བཤད་པ་ལ་གསུམ་སྟེ། སྤྱིར་བཤད་པ། བྱེ་བྲག་ཏུ་བཤད་པ། དོན་བསྡུ་བའོ། །དང་པོ་ལ་གཉིས་ཏེ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི། ཟླ་ཟེར་ལས། དེ་ལ་དང་པོ་གསུམ་པོས་ནི། །རླུང་འཇོམས་ཚ་སོགས་བད་ཀན་སེལ། །བསྐ་དང་ཁ་དང་མངར་བ་ཡིས། །མཁྲིས་སེལ་གཞན་དག་བྱེད་པ་ཡིན། །ཞེས་བྱ་བ་ལ། དེ་ལ་རོ་དེ་རྣམས་ཀྱི་ནང་ནས་དང་པོའི་རོ་གསུམ་སྟེ། མངར་བ་དང་སྐྱུར་བ་དང་ལན་ཚྭ་བ་རྣམས་ནི་རླུང་འཇོམས་ཤིང་ཞི་བར་བྱེད་པ་ཡིན་ནོ། །གཞན་ཚ་བ་དང་ཁ་བ་དང་བསྐ་བ་གསུམ་པོ་དག་ནི་རླུང་དེ་ཉིད་བསྐྱེད་པར་བྱེད་ཅིང་འཁྲུག་པར་བྱེད་པ་ཡིན་ནོ། །ཚ་སོགས་བད་ཀན་སེལ་ཞེས་བྱ་བ་ནི་ཚ་བ་དང་ཁ་བ་དང་བསྐ་བ་གསུམ་གྱིས་བད་ཀན་སེལ་བ་ཡིན་ལ། མངར་བ་དང་སྐྱུར་བ་དང་ལན་ཚྭ་སྟེ་གསུམ་པོ་གཞན་དག་ནི་བད་ཀན་བསྐྱེད་པ་ཡིན་ནོ། །བསྐ་བ་དང་ཁ་བ་དང་མངར་བས་ནི་མཁྲིས་པ་སེལ་བ་ཡིན་ལ། སྐྱུར་བ་དང་ལན་ཚྭ་དང་ཚ་བ་སྟེ་གཞན་དག་ནི་མཁྲིས་པ་དེ་ཉིད་སྐྱེད་པར་བྱེད་པ་ཡིན་ནོ། །དེས་ནི་འདི་སྐད་སྟོན་པར་འགྱུར་ཏེ། མངར་བ་ནི་རླུང་དང་མཁྲིས་པ་སེལ་ཞིང་བད་ཀན་བསྐྱེད་པ་ཡིན་ནོ། །སྐྱུར་བ་ནི་རླུང་སེལ་ཞིང་བད་ཀན་དང་མཀྲིས་པ་བསྐྱེད་པ་ཡིན་ནོ། །ལན་ཚྭ་ནི་རླུང་སེལ་ཞིང་བད་ཀན་དང་མཁྲིས་པ་བསྐྱེད་པ་ཡིན་ནོ། །ཚ་བ་ནི་བད་ཀན་སེལ་ཞིང་རླུང་དང་མཁྲིས་པ་སེལ་ཞིང་བད་ཀན་བསྐྱེད་པ་ཡིན་ནོ། །སྐྱུར་བ་ནི་རླུང་སེལ་ཞིང་བད་ཀན་དང་མཁྲིས་པ་བསྐྱེད་པ་ཡིན་ནོ། །ལན་ཚྭ་ནི་རླུང་སེལ་ཞིང་བད་ཀན་དང་མཁྲིས་པ་བསྐྱེད་པ་ཡིན་ནོ། །ཚ་བ་ནི་བད་ཀན་སེལ་ཞིང་རླུང་དང་མཁྲིས་པ་བསྐྱེད་པ་ཡིན་ནོ། །ཁ་བ་ནི་བད་ཀན་དང་མཁྲིས་པ་སེལ་ཞིང་རླུང་བསྐྱེད་པ་ཡིན་ནོ། །བསྐ་བ་ནི་བད་ཀན་དང་མཁྲིས་པ་སེལ་ཞིང་རླངུ་བསྐྱེད་པ་ཡིན་ནོ། །ཞེས་ཚ་བས་ཀྱང་རླུང་བསྐྱེད་ཅིང༌། སྐྱུར་བ་དང་ལན་ཚྭས་བད་ཀན་བསྐྱེད་པར་བཤད་ཀྱང་མ་དག་པའམ་ཧ་ཅང་ཐལ་དྲགས་པ་ལ་དགོངས་པ་ཡིན་ལ། འདི་ལ་བརྟེན་ནས་ཕལ་ཆེར་གྱིས་ལན་ཚྭ་བ་བཞག་ནས། མངར་སྐྱུར་ཚ་བ་གསུམ་གྱི་ཞེས་པ་གཞུང་འཆོས་པ་དག་ཀྱང་ཡོད་མོད། དེ་རྣམས་ནི་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། འདི་ཉིད་ཁོ་ན་མདོར་བསྡུས་ཀྱི་སྐབས་དང་མཐུན་ཞིང༌། ཁྱད་པར་དུ་སྐྱུར་བ་ནི་མེ་ས་ལས་བྱུང་བ་ཡིན་པས་མེའི་ཡོན་ཏན་བདུན་དང་སའི་ཡོན་ཏན་དྲུག་སྐྱུར་བའི་སྟེང་དུ་ཚོགས་པའི་ཚེ་ཚ་རྣོ་རྩུབ་གཡོ་སྣུམ་ལྕི་སྐམ་པ་དང་ལྡན་པར་འགྱུར་ལ། དེ་བཞིན་དུ་ལན་ཚྭ་ནི་ཆུ་མེ་ལས་འབྱུང་བས་ཆུའི་ཡོན་ཏན་བདུན་དང་མེའི་ཡོན་ཏན་བདུན་པོ་ལན་ཚྭའི་སྟེང་དུ་ཚོགས་པའི་ཚེ་རྣོ་དྲོ་རྩུབ་གཡོ་སྣུམ་ལྕི་སླ་མཉེན་དང་ལྡན་པར་འབྱུང་བ་འདི་གཉིས་ཀའང་བད་ཀན་གྱི་མཚན་ཉིད་ཤས་ཆེ་བས་ཆོས་མི་མཐུན་པ་ཡིན་ཞིང༌། དེ་དང་མཚུངས་པར་ཚ་བ་ཡང་མེ་རླུང་ལས་བྱུང་བས་མེའི་ཡོན་ཏན་བདུན་དང་རླུང་གི་ཡོན་ཏན་དྲུག་པོ་ལྷན་ཅིག་ཏུ་ཚོགས་པའི་ཚེ་ཚ་རྣོ་ཡང་གཡོ་སྐམ་རྩུབ་སྐྱ་བ་དང་ལྡན་པའི་ཚ་རྣོ་གཉིས་ཐོག་མའི་ཡོན་ཏན་སྟོབས་དང་ལྡན་པ་ཡིན་པས་རླུང་སེལ་བ་ཤས་ཆེ་བ་ལ་དགོངས་པ་ཡིན་ནོ། །དེ་བས་ན་སྨན་གྱི་རོ་བཤད་པ་འདི་ལ་སོགས་པ་ཕལ་ཆེར་དུ་རོ་ནུས་ཞུ་རྗེས་ཐམས་ཅད་མཐུན་པའི་དབང་དུ་བྱས་པ་ཡིན་གྱི། རོའི་རྗེས་སུ་ཞུ་རྗེས་དང་ནུས་པ་མི་འབྲང་བ་རྣམས་ལ་ནི་དེ་ལྟར་ངེས་པ་མ་ཡིན་ནོ། །གཉིས་པ་ཚིག་གི་དོན་ནི། ནད་གང་ཞེས་པ་ནས་སེལ་བར་བྱེད་ཅེས་པའི་བར་གྱིས་བསྟན་ཏེ། རླུང་ལ་སོགས་པའི་ནད་གང་ཡིན་པ་དེ་རྣམས་སེལ་བར་བྱེད་པའི་སྨན་གྱི་རོའི་བྱེད་ལས་བསྟན་པར་བྱ་སྟེ། དེ་ཡང་རོ་མངར་བ་དང་སྐྱུར་བ་དང་ལན་ཚྭ་དང་ཚ་བ་བཞི་ཡིས་རླུང་འཇོམས་ཤིང༌། དེ་བཞིན་དུ་ཁ་བ་དང་མངར་བ་དང་བསྐ་བ་གསུམ་གྱིས་མཁྲིས་པ་སེལ་བར་བྱེད་ལ། ཚ་བ་དང་སྐྱུར་བ་དང་ལན་ཚྭ་གསུམ་གྱིས་བད་ཀན་སེལ་བར་བྱེད་པ་ཡིན་ནོ།།

གཉིས་པ་རོའི་ལས་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། སྤྱི་དོན་དང༌། ཚིག་དོན་ནོ། །དང་པོ་ནི། ཟླ་ཟེར་ལས། ལས་ནི་རོ་མངར་བ་དག་གིས། །སྐྱེས་ནས་འཕྲོད་པར་བྱེད་པ་དང༌། །ལུས་ཟུངས་མཐུ་སྟོབས་རབ་བསྐྱེད་ཅིང༌། །བྱིས་པ་རྒན་པོ་གློ་རྡོལ་སྐམ། །མདོག་མདངས་སྐྲ་དང་དབང་པོ་བཟང༌། །ལུས་བརྟས་སྐད་འགགས་ཕན་ཞིང་ལྕི། །ནུ་ཞོ་བསྐྱེད་ཅིང་རྨ་འབྱོར་ཏེ། །ཚེ་རིང་འཚོ་བྱེད་སྣུམ་པ་དང༌། །རླུང་དང་མཁྲིས་པ་དུག་རྣམས་སེལ། །ཧ་ཅང་དྲགས་ན་ཚིལ་བཅས་དང༌། །བད་ཀན་ལས་བྱུང་ནད་བསྐྱེད་ཅིང༌། །ལུས་སྦོམ་དྲོད་འབྲི་ཆང་ནད་དང༌། །གཅིན་ནད་ལྦ་བ་རྨ་སོགས་བསྐྱེད། །ཅེས་བྱ་བ་ལ། རོ་མངར་བ་བསྟེན་ཞིང་སྤྱད་ན་ལས་འདི་དག་བྱེད་དོ། །དེ་ཡང་སྐྱེས་ནས་འཕྲོད་པར་བྱེད་པ་སྟེ་སྐྱེས་པ་ནས་བརྩམས་ཏེ་འཕྲོད་ཅིང་རྗེས་སུ་མཐུན་པ་ཡིན་པའི་ཕྱིར་བཅུད་ཀྱི་དངས་མ་ལ་སོགས་པའི་ལུས་ཟུངས་རྣམས་ཀྱི་མཐུ་སྟོབས་རབ་ཏུ་བསྐྱེད་པར་བྱེད་པ་སྟེ། ནུས་པ་ཁྱད་པར་ཅན་དང་ལྡན་པའི་སྟོབས་བསྐྱེད་པར་འགྱུར་རོ། །ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་རྟག་ཏུ་བྱིས་པ་དང་རྒན་པོ་དང་གློ་རྡོལ་བ་དང་སྐེམས་པ་དང་མདོག་མདངས་དང་སྐྲ་དང་དབང་པོ་རྣམས་ལ་བཟང་ཞིང་བསྔགས་པར་བྱ་བ་ཡིན་ནོ། །དེ་བཞིན་དུ་ལུས་བརྟས་པར་བྱེད་པ་དང༌། སྐད་འགགས་པ་དང༌། ལྐོག་མ་ལ་ཕན་པ་དང༌། བུད་མེད་ཀྱི་ནུ་ཞོ་བསྐྱེད་པ་དང༌། རྨ་དང་རུས་པ་ཆག་པ་འབྱོར་ཞིང་འཚོ་བར་བྱེད་པ་དང༌། ཚེ་རིང་བར་བྱེད་པ་དང༌། འཚོ་བར་བྱེད་ཅིང་མདངས་བསྐྱེད་པར་བྱེད་པ་དང༌། སྣུམ་པའི་ཡོན་ཏན་དང་ལྡན་པ་དང༌། དེ་བཞིན་དུ་རླུང་དང་མཁྲིས་པའི་ནད་དང་དུག་ལས་གྱུར་པའི་ནད་རྣམས་སེལ་བར་བྱེད་པ་ཡིན་ནོ། །ཡང་རོ་མངར་བ་དེ་ཧ་ཅང་དྲགས་ཤིང་ཤས་ཆེར་བསྟེན་པར་གྱུར་ན་ཚིལ་དང་བད་ཀན་ལས་བྱུང་བའི་ནད་རྣམས་བསྐྱེད་ཅིང་འཕེལ་བར་བྱེད་པ་དང༌། ལུས་སྦོམ་པ་ལ་སོགས་པ་བྱེད་པ་དང༌། ཆང་ནད་ནི་འོག་ནས་བཤད་པ་ལ་སོགས་བསྐྱེད་པར་འགྱུར་རོ། །སྐྱུར་བ་མེ་དྲོད་སྐྱེད་བྱེད་སྣུམ། །ཞིམ་ཞིང་འཇུ་བྱེད་ཡི་ག་འབྱེད། །དྲོ་བའི་ནུས་བསྐྱེད་རེག་པ་བསིལ། །ཚིམ་བྱེད་འདྲུལ་བྱེད་ཡང་བ་སྟེ། །བད་ཀན་ཁྲག་མཁྲིས་རྒྱས་པར་བྱེད། །རླུང་འགགས་རྒྱུ་བར་བྱེད་པ་ཡིན། །དེ་ནི་ཤིན་ཏུ་བསྟེན་དྲགས་ན། །ལུས་ལྷོད་རབ་རིབ་མགོ་འཁོར་དང༌། །གཡན་པ་སྐྱ་རྦབ་མེ་དབལ་དང༌། །འོར་ནད་ཐོར་བུ་སྐོམ་རིམས་བསྐྱེད། །ཅེས་བྱ་བ་ལ་རོ་སྐྱུར་བ་བསྟེན་ཞིང་སྤྱད་ན་ཁོང་བའི་མེ་དྲོད་བསྐྱེད་ཅིང་འཕེལ་བར་བྱེད་པ་དང༌། དེ་བཞིན་དུ་སྣུམ་པ་དང་ཞིམ་ཞིང་སེམས་དགའ་བར་བྱེད་པ་དང༌།  ཁ་ཟས་འཇུ་ཞིང་སྨིན་པར་བྱེད་པ་དང༌། ཡི་ག་འབྱེད་ཅིང་ཟས་ལེན་པ་དང༌། དེ་བཞིན་དུ་དྲོ་བའི་ནུས་པ་བསྐྱེད་པ་དང༌། བསྐུས་ན་རེག་པ་ཁ་བ་ལྟར་བསིལ་བ་དང༌། ཚིམ་པར་བྱེད་པ་དང༌། ཁ་ཟས་འདྲུལ་ཞིང་སླ་བར་བྱེད་པ་དང༌། དེ་བཞིན་དུ་ཡང་བ་དང་བད་ཀན་དང་ཁྲག་དང་མཁྲིས་པ་རྒྱས་པར་བྱེད་པ་དང༌། དེ་བཞིན་དུ་རླུང་ལས་འགགས་ཤིང་འཁྱིལ་བ་དག་བདེ་བར་རྒྱུ་བར་བྱེད་ཅིང་འབྱུང་བར་བྱེད་པ་ཡིན་ནོ།།

རོ་སྐྱུར་བ་དེ་ཤིན་ཏུ་བསྟེན་དྲགས་ཤིང་ཤས་ཆེར་ཟོས་ན་ལུས་ལྷོད་ཅིང་མི་མཁྲེགས་པར་བྱེད་པ་དང༌། དེ་བཞིན་དུ་རབ་རིབ་ལ་སོགས་པའི་ནད་བསྐྱེད་པར་འགྱུར་རོ། །ལན་ཚྭ་སྲ་དང་འཁྱིལ་བ་དང༌། །འགགས་པ་འབྱིན་ཞིང་དྲོད་སྐྱེད་བྱེད། །སྣུམ་དང་དུགས་ཀྱིས་རྔུལ་ཞིང་རྣོ། །ཡི་ག་འབྱེད་ཅིང་གཅོད་འབྱེད་བྱེད། །དེ་ནི་དྲགས་པས་རླུང་ཁྲག་དང༌། །སྐྲ་བྱི་སྐྲ་དཀར་གཉེར་མ་དང༌། །སྐོམ་མཛེ་དུག་དང་མེ་དབལ་རྣམས། །བསྐྱེད་ཅིང་སྟོབས་ནི་འབྲི་བར་བྱེད། །ཅེས་བྱ་བ་ལ། རོ་ལན་ཚྭ་ཅན་བསྟེན་ཞིང་ལོངས་སྤྱོད་ན་སྲ་བ་འབྱིན་པར་བྱེད་པ་དང༌། འཁྱིལ་བ་འབྱིན་པར་བྱེད་པ་དང༌། འགགས་པ་འབྱིན་པར་བྱེད་པ་ཡིན་ནོ། །དེ་ཡང་སྲ་བ་ནི་རེངས་ཤིང་འགྱུར་མི་ཤེས་པའོ། །འཁྱིལ་བ་ནི་བཤང་བ་ལ་སོགས་པའི་ཚོགས་འཁྱིལ་ཞིང་འབྱུང་དུ་མི་བཏུབ་པའོ། །འགགས་པ་ནི་རྩ་སྦུབས་རྣམས་འགགས་པ་སྟེ། དེ་དག་འབྱིན་ཞིང་སེལ་བར་བྱེད་པ་ཡིན་ནོ། །དེ་བཞིན་དུ་དྲོད་བསྐྱེད་ཅིང་མེའི་ཤས་འཕེལ་བར་བྱེད་པ་དང༌། སྣུམ་པ་དང་དུགས་ཀྱིས་རྔུལ་འབྱིན་པར་བྱེད་པ་དང༌། རྣོ་ཞིང་འཇུག་པ་མྱུར་བ་དང༌། ཡི་ག་འབྱེད་ཅིང་ཟས་འདོད་པ་དང༌། གཅོད་ཅིང་ཁ་གཉིས་སུ་བྱེད་པ་དང༌། འབྱེད་ཅིང་འཇིག་པར་བྱེད་པ་ཡིན་ནོ། །ལན་ཚྭའི་རོ་དེ་དག་དྲགས་ཤིང་ཤས་ཆེར་བསྟེན་པས་རླུང་དང་ཁྲག་གི་ནད་དང༌། དེ་བཞིན་དུ་སྐྲ་བྱི་ཞིང་སྤྱི་ཐེར་དུ་འགྱུར་བ་དང༌། རྒས་པའི་མཚན་མ་སྐྲ་དཀར་པོ་དང༌། གཉེར་མ་ཞེས་པ་པགས་པ་འདུས་པ་དག་བྱེད་པ་དང༌། དེ་བཞིན་དུ་སྐོམ་དད་ཆེ་བ་ལ་སོགས་པ་སྐྱེད་པར་བྱེད་ཅིང་སྟོབས་འབྲི་བ་དང་འཇིག་པར་བྱེད་པ་ཡིན་ནོ། །ཁ་བ་རང་ཉིད་ཞིམ་མིན་ཞིང༌། །ཡི་ག་འཆུས་དང་སྲིན་སྐོམ་དུག །མཛེ་དང་བརྒྱལ་དང་རིམས་རློན་བྲོ། །ཚ་དང་མཁྲིས་པ་བད་ཀན་འཇོམས། །འདྲུལ་དང་ཚིལ་དང་ཞག་དང་རྐང༌། །བཤང་དང་གཅི་བ་སྐེམ་པ་དང༌། །ཡང་ཞིང་ཡིད་གཞུང་བསིལ་ཞིང་རྩུབ། །ནུ་མའི་ནད་དང་སྐད་འགགས་སེལ། །དེ་ནི་ཤིན་ཏུ་དྲགས་གྱུར་ན། །ལུས་ཟངུས་འཛད་ཅིང་རླུང་ནད་བསྐྱེད། །ཅེས་བྱ་བ་ལ། རོ་ཁ་བ་ནི་རང་ཉིད་ཞིམ་པ་མ་ཡིན་ཞིང༌། ཡི་ག་འབྱེད་པར་བྱེད་པ་ཡིན་ཡང་རང་ཉིད་ཡི་གར་མི་འོང་བ་ཡིན་ནོ། །དེ་བཞིན་དུ་ཡི་ག་འཆུས་པ་ནས་བད་ཀན་གྱི་བར་དུ་འཇོམས་པར་བྱེད་པ་ཡིན་ནོ། །དེ་བཞིན་དུ་འདྲུལ་བ་ལ་སོགས་པ་ཞུ་ཞིང་གཤེར་བའི་ཚུལ་ཅན་དག་སྐེམ་པར་བྱེད་པ་དང༌། དེ་བཞིན་དུ་རང་བཞིན་ཡང་བ་དང༌། ཡིད་གཞུང་ཞིང་ཤེས་རབ་འཕེལ་བ་དང༌། བསིལ་ཞིང་གྲང་བའི་ནུས་པ་བསྐྱེད་པ་དང་དེ་བཞིན་དུ་རྩུབ་པ་དང༌། བུད་མེད་ཀྱི་ནུ་མའི་ནད་དང་སྐད་འགགས་པའི་ལྐོག་མའི་ནད་སེལ་ཞིང་འཇོམས་པ་ཡིན་ནོ། །རོ་ཁ་བ་དེ་ཤིན་ཏུ་དྲགས་པར་བསྟེན་ཞིང་གོམས་པར་གྱུར་ན་ལུས་ཟུངས་དང་དངས་མ་ལ་སོགས་པ་ཟད་ཅིང་འབྲི་བ་དང༌། རླུང་ལས་གྱུར་པའི་ནད་རྣམས་བསྐྱེད་ཅིང་འབྱིན་པ་ཡིན་ནོ། །ཚ་བས་ལྐོག་ནད་གག་པ་དང༌། །མཛེ་དང་མ་ཞུ་འོར་ནད་སེལ། །རྨ་འཇིག་བྱེད་ཅིང་སྣུམ་པ་དང༌། །ཚིལ་དང་འདྲུལ་བག་སྐེམ་པར་བྱེད། །དྲོད་བསྐྱེད་འཇུ་བྱེད་ཡི་ག་འབྱེད། །སྦྱོང་ཞིང་ཟས་ནི་འཇིག་པར་བྱེད། །འཆིང་བ་གཅོང་ཅིང་རྩ་སྦུབས་དག །རྣམ་པར་འབྱེད་ཅིང་བད་ཀན་སེལ། །དེ་ནི་ཤིན་ཏུ་དྲགས་གྱུར་ན། །སྐོམ་བསྐྱེད་ཁུ་བ་སྟོབས་ཟད་ཅིང༌། །བརྒྱལ་ཞིང་ལུས་འཁུམས་འདར་བ་དང༌། །སྐེད་པ་རྒྱབ་སོགས་ན་བར་བྱེད། །ཅེས་བྱ་བ་ལ། རོ་ཚ་བས་ནི་ལྐོག་མའི་ནད་ལ་སོགས་པ་སེལ་བར་བྱེད་དེ། ལྐོག་ནད་ནི་ལྐོག་མའི་ཕྱོགས་སུ་འབྱུང་བའི་ནད་དོ། །གག་པ་ནི་བྲང་འགགས་ཤིང་བད་ཀན་རྒྱས་པ་ལས་བྱུང་བའི་ནད་ལ་བྱའོ། །ལ་ལ་ནི་གྲང་བའི་འོར་ནད་ལ་ཨུ་ཏཏྟུ་ཞེས་བྱའོ། །ཞེས་ཟེར་རོ། །གཞན་དག་གིས་ནི་གྲང་བའི་དུས་སུ་ཁྱད་པར་དུ་གྲང་བའི་ཆུ་རེག་པ་ལས་ལྐོག་མར་སྐྲངས་པའི་ནད་གག་པ་ཞེས་བྱ་བའི་བད་ཀན་འབྱུང་ཞེས་བཤད་དོ། །མ་ཞུ་བ་ནི་མ་ཞུ་བའི་བེ་སྣབས་ཅན་ནོ། །རྨ་འཇིག་པར་བྱེད་པ་ནི་རྨ་ཤིན་ཏུ་མཐོ་བའི་སྐྲངས་བག་ཅན་འཇོམས་ཤིང་འབྲི་བར་བྱེད་པའོ། །ཡང་ན་རྨ་འབྱོར་བ་དག་གི་གེགས་བྱེད་པའོ། །དེ་བཞིན་དུ་སྣུམ་པ་ཚིལ་ལ་སོགས་པ་སྐེམ་ཞིང་འབྲི་བར་བྱེད་པ་དང༌། མེའི་དྲོད་བསྐྱེད་ཅིང་འཕེལ་བ་དང༌། མ་ཞུ་བ་འཇུ་བར་བྱེད་པ་དང༌། ཁ་ཟས་ཀྱི་ཡི་ག་འབྱེད་པར་བྱེད་པ་དང༌།་ རྩ་སྦུབས་སྦྱོང་བར་བྱེད་པ་དང༌། ཟས་འཇིག་པར་བྱེད་པ་དང༌། འཆིང་བ་གཅོད་པ་སྟེ་རྣོ་བས་ལྷུ་ཚིགས་ཀྱི་འཆིང་བ་དམ་པོ་ལྷོད་པར་བྱེད་པ་དང༌། རྩ་སྦུབས་ཀྱི་ཁ་རྣམ་པར་འབྱེད་པ་དང་བད་ཀན་སེལ་ཞིང་འཇོམས་པ་ཡིན་ནོ། །ཚ་བ་དེ་ཤིན་ཏུ་དྲགས་པ་བསྟེན་ཞིང་ཟོས་པ་ནི་སྐོམ་དད་བསྐྱེད་པ་ལ་སོགས་པ་བྱེད་པ་ཡིན་ནོ། །བརྒྱལ་བ་ནི་རྨོངས་པར་གྱུར་པའོ། །ལུས་འཁུམས་པ་ནི་ཡན་ལག་འཇས་པ་ལྟར་གྱུར་པའོ། །དེ་བཞིན་དུ་འདར་བ་དང་རྐེད་པ་དང་རྒྱབ་ན་བ་སྟེ་དེ་དག་ཏུ་གཟེར་བ་ལ་སོགས་པ་མི་བཟད་པས་འདེབས་པ་དང༌། སོགས་པའི་སྒྲས་ནི་རྐང་པ་དང་རྩིབ་ལོགས་ལ་སོགས་པ་ན་བར་བྱེད་པ་ཡིན་ནོ། །བསྐ་བས་མཁྲིས་པ་བད་ཀན་སེལ། །ལྕི་ཞིང་ཁྲག་ནད་རྣམ་པར་འཇོམས། །སྐེམ་ཞིང་རྨ་འཚོ་བསིལ་བ་དང༌། །འདྲུལ་དང་ཚིལ་ནི་རྣམ་པར་སྐེམ། །བེ་སྣབས་འཁྱིལ་ཞིང་སྲི་བར་བྱེད། །རྩུབ་ཅིང་པགས་མདོག་རབ་དངས་བྱེད། །དེ་ནི་ཤིན་ཏུ་བསྟེན་དྲགས་ན། །བཤང་འགགས་ལྟོ་སྦོས་སྙིང་ནད་དང༌། །སྐོམ་དང་སྐེམ་ཞིང་སྐྱེས་མཐུ་ཉམས། །རྩ་སྒོ་འགག་ཅིང་དྲི་མ་སྲི། །ཞེས་བྱ་བ་ལ། རོ་བསྐ་བ་བསྟེན་ཞིང་སྤྱད་པས་ནི་མཁྲིས་པ་དང་བད་ཀན་དག་སེལ་ཞིང་འཇོམས་པར་བྱེད་པ་དང༌། ལྕི་བའི་ཡོན་ཏན་དང་ལྡན་པ་དང༌། ཁྲག་གི་ནད་རྣམ་པར་སྦྱོང་བ་ལ་སོགས་པ་བྱེད་པ་དང༌། བེ་སྣབས་འཁྱིལ་ཞིང་ཐོགས་པར་བྱེད་པ་དང༌། བཤང་བ་སྲི་བར་བྱེད་པ་དང༌། དེ་བཞིན་དུ་ཤིན་ཏུ་རྩུབ་པ་དང་པགས་པའི་མདོག་རབ་ཏུ་དྭངས་ཤིང་མདོག་གསལ་བར་བྱེད་པ་ཡིན་ནོ། །རོ་བསྐ་བ་དེ་བསྟེན་པ་དྲགས་ཤིང་ཤས་ཆེར་ཟོས་ན་བཤང་བ་འགགས་པ་ལ་སོགས་པ་སྐྱེད་པར་བྱེད་པ་དང་སྐྱེས་བུའི་མཐུ་ཉམས་པ་དེའི་ཁུ་བ་ཟད་པར་འགྱུར་བ་དང་དྲི་མ་སྲི་བ་སྟེ་གཅིན་དང་ཕྱི་ས་འགགས་པར་འགྱུར་བ་ཡིན་ནོ། །ཞེས་བཤད་དོ། །

གཉིས་པ་ཚིག་གི་དོན་ལ་དྲུག་ལས། དང་པོ་མངར་བའི་ལས་ནི་ཁྱད་པར་ཞེས་པ་ནས་རྨེན་བུ་བསྐྱེད་ཅེས་པའི་བར་གྱིས་བསྟན་ཏེ། རོ་རྣམས་ཀྱི་བྱེད་ལས་སོ་སོར་བཤད་པ་ལས་ཁྱད་པར་དུ་མངར་བའི་བྱེད་ལས་ནི། ཁམས་ལ་ལྷག་པར་དུ་འཕྲོད་ཅིང་ལུས་ཟུངས་དང་སྟོབས་བསྐྱེད་པར་བྱེད་པ་དང༌། རྒན་པོ་དང་བྱིས་པ་དང་ཤ་སྐེམ་པོ་དང་གྲེ་བ་འགགས་པ་དང་གློ་རྡོལ་གྱི་ནད་རྣམས་ལ་ཕན་ཞིང་བསྔགས་པ་དང༌། ལུས་བརྟས་པར་བྱེད་པ་དང༌། རྨ་འབྱོར་ཞིང་མྱུར་དུ་འཚོ་བར་བྱེད་པ་དང༌། ལུས་ཀྱི་མདངས་དང་སྐྲ་དང་དབང་པོ་རྣམས་བཟང་བར་བྱེད་པ་དང༌། དེ་བཞིན་དུ་ཚེ་རིང་ཞིང་ལུས་འཚོ་བར་བྱེད་པ་དང༌། དུག་ལས་གྱུར་པའི་ནད་དང་རླུང་དང་མཁྲིས་པ་སེལ་བར་བྱེད་པ་ཡིན་ལ། ཡང་མངར་བ་དེ་ཉིད་ཧ་ཅང་བསྟེན་དྲགས་ན་བད་ཀན་དང་ཚིལ་བུ་བསྐྱེད་ཅིང་མེ་དྲོད་འབྲི་བ་དང༌། ལུས་ཀྱི་ཤ་ལྷག་པོ་སྦོམ་པོར་བྱེད་པ་དང༌། གཅིན་ནད་དང་ལྦ་བ་དང་རྨེན་བུ་ལ་སོགས་པའི་ནད་བསྐྱེད་པར་བྱེད་པ་ཡིན་ནོ། །གཉིས་པ་སྐྱུར་བའི་བྱེད་ལས་ནི། སྐྱུར་བས་ཞེས་པ་ནས་སྐོམ་རིམས་བསྐྱེད་ཅེས་པའི་བར་གྱིས་བསྟན་ཏེ། རོ་སྐྱུར་བས་ནི་ལུས་ཀྱི་དྲོད་བསྐྱེད་ཅིང་ཡི་ག་འབྱེད་པར་བྱེད་པ་དང༌། ཚིམ་པར་བྱེད་པ་དང༌། ཁ་ཟས་འདྲུལ་ཞིང་སླ་བར་བྱེད་པ་དང༌། བད་ཀན་ལ་སོགས་པ་གཅོད་པར་བྱེད་པ་དང་ཟས་འཇུ་བར་བྱེད་ཅིང་སྨིན་པར་བྱེད་པ་དང༌། ལུས་ལ་བསྐུས་ན་རེག་པ་བསིལ་བར་བྱེད་པ་དང༌། རླུང་འགགས་ནས་འཁྱིལ་བར་བྱེད་པ་དག་བདེ་བར་རྒྱུ་ཞིང་འབྱུང་བར་བྱེད་པ་དང༌། ཡང་སྐྱུར་བ་དེ་ཉིད་ཧ་ཅང་བསྟེན་དྲགས་པར་གྱུར་ན་ཁྲག་དང་མཁྲིས་པ་སྐྱེད་པར་བྱེད་ཅིང་ལུས་ལྷོད་པ་སྟེ་མཁྲང་བ་ལས་ཟློག་པར་བྱེད་པ་དང༌། མིག་གི་རབ་རིབ་དང་མགོ་འཁོར་དང་སྐྱ་རྦབ་དང་འོར་དང་མེ་དབལ་དང་གཡན་པ་དང༌། ཐོར་བུ་དང་སྐོམ་དད་དང་རིམས་ཀྱི་ནད་རྣམས་བསྐྱེད་པར་འགྱུར་རོ། །གསུམ་པ་ལན་ཚྭའི་བྱེད་ལས་ནི། ལན་ཚྭས་ཞེས་པ་ནས་ཁྲག་མཁྲིས་བསྐྱེད་ཅེས་པའི་བར་གྱིས་བསྟན་ཏེ། ལན་ཚྭའི་རོས་ནི་ལུས་སྲ་བར་རེངས་ཤིང་འགྱུར་མི་ཤེས་པར་འབྱིན་པ་དང༌། བཤང་བ་དང༌། རླུང་འཁྱིལ་བ་འབྱིན་པ་དང༌། རྩ་སྦུབས་རྣམས་འགགས་པ་འབྱིན་པར་བྱེད་པ་དང༌། བསྲོས་པའི་དུགས་ཀྱིས་རྔུལ་འབྱིན་ཞིང་མེ་དྲོད་བསྐྱེད་ཅིང་ཡི་ག་འབྱེད་པར་བྱེད་པ་དང༌། དེ་ཡང་མང་དུ་བསྟེན་ཞིང་སྤྱད་དྲགས་ན་སྐྲ་དང་བ་སྤུ་འབྱི་ཞིང་སྐྲ་དཀར་དང་གཉེར་མ་མང་དུ་འཕེལ་བར་བྱེད་པ་དང༌། ལུས་ཀྱི་ཟུངས་སྟོབས་རྣམས་འབྲི་ཞིང་སྐོམ་དད་དང་མཛེ་དང་མེ་དབལ་དང་ཁྲག་དང་མཁྲིས་པའི་ནད་ལ་སོགས་པ་བསྐྱེད་པར་བྱེད་དོ། །བཞི་པ་ཁ་བའི་ལས་ནི། ཁ་བས་ཞེས་པ་ནས་བད་ཀན་བསྐྱེད་ཅེས་པའི་བར་གྱིས་བསྟན་ཏེ། རོ་ཁ་བས་ནི་ཡི་ག་འཆུས་པ་དང་སྲིན་བུའི་ནད་དང་སྐོམ་དད་དང་དུག་དང་མཛེ་དང་དྲན་མེད་དུ་བརྒྱལ་བ་དང་རིམས་ནད་རློན་པ་སྟེ་སྐྱུག་པ་དང་མཁྲིས་པ་རྣམས་འཇོམས་པར་བྱེད་ཅིང་འདྲུལ་བ་དང་ཚིལ་དང་ཞག་དང་རྐང་མར་དང་བཤང་གཅི་ལ་སོགས་པ་སྐེམ་པར་བྱེད་པ་དང༌། ཡིད་གཞུངས་པར་བྱེད་ཅིང་ནུ་མའི་ནད་དང་སྐད་འགགས་པ་སེལ་བ་དང༌། ཧ་ཅང་བསྟེན་དྲགས་ན་ལུས་ཟུངས་འཛད་ཅིང་རླུང་དང་བད་ཀན་བསྐྱེད་པ་སོགས་བྱེད་དོ། །ལྔ་བ་ཚ་བའི་བྱེད་ལས་ནི། ཚ་བས་ཞེས་པ་ནས་ན་བར་བྱེད་ཅེས་པའི་བར་གྱིས་བསྟན་ཏེ། རོ་ཚ་བས་ནི་ལྐོག་མའི་ནད་དང་གག་པ་དང་མཛེ་དང་འོར་ལ་སོགས་པ་སེལ་ཞིང་རྨ་འཇིག་པ་དང་དྲོད་བསྐྱེད་པ་དང་ཁ་ཟས་འཇུ་བར་བྱེད་པ་དང༌། ཡི་ག་འབྱེད་པ་དང་ཚིལ་དང་འདྲུལ་བག་སྐེམ་པ་དང༌། ཐུར་དུ་སྦྱོང་ཞིང་རྩ་སྦུབས་འབྱེད་པར་བྱེད་པ་ཡིན་ལ། ཆེར་བསྟེན་དྲགས་ན་ཁུ་བ་དང་ལུས་སྟོབས་ཟད་ནས་ལུས་འཁུམས་ཤིང་འདར་བ་དང་བརྒྱལ་བར་བྱེད་ཅིང་སྐེད་པ་དང་རོ་རྒྱབ་ལ་སོགས་པ་ན་བར་བྱེད་པ་སོགས་ཡིན་ནོ། །དྲུག་པ་བསྐ་བའི་བྱེད་ལས་ནི། བསྐ་བས་ཞེས་པ་ནས་རྩ་སྒོ་འགག་ཅེས་པའི་བར་གྱིས་བསྟན་ཏེ། དེ་ཡང་རོ་བསྐ་བས་ནི་ཁྲག་མཁྲིས་དང༌། ཚིལ་བུ་དང༌། འདྲུལ་བག་སྐེམ་པ་དང༌། རྨ་འཚོ་ཞིང་ཚིལ་དང་པགས་པའི་མདོག་དངས་པར་བྱེད་ལ། ཤིན་ཏུ་བསྟེན་དྲགས་ན་བེ་སྣབས་འཁྱིལ་བ་དང་བཤང་བ་སྲི་བ་དང་ལྟོ་བ་སྦོས་པ་དང་སྙིང་ནད་རྣམས་བསྐྱེད་ཅིང་དྭངས་མ་ལ་སོགས་སྐེམ་པ་དང་རྩ་སྒོ་འགག་པར་བྱེད་པ་ཡིན་ནོ།།

གསུམ་པ་དོན་བསྡུ་བ་ལའང་གཉིས་ཏེ། སྤྱི་དོན་དང༌། ཚིག་དོན་ནོ། །དང་པོ་ནི། ཟླ་ཟེར་ལས། འབྲས་རྙིང་ནས་དང་གྲོ་རྙིང་དང༌། །མུད་ག་སྦྲང་རྩི་ཤ་ཁ་ར། །སྐམ་སའི་ཤ་རྣམས་མ་གཏོགས་པ། །མངར་བ་ཕལ་ཆེར་བད་ཀན་བསྐྱེད། །ཅེས་བྱ་བ་ལ། མར་ལ་སོགས་པའི་སྨན་རོ་མངར་བ་ཕལ་མོ་ཆེ་དེ་དག་ནི་བད་ཀན་བསྐྱེད་ཅིང་འཕེལ་བར་བྱེད་པ་ཡིན་མོད་ཀྱི། འབྲས་རྙིང་པ་དང་ནས་རྙིང་པ་དང་གྲོ་རྙིང་པ་དང་སྲན་མ་མུད་ག་སྟེ་མོན་སྲན་གྲེའུ་དང་སྦྲང་རྩི་དང་ཤ་ཁ་ར་དང་སྐམ་སའི་ཤ་རྣམས་ནི་མ་གཏོགས་ཏེ། འདི་དག་མངར་ཡང་བད་ཀན་མི་བསྐྱེད་ཀྱི་དེ་ལས་གཞན་པའི་མངར་བ་ཕལ་ཆེར་ནི་བད་ཀན་བསྐྱེད་པ་ཡིན་ནོ། །སྐྱུ་རུ་སེ་འབྲུ་མ་གཏོགས་པ། །སྐྱུར་བ་ཕལ་ཆེར་མཁྲིས་པ་བསྐྱེད། །ཅེས་བྱ་བ་ལ། གང་སྐྱུར་བའི་སྨན་ཕལ་ཆེར་ཞེས་པ་མང་དུ་སྟེ་མ་དུ་ལུང་ག་ལ་སོགས་པ་གང་ཡིན་པ་དེ་ཐམས་ཅད་ཀྱིས་མཁྲིས་པ་བསྐྱེད་ཅིང་འཕེལ་བར་བྱེད་པ་ཡིན་མོད་ཀྱི། སྐྱུ་རུ་ར་དང་སེ་འབྲུ་ནི་མ་གཏོགས་ཏེ། དེ་གཉིས་ཀྱིས་ནི་མཁྲིས་པ་མི་བསྐྱེད་ལ། གཞན་སྐྱུར་བ་ཐམས་ཅད་མཁྲིས་པ་བསྐྱེད་པ་ཡིན་ནོ། །རྒྱམ་ཚ་ལྕེ་མྱང་ཚ་མ་གཏོགས། །ལན་ཚྭ་ཕལ་ཆེར་མིག་ལ་གནོད། །ཅེས་བྱ་བ་ལ། ལན་ཚྭའི་སྨན་ཐམས་ཅད་ལས་ཕལ་ཆེར་ཞེསབྱ་བ་མང་དུ་མིག་ལ་གནོད་ཅིང་འཇོམས་པ་ཡིན་མོད་ཀྱི། རྒྱམ་ཚ་དང་ལྕེ་མྱང་ཚ་ནི་མ་གཏོགས་སོ། །དེ་བས་ན་རྒྱམ་ཚ་དང་ལྕེ་མྱང་ཚ་ནི་མིག་ལ་ཕན་ནོ་ཞེས་དོན་གྱི་ཤུགས་ཀྱིས་སྟོན་པ་ཡིན་ནོ། །སླེ་ཏྲེས་པ་ཏོ་ལ་བཅའ་སྒ། །སྒོག་སྐྱ་པི་པི་ལིང་མ་གཏོགས། །ཁ་དང་ཚ་བ་ཕལ་ཆེར་ནི། །རོ་ཙ་འབྲི་ཞིང་རླུང་བསྐྱེད་ཡིན། །ཞེས་བྱ་བ་ལ། སྨན་ཁ་བ་དང་ཚ་བ་ཐམས་ཅད་ལས་ཕལ་ཆེར་ཏེ་མང་དུ་རོ་ཙ་ཞིང་ཁུ་བ་འཕེལ་བ་སོགས་ལ་གནོད་ཅིང་འབྲི་བར་བྱེད་པ་དང་དེ་བཞིན་དུ་རླུང་སྐྱེད་པར་བྱེད་པ་ཡིན་མོད་ཀྱི། གཞན་དུ་ན་སྨན་ཁ་བའི་ནང་ནས་སླེ་ཏྲེས་དང་པ་ཏོ་ལ་མ་གཏོགས་པ་སྨན་ཚ་བ་རྣམས་ཀྱི་ནང་ནས་བཅའ་སྒ་དང་སྒོག་སྐྱ་དང་པི་པི་ལིང་སྟེ་གསུམ་མ་གཏོགས་པའི་སྨན་ཁ་བ་དང་ཚ་བ་གཞན་དག་ནི་རོ་ཙ་བ་འབྲི་ཞིང་རླུང་བསྐྱེད་པ་ཡིན་ལ། ལྔ་པོ་དེ་དག་ནི་རོ་ཙ་བར་བྱེད་པ་རླུང་འཇོམས་པ་ཡིན་ནོ། །བསྐ་ལས་ཨ་རུ་ར་མ་གཏོགས། །ཕལ་ཆེར་སྲི་ཞིང་བསིལ་བར་བྱེད། །ཅེས་བྱ་བ་ལ། སྨན་བསྐ་བ་ཤི་རི་ཤ་ལ་སོགས་པ་ཐམས་ཅད་ཕལ་ཆེར་ཏེ་མང་དུ་བསིལ་བའི་ནུས་པ་དང་ལྡན་ཞིང་བཤང་བ་ལ་སོགས་པ་སྲི་བར་བྱེད་པ་ཡིན་མོད་ཀྱི། ཨ་རུ་ར་ནི་མ་གཏོགས་ཏེ། དེ་ནི་ནུས་པ་དྲོ་ཞིང་འཁྲུ་བར་བྱེད་པ་ཡིན་ནོ། །ཞེས་བཤད་དོ། །གཉིས་པ་ཚིག་གི་དོན་ནི། མདོར་བསྡུས་ཞེས་པ་ནས་གཉིས་ལ་གནོད་ཅེས་པའི་བར་གྱིས་བསྟན་ཏེ། གོང་དུ་བཤད་པ་དེ་རྣམས་ཀྱི་དོན་མདོར་ཧྲིལ་གྱིས་བསྡུས་ནས་འཆད་ན་འདི་ལྟ་སྟེ། མངར་བའི་རོ་ཕལ་ཆེར་གྱིས་རླུང་མཁྲིས་གཉིས་སེལ་བར་བྱེད་མོད་ཀྱང་ནས་རྙིང་བ་དང་སྐམ་ས་ལ་གནས་པའི་སྲོག་ཆགས་ཀྱི་ཤ་ལ་སོགས་པ་འགའ་ཞིག་ཙམ་མ་གཏོགས་པ་ཕལ་ཆེར་གྱིས་བད་ཀན་སྐྱེད་པར་བྱེད་པ་ཡིན་ན་ཡང༌། མངར་བའི་རོ་དང་ལྡན་པ་གཡག་རྒོད་དེ་བྱང་འབྲོང་གི་ཤ་དང་ཉ་ཤ་དང་ལུག་ཤ་དང་སྦྲང་རྩི་རྣམས་ནི་བད་ཀན་ལ་ལྷག་པར་དུ་ཕན་པ་ཡིན་ལ། དེ་བཞིན་དུ་སྐྱུར་བས་བད་རླུང་གཉིས་སེལ་ཞིང་མཁྲིས་པ་བསྐྱེད་པར་བྱེད་པ་ཡིན་མོད་ཀྱང༌། སྐྱུ་རུ་ར་ཡིས་ནི་ཁྲག་མཁྲིས་དང་ཚ་བའི་ནད་སེལ་ཞིང༌། ལན་ཚྭ་ཕལ་ཆེར་གྱིས་རླུང་དང་བད་ཀན་སེལ་བར་བྱེད་ཅིང་ལྕེ་མྱང་ཚ་དང་རྒྱམ་ཚ་མ་གཏོགས་པ་གཞན་རྣམས་ཀྱིས་མཁྲིས་པ་སྐྱེད་པར་བྱེད་པ་དང༌། དེ་གཉིས་ཀྱང་ཧ་ཅང་ཐལ་དྲགས་ན་ལྕི་བས་བད་ཀན་སྐྱེད་པར་བྱེད་པ་དང༌། ཁ་བ་ཕལ་ཆེར་གྱིས་མཁྲིས་པ་སེལ་ཞིང་བད་རླུང་བསྐྱེད་པར་བཤད་མོད་ནའང་ཀ་ར་དང་སླེ་ཏྲེས་གཉིས་ཀྱིས་ནི་བད་རླུང་སེལ་བར་བྱེད་པ་དང༌། དེ་བཞིན་དུ་ཚ་བས་ནི་རླུང་དང་བད་ཀན་སེལ་བར་བྱེད་ལ། དེའི་ནང་ནས་སྒོག་སྐྱ་དང་པི་པི་ལིང་མ་ཡིན་པ་གཞན་རྣམས་ཀྱིས་མཁྲིས་པ་སྐྱེད་པར་བྱེད་པ་དང༌། ཚ་བ་དེའང་ཧ་ཅང་ཐལ་དྲགས་ན་ཡང་རྩུབ་དང་ལྡན་པས་རླུང་ཡང་ཅུང་ཟད་སྐྱེད་པར་བྱེད་པ་དང༌། བསྐ་བས་ནི་མཁྲིས་པ་སེལ་ཞིང་དེའི་ནང་ནས་ཨ་རུ་ར་དང་བ་རུ་ར་མ་གཏོགས་པ་ཕལ་ཆེར་ནི་བད་རླུང་གཉིས་ལ་གནོད་པར་བྱེད་པ་ཡིན་ནོ། །དེ་དག་རྣམས་ཀྱི་རྒྱུ་མཚན་རྒྱས་པར་འོག་ནས་འཆད་པ་ལས་ཤེས་དགོས་སོ།།

གསུམ་པ་ཞུ་རྗེས་བཤད་པ་ལ་གཉིས་ཏེ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ལ་དགག་གཞག་སྤང་གསུམ་ལས། དང་པོ་ནི། སྐབས་འདི་དང་གོང་དུ་ཁ་ཟས་འཇུ་ཚུལ་སྐབས་སུ་བཤད་པའི་ཞུ་རྗེས་ཀྱི་ཚུལ་མི་མཐུན་ཞིང༌། ཁྱད་པར་དུ་ཞུ་རྗེས་ཐ་མ་དེ་ཉིད་ཚ་བར་འབྱུང་རིགས་པ་ལ། ཁ་བར་བཤད་པ་སོགས་དོགས་པའི་གནས་སུ་མཐོང་ནས་ཁོ་བོས། སྨན་ནི་རོ་དང་ནུས་པ་དང༌། །ཞུ་རྗེས་གང་གིས་བྱ་བ་བྱེད། །གལ་ཏེ་སྦྱོར་བའི་ཁྱད་པར་གྱིས། །གཅིག་ཏུ་ངེས་པ་མེད་ཅི་ན། །ཟས་སྨན་གང་ཡང་ཟོས་མ་ཐག །ཕོ་བའི་གནས་སུ་མྱགས་བྱེད་ཀྱིས། །མྱགས་པས་རོ་མངར་འཇུ་བྱེད་ཀྱིས། །གཞུས་པས་རོ་སྐྱུར་མེ་མཉམ་གྱིས། །དྭངས་སྙིགས་ཕྱེ་བས་ཁ་འགྱུར་བའི། །རྗེས་ཀྱི་ནུས་པས་བྱ་བ་བྱེད། །དེ་ཕྱིར་རོ་དེ་མ་ཞུ་བར། །ནུས་པ་འབྱུང་བ་འགའ་ཡོད་དམ། །ནུས་པ་མེད་པའི་སྨན་དེ་ཡིས། །ཇི་ལྟར་ཕན་དང་གནོད་པ་བྱེད། །གང་ཡང་ཞུ་རྗེས་དང་པོ་དང༌། །གཉིས་པ་གསུམ་པར་རིམ་བཞིན་དུ། །འབྱུང་ཤས་ཆེ་ཆུང་དབང་གིས་ནི། །བད་མཁྲིས་རླུང་གསུམ་བསྐྱེད་ཅེ་ན། །ཟས་དང་སྨན་ནི་གང་ཟོས་ཀྱང༌། །ཕན་པའི་སྐབས་ཅི་ངོ་བོ་ཡང༌། །དུག་ཏུ་འགྱུར་བས་རེ་ཞིག་ཏུ། །སྨན་ཞེས་རྣ་བའི་རྒྱན་དུ་ཟད། །ཐམས་ཅད་མཐུན་ན་ལས་བྱེད་པ། །རོ་ཡིན་ཞེས་ཀྱང་རོ་དེ་ནི། །ནུས་པ་དག་ལ་བལྟོས་མི་བལྟོས། །བལྟོས་ན་དེ་ལྟར་མི་འཐད་ཅིང༌། །མི་བལྟོས་ན་ནི་ཟོས་ཙམ་གྱིས། །སྐད་ཅིག་གཉིས་པར་ཕན་པར་འགྱུར། །ཞུ་རྗེས་གསུམ་པར་མེ་རླུང་གཉིས། །ཤས་ཆེའི་ཕྱིར་ན་ཚ་བ་ལ། །ད་ལྟ་ཀུན་གྱིས་ཁ་བར་འདོད། །འདི་ཡང་དུས་ཀྱི་ཉེས་པར་མཐོང༌། །དེ་ལྟར་ཞུ་རྗེས་མངར་བ་དང༌། །ལན་ཚྭ་མངར་ཞིང་སྐྱུར་བ་མཚུངས། །གཞན་གསུམ་ཁ་བར་ཞུ་ཞེས་པའང༌། །གོང་དུ་ཟས་སྐོམ་གང་ཟོས་པ། །ཕོ་བར་རིམ་བཞིན་མངར་སྐྱུར་ཁར། །ཞུ་རྗེས་བཤད་པ་ཅིས་མི་འགལ། །ཞེས་བྱ་བ་ལ་སོགས་པའི་སྒོ་ནས་མཁས་པའི་དབང་པོ་བྱ་བ་མི་ཕམ་བཀྲ་ཤིས་རྣམ་རྒྱལ་ལ་དྲིས་པའི་འདི་སྐབས་ཀྱི་ལན་དུ། ཞུ་རྗེས་ནི། བཤད་རྒྱུད་ལས། ཞུ་རྗེས་ཕོ་བའི་མེ་དང་ཕྲད་པ་ལས། །བད་མཁྲིས་རླུང་གི་རིམ་པས་ཞུ་རྗེས་ལ། །མངར་དང་ལན་ཚྭའི་ཞུ་རྗེས་མངར་བར་ཞུ། །སྐྱུར་བ་རོ་མཚུངས་ཁ་ཚ་བསྐ་གསུམ་ཁ། །ཉེས་པ་གསུམ་གྱིས་གཉིས་གཉིས་རེ་རེ་སེལ། །ཞེས་པས། དེའང་ཇི་ལྟར་འཇུ་ཚུལ་ནི། དང་པོ་རོ་དྲུག་ཟས་སྐོམ་གང་ཟོས་པ། །བད་ཀན་མྱགས་བྱེད་དག་གིས་མྱགས་པར་བྱེད། །རོ་མངར་ལྦུ་བ་ཅན་འགྱུར་བད་ཀན་བསྐྱེད། །བར་དུ་མཁྲིས་འཇུ་བྱེད་ཀྱིས་བཞུ་བས། །རྣམ་པར་ཚ་བས་རོ་སྐྱུར་མཁྲིས་པ་བསྐྱེད། །ཐ་མར་མེ་མཉམ་རླུང་གིས་དྭངས་སྙིགས་ཕྱེ། །ཁ་བར་འགྱུར་ཏེ་དེ་ཡིས་རླུང་བསྐྱེད་འགྱུར། །ཞེས་པ་དང༌། བད་མཁྲིས་རླུང་གི་རིམ་པས་ཞེས་པ་མཐུན་པས། སྤྱིར་བསྟན་ཟས་སྐོམ་གང་ཟོས་ཀྱང་ཐོག་མར་བད་ཀན་མྱགས་བྱེད་ཀྱི་མྱགས་པས་རོ་མངར་བ་དང༌། བར་དུ་མཁྲིས་པ་འཇུ་བྱེད་ཀྱིས་བཞུས་པ་རོ་སྐྱུར་བ་དང༌། ཐ་མར་མེ་མཉམ་རླུང་གིས་དྭངས་སྙིགས་ཕྱེ་བས་ཁ་བར་འགྱུར་བའི་རིམ་པ་གསུམ་ཡོད་ཀྱང་སྨན་སྤྱིར་བསྟན་ལ་མངར་བ་དང་ལན་ཚྭའི་ཞུ་རྗེས་མངར་བ་དང༌། སྐྱུར་བའི་ཞུ་རྗེས་སྐྱུར་བ་དང༌། ཁ་ཚ་བསྐ་གསུམ་གྱི་ཞུ་རྗེས་ཁ་བར་ཞུ་བར་བཞེད་དོ། །འོ་ན་དེ་དག་ལ་རླུང་མཁྲིས་བད་ཀན་ཡོད་མེད་ཀྱི་ཁྱད་པར་ཡོད་དམ་མེད། ཡོད་ན་སྐྱུར་ཁ་ཚ་བསྐ་བཞི་ལ་མཁྲིས་པ་འཇུ་བྱེད་དང་རླུང་མེ་མཉམ་གྱིས་ལས་མི་འཇུག་པར་འགྱུར་ལ། མེད་ན་རོ་ཐམས་ཅད་ལའང་ཞུ་རྗེས་སྐབས་གསུམ་དུ་འགྱུར་བས་སྨན་སྤྱིར་བསྟན་གྱི་ཞུ་རྗེས་དང་འགལ་ལོ་ཞེ་ན་སྐྱོན་མེད་དེ། རོ་ཐམས་ཅད་ལ་བད་ཀན་མྱགས་བྱེད་དང་མཁྲིས་པ་འཇུ་བྱེད་དང་རླུང་མེ་མཉམ་གསུམ་གའི་བྱ་བ་འཇུག་ཀྱང་ལན་ཚྭ་དང་མངར་བ་ལ་བད་ཀན་མྱགས་བྱེད་ཀྱི་ལས་གཙོ་ཆེ་བ་དང༌། སྐྱུར་བ་ལ་མཁྲིས་པ་འཇུ་བྱེད་ཀྱི་ལས་གཙོ་ཆེ་བ་དང༌། ཁ་ཚ་བསྐ་གསུམ་ལ་མེ་མཉམ་རླུང་གི་ལས་གཙོ་ཆེ་བའི་ཁྱད་པར་ཡོད་པའི་ཕྱིར། དེས་ན་བད་ཀན་ཟོས་མ་ཐག་ཏུ་ལྡང་བ་དང༌། རླུང་ཞུ་རྗེས་སུ་ལྡང་བ་དང༌། དེ་གཉིས་ཀྱི་རིགས་པས་མཁྲིས་པ་ཞུ་དུས་ལྡང་བའི་ཁྱད་པར་ཡང་འཐད་པ་ཡིན་ནོ། །བྱེ་བྲག་ཏུ་ཞུ་རྗེས་དེའི་ཐོག་ཏུ་མ་ངེས་ཏེ། སྤྱིར་མངར་བའི་ཞུ་རྗེས་མངར་བ་ཡིན་ཡང༌། འབྲས་བུ་མངར་ཡང་ཞུ་རྗེས་སྐྱུར་བ་ནི་མཁྲིས་པ་འཇུ་བྱེད་ཀྱི་ལས་གཙོ་ཆེ་བ་དང༌། སྐྱུར་བའི་ཞུ་རྗེས་སྐྱུར་བ་ཡིན་ཡང་ཏིལ་མར་སྐྱུར་ཡང་ཞུ་རྗེས་ཁ་བ་ནི་རླུང་མེ་མཉམ་གྱི་ལས་གཙོ་ཆེ་བ་དང༌། ཚ་བས་ཞུ་རྗེས་ཁ་བ་ཡིན་ཡང་པི་པི་ལིང་ཚ་ཡང་ཞུ་རྗེས་བསྐ་བ་ནི་རླུང་མེ་མཉམ་གྱིས་ལས་གཉིས་སུ་འགྱུར་བའི་དོན་དང༌། སེའུ་སྐྱུར་ཡང་ཞུ་རྗེས་མངར་བ་ནི་བད་ཀན་མྱགས་བྱེད་ཀྱི་ལས་གཙོ་ཆེ་བའི་དོན་དང༌། ཨ་རུ་ར་དང་བཅའ་སྒ་དང་སྒེའུ་གཤེར་སོགས་རང་རང་གི་རོའི་ཞུ་རྗེས་སྤྱི་དང་མི་མཐུན་པར་ཞུ་བ་རྣམས་གོང་གི་རིག་པས་དཔྱད་དགོས་པའི་དོན་ཏོ། །ཞེས་དང༌། ཞུ་རྗེས་གསུམ་པ་དཔའ་བོའི་ཡན་ལག་བརྒྱད་པ་རྩ་འགྲེལ་ལས་ཚ་བར་བཤད་པས་དུས་ཀྱི་སྐྱོན་ཞེས་པ་སྙིགས་མ་ལྔ་བདོ་བ་ཡིན་ན་ཟས་གཙང་སྲས་པོ་ཡང་སྙིགས་མ་ལྔ་བདོ་བའི་དུས་སུ་བྱོན་པ་ཧ་ཅང་ཐལ་བར་འགྱུར། རོའི་སྐབས་སུ་མངར་བ་ས་ཆུ། ཁ་བ་ཆུ་རླུང༌། ལན་ཚྭ་ཆུ་མེ། ཚ་བ་མེ་རླུང༌། བསྐ་བ་ས་རླུང་གིས་བསྐྱེད་པར་བཤད་ལ། ཞུ་རྗེས་གསུམ་པར་མེ་རླུང་གཉིས་ཤས་ཆེ་བའི་ཕྱིར་ཚ་བར་འགྱུར་ཚུལ་འདི་ལ་ལུང་ཁུངས་རྣམ་དག་དང་སྒྲུབ་བྱེད་ཚད་ལྡན་དགོས་སྣང་ངོ༌། །འདི་ལ་འདིར་དྲངས་པའི་གཞུང་བཤད་དང་བསྟུན་ན་ཞུ་བ་གསུམ་གྱི་དང་པོར་བད་ཀན་མྱགས་བྱེད་ཀྱི་མཚན་ཉིད་སྣུམ་བསིལ་ལྕི་རྟུལ་འཇམ་བརྟན་ཡོད་ཅིང༌། ས་ཆུ་ལ་ལྕི་བ་ནང་འཕྲད་ཤིན་ཏུ་ལྕི་བ་དང༌། ཤིན་ཏུ་རྟུལ་བ་དང༌། ཤིན་ཏུ་སྣུམ་པ་དང༌། ཤིན་ཏུ་འཇམ་པ་རྣམས་ཡོད་པས་མངར་བར་ཞུ་བ་དང༌། གཉིས་པར་མཁྲིས་པ་འཇུ་བྱེད་ལ་མཚན་ཉིད་སྣུམ་རྣོ་ཚ་ཡང་རྣམས་ཡོད་ཅིང་མེས་ལ་རྣོ་བ་དང་ཤིན་ཏུ་སྣུམ་པ་དང༌། ཚ་བ་དང་གཡོ་བ་ཡོད་པས་སྐྱུར་བར་ཞུ་བ་དང༌། གསུམ་པར་རླུང་མེ་མཉམ་ལ་མཚན་ཉིད་རྩུབ་ཡང་གྲང་གཡོ་ཡོད་ཅིང༌། ཆུ་རླུང་ལ་ཤིན་ཏུ་བསིལ་བ་དང་རྩུབ་པ་དང་གཡོ་བ་རྣམས་ཡོད་པས་ཁ་བར་ཞུ་སྟེ། བད་ཀན་མཁྲིས་པ་རླུང་གི་ནུས་པ་དང་མཐུན་པར་ཞུ་བའོ། །དེ་བཞིན་དུ་བྱེ་བྲག་ལའང་བརྟག་པར་བྱའོ།།

ཟས་སྐོམ་གྱི་ཞུ་རྗེས་སྤྱི་དང་རོའི་ཞུ་རྗེས་བྱེ་བྲག་པ་མ་མཐུན་པ་ནི་གོང་གི་རྒྱུ་མཚན་ལས་ཤེས་ཤིང་ཟས་སྐོམ་སྤྱི་དང་བྱེ་བྲག་པའི་དབང་ལས་ཡིན་པས་འགལ་བར་མི་ལྟའོ། །ཞེས་བྱ་བ་ལ་སོགས་པ་བྱུང་ངོ༌། །འདིས་ནི་དྲི་ཚིག་གི་ལན་ཇི་ལྟ་བར་ཐེབས་པར་ལྟ་ཞོག མི་འཐད་པའི་ཆ་ཡང་མཐའ་ཡས་མོད། འདི་སྐབས་སུའང་འདི་ལྟར་སྣང་སྟེ། དང་པོ་རོ་དྲུག་ཟས་སྐོམ་གང་ཟོས་པ། །ཞེས་སོགས་ཟས་སྐོམ་སྤྱིར་བསྟན་གྱི་དབང་དུ་བྱས་པ་ཡིན་ན་དེའི་དམིགས་བསལ་གང་ལ་བྱེད། ཁྱད་པར་དུ་ལན་ཚྭ་དང་མངར་བ་ལ་བད་ཀན་མྱགས་བྱེད་ཀྱི་ལས་གཙོ་ཆེ་བའི་རྒྱུ་མཚན་རང་གང་ཡིན། དེ་བཞིན་དུ་གཞན་གཉིས་ལའང་འགྲེ་ཞིང༌། བད་ཀན་ཟོས་མ་ཐག་ཏུ་ལྡང་བ་སོགས་འཐད་ན། ཟས་སྨན་གང་ཟོས་ཐམས་ཅད་ཀྱིས་ཉེས་གསུམ་བསྐྱེད་པ་འབའ་ཞིག་ཏུ་ཐལ་བས་དྲི་ཚིག་མ་གོ་བར་ཟད་ལ། བྱེ་བྲག་ཏུ་ཞུ་རྗེས་དེར་མ་ངེས་པའི་དཔེར་འབྲས་བུ་མངར་ཡང་ཞུ་རྗེས་སྐྱུར་བ་ནི་འཇུ་བྱེད་ཀྱི་ལས་གཙོ་ཆེ་ཞེས་པ་ཙམ་མ་གཏོགས་རྒྱུ་མཚན་མ་བྱུང་བས་འབྲས་བུ་དེ་མྱགས་བྱེད་མེ་མཉམ་གཉིས་དང་འཕྲད་པའི་ཚེ་ཅིར་འགྱུར། ལས་རང་གང་གི་སྐབས་སུ་བྱེད། འབྲས་བུའི་རོ་མངར་བ་དེ་རྒྱུ་ས་ཆུས་བསྐྱེད་ན་ཞུ་རྗེས་ཀྱང་མངར་བར་རིགས་ལ། རྒྱུ་གཞན་གྱིས་བསྐྱེད་ན་རོ་ཡང་མངར་བར་མི་འཐད་པས། འདི་ལྟ་བུ་ལ་སོགས་པ་ཀུན་ལ་རྒྱུ་མཚན་ཞིབ་མོ་བལ་གསེད་པ་འདྲ་བ་ཞིག་དགོས་རྒྱུ་ལ། ད་ལྟ་གྲོང་བའི་བྱིས་པ་ཡན་ལ་གྲགས་པའི་ཚིག་འདི་ལྟ་བུ་མཁས་པས་གསུང་པར་མི་རིགས་ལ། དུས་ཀྱི་སྐྱོན་ཞེས་སྨོས་པ་ལ་ཤཱཀྱ་ཐུབ་སྐྱོན་དུ་གཏོང་བའི་སྙིགས་མ་ལྔ་བདོ་བ་ལས་ངན་པའི་དུས་མེད་པར་ཁས་བླངས་པས་རྣམ་པར་འཁྱམས་སོ། །ཞུ་རྗེས་གསུམ་པར་མེ་རླུང་ཤས་ཆེ་བའི་དབང་གིས་ཞུ་རྗེས་ཚ་བར་འཐད་ཚུལ་ལ་ལུང་རིགས་སྒྲུབ་བྱེད་ཚད་ལྡན་དགོས་སྣང་ངོ༌། །ཞེས་པ་ལ་འདི་ལྟར་འབུལ་ཏེ། སློབ་དཔོན་གྱི་མདོ་གནས་ལེའུ་དང་པོ་ལས། རྫས་ཀྱི་ཞུ་བ་རྣམ་གསུམ་སྟེ། །མངར་སྐྱུར་ཚ་བའི་བདག་ཉིད་ཅན། །ཞེས་དང༌།

རང་འགྲེལ་ལས། སྨན་གྱི་ཞུ་བའི་རྗེས་ནི་རྣམ་པ་གསུམ་སྟེ། མངར་བ་དང་སྐྱུར་བ་དང་ཚ་བའི་རང་བཞིན་ཡིན་ནོ། །ཞེས་དང༌། ཟླ་ཟེར་ལས། ཞུ་བ་ནི་རྣམ་པ་གསུམ་དེ་རྫས་ཐམས་ཅད་ཡོངས་སུ་ཞུ་བའི་དུས་འབྲས་བུ་ལས་རྗེས་སུ་དཔག་པ་བྱེད་དེ་ཕོ་བའི་མེ་དང་འཕྲད་པ་ལས་རོ་རྣམས་རང་རང་གི་རང་བཞིན་ལས་གཞན་དུ་གྱུར་པ་དེ་ལ་ནི་རྣམ་པ་གསུམ་ཉིད་ཡིན་གྱི། དྲུག་ཡོད་ཀྱང་དྲུག་ནི་མ་ཡིན་ནོ། །དེ་ནས་རྫས་ལ་ལ་ནི་མངར་བར་ཞུ། ལ་ལ་ནི་སྐྱུར་བར་ཞུ། ལ་ལ་ནི་ཚ་བར་ཞུ་བ་ཡིན་ནོ། །དེ་ལ་མངར་བ་དང་ལན་ཚྭ་ནི་མངར་བར་ཞུ་བའོ།  །སྐྱུར་བ་ནི་སྐྱུར་བའོ། །ཚ་བ་དང་བསྐ་བ་དང་ཁ་བ་ནི་ཚ་བའོ། །དེ་ནི་འབྲས་བུ་ལས་རྗེས་སུ་དཔགས་པ་ཡིན་ནོ། །དེ་ཡང་ཕོ་བའི་མེ་དང་འཕྲད་པ་ལས། །གང་ཞིག་རོ་ནི་གཞན་གྱུར་པ། །རོ་རྣམས་ཞུ་བའི་ཐ་མ་དག །དེ་ནི་ཞུ་བ་ཞེས་བཤད་དོ། །ཞེས་འབྱུང་བ་ཡིན་ནོ། །དེ་བས་ན་ཁྱད་པར་དུ་སྨིན་པ་ལ་ཞུ་བ་ཞེས་བྱའི། ཅུང་ཟད་སྨིན་པ་ནི་མ་ཡིན་ནོ། །དེ་བཞིན་དུ་ཐོ་བཙུན་དྲང་སྲོང་ཙ་ར་ཀས་ཀྱང༌། རྫས་ཀྱི་རོ་ནི་འབབ་པ་ན། །ལས་ཀྱི་མཐའ་ནི་ཞུ་བ་ཡིན། །ཇི་སྡ་གནས་པའི་ཡོན་ཏན་ཏེ། །ནུས་པ་ལས་ནི་ཤེས་པར་འགྱུར། །ཞེས་བཤད་པ་ཡིན་ནོ། །དེ་ལྟར་ན་ལས་བྱས་པའི་རྗེས་སུ་དཔགས་པའི་ཚུལ་གཅིག་པའི་གནས་སྐབས་ཕོ་བའི་མེ་དང་འཕྲད་པ་ལས་རོ་རྣམས་རོ་གཞན་དུ་གྱུར་པ་གང་ཡིན་པ་དེ་ཉིད་ཞུ་བ་ཞེས་བྱའོ། །གང་ཕོ་བའི་མེ་དང་ཕྲད་པ་ཙམ་གྱིས་རོ་རྣམས་གནས་སྐབས་དུ་མར་འགྱུར་ཏེ། དང་པོ་ནི་མངར་བའོ། །དེའི་རྗེས་ཐོག་དེ་ཉིད་སྨིན་པ་ན་སྐྱུར་བའོ། །དེ་ལས་ཀྱང་སྨིན་པའི་མཐར་ཐུག་པ་ན་ཚ་བར་འགྱུར་རོ། །ཞེས་བཤད་ཅིང༌། རིགས་པ་ནི་བད་ཀན་མྱགས་བྱེད་ས་ཆུའི་རང་བཞིན་ལས་སྐྱེས་པའི་ཞུ་རྗེས་མངར། དེ་ནས་མཁྲིས་པ་འཇུ་བྱེད་ཀྱི་སྐབས་སུ་ཆུའི་ཆ་ཤས་མེས་བསྐམས་ནས་ས་མེ་ཤས་ཆེ་བའི་ཞུ་རྗེས་སྐྱུར། དེ་ནས་མེ་མཉམ་རླུང་གིས་ས་གཏོར་ནས་མེ་རླུང་ཤས་ཆེར་གནས་པའི་ཕྱིར་དང༌། མེ་རླུང་ལས་རོ་ཚ་བ་བསྐྱེད་པ་ཁྱོད་རང་ཡང་འདོད་པའི་ཕྱིར། འབྱུང་བ་ཆུ་དང་ས་ལ་མེ་རླུང་གིས་དེ་ལྟར་གནོད་ཚུལ་མི་འཐད་པའང་མ་ཡིན་ཏེ། ཇི་ལྟར་ཕྱི་རོལ་དེ་བཞིན་ནང༌། །ཞེས་གསུངས་པ་བཞིན་ཕྱི་རོལ་ཏུ་ཚུལ་དེ་ལྟར་མཐོང་བའི་ཕྱིར། དེས་ན་ཞུ་རྗེས་གསུམ་པ་ལ་ཁ་བ་ཞེས་འབྱུང་བའི་རྒྱུ་མཚན་ཅི་ཡིན། ཧ་ཅང་བསྟན་པ་སྙིགས་མའི་དུས་ཀྱི་སྐྱོན་ཡིན་ནམ་གཞན་གང་ཡིན་ཞེས་དྲིས་མོད། ལུང་རིགས་ཀྱི་རྣམ་གཞག་འདི་ཙམ་ཐུགས་སུ་མ་ཆུད་པའི་མཁས་པ་ཞེས་བྱ་བ་ནི་ངོ་ཚ་བའི་གནས་སོ། །འདིས་ནི་རོ་ནུས་ཞུ་རྗེས་ལས་འཕྲོས་པའི་དྲིས་ལན་གཞན་རྣམས་ཀྱང་དོན་མེད་དུ་སོང་བ་ཡིན་ནོ། །སྔ་རབས་པ་རྣམས་ནི་འདི་ལྟར་འདོད་དེ། རོ་དྲུག་པོ་དེ་ཕོ་བའི་མེ་དང་ཕྲད་པ་ལས་དང་པོ་བད་ཀན་མྱགས་བྱེད་ཀྱིས་མྱགས། བར་དུ་མཁྲིས་པ་འཇུ་བྱེད་ཀྱིས་བཞུས། ཐ་མར་རླུང་གིས་དྭངས་སྙིགས་ཤན་ཕྱེ་བའི་དུས་ཀྱི་དྭངས་མ་རྩ་མིག་གི་བུ་གར་མ་ཞུགས་པ་དེའི་དུས་ན་ཞུ་རྗེས་ཀྱི་རོ་འབྱུང་བའོ། །དེ་ཡང་མངར་བ་དང་ལན་ཚྭའི་ཞུ་རྗེས་མངར་རོ། །སྐྱུར་བའི་ཞུ་རྗེས་ཀྱང་རོ་བཞིན་དུ་སྐྱུར་རོ། །ཁ་ཚ་བསྐ་གསུམ་ཞུ་རྗེས་ཀྱི་རོ་ཁ་བའོ། །དེ་ཅིའི་ཕྱིར་ཞེ་ན། མངར་བ་ས་ཆུ་ལས་སྐྱེས་པས་རོ་ཡང་མངར། ཞུ་རྗེས་ཀྱི་དུས་ན་ཡང་ས་ཆུ་ཤས་ཆེ་བ་ལས་མ་འགྱུར་བས་ཞུ་རྗེས་ཀྱང་མངར་བའོ། །དེ་བཞིན་དུ་སྐྱུར་བ་ཡང་མེ་དང་ས་ལས་མ་འགྱུར་པས་རོ་དང་ཞུ་རྗེས་གཉིས་ཀ་སྐྱུར་རོ། །ཁ་བ་ཡང་ཆུ་དང་རླུང་ལས་མ་འགྱུར་བས་རོ་དང་ཞུ་རྗེས་གཉིས་ཀ་ཁ་བའོ། །ལན་ཚྭ་ནི་མེ་ཆུ་གཉིས་ཀྱིས་བསྐྱེད་པ་ཡིན་ཀྱང་ཞུ་རྗེས་དུས་སུ་མེ་སྟོབས་ཆུང་བར་གྱུར་ཏེ། ས་ཆུ་ཤས་ཆེ་བས་མངར་བའོ།།

ཚ་བ་ནི་མེ་རླུང་གཉིས་ལས་བསྐྱེད་པ་ཡིན་ཡང་ཞུ་རྗེས་དུས་སུ་མེ་བྲི་སྟེ་རླུང་གི་སྟོབས་སུ་གྱུར་པས་ཆུ་རླུང་ཤས་ཆེ་བས་རོ་ཁ་བར་ཞུ་བའོ། །བསྐ་བ་ནི་ས་དང་རླུང་ལས་གྱུར་པ་ཡིན་ནོ། །ཡང་ཞུ་རྗེས་ཀྱི་དུས་སུ་ས་སྟོབས་ཆུར་གྱུར་ཏེ་ཆུ་རླུང་ཤས་ཆེ་བས་ཁ་བར་ཞུ་བའོ། །དེ་རྣམས་ཀྱང་ཕལ་ཆེ་བ་ལ་དགོངས་པ་ཡིན་གྱི། རོ་ཞུ་རྗེས་མཐུན་པར་བཤད་པ་ལ་མི་མཐུན་པ་འབྱུང༌། མི་མཐུན་པར་བཤད་པ་ལ་མཐུན་པ་ཡང་འབྱུང་བར་ཤེས་པར་བྱའོ། །ཞེས་ཟེར་རོ། །དེ་ལ་འདི་ལྟར་དྲི་སྟེ། རོ་མངར་བ་དེ་བད་ཀན་མྱག་བྱེད་དང་འཕྲད་པའི་ཚེ་ཞུ་རྗེས་མངར་བར་ཞུ་བ་ནི་བདེན་མོད། ལན་ཚྭ་བ་ནི་མྱག་བྱེད་དང་འཕྲད་པའི་ཚེ་ལན་ཚྭ་ཆུ་མེ་ཤས་ཆེ་བའི་མེ་སྟོབས་ཆེ་བར་འགྱུར་ན་ཆུ་སྟོབས་མེད་པར་འགྱུར་བ་སོགས་རྒྱུ་འབྲས་ཀྱི་རྣམ་གཞག་འཆོལ་བར་འགྱུར་ཞིང༌། དེ་གཉིས་ཀ་འཇུ་བྱེད་དང་མེ་མཉམ་གཉིས་ཀྱི་སྐབས་སུ་སླེབས་པའི་ཚེ་ཞུ་རྗེས་གང་དུ་འགྱུར། དེ་བཞིན་དུ་སྐྱུར་བའི་རང་བཞིན་དེ་འཇུ་བྱེད་དང་འཕྲད་པའི་ཚེ་མེས་ལས་མ་འགྱུར་པ་མི་འཐད་དེ། ཐོག་མར་མྱག་བྱེད་དང་འཕྲད་པའི་དུས་སུ་མེ་སྟོབས་ཆེ་བར་འགྱུར་བ་ཁྱོད་རང་གི་ལུགས་ཡིན་པའི་ཕྱིར། སྐྱུར་བ་འདི་ཡང་བད་རླུང་གཉིས་དང་འཕྲད་པའི་སྐབས་སུ་ཞུ་རྗེས་ཅིར་འགྱུར། ཁྱད་པར་དུ་ཚ་བ་མེ་རླུང་ལས་བསྐྱེད་པ་དེ་མེ་མཉམ་གྱི་སྐབས་སུ་འཇུ་བྱེད་ཀྱི་མེའི་ཆ་ཤས་དང་བཅས་པས་མེ་རླུང་ནང་ཕྲད་ཤིན་ཏུ་སྟོབས་ཆེ་བའི་གནས་དེར་ཁ་བར་ཞུ་བ་གར་འཐད། དེར་ཆུའི་ཆ་ཤས་འབྱུང་བའི་སྐབས་ཨེ་འདུག རྣམ་པ་གཅིག་ཏུ་ན་རོ་ཚ་བའི་རང་བཞིན་ཅན་གྱི་མེ་རླུང་གཉིས་ཀ་མྱགས་བྱེད་དང་ཕྲད་པའི་སྐབས་སུ་ས་ཆུའི་ནུས་པས་ཉམས་མི་འགྲོ་བའི་རྒྱུ་མཚན་ཅི་ཡིན། བསྐ་བའི་སྐབས་སུ་ཡང་ས་སྟོབས་ཆུར་མི་འགྱུར་བ་གོང་གིས་ཤེས་ལ། འདི་གཉིས་བད་མཁྲིས་གཉིས་དང་འཕྲད་པའི་དུས་ཀྱི་ཞུ་རྗེས་གང་ཡིན་ཞེས་སོགས་ཀྱི་སྒོ་ནས་བརྩད་ན་རང་བཟོས་བཞག་པའི་གྲུབ་མཐའ་ཐམས་ཅད་བྱེ་མའི་ཕུང་པོ་ཆུ་དང་འཕྲད་པ་ལྟར་འཇིག་གོ། །ཡང་བདག་ཆེན་རྣམ་རྒྱལ་གྲགས་པས། འགྲེལ་པ་བདུད་རྩིའི་ཆུ་རྒྱུན་དང༌། འགྲེལ་ཆུང་དོན་གསལ་གཉིས་ཀར་གཞུང་ཚིག་ཇི་ལྟ་བའི་འབྲུ་མནན་ཙམ་མ་གཏོགས་ཞིབ་ཆ་མ་མཛད་ཀྱང༌། རྩོམ་པ་ཆེན་མོ་ཡིད་བཞིན་ནོར་བུ། ཆུང་བ་དཀའ་འཕྲང་མུན་སེལ། བར་མ་རིན་ཆེན་སྒྲོམ་བུ་རྣམས་མཐུན་པར། དེ་ནས་ཞུ་རྗེས་གསལ་བར་བཤད་པ་ནི། རོ་དྲུག་ཟས་སྐོམ་གང་ཡང་ཟོས་འཐུངས་པ། །བད་ཀན་མྱག་བྱེད་དག་གིས་མྱག་པར་བྱེད། །རོ་མངར་ལྦུ་བ་ཅན་འགྱུར་བད་ཀན་བསྐྱེད། །བར་དུ་མཁྲིས་པ་འཇུ་བྱེད་ཀྱིས་བཞུས་པས། །རྣམ་པ་ཚ་ཞིང་རོ་སྐྱུར་མཁྲིས་པ་འཕེལ། །ཐ་མར་མེ་མཉམ་རླུང་གིས་དྭངས་སྙིགས་ཕྱེ། །ཁ་བར་གྱུར་ཏེ་རླུང་བསྐྱེད་བྱེད་པ་ཡིན། །མངར་བ་ལན་ཚྭའི་ཞུ་རྗེས་མངར་བ་སོགས། །ཞུ་རྗེས་དེ་དག་རོ་ནུས་གཉིས་དང་འགལ། །དཔེར་ན་ལན་ཚྭའི་ཞུ་རྗེས་མངར་བ་དང༌། །རོ་ཡིས་བད་རླུང་སེལ་ཞིང་ཞུ་རྗེས་ཀྱིས། །བད་རླུང་སློང་ཕྱིར་དེ་དག་མ་ཡིན་ཏེ། །བད་མཁྲིས་རླུང་གི་རིམ་པའི་ཞུ་རྗེས་ལ། །སྨན་གྱི་ནུས་པ་འབྱིན་པའི་ཞུ་རྗེས་ནི། །རོ་དྲུག་རང་རང་གང་བཏང་ཚིམ་པར་འཇུ། །ཞེས་བཤད་དོ། །འདིས་ནི་ཁ་ཟས་ཀྱི་འཇུ་ཚུལ་དང་སྨན་གྱི་འཇུ་ཚུལ་མ་མཐུན་པ་དག་གིས་འགལ་བ་སྤོང་མ་ནུས་པ་དག་གིས་ནོངས་པ་ཡིན་ཏེ། སྔ་མ་གཞུང་ཇི་ལྟ་བར་ཁས་བླངས་ནས་གཞུང་ཕྱི་མ་ལ་བརྒལ་བའི་ཕྱིར། འགྲེལ་བའི་མགོར་སྙིང་ཐག་པ་ནས་བཀར་སྒྲུབ་ཅིང་འདིར་རྒོལ་བ་ནང་འགལ་ཞིང༌། ཡང་ན་གཞུང་མ་དག་པ་ལྟར་ཡང་མ་སྨྲས་ལ། སྐབས་འདི་མ་དག་ཏུ་ཆུག་ཀྱང་ཡན་ལག་བརྒྱད་པ་རྩ་འགྲེལ་གྱི་མདོ་གནས་ལེའུ་གསུམ་པར་ཁ་ཟས་ཀྱི་འཇུ་ཚུལ་དང༌། ལེའུ་དགུ་བར་སྨན་གྱི་འཇུ་ཚུལ་འདི་དང་མཐུན་པར་ཇི་ལྟ་བར་བཤད་པའི་ཕྱིར། མཁས་པས་བརྩམས་ལོ་པཎ་ཚད་ལྡན་གྱིས་བསྒྱུར་བའི་བསྟན་བཅོས་ཁུངས་བཙུན་ཡིན་པར་རང་ཉིད་ཀྱིས་ཀྱང་ཁས་བླངས་པས་གཞུང་འདི་གཉིས་ཀ་ལ་རས་གཅོད་བྱས་ནས་རང་གི་འཁྲུལ་པའི་རི་མོ་ཉམས་སུ་ལེན་པའི་མཁས་པ་འདི་ཡང་མིང་ཙམ་བརྡ་ཙམ་བཏགས་པ་ཙམ་དུ་ཟད་དོ། །ཁྱད་པར་དུ་ལན་ཚྭའི་རོས་བད་རླུང་སེལ་བར་བཤད་པ་བདེན་མོད། ཞུ་རྗེས་ཀྱིས་བད་རླུང་སློང་ཞེས་པ་མི་རིགས་ཏེ། ལན་ཚྭའི་ཞུ་རྗེས་མངར་བར་ཞུ་བས་མངར་བས་བད་ཀན་སློང་བ་ཙམ་འཐད་ཀྱང་རླུང་སློང་བར་གང་གིས་འགྱུར། ཁྱོད་རང་ལྟར་ན་རོ་དྲུག་ཟས་སྐོམ་གང་ཡང་ཟོས་འཐུངས་པ། །བད་ཀན་མྱག་བྱེད་དག་གིས་མྱག་པར་བྱེད། །རོ་མངར་ལྦུ་བ་ཅན་འགྱུར་བད་ཀན་བསྐྱེད། །ཅེས་པ་ལ། འོ་ན། ཚ་བས་རླུང་དང་བད་ཀན་སེལ་བྱེད་ལ། །ཞེས་པ་དང༌། རོ་ཚ་བའི་ཟས་སྐོམ་གང་ཟོས་ཀྱང་བད་ཀན་མྱག་བྱེད་ཀྱིས་མྱག་པ་རོ་མངར་ལྦུ་བ་ཅན་འགྱུར་བད་ཀན་བསྐྱེད་པ་གཉིས་ནང་འགལ་ལ་ཟོས་འཐུངས་གང་བྱས་ཀུན་གྱི་ཐོག་མར་བད་ཀན། བར་དུ་མཁྲིས་པ། ཐ་མར་རླུང་བསྐྱེད་པ་འབའ་ཞིག་ཡིན་ན་བཟའ་བཏུང་ཐམས་ཅད་དུག་ཁོ་ན་ལས་གཞན་ཅིར་འགྱུར། རོ་དྲུག་རང་རང་གང་བཏང་འཚམ་པར་འཇུ། །ཞེས་པའི་འཇུ་ཚུལ་དེ་རང་གང་ཡིན། ཞུ་རྗེས་གསུམ་ལས་མང་བ་མེད་ན་ནི་གང་བཏང་འཚམ་པར་འཇུ་བ་དང་འགལ་ལ། དེ་ལས་མང་བར་འདོད་ན་བད་ཀན་མྱག་བྱེད་སོགས་ཀྱི་སྐབས་སུ་གསུམ་བཤད་པ་དང་འགལ་ཞིང༌། ཟླ་ཟེར་ལས། ཕོ་བའི་མེ་དང་ཕྲད་པ་ལས་རོ་རྣམས་རང་གི་རང་བཞིན་ལས་གཞན་དུ་འགྱུར་བ་དེ་ལ་ནི་རྣམ་པ་གསུམ་ཉིད་ཡོད་ཀྱི། དྲུག་ཡོད་ཀྱང་དྲུག་ནི་མ་ཡིན་ནོ། །ཞེས་བཤད་པས་གནོད་ལ། བད་མཁྲིས་རླུང་གི་རིམ་པས་ཞེས་པའི་ཚིག་ལ་དཔགས་ན་རྒྱུ་དང་འབྲས་བུའི་རྣམ་གཞག་ཁས་ལེན་པར་སྣང་བས། སྦྲང་རྩི་ལྟ་བུ་བད་ཀན་མྱག་བྱེད་ཀྱིས་མྱག་པའི་ཚེ་ཞུ་རྗེས་གང་དུ་འགྱུར། མངར་བར་ཞུ་ན་ནི་སྦྲང་རྩིས་བད་ཀན་སེལ་བར་འགལ། གཞན་དུ་ན་རང་ཚིག་ཉམས་པར་འགྱུར་ཞིང་བད་ཀན་ས་ཆུའི་རང་བཞིན་ལ་རོ་གཞན་སྐྱེ་བར་ཡང་འགལ། དེ་བཞིན་དུ་གཞན་རྣམས་ལའང་མཚོན་པའི་དྲི་བ་གོང་དུ་སྨོས་པ་རྣམས་འདིར་ཡང་འཇུག་པར་འགྱུར་རོ། །གཞན་ཡང་རོ་དང་ཞུ་རྗེས་ཀྱི་བྱ་བ་མི་མཐུན་པ་བསམ་ལས་འདས་མོད། དེ་ལྟར་ཡང༌།

ཐམས་ཅད་མཐུན་ན་རོ་ཡིས་ལས་བྱེད་ལ། །རོ་བཞིན་མི་གནོད་ཞུ་རྗེས་ལས་བྱེད་དེ། །རོ་ལས་གོ་ཟློག་ནུས་པས་ལས་བྱེད་པས། །རོ་བསྡེབས་ནུས་བསྡེབས་ཞུ་རྗེས་བསྡེབས་ཏེ་སྦྱར། །ཞེས་གསུངས་པའི་ཕྱིར། དེས་ན་ཁྱོད་ཀྱི་ཁས་ལེན་ཚུལ་འདི་ནི་སྤྱིར་བཏང་དམིགས་བསལ་གྱི་རྣམ་གཞག་ཞིབ་མོའི་བློས་འཇལ་བར་མ་ནུས་པས་ཉེས་པ་འབའ་ཞིག་ཏུ་མཐོང་ངོ༌། །གཉིས་པ་རང་གི་ལུགས་ནི། ཞུ་རྗེས་ཀྱི་སྐབས་འདི་ཁོ་ན་ལའང༌། སྤྱིར་བཏང་བ་རགས་པའི་རྣམ་གཞག ཅུང་ཟད་དམིགས་ཀྱིས་བསལ་བ་ཕྲ་བའི་རྣམ་གཞག ཤིན་ཏུ་དམིགས་ཀྱིས་བསལ་བ་ཕྲ་བའི་ཡང་ཕྲ་བ་སྟེ་རྣམ་པ་གསུམ་གྱི་སྒོ་ནས་འཆད་དོ། །དེ་ལ་དང་པོ་ནི། ལེའུ་གསུམ་པར། ཟས་སྐོམ་སོགས་གང་ཟོས་ཐམས་ཅད་ཀྱང་ཞུ་རྗེས་གསུམ་མམ་མཐར་ཁ་བ་ཉིད་དུ་ཞུ་བར་གསུངས་པ་ནི་སྤྱིར་བཏང་བ་རགས་པ་སྟེ། རོའི་འགྱུར་བ་ཐམས་ཅད་རང་གི་སྐྱེད་བྱེད་འབྱུང་བ་ཤས་ཆེ་ཆུང་ལས་གྲུབ་པ་དེ་བཞིན་དུ་འདིར་ཡང་ཕོ་བར་གནས་པའི་བད་མཁྲིས་རླུང་གསུམ་འབྱུང་བ་ས་ཆུ་མེ་རླུང་གི་མཚན་ཉིད་ཅན་ཡིན་པ་འདི་ཁོ་ནའི་དབང་དུ་བྱས་པའི་བརྗོད་འདོད་ཙམ་དུ་བས་སོ། །དེའང་ཤས་ཆེར་རོ་མངར་བ་རྣམས་ས་ཆུ་ལས་སྐྱེ་ཞིང༌། བད་ཀན་མྱག་བྱེད་ས་ཆུའི་རང་བཞིན་ཅན་ཡིན་པ་དང༌། བད་ཀན་བསྐྱེད་ཅེས་པ་བད་ཀན་ལས་བྱུང་བའི་ཟུག་རྔུ་བསྐྱེད་པ་ནི་མ་ཡིན་ཏེ། ལྦུ་བ་འབྱར་བག་ཅན་བད་ཀན་གྱི་མཚན་ཉིད་དང་རྗེས་སུ་མཐུན་པ་ཙམ་ལ་དགོངས་པ་ཡིན་ལ། དེ་བཞིན་དུ་འཇུ་བྱེད་དང་མེ་མཉམ་གྱི་སྐབས་གཉིས་ལའང་ཤེས་པར་བྱའོ། །འོན་ཀྱང་གསེར་འོད་དམ་པར།  བད་ཀན་ཆེ་བ་ཟོས་མ་ཐག་ཏུ་ལྡང༌། །མཁྲིས་པ་ཆེ་བ་འཇུ་བའི་དུས་སུ་ལྡང༌། །རླུང་ཤས་ཆེ་བ་ཞུ་མ་ཐག་ཏུ་ལྡང༌། །ཁམས་གསུམ་གཡོ་བ་དེ་ནི་དེ་ལྟའོ། །ཞེས་གསུངས་པ་ལྟར། བད་མཁྲིས་རླུང་གསུམ་པོ་བསགས་ཏེ་ཚད་དུ་ལོངས་པའི་གནས་སྐབས་དང་འཕྲད་པར་གྱུར་ན་དེའི་ཚེ་ལྡང་ཞིང་ཟུག་རྔུ་སྐྱེད་པར་བྱེད་པ་ཞིག་ནི་ཅི་ནས་ཀྱང་ཡོད་པས་སྐབས་ཕྱེ་སྟེ་ངེས་དགོས་སོ།།

གཉིས་པ་ཅུང་ཟད་དམིགས་ཀྱིས་བསལ་བ་ཕྲ་བའི་རྣམ་གཞག་ནི། ཞུ་རྗེས་ཕོ་བའི་མེ་དང་ཕྲད་པ་ལས། །བད་མཁྲིས་རླུང་གི་རིམ་པས་ཞུ་རྗེས་ལ། །མངར་དང་ལན་ཚྭའི་ཞུ་རྗེས་མངར་བར་ཞུ། །སྐྱུར་བ་རོ་མཚུངས་ཁ་ཚ་བསྐ་གསུམ་ཁ། །ཞེས་གསུངས་པས་རོའི་ཁྱད་པར་ཅུང་ཟད་དབྱེ་བའི་སྒོ་ནས་བསྟན་ཏེ། དེའང་མངར་བ་དང་ལན་ཚྭ་གཉིས་ཀྱི་མངར་བ་ནི་ས་ཆུ་ལས་སྐྱེས་པས་འབྲས་བུའི་དུས་ནའང་དེ་ཉིད་ཤས་ཆེ་བ་དེ་མྱག་བྱེད་དང་རང་བཞིན་མཐུན་ལ། ལན་ཚྭ་ནི་ཆུ་མེ་ལས་སྐྱེས་པས་ཆུའི་རང་བཞིན་དུ་མཐུན་ཡང་མེའི་རང་བཞིན་ནི་མྱག་བྱེད་ཀྱི་ཆུས་ཉམས་པར་བྱས་པས་ན་གཉིས་ཀའི་ཞུ་རྗེས་མངར་བ་ལས་འོས་ཅི་ཡོད། འདི་གཉིས་འཇུ་བྱེད་དང་ཕྲད་པའི་ཚེ་མངར་བའི་སའི་རང་བཞིན་ནི་མེའི་བུ་ཡིན་ལ། ཆུ་ནི་དགྲ་ཡིན་ཡང་རང་གནས་སུ་རང་སྟོབས་ཆེ་བས་ཆུ་ནུས་ཞི་སྟེ་མི་གསལ། ལན་ཚྭའི་ཡང་ཆུ་ནུས་གོང་དང་འདྲ་ལ། མེ་ནུས་ནང་ཕྲད་ཀྱང་མེ་གཅིག་པུ་ལས་རོ་མེ་སྐྱེ། དེ་བཞིན་དུ་མེ་མཉམ་དང་ཕྲད་པའི་ཚེ་ནའང་རང་གནས་མྱག་བྱེད་ལས་རིང་དུ་སོང་བས་མི་གསལ་དུ་འགྲོ་སྟེ། མངར་བའི་ཆུ་ནུས་འཇུ་བྱེད་ཀྱི་སྐབས་སུ་ཞི་བས་འདིར་རླུང་གི་ས་བོན་ཙམ་ཡང་ལྡང་མི་འཇུག ས་ནུས་ནི་རླུང་གིས་གཏོར་བས་རྒྱུ་མེད་དུ་སོང༌། ལན་ཚྭའི་ཆུ་ནུས་ནི་གོང་དང་མཚུངས་ལ། མེ་རླུང་གི་ནུས་པ་སྟོབས་ཆེར་སོང་སྟེ་ཞུ་རྗེས་ཚ་བ་ཙམ་ཞིག་སྐྱེ་བ་ཡང་ཡོད་དོ། །སྐྱུར་བའི་ཞུ་རྗེས་རོ་དང་མཚུངས་རྒྱུ་ནི་འཇུ་བྱེད་ཀྱི་སྐབས་སུ་ཡིན་ཡང༌། ཐོག་མར་མྱག་བྱེད་དང་ཕྲད་པའི་ཚེ་ཅིར་འགྱུར་ཚུལ་འཆད་དགོས་པས། འདིའི་དགོངས་པ་ནི་སྐྱུར་བ་མེ་ས་ལས་བྱུང་བ་འབྲས་བུའི་དུས་ནའང་དེ་ཉིད་ཤས་ཆེ་བ་དེ་མྱག་བྱེད་ས་ཆུའི་རང་བཞིན་དང་ཕྲད་པའི་དུས་མེ་ནུས་ཞི་བས་མངར་བ་ཙམ་དུ་འཇུ་ཡང་སླར་འཇུ་བྱེད་དང་ཕྲད་པའི་ཚེ་མེ་སྟོབས་རང་གི་ས་བོན་ལས་ལྡང་ཞིང༌། ས་སྟོབས་ནི་གནས་སྐབས་དེ་གཉིས་ཀར་མི་ཉམས་ལ། མེའི་བུ་ཡང་ཡིན་པས་སྟོབས་འཕེལ་ཏེ། ས་མེ་ལས་སྐྱུར་བ་སྐྱེ་བར་གྲུབ་བོ། །སླར་ཡང་སྐྱུར་བ་ནི་མེ་མཉམ་དང་ཕྲད་པའི་ཚེ་ས་ནུས་ནི་རླུང་གིས་གཏོར་ལ། མེ་ཡང་རང་སྟོབས་ཆུང་ན་འཆི་བས་ཞུ་རྗེས་ཧ་ཅང་མི་གསལ་ལོ། །དེ་བཞིན་དུ་ཁ་ཚ་བསྐ་གསུམ་ལས་ཁ་བ་ཆུ་རླུང་གིས་བསྐྱེད་པ་དེ་མྱག་བྱེད་དང་ཕྲད་པའི་སྐབས་སུ་ཆུ་ནང་ཕྲད་ནས་ས་ཆུ་གཉིས་ཀས་རླུང་ལ་གནོད་པས་རང་སྟོབས་མི་གསལ། དེ་ནས་འཇུ་བྱེད་དང་ཕྲད་པའི་ཚེ་མེས་ཆུ་ནུས་སྐེམ་ཞིང༌། རླུང་ས་བོན་ལས་ཀྱང་མི་ལྡང་བས་རང་སྟོབས་འདིར་ཡང་མི་ཐོན། དེ་ནས་མེ་མཉམ་དང་ཕྲད་པའི་དུས་རླུང་ས་བོན་ལས་ལངས་ནས་མ་བུ་ཕྲད་པས་ཆུ་ནུས་ཀྱང་ལྡང་སྟེ་ཆུ་རླུང་ལས་ཞུ་རྗེས་ཁ་བ་སྐྱེ་བར་གྲུབ། ཚ་བ་མེ་རླུང་གིས་བསྐྱེད་པར་མྱག་བྱེད་དང་ཕྲད་པའི་དུས་མེ་ནུས་ནི་ཉམས། རླུང་དགྲ་གཉེན་གཉིས་ཀ་དང་ཕྲད་པས་བཏང་སྙོམས་སུ་ལུས་ཏེ་རང་སྟོབས་མི་གསལ། འཇུ་བྱེད་ཀྱི་སྐབས་མེ་ས་བོན་ལས་ལངས་ནས་མེ་ནུས་ནང་ཕྲད་དེ་ཧ་ཅང་སྟོབས་ཆེས་པས་རླུང་ནུས་བཅོམ་སྟེ་མི་གསལ། མི་མཉམ་དང་ཕྲད་པའི་དུས་སུ་རླུང་ས་བོན་ལས་ལངས་ནས་དེ་གཉིས་ལས་མེ་སྟོབས་སྦར་བས་ཞུ་རྗེས་ཚ་བ་སྐྱེ་བར་འགྲུབ། བསྐ་བ་ས་རླུང་གིས་བསྐྱེད་པ་དེ་མྱག་བྱེད་དང་ཕྲད་པའི་དུས་སུ་ས་ནུས་ནང་ཕྲད་པས་རླུང་ནུས་བཅོམ་སྟེ་མི་གསལ། འཇུ་བྱེད་ཀྱི་སྐབས་སུ་ས་ནི་མ་དང་ཕྲད་ལ། རླུང་ནི་བུ་དང་ཕྲད་པས་མེ་སྟོབས་སྦར་ཏེ་ས་མེ་ལས་སྐྱུར་བ་སྐྱེ་བས་མི་འགལ། དེ་མེ་མཉམ་དང་ཕྲད་པའི་སྐབས་སུ་རླུང་ནང་འཕྲད་པས་ས་ནུས་གཏོར། འཇུ་བྱེད་ཀྱི་ཤུགས་དང་བཅས་པས་མེ་རླུང་ལས་ཞུ་རྗེས་ཚ་བ་སྐྱེ་བར་རིགས་པས་ཡང་དག་པར་གྲུབ་བོ། །དེ་ལྟར་ཡང་འགྲེལ་པ་ཟླ་ཟེར་ལས། ཕོ་བའི་མེ་དང་ཕྲད་པ་ལས། །གང་ཞིག་རོ་གཞན་འབྱུང་འགྱུར་བས། །རོ་རྣམས་ཀྱི་ནི་མཐར་ཞུ་བ། །དེ་ནི་ཞུ་བ་ཞེས་བཤད་དོ། །ཞེས་བྱ་བ་ལ། ཕོ་བའི་མེ་དང་སྨན་འཕྲད་ཅིང་འདུས་པ་ལས་གང་རོ་གཞན་དུ་འགྱུར་བ་སྟེ། མངར་བ་ལ་སོགས་པའི་རོ་གཞན་དག་ཏུ་འབྱུང་བར་འགྱུར་བ་ལས་ཟས་ཀྱི་ལས་ཀྱི་མཐར་ཐུག་པ་ན་མངར་བ་དང་སྐྱུར་བ་དང་ཚ་བའི་རོ་རྣམས་ཀྱིས་ཞུ་བའི་ཐ་མར་གང་ཞིག་ཞུ་ཞིང་སྨིན་པར་གྱུར་པ་དེ་ནི་ཞུ་བ་ཞེས་བྱའོ། །ཞེས་དྲང་སྲོང་དག་གིས་བཤད་དེ། ཇི་ལྟར་མངར་བའི་རོ་ཟོས་པ་ན་མངར་བའི་རོའི་ཁྱད་པར་བྱུང་བར་གྱུར་པ་དེ་ནི་བསྟན་བཅོས་ཤེས་པ་དག་གིས་ཞུ་བ་ཡིན་ནོ། །ཞེས་བཤད་དོ། །དེ་ཉིད་ཀྱི་ཕྱིར་སྨྲས་པ་ནི། །མངར་དང་ལན་ཚྭའི་ཞུ་རྗེས་མངར། །སྐྱུར་བའི་ཞུ་རྗེས་སྐྱུར་བ་ཡིན། །ཁ་དང་ཚ་དང་བསྐ་བ་རྣམས། །ཞུ་རྗེས་ཕལ་ཆེར་ཁ་བ་ཡིན། །ཞེས་བྱ་བ་ལ། མངར་བ་ནི་རོ་ཞིམ་པའོ། །ལན་ཚྭ་ནི་ཚྭ་རྣམས་ཏེ་དེ་གཉིས་ཀྱི་ཞུ་བའི་རྗེས་མངར་བར་འགྱུར་རོ། །རོ་སྐྱུར་བ་ཟོས་པའི་ཞུ་རྗེས་ཀྱང་སྐྱུར་པ་ཉིད་ཡིན་ནོ། །རོ་ཁ་བ་དང་ཚ་བ་དང་བསྐ་བ་རྣམས་ནི་ཕལ་ཆེར་ཁ་བར་འཇུ་བ་ཡིན་ནོ། །དེ་ལ་ཕལ་ཆེར་ཞེས་སྨོས་པས་ནི། ཁ་ཅིག་ཏུ་འདིར་སྨོས་པ་དང་མི་མཐུན་པ་དག་ཀྱང་ཡོད་དེ། འབྲས་བུ་ལ་གནས་པའི་རོ་མངར་བ་ནི་ཞུ་བའི་རྗེས་སྐྱུར་བར་འགྱུར་ལ། དེས་ན་འབྲས་བུ་ནི་མངར་ཡང་ཞུ་རྗེས་སྐྱུར་བ་ཡིན་པས་མཁྲིས་པ་བསྐྱེད་ཅིང་ལྕི་བ་ཡིན་ནོ། །དེ་བཞིན་དུ་ཨ་རུ་ར་དང་བཅའ་སྒ་དང་སྒེའུ་གཤེར་དང་པི་པི་ལིང་ལ་སོགས་པ་ལའང་སྦྱར་བར་བྱའོ། །ཞེས་བཤད་དོ། །དེས་ན་འདི་སྐབས་ཀྱི་གཞག་མཚམས་ནི་དེ་ཙམ་དུ་ཤེས་པར་བྱའོ། །

གསུམ་པ་ཤིན་ཏུ་དམིགས་ཀྱིས་བསལ་བ་ཕྲ་བའི་ཡང་ཕྲ་བ་བཤད་པ་ལ་གཉིས་ཏེ། དངོས་བསྟན་དང་ཤུགས་བསྟན་ནོ། །དང་པོ་ནི། སློབ་དཔོན་གྱིས། འོ་མ་ཕལ་ཆེར་རོ་ཞུ་མངར། །སྣུམ་ཞིང་དྭངས་བསྐྱེད་ལུས་ཟུངས་འཕེལ། །རླུང་དང་མཁྲིས་སེལ་རོ་ཙ་བྱེད། །བད་ཀན་བསྐྱེད་ལྕི་བསིལ་བ་ཡིན། །ཞེས་དང༌། ཞོ་ནི་རོ་དང་ཞུ་རྗེས་སྐྱུར། །རྟུག་སྐམ་ལྕི་ལ་རླུང་ནད་སེལ། །ཞེས་དང༌། བུ་རམ་ཤིང་ཁུ་འཁྲུ་ལྕི་སྣུམ། །ཤ་སྐྱེ་རོ་ཙ་བད་གཅིན་འཕེལ། །བསིལ་ཞིང་ཁྲག་མཁྲིས་སེལ་བ་དང༌། །རོ་དང་ཞུ་རྗེས་མངར་བ་ཡིན། །ཞེས་དང༌། ཨེ་རནྜ་མར་ཚ་ཞིང་ཁ། །ཞུ་རྗེས་མངར་ལྕི་འཁྲུ་བ་ཡིན། །ཞེས་དང༌། ཆང་ནི་དྲོད་འབར་ཡི་ག་འབྱེད། །རྣོ་ཞིང་དྲོད་བསྐྱེད་ཁོང་བརྟ་དགའ། །མངར་བཅས་ཁ་ཞིང་ཚ་བ་དང༌། །ཞུ་རྗེས་སྐྱུར་ཞིང་ཅུང་ཟད་འཁྲུ། །ཞེས་དང༌། གང་གཞན་འབྲས་ནི་བཟང་པོ་རྣམས། །རོ་མངར་ཞུ་རྗེས་མངར་ཞིང་སྣུམ། །རོ་ཙ་བཤང་གཅི་བསྐ་ཞིང་ཆུང༌། །རོ་རྗེས་བསྐ་ཞིང་ཕན་པ་དང༌། །ཞེས་དང༌། ནས་འདྲ་ཧ་ཡ་ན་ཆར་མ། །ནེ་ཤ་ད་ཀ་ལ་སོགས་ནི། །རོ་མངར་དྲོ་ཞིང་ལྕི་ལ་སྣུམ། །ཞུ་བའི་རྗེས་སྐྱུར་བད་མཁྲིས་བསྐྱེད། །ཅེས་དང༌། མོན་སྲན་གྲེའུ་དཀར་སྲན་ཆུང་སོགས། །གང་བུ་ཅན་འབྲུ་རྩ་སྒོ་དགག །རོ་བསྐ་མངར་ཞིང་འཁྲུ་བ་གཅོད། །ཞུ་རྗེས་ཚ་ལ་བསིལ་ཞིང་ཡང༌། །ཞེས་དང༌། རྒྱ་སྲན་ནག་ཚ་ཞུ་རྗེས་སྐྱུར། །ཞེས་དང༌། ཏིལ་འབྲུ་དྲོ་ཞིང་པགས་པ་འཇམ། །བསིལ་ཞིང་སྐྲ་དང་སྟོབས་བསྐྱེད་ལ། །ལྕི་ཞིང་གཅིན་ཉུང་ཞུ་རྗེས་ཚ། །ཡིད་གཞུངས་དྲོད་བསྐྱེད་བད་མཁྲིས་བསྐྱེད། །ཟར་མ་སྣུམ་མངར་ཁ་ཞིང་དྲོ། །ལྕི་ཞིང་བད་ཀན་མཁྲིས་པ་བསྐྱེད། །མིག་གནོད་ཁུ་སྐམ་ཞུ་རྗེས་ཚ། །ལེ་བརྒན་རྩི་འབྲས་དེ་དང་འདྲ། །ཞེས་དང༌། རི་བོང་ཤ་ནི་དྲོད་བསྐྱེད་རྩུབ། །ཞུ་རྗེས་ཚ་ཞིང་འཁྲུ་གཅོད་བསིལ། །ཞེས་དང༌། པ་ཏོ་ལ་ཞིམ་སྲིན་ནད་སེལ། །ཞུ་རྗེས་མངར་ཞིང་ཡི་ག་འབྱེད། །ཅེས་དང༌། ཏན་དུ་ལི་བསིལ་རྩུབ་པ་དང༌། །རོ་མངར་ཞུ་རྗེས་མངར་ཞིང་ཡང༌། །ཞེས་དང༌། ལ་ཕུག་ལ། ནར་སོན་རོ་དང་ཞུ་རྗེས་ཚ། །དྲོད་བསྐྱེད་བྱེད་ཅིང་ཉེས་གསུམ་བསྐྱེད། །ཅེས་དང༌། སྒོག་སྐྱ་རབ་ཏུ་ཚ་ཞིང་རྣོ། །ཞུ་རྗེས་ཚ་ཞིང་འཁྲུ་བ་དང༌། །ཞིམ་ཞིང་སྐྲ་བསྐྱེད་ལྕི་རོ་ཙ། །སྣུམ་ཞིང་དྲོད་བསྐྱེད་ཡི་ག་འབྱེད། །ཅེས་དང༌།

རྒུན་འབྲུམ་འབྲས་བུའི་མཆོག་ཡིན་ཏེ། །རོ་ཙ་མིག་ཕན་བཤང་གཅི་སླ། །མངར་ཞིང་ཞུ་རྗེས་སྣུམ་པ་དང༌། །ཅུང་ཟད་བསྐ་ཞིང་བསིལ་ལ་ལྕི། །ཞེས་དང༌། མོ་ཙ་འབྲ་གོ་པ་ན་ས། །རྒྱ་སྟར་བ་རུ་ཤ་ཀ་དང༌། །ཨ་མྲྀ་ཏ་ལ་ཀསྨར་བཅས། །ར་ཛ་ན་ད་མ་དུའི་འབྲས། །རྒྱ་ཤུག་སོ་པི་ར་ཨང་ཀོལ། །ཕལ་གུ་སླེས་མ་ཏའི་འབྲས་བུ། །ཏ་མལ་བི་ཤུ་སྟར་ཁའི་འབྲས། །མུ་གུ་ལ་དང་རྒྱ་ཁམ་དང༌། །ཨ་རུ་མལ་ན་པི་ཡལ་འབྲས། །བརྟ་བྱེད་ལྕི་ཞིང་བསིལ་བ་ཡིན། །ལུས་ཚ་གློ་རྡོལ་གློ་གཅོང་སེལ། །ཁྲག་དང་མཁྲིས་པ་སྙོམས་པར་བྱེད། །ཞུ་རྗེས་མངར་ཞིང་སྣུམ་པ་དང༌། །བཤང་སྲི་བད་ཀན་ཁུ་བ་འཕེལ། །ཞེས་དང༌། རྩབས་རུ་ཚ་ཡང་ཡིད་འོང་ཞིང༌། །སྒྲེགས་པ་སྦྱོང་ཞིང་དྲི་ཞིམ་ལ། །ཞུ་རྗེས་ཚ་ཞིང་བཤང་སྲི་སེལ། །དྲོད་བསྐྱེད་ཡི་ག་འབྱེད་བྱེད་ཡིན། །ཞེས་དང༌། རྒྱ་མཚོའི་ལན་ཚྭ་ཞུ་རྗེས་མངར། །ལྕི་ཞིང་བད་ཀན་རྣམས་འཕེལ་བྱེད། །ཅེས་དང༌། ཤིང་ཀུན་རླུང་དང་བད་ཀན་སེལ། །གཟེར་འཇོམས་མཁྲིས་པ་བསྐྱེད་བྱེད་དེ། །ཞུ་རྗེས་རོ་ཚ་ཡི་ག་འབྱེད། །དྲོད་བསྐྱེད་ཟས་འཇུ་ཡང་བ་ཡིན། །ཨ་རུ་ར་བསྐ་ཞུ་རྗེས་མངར། །རྩུབ་ཅིང་ལན་ཚྭའི་རོ་མེད་ཡང༌། །ཞེས་དང༌། ཡོན་ཏན་ཅུང་དམན་བ་རུ་ར། །ཞུ་རྗེས་ཚ་མངར་སྐྲ་མིག་ཕན། །ཞེས་དང༌། ན་ལེ་ཤམ་ནི་མཁྲིས་བསྐྱེད་རྣོ། །རྩུབ་ཅིང་དྲོད་བསྐྱེད་ཡི་ག་འབྱེད། །རོ་དང་ཞུ་རྗེས་དག་ཀྱང་ཚ། །བད་ཀན་འཇོམས་ཤིང་ཡང་བ་ཡིན། །པི་པི་ལིང་རློན་བད་བསྐྱེད་མངར། །བསིལ་ཞིང་ལྕི་ལ་སྣུམ་པ་ཡིན། །སྐམ་པོ་དེ་ལས་བཟློག་པ་སྟེ། །སྣུམ་ཞིང་རོ་ཙ་རོ་ཚ་ལ། །ཞུ་རྗེས་མངར་ཞིང་བད་རླུང་དང༌། །ལུད་པ་དབུགས་མི་བདེ་སེལ་འཁྲུ། །ཞེས་དང༌། དོང་གྲ་དྲོད་བསྐྱེད་རོ་ཙ་ལ། །འཁྲུ་གཅོད་ཡིད་འོང་སྒྲེགས་པ་སེལ། །ཡི་ག་འབྱེད་ཡང་ཞུ་རྗེས་མངར། །ཁོང་སྣུམ་དྲོད་ཆེ་བད་རླུང་སེལ། །སྒའུ་གཤེར་དེ་འདྲ། ཞེས་དང༌། བསྡུས་པ་ལས། འབྲུ་ནི་མངར་ཡང་སྐྱུར་བ་ཉིད། །དེ་བཞིན་སེའུ་སྐྱུར་ཡང་མངར། །ཏིལ་མར་ཁ་བར་འགྱུར་བ་དང༌། །པི་པི་ལིང་ཡང་ཁ་བར་འགྱུར། །ཞེས་གསུངས་པས། རོའི་རྗེས་སུ་ཞུ་རྗེས་དང་ནུས་པ་འབྲང་བའི་ཚུལ་ཡང་མང་དུ་ཡོད་མོད་ཀྱི། ཞིབ་ཏུ་ན་འཇུ་ཚུལ་གོང་མ་གཉིས་ཀ་མ་ཡིན་པ་རོ་མངར་བའི་ཞུ་རྗེས་སྐྱུར་བར་ཞུ་ནས་བད་མཁྲིས་བསྐྱེད་པ་དང༌། བསྐ་བའི་ཞུ་རྗེས་ཚ་བར་ཞུ་ནས་ནུས་པ་བསིལ་བ་དང༌། མངར་བའི་ཞུ་རྗེས་ཚ་བར་ཞུ་ནས་བད་མཁྲིས་བསྐྱེད་པ་དང༌། མངར་བའི་ཞུ་རྗེས་ཚ་ལ་ནུས་པ་བསིལ་བ་དང༌། ཚ་བའི་ཞུ་རྗེས་ཚ་བར་ཞུ་ནས་ཉེས་གསུམ་བསྐྱེད་པ་དང༌། ལན་ཚྭའི་ཞུ་རྗེས་ཚ་བར་ཞུ་ནས་དྲོད་བསྐྱེད་པ་དང༌། ལན་ཚྭའི་ཞུ་རྗེས་མངར་བར་ཞུ་ནས་བད་ཀན་འཕེལ་བར་བྱེད་པ་དང༌། ཚ་བའི་ཞུ་རྗེས་ཚ་བས་བད་རླུང་སེལ་བ་དང༌། བསྐ་བའི་ཞུ་རྗེས་མངར་བར་ཞུ་ནས་ནུས་པ་རྩུབ་ཀྱང་ཉེས་ཀུན་སེལ་བ་དང༌། བསྐ་བའི་ཞུ་རྗེས་ཚ་བར་ཞུ་ནས་བཅུད་ལེན་ལ་ཕན་པ་དང༌། ཚ་བའི་ཞུ་རྗེས་མངར་བར་ཞུ་ནས་བད་རླུང་སེལ་བར་བཤད་པ་ལྟ་བུ་བསམ་ལས་འདས་པས་ན། གནས་ཚོད་དུ་ཕོ་བའི་མེ་གསུམ་དང་སྨན་གྱི་རྒྱུ་རྐྱེན་རོ་ནུས་ཞུ་རྗེས་སོགས་མཐའ་གཅིག་ཏུ་དབང་མི་བཙན་པར་སྨན་གྱི་མཐུ་ཞེས་བྱ་བ་སྨན་རང་རང་གི་རང་བཞིན་ཁོ་ན་གཙོ་ཆེ་བ་ཡིན་ཏེ། དེ་ལྟར་ཡང་ཟླ་ཟེར་ལས། དེ་ལ་སྨན་ནི་བཟང་དང་ངན། །ལ་ལ་རོ་ཡིས་ལས་བྱེད་ལ། །གཞན་དག་འཇུ་བས་བྱེད་པ་ཡིན། །ཡོན་ཏན་གཞན་དང་ནུས་པ་དང༌། །མཐུ་ཡིས་ལ་ལ་བྱེད་པ་ཡིན། །ཞེས་བྱ་བ་ལ། དེ་ལ་ཞེས་པ་ནི་ངེས་པར་བཟུང་བ་སྟེ། སྨན་གྱི་རོ་དང༌། ནུས་པ་དང༌། མཐུ་སྟོབས་ཀྱི་ནང་ནས་སྨན་བཟང་བ་དང་ངན་པ་ཞེས་བྱ་བ་སྟེ་ཡོད་པ་དང་མེད་པའི་ལས་སྨན་ལ་ལའི་རོས་བྱེད་པ་དང༌། གཞན་དག་ནི་འཇུ་བས་ལས་བྱེད་པ་དང༌། ལས་བཟང་ངན་གཞན་དག་ནུས་པས་བྱེད་པ་དང༌། ལས་གཞན་དང་གཞན་དག་མཐུ་ཡིས་བྱེད་པ་ཡིན་ནོ། །འདི་དག་ནི་བསྡུས་པ་ལས་རྒྱ་ཆེར་བཤད་དེ། དཔེར་ན་སྦྲང་རྩི་ནི་རོ་མངར་དུ་ཟིན་ཀྱང༌། ཞུ་བའི་རྗེས་ཁ་བ་དང་བསྐ་བ་དང་བཅས་པས་བད་ཀན་ཞི་བར་བྱེད་ཅིང་ནུས་པ་བསིལ་བར་བྱེད་པས་རླུང་སྐྱེད་པར་བྱེད་དོ།།

བརླན་ཅན་གྱི་སའི་ཆུ་ནི་ནུས་པ་དྲོ་བར་ཡིན་པས་མཁྲིས་པ་སྐྱེད་པར་བྱེད་ལ། དེ་བཞིན་དུ་ཏིལ་མར་ནི་ཞུ་རྗེས་ཁ་བ་ཉིད་ཀྱིས་བཤང་གཅི་བསྐྱེད་ལ། རང་སྐྱུར་ཙབ་མོ་ནི་སྐྱུར་ཡང་རྩུབ་ཅིང་དྲོ་བ་ཡིན་པ་དང༌། བིལ་བའི་རྐང་ནི་རྩུབ་པས་མཁྲིས་པ་བསྐྱེད་པ་དང༌། སྐྱུ་རུ་ར་ནི་ནུས་པ་བསིལ་བ་དང་ཞུ་རྗེས་མངར་བས་བད་ཀན་བསྐྱེད་པ་དང༌། ཡང་ཞིང་རྩུབ་ཀྱང་རླུང་མི་བསྐྱེད་པ་དང༌། ལན་ཚྭ་ལྕེ་མྱང་ཚ་ནི་ཞུ་རྗེས་མངར་བས་མཁྲིས་པ་སེལ་ཞིང་ཡང་བས་བད་ཀན་ལ་ཕན་པ་དང༌། པུ་ཤེལ་རྩེ་དང་བཅའ་སྒ་ནི་སྣུམ་ཞིང་དྲོ་བ་དང་ཞུ་རྗེས་མངར་བས་རླུང་སེལ་བ་དང༌། པི་པི་ལིང་ཡང་དེ་དང་འདྲ་བར་རླུང་སེལ་བ་དང༌། སྒོག་སྐྱ་དང་ཀུན་དོང་དག་ནི་སྣུམ་པ་དང༌། ཚ་བ་དང༌། ལྕི་བས་རླུང་སེལ་བར་བྱེད་ལ། དེ་དག་ནི་སྣུམ་དང་ལྕི་བས་བད་ཀན་སྐྱེད་པར་བྱེད་པ་ཡིན་ནོ། །ལ་ཕུག་རྒན་པོ་ནི་ཞུ་རྗེས་མངར་བས་བད་ཀན་བསྐྱེད་ལ། བྲྀ་ཧ་སྟི་དང་ཀནྜ་ཀ་རི་དང་བྱི་ཤ་ལ་ནི་ནུས་པ་ཚ་བ་ས་མཁྲིས་པ་བསྐྱེད་པ་དང༌། ཤ་ནི་ནུས་པ་དྲོ་བས་རླུང་སེལ་ཞིང་མཁྲིས་པ་བསྐྱེད་པ་དང༌། ཀུན་ལད་ཐ་ནི་རོ་བསྐ། ཡང་ཞུ་རྗེས་བསིལ་བས་རླུང་སེལ་ཞིང་མཁྲིས་པ་བསྐྱེད་པ་ཡིན་ནོ། །དེ་ལྟར་ན་དེ་དག་ནི་ཕྱོགས་གཅིག་ཙམ་གྱི་དཔེར་བསྟན་པ་ཡིན་ནོ། །སྨན་གྱི་རོ་སོགས་གང་དང་གང༌། །སྟོབས་ལྡན་ཉིད་ཀྱིས་གནས་བྱེད་དེ། །ཤིན་ཏུ་ཟིལ་མནན་དེ་དང་དེ། །སྒྲུབ་པར་བྱེད་རྒྱུ་ཉིད་དུ་གནས། །ཞེས་བྱ་བ་ལ། སྨན་གྱི་རིགས་སུ་གཏོགས་པའི་རོ་དང་ནུས་པ་དང་འཇུ་བ་དང་མཐུ་རྣམས་གང་དང་གང་ཡིན་པ་དེ་དག་གི་ནང་ནས་སྟོབས་དང་ལྡན་པ་ཉིད་ཀྱིས་སྨན་ལ་གནས་པར་བྱེད་པ་དེས་ནི་སྨན་གྱི་རིགས་དེ་ཤིན་ཏུ་ཟིལ་གྱིས་མནན་ཅིང་སྟོབས་ཆུང་བ་གཞན་དག་ཕམ་པར་བྱས་ནས་གནས་པ་དེ་དང་དེ་ནི་བྱ་བ་གང་སྒྲུབ་པར་བྱེད་པ་དག་གིས་རྒྱུ་ཉིད་དུ་གནས་པར་འགྱུར་ཞིང་བསྒྲུབ་པར་བྱ་བ་སྒྲུབ་པར་བྱེད་པ་ཡིན་ནོ། །དེ་ཡང་རོས་ནི་འདི་བྱས་སོ། །ནུས་པས་ནི་འདི་བྱས་སོ། །སྟོབས་ཀྱིས་ནི་འདི་བྱས་སོ། །འཇུ་བས་ནི་འདི་བྱས་སོ། །ཞེས་བྱ་བ་ལྟ་བུའོ། །དོན་འདི་ཉིད་ཀྱི་དཔེར་བརྗོད་པ་བསྡུས་པ་ལས་སྤྲོས་ཏེ་བཤད་པ་འདི་བསྟན་པ་ཡིན་ལ། གང་འདི་ལྟར་རོ་ལ་སོགས་པའི་རིགས་སུ་གཏོགས་པས་རོ་གཞན་དག་ལ་སྟོབས་དང་ལྡན་པར་གནས་ཤིང༌། དེ་དང་དེ་ཉིད་ཤིན་ཏུ་ཟིལ་གྱིས་མནན་ནས་སྒྲུབ་པའི་རྒྱུ་ཉིད་དུ་བྱེད་ཀྱི། རང་དང་གཞན་གྱི་སྟོབས་ཀྱི་སྨན་ལ་རྣམ་པ་གནས་པ་དང༌། སྟོབས་དང་ལྡན་པ་དང༌། སྟོབས་ཆུང་བ་དང༌། གཉིས་ཀའི་ཚུལ་གྱིས་རང་རང་གི་ལས་བྱེད་པ་ཡིན་པས་ན་དེའི་ཕྱིར་འདིར་བསྟན་པར་བྱ་བ་སྨྲས་པ་ནི། ཡོན་ཏན་མི་འཕྲོད་སྦྱར་བ་ནི། །མང་པོས་ཉུང་ངུ་ཟིལ་གྱིས་གནོན། །ཞེས་བྱ་བ་ལ། གང་གི་ཕྱིར་ཡོན་ཏན་མི་འཕྲོད་པ་དག་སྦྱར་ཞིང་བསྲེས་པ་ན་མང་པོ་སྟོབས་དང་ལྡན་པའི་སྟོབས་ཆུང་ངུ་ཟིལ་གྱིས་གནོན་ཅིང་རྒྱལ་བར་བྱེད་དོ། །ཡོན་ཏན་མི་འཕྲོད་ཅེས་བྱ་བ་འདིར་ནི་རྫས་མི་འཕྲོད་པའི་སྦྱོར་བ་ལ་བྱ་ཡི་ཡོན་ཏན་མི་འཕྲོད་པ་ཉིད་དུ་ནི་སྨྲ་བར་རིགས་པ་མ་ཡིན་ནོ། །དེའང་དྲང་སྲོང་ཙ་ར་ཀས་བཤད་པ། སྦྱོར་བ་ནི་རྫས་གཉིས་སམ་མང་པོ་སྦྱར་བ་ཡིན་ལ། དེ་ལ་མི་འཕྲོད་པ་ནི་གཉིས་ཏེ། རང་བཞིན་མི་འཕྲོད་པ་དང་འབྲས་བུ་མི་འཕྲོད་པའོ། །རང་བཞིན་མི་འཕྲོད་པ་ནི་གཉིས་ཏེ། རང་བཞིན་མི་འཕྲོད་པ་དང་འབྲས་བུ་མི་འཕྲོད་པའོ། །རང་བཞིན་མི་འཕྲོད་པ་ནི་དཔེར་ན་སྨན་ཡང་བ་དང་ལྕི་བ་སྦྱར་བ་དང༌། ཚ་བ་དང་བསིལ་བ་སྦྱར་བ་ལ་སོགས་པའོ། །འབྲས་བུ་མི་འཕྲོད་པ་ནི་དཔེར་ན་རླུང་གི་ནད་སེལ་བའི་ཕྱིར་སྨན་རྩུབ་པ་དང་དྲོ་བ་ལྷན་ཅིག་ཏུ་སྦྱར་བ་དང༌། དེ་བཞིན་དུ་བསིལ་བ་དང་དྲོ་བ་ལྷན་ཅིག་སྦྱར་བ་ལ་སོགས་པའོ། །དེ་ལྟར་ནི་རང་བཞིན་གྱི་ཡོན་ཏན་མི་འཕྲོད་པའི་སྨན་གྱི་སྦྱོར་བ་དང༌། དེ་བཞིན་དུ་འབྲས་བུ་མི་འཕྲོད་པའི་སྨན་གྱི་སྦྱོར་བ་ཕན་ཚུན་རིགས་མི་མཐུན་པའི་སྦྱོར་བ་དེ་ལ་གང་རྫས་ཀྱི་རིགས་ཉུང་ངུས་རྫས་ཀྱི་རིགས་མང་པོ་ཟིལ་གྱིས་མནན་ནས་དེ་ཉིད་རྒྱུ་ཉིད་དུ་བྱ་བ་སྒྲུབ་པར་བྱེད་པ་གནས་པར་མཐོང་ངོ༌། །དེ་ཡང་དཔེར་ན་སྦྲང་རྩི་ནི་མངར་དུ་ཟིན་ཀྱང་བད་ཀན་ཞི་བར་བྱེད་དེ། རོ་མངར་བ་ནི་བད་ཀན་སྐྱེད་པར་བྱེད་པ་ཡིན་ཡང༌། སྦྲང་རྩིས་བད་ཀན་ཞི་བར་བྱེད་པ་ནི་མི་མཐུན་པ་མི་འཕྲོད་ཡོན་ཏན་དང་ལྡན་པའི་ཕྱིར་རོ། །དེ་ལྟར་ན་རིགས་མཐུན་པའི་སྦྱོར་བ་མཚན་ཉིད་འདྲ་བ་ལས་ཀྱང་གང་ཞིག་གང་གིས་ཟིལ་གྱིས་མནན་ནས་རང་རྒྱུད་དུ་གྲུབ་པ་ཡིན་པར་སོམ་ཉིར་གྱུར་པ་དེ་དགག་པར་བྱ་བའི་ཕྱིར་འདིར་སྨྲས་པ་ནི། རོ་དང་འཇུ་བ་མཐུ་དག་ནི། །དེ་ཡི་སྟོབས་ཀྱི་ཟིལ་གྱིས་གནོན། །ཞེས་བྱ་བ་ལ། རོ་དང་ནུས་པ་དང་འཇུ་བ་དང་སྟོབས་རྣམས་ནི་ཇི་ལྟར་ལྷན་ཅིག་ཏུ་སྦྱར་ཞིང་ནུས་པ་མཉམ་པ་ཡིན་དུ་ཟིན་ཀྱང༌། རང་བཞིན་གྱི་འཇུ་བས་ནི་རོ་ཟིལ་གྱིས་གནོན་ཏེ། དེའི་ནུས་པ་མེད་པར་བྱས་ནས་རང་གི་བྱ་བ་བསྟན་པའི་སྒོ་ནས་དེའི་ནུས་པ་ཟིལ་གྱིས་མནན་ནས་རང་གི་ནུས་པ་གསལ་བར་སྟོན་ཏོ། །དེ་བཞིན་དུ་རོ་དང་རོ་ཞུ་བའི་དེ་གཉིས་ཀྱང་མཐུས་ཟིལ་གྱིས་གནོན་ལ། རོ་དང་འཇུ་བ་དང་མཐུ་དེ་རྣམས་སྟོབས་ཀྱི་ཟིལ་གྱིས་གནོན་པ་ཡིན། རོ་སོགས་དེ་ལྟར་སྟོབས་ནི་མཉམ། །མ་བཅོས་པ་ནི་སྟོབས་དང་ལྡན། །ཞེས་བྱ་བ་ལ། རོ་དང་འཇུ་བ་དང་མཐུ་དང་སྟོབས་རྣམས་ནི་དེ་ལྟར་ཞེས་པ་རྣམ་པ་འདིས་སྟོབས་མཉམ་ཞིང་མཚུངས་པ་ཡིན་ལ།

འདིའི་སྟོབས་ནི་རོ་ལ་སོགས་པ་ལ་དམིགས་ནས་མ་བཅོས་པ་གང་ཡིན་པ་དེ་ནི་སྟོབས་དང་ལྡན་པར་བཤད་དེ། རྫས་གང་གི་རོ་མངར་བ་དེ་ཇི་སྐད་བཤད་པ་བཞིན་དུ་འཇུ་བ་མངར་བ་དང་ལྡན་པ་དང༌། དེ་བཞིན་དུ་ནུས་པ་བསིལ་བ་དང་ལྡན་པ་ནི་སྟོབས་ཆེ་བ་ཡིན་ལ། དེ་བཞིན་དུ་རོ་སྐྱུར་བ་ལའང་ཇི་སྐད་བཤད་པའི་ཞུ་རྗེས་སྐྱུར་བ་དང་ལྡན་ཞིང་དེ་བཞིན་དུ་ཚ་བའི་ནུས་པ་དང་བཅས་པ་དང༌། དེ་བཞིན་དུ་འོ་མ་དང༌། ཆང་དང༌། ན་ལེ་ཤམ་སོགས་ལས་འོ་མ་ནི་རོ་མངར་ལ་འཇུ་བ་དང་ནུས་པ་བསིལ་བ་དང༌། ཆང་ནི་རོ་སྐྱུར་ལ་འཇུ་བ་དང་ནུས་པ་དྲོ་བ་དང༌། ན་ལེ་ཤམ་ནི་རོ་ཚ་ལ་འཇུ་བ་དང་ནུས་པ་དྲོ་བར་བྱེད་པ་སྟེ། སྨན་དེ་དག་ནི་རོ་དང་འཇུ་བ་དང་ནུས་པ་དང་སྟོབས་དག་སྟོབས་མཉམ་པས་མ་བཅོས་པའི་སྟོབས་དང་ལྡན་པ་ཞེས་བྱ་བ་ཡིན་པར་ཤེས་པར་བྱའོ། །ཁོ་བོ་ཅག་གིས་རོ་དང་འཇུ་བ་དང་ནུས་པའི་རང་བཞིན་ཇི་ལྟ་བུ་ཡིན་པ་ནི་ལས་ལས་རྗེས་སུ་དཔག་པས་ཤེས་ན། འཇུ་ཞེས་བྱ་བའི་རང་བཞིན་ཤེས་པར་དཀའ་བས་དེ་མི་ཤེས་པར་ཐེ་ཚོམ་དུ་གྱུར་ནས་མཐུ་ནི་གང་ཞིག་ཡིན། གང་ལས་ནི་རྗེས་སུ་དཔག་པར་བྱ་ཞེ་ན་སྨྲས་པ་ནི། རོ་སོགས་མཉམ་པའི་ལས་གང་ནི། །ཁྱད་འཕགས་དེ་ནི་མཐུ་ལས་སྐྱེས། །ཞེས་བྱ་བ་ལ། རོ་ལ་སོགས་པ་མཉམ་ཞིང་མཚུངས་པ་ཉིད་ཀྱི་ལས་གང་ཁྱད་པར་དུ་འཕགས་པ་སྨན་གང་ལ་སྣང་བ་དེ་ནི་མཐུ་ལས་སྐྱེས་པ་ཡིན་པར་ཤེས་པར་བྱའོ། །རྗེས་སུ་དཔགས་པ་དེས་ན་མཐུ་ཞེས་བྱ་བར་ཤེས་པར་བྱ་སྟེ། འདི་ནི་རྫས་ཀྱི་མཐུ་ཡིན་ནོ། །དེའང་སྨན་གཉིས་རོ་དང་འཇུ་བ་དང་ནུས་པ་མཉམ་དུ་ཟིན་ཀྱང༌། དེ་ལས་སྨན་གཅིག་ལས་གཞན་བྱེད་ལ། གཅིག་ཤོས་ཀྱང་ལས་གཞན་བྱེད་པ་ཉིད་ཡིན་ཏེ། དེས་ནི་སྟོབས་དང་སྟོབས་ཉིད་ཡོད་པ་ཉིད་དུ་ཤེས་པར་བྱའོ། །དེ་ལྟར་ན་སྨན་རེ་རེ་འཇུག་པ་དང་བཟློག་པའི་མཚན་ཉིད་ཅན་གྱི་ཆོས་རང་གི་རང་བཞིན་དངོས་པོ་རྐྱེན་སྣ་ཚོགས་ལས་བྱུང་བའི་ངེས་པར་བྱེད་པའི་མཚན་ཉིད་ཅན་དེ་ནི་མཐུ་ཞེས་བྱ་སྟེ། དངོས་པོ་གཞན་གྱི་མཐུ་ནི་མ་ཡིན་ནོ། །དན་ཏི་དང་ནི་ཙི་ཏྲ་ཀ །རོ་སོགས་མཚུངས་ཀྱང་དན་ཏི་འཁྲུ། །ཤིང་མངར་རྒུན་འབྲུམ་འདྲ་ཡང་འཁྲུ། །འོ་མ་མར་འདྲ་མར་དྲོད་བསྐྱེད། །ཅེས་བྱ་བ་ལ། དེ་ལྟར་ན་སྨན་དན་ཏི་དང་ཙི་ཏྲ་ཀ་ནི་རོ་དང་ནུས་པ་དང་ཞུ་བའི་རྗེས་མཚུངས་ཏེ། ཙི་ཏྲ་ཀ་ལ་རོ་དང་ནུས་པ་དང་ཞུ་བའི་རྗེས་གང་དག་ཡོད་པ་དེ་དག་དན་ཏི་ལ་ཡོད་དུ་ཟིན་ཀྱང༌། དན་ཏི་ནི་རང་གི་མཚན་ཉིད་ཀྱིས་འཁྲུ་བར་བྱེད་པ་ཡིན་གྱི་ཙི་ཏྲ་ཀ་ནི་མ་ཡིན་ཏེ། དེ་ལྟ་བུའི་ཁྱད་པར་གྱི་ཆོས་ལ་མཐུ་ཞེས་བྱའོ། །དེ་བཞིན་དུ་ཤིང་མངར་དང་རྒུན་འབྲུམ་རོ་མངར་བ་ལ་སོགས་པར་མཐུན་དུ་ཟིན་ཀྱང༌། རྒུན་འབྲུམ་འཁྲུ་བར་བྱེད་ཀྱི་ཤིང་མངར་ནི་མ་ཡིན་ནོ། །དེ་བཞིན་དུ་འོ་མ་དང་མར་རོ་ལ་སོགས་པ་མཚུངས་སུ་ཟིན་ཀྱང་འོ་མ་ནི་འོ་མར་གྱུར་པས་དྲོད་མི་བསྐྱེད་ཀྱི་མར་གྱིས་དྲོད་བསྐྱེད་དོ། །དེ་བཞིན་དུ་ཐམས་ཅད་ཀྱང་མཐུ་ལས་གྱུར་པ་ཡིན་ནོ། །ཞེས་བྱ་བར་སྦྱར་རོ། །འདི་ལྟར་རེ་ཞིག་དངོས་པོ་ཐམས་ཅད་ལའང་སྤྱི་དང་ཁྱད་པར་གྱིས་ཁྱབ་པ་ཡིན་ནོ། །དེའི་ཕྱིར་སྨྲས་པ་ནི། དེ་ལྟར་སྨན་ལ་སོགས་པ་ཡིས། །སྤྱི་ཡི་ལས་ཏེ་དེ་ཡང་ནི། །ཞེས་བྱ་བ་ཡིན་ཏེ། དེ་ལྟར་ཞེས་བྱ་བའི་སྒྲ་ནི་ཡོངས་སུ་རྫོགས་པའི་ཚིག་གམ་རྣམ་པའི་དོན་ཏོ། །དེ་ཡང་སྨན་ལ་སོགས་པའི་རོ་དང་འཇུ་བ་དང་ནུས་པ་དང༌། མཐུའི་སྤྱིའི་ལས་རྫོགས་པ་ཡིན་གྱི། ཁྱད་པར་གྱི་ནི་མ་ཡིན་ཏེ། དེ་རྩོམ་པར་བྱེད་པའི་འབྱུང་བ་ཆེན་པོའི་སྤྱི་ལས་འབྱུང་བས་ན་ཅིའི་རྐྱེན་ཅིའི་རྒྱུ་ལས་བྱུང་བ་ཞེས་བྱ་བའི་བར་དུའོ། །ཡང་ན་རྣམ་པའི་དོན་ཏེ་རྣམ་པ་འདིས་སྨན་ལ་སོགས་པའང་སྤྱིའི་ལས་ཉིད་ཀྱིས་བཤད་ཀྱི། ཁྱད་པར་གྱི་ནི་མ་ཡིན་ཏེ། འབྱུང་བ་ཆེན་པོ་དག་གི་སྨན་ལ་སོགས་པའང་སྤྱིའི་ལས་ཉིད་ཀྱིས་བཤད་ཀྱི། ཁྱད་པར་གྱི་ནི་མ་ཡིན་ཏེ། འབྱུང་བ་ཆེན་པོ་དག་གི་སྨན་ལ་བརྟེན་པའི་རོ་དང་མཐུ་ལ་སོགས་པ་ཇི་ལྟར་བསྐྱེད་པ་སྤྱིའི་རྒྱུ་ཡིན་པར་བསྟན་པ་བཞིན་དུ་དེ་ལས་ཀྱང་སྤྱི་ཙམ་དུ་བསྟན་ཏོ། །ཞེས་བྱ་བའི་དོན་ཏོ། །དེ་ལྟར་སྨན་ལ་སོགས་པ་སྤྱིའི་ལས་བཤད་ནས་ཁྱད་པར་གྱི་དབྱེ་བས་སྨན་དེ་རྣམས་རེ་རེ་བཞིན་ལས་གཞན་དང་གཞན་བྱེད་པའི་ཚུལ་སྨྲས་པ་ནི། སྣ་ཚོགས་རྐྱེན་གྱི་དབྱེ་བ་ཡིས། །སྨན་དབྱེ་ཐ་དད་གྱུར་པ་ཡིན། །ཞེས་བྱ་བ་ལ། སྤྱིར་བཤད་པའི་སྨན་གྱི་རོ་དང་འཇུ་བ་ནུས་པ་ལ་སོགས་པའི་ལས་དེ་ཡང་ཐ་དད་པར་འགྱུར་བ་ཡིན་ཞིང་བྱེ་བྲག་ཏུ་འགྱུར་བ་ཡིན་ནོ། །གང་གིས་ཐ་དད་པར་འགྱུར་ཞེ་ན། སྣ་ཚོགས་པའི་རྐྱེན་གྱི་དབྱེ་བས་ཐ་དད་པར་འགྱུར་བ་ཡིན་ཏེ། སྣ་ཚོགས་པའི་རྐྱེན་གྱིས་རྣམ་པ་ཐ་དད་པའི་ཚུལ་དུ་གནས་པའི་འབྱུང་བ་ཆེན་པོ་རྣམས་ལ་བྱ་ལ། དེ་ཡང་སེམས་ཅན་ཐ་དད་པ་རྣམས་ཀྱི་སྔོན་དགེ་བ་དང་མི་དགེ་བ་བྱས་པའི་ལས་ལས་བྱུང་བའི་འབྱུང་བ་ཆེན་པོ་དེ་རྣམས་སྣ་ཚོགས་ཀྱི་ཐ་དད་པ་དེ་ལྟ་བུར་ཡོངས་སུ་གྱུར་པའི་རྐྱེན་སྣ་ཚོགས་པ་རྣམས་ཀྱིས་བསྐྱེད་པའི་སྨན་དེ་རྣམས་ཀྱི་དབྱེ་བ་ནི་ཁྱད་པར་ཏེ། ཁྱད་པར་གྱི་དབྱེ་བ་དེས་སྤྱིར་བཤད་པའི་སྨན་རྣམས་ལས་དབྱེ་བ་ཐ་དད་པར་འགྱུར་ཞིང་དུ་མ་ཉིད་དུ་གནས་པ་ཡིན་ལ། རོ་ལ་སོགས་པ་ཡང་སྨན་ལ་བརྟེན་པ་ཡིན་པས་དེ་རྣམས་ཀྱི་ལས་ཀྱང་སྨན་གྱི་དབྱེ་བ་ལས་ཐ་དད་པར་འགྱུར་བ་ཡིན་ནོ། །དེ་ལྟར་སྨན་རྣམ་པ་གཉིས་པོ་ལས་ལ་ལ་ནི་རོ་རྩོམ་པར་བྱེད་པའི་རྐྱེན་གྱིས་མཚུངས་པར་བསྐྱེད་པ་ཡིན་ལ། ལ་ལ་ནི་ནུས་པ་བསྐྱེད་པའི་རྐྱེན་གྱིས་མཚུངས་པར་བསྐྱེད་པ་ཡིན་པས་རྐྱེན་སྣ་ཚོགས་པ་ཉིད་དུ་གནས་པ་ཡིན་ཏེ། དེ་དག་གི་ཕྱོགས་གཅིག་གི་དཔེ་བསྟན་པར་བྱ་བའི་ཕྱིར་སྨྲས་པ་ནི། གྲོ་དང་ནས་ནི་མངར་བ་དང༌། །ལྕི་བས་རླུང་འཇོམས་སྐྱེད་བྱེད་ཡིན། །ཉ་དྲོ་འོ་མ་བསིལ་བ་དང༌། །སེང་གེ་ཁ་ཡི་ཕག་མ་ཡིན། །ཞེས་བྱ་བ་ལ། གྲོ་དང་ནས་དག་ནི་རོ་མངར་བ་དང་ཡོན་ཏན་ལྕི་བ་དང་ལྡན་པ་ཡིན་དུ་ཟིན་ཀྱང༌། གྲོས་ནི་རླུང་འཇོམས་པར་བྱེད་ལ། ནས་ཀྱིས་ནི་རླུང་སྐྱེད་པར་བྱེད་པ་ནི་རྐྱེན་སྣ་ཚོགས་པ་ལས་བྱུང་བ་ཉིད་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་རྐྱེན་སྣ་ཚོགས་པ་ལས་བྱུང་བས་ཉ་ནི་རོ་མངར་དུ་ཟིན་ཀྱང་ནུས་པ་དྲོ་བ་ཡིན་གྱི་གྲང་བ་མ་ཡིན་ལ། འོ་མ་ནི་རོ་མངར་བ་ཡིན་ཡང་ཞུ་རྗེས་དང་ནུས་པ་བསིལ་བ་ཡིན་གྱི་དྲོ་བ་ནི་མ་ཡིན་ནོ། །དེ་བཞིན་དུ་རྐྱེན་སྣ་ཚོགས་པ་ལས་བྱུང་བའི་ཕྱིར་སེང་གེའི་ཤ་ནི་མངར་དུ་ཟིན་ཀྱང་ཞུ་རྗེས་ལ་སོགས་པ་ཁ་བ་ཡིན་ལ། ཕག་གི་ཤ་ནི་རོ་མངར་བ་ཡིན་པ་ལས་ཞུ་རྗེས་ལ་སོགས་པ་ཡང་མངར་བ་ཉིད་ཡིན། དེ་ལྟར་ན་ཐམས་ཅད་ཀྱང་རྐྱེན་སྣ་ཚོགས་པ་ལས་བྱུང་བའི་ཕྱིར། རོ་དང་ཞུ་རྗེས་དང་ནུས་པ་ཐ་དད་པར་གྱུར་པ་ཡིན་པར་དཔེས་རིམ་པ་བཞིན་དུ་བསྟན་པ་ཡིན་ནོ། །ཞེས་རྒྱས་པར་བཤད་པ་ལྟར་ལེགས་པར་རྟོགས་པར་བྱའོ། །དེས་ན་ཚུལ་འདི་ལྟ་བུ་ལས་འདས་ནས་ཞིབ་ཏུ་དཔྱད་པར་མི་བྱ་སྟེ། རིགས་པས་དཔྱད་མི་བཟོད་པའི་དངོས་པོ་ཡིན་པའི་ཕྱིར་དང༌། ཀུན་རྫོབ་བདེན་མེད་དུ་འཇིག་པར་འགྱུར་བའི་ཕྱིར་རོ།།

གཉིས་པ་ཤུགས་བསྟན་ནི། སྨན་གྱི་རོ་བཤད་པའི་སྐབས་སུ། ག་བུར་ཆུ་མ་རྩི་ལ་སོགས་པ་ཡི། །ལྡན་པའི་རོ་རྣམས་དེ་ལ་བསྒྲེས་ཏེ་དཔྱད། །ཅེས་གསུངས་པའི་རིགས་པས་རྐྱང་བའི་རོ་དྲུག་གི་ཞུ་རྗེས་དེ་ལྟར་འབྱུང་བ་ལས་རྗེས་སུ་དཔགས་པས་སྨན་གཅིག་ལ་རོ་དྲུག་ག་ལྡན་པ་དང༌། ལྔ་ལྡན་བཞི་ལྡན་སུམ་ལྡན་ཉིས་ལྡན་ལྟ་བུ་དང༌། རོ་སྟོབས་ཀྱི་སྦྱོར་བ་ཇི་སྙེད་ཅིག་ཡོད་པ་རྣམས་ཀྱི་ཞུ་རྗེས་ཀྱང་ཤེས་དགོས་ཏེ། འདི་ཡང་སྔར་བཤད་པ་དང་འདྲ་བར་སྤྱིར་བཏང་དུ་ཕོ་བའི་བད་མཁྲིས་རླུང་གསུམ་གྱི་ཁམས་གཙོ་ཆེ་བའི་དབང་དུ་བྱས་ནས་དུས་ལ་བལྟོས་པའི་ཞུ་རྗེས་གསུམ་དང༌། ཅུང་ཟད་དམིགས་ཀྱིས་བསལ་བ་མྱག་བྱེད་སོགས་ཀྱི་ཁམས་དང་རོ་རྣམས་ཀྱི་ཁམས་ཕན་ཚུན་འཕྲད་པ་གཙོ་ཆེ་བའི་དབང་དུ་བྱས་ནས་ཞུ་རྗེས་གསུམ་སོ་སོར་འབྱུང་ཚུལ་དང༌། ཤིན་ཏུ་དམིགས་ཀྱིས་བསལ་བ་སྨན་དང་རང་རང་གི་མཐུ་ཉིད་གཙོ་ཆེ་བར་དོན་ལ་གནས་པ་ལྟར། མྱག་བྱེད་སོགས་དང་རོའི་ཁམས་གང་ལའང་མ་བལྟོས་པའི་ཞུ་རྗེས་གསུམ་རང་སྟོབས་ཀྱིས་འབྱུང་བའི་ཚུལ་ལས་ནམ་ཡང་འདའ་བ་མེད་ལ། དེ་བཞིན་དུ་སྦྱར་བའི་ཁྱད་པར་ལས་བྱུང་བའི་སྨན་ཞི་སྦྱང་གི་སྦྱོར་སྡེ་རེ་རེ་བ་རྣམས་ཀྱི་ཞུ་རྗེས་ཀྱང་མཚུངས་མོད། འོན་དུ་ཟིན་ཀྱང་ཞི་སྦྱང་གི་སྨན་མཐའ་དག་ཀུན་ཀྱང་འོག་ནས་ནུས་པ་སོ་སོར་བཤད་པའི་སྐབས་བཞིན། རྫས་རང་རང་གི་ནུས་པ་གནས་ཚོད་དང་མཐུན་པ་སྟོབས་ཆེ་བའི་དབང་དུ་བྱས་ནས་ནུས་བསྡེབས་འབའ་ཞིག་ཏུ་སྦྱར་བ་ཡིན་པས། དཔྱད་པ་སྔ་མ་གཉིས་ཀྱི་དབང་དུ་ཅུང་ཟད་ཀྱང་མི་འགྲོ་བར་དཔྱད་པ་གསུམ་པ་ཤིན་ཏུ་དམིགས་ཀྱིས་བསལ་བ་ཁོ་ན་ལྟར་དོན་ལ་གནས་པ་ཡིན་ནོ། །འདིར་ཡང༌། སྤྱིར་བཏང་བ་ལ་དམིགས་ཀྱིས་བསལ་བ་ཁོ་ན་ལྟར་དོན་ལ་གནས་པ་ཡིན་ནོ། །འདིར་ཡང༌། སྤྱིར་བཏང་བ་ལ་དམིགས་ཀྱིས་བསལ། །བསྟན་བཅོས་ཀུན་ལ་རབ་ཏུ་གཅེས། །ཞེས་བྱ་བའི་རྣམ་པར་གཞག་པ་ཅི་ནས་ཀྱང་དྲན་པར་བྱའོ། །གསུམ་པ་རྩོད་པ་སྤང་བ་ནི། དེ་ལྟར་སྤྱིར་བཏང་དམིགས་བསལ་གྱི་དབང་གིས་འཆད་ཚུལ་སྔ་མ་གཉིས་དབང་མི་བཙན་པར་ཕྱི་མ་ཁོ་ན་ལ་ཡིད་རྟོན་དགོས་ན། སྔ་མ་དོན་ལ་མི་གནས་པའི་བཤད་པ་སྨོས་པ་ལ་དགོས་པ་ཅི་ཡོད་དེ། ཡི་གེའི་ལས་སུའང་ཆེའོ་ཞེ་ན་བདེན་ཏེ། བདེ་བར་གཤེགས་པའི་གསུང་རབ་དགོངས་འགྲེལ་དང་བཅས་པ་ཀུན་གྱི་བཞུགས་ཚུལ་གྱི་གཤིས་ལ་གནས་པ་མ་ཐོས་པ་དང༌། ཐོག་མར་རགས་པ་ཙམ་བཤད་ནས་རྗེས་ལ་ཞིབ་ཏུ་འཆད་པའི་རྣམ་གཞག་མ་མཐོང་བ་དང༌། ཐོག་མར་རགས་པ་ཙམ་བཤད་ནས་རྗེས་ལ་ཞིབ་ཏུ་འཆད་པའི་རྣམ་གཞག་མ་མཐོང་བ་དང༌། ཁྱད་པར་འདི་སྐབས་ཀྱི། དང་པོ་རོ་དྲུག་ཟས་སྐོམ་གང་ཟོས་པ། །ཞེས་སོགས་ཕོ་བའི་མེ་དྲོད་གཙོ་བོར་འཆད་པའི་སྐབས་ཡིན་པས་མྱག་བྱེད་སོགས་དབང་བཙན་པར་མཛད་པ་དང༌། དེས་ན། མངར་དང་ལན་ཚྭའི་ཞུ་རྗེས་མངར་བར་ཞུ། །ཞེས་སོགས་སྨན་གྱི་རོ་གཙོ་བོར་འཆད་པའི་སྐབས་ཡིན་པས་རོ་སྐྱེ་བའི་རྒྱུ་དབང་བཙན་པར་མཛད་པ་དང༌། ཐ་མ་ནུས་སྦྱོར་གྱི་སྐབས་སུ་དོན་གྱི་གནས་ཚོད་གཙོ་བོར་མཛད་ནས་གསུངས་པའི་རྣམ་དབྱེ་ཙམ་ཡང་མ་གོ་བར་ཟད་པས་རྣམ་པར་འཁྱམས་པའོ། །ཡང་ཡན་ལག་བརྒྱད་པའི་མདོ་ནས་ལེའུ་དང་པོ་ཞུ་རྗེས་ཐ་མ་ཚ་བར་བཤད་པ་སོགས་ཀྱི་ལུང་རིགས་ཀྱིས་ཁྱོད་རང་ལའང་གནོད་སྙམ་ན། སྔར་ཤིན་ཏུ་དམིགས་བསལ་གྱི་སྐབས་སུ་བཤད་པ་ལྟར་སྨན་ལ་ལའི་ཞུ་རྗེས་ཐ་མ་ཚ་ཞིང་ལ་ལའི་ཞུ་རྗེས་ཐ་མ་ཁ་བར་ཞུ་བའི་དཔེར་བརྗོད་གོང་དུ་དྲངས་པ་རྣམས་ཀྱི་དགོངས་པས་གཉིས་ཀ་འཐད་ཅིང་མི་འགལ་ལ། དེ་ལྟར་ཡང་ཞུ་རྗེས་བཞིར་ཐལ་བའི་སྐྱོན་ཡང་མི་འཇུག་སྟེ། ཞུ་རྗེས་ཐ་མ་ཚ་ཁ་གང་རུང་གཅིག་ཏུ་ཞུ་བ་དེ་སླར་ཡང་གཅིག་ཤོས་སུ་ཞུ་བ་མ་ཡིན་ཞིང༌། མཐུའི་ཁྱད་པར་གྱིས་གང་ཡང་རུང་བ་གཅིག་ཏུ་འཇུ་བ་ཡིན་པའི་ཕྱིར་དང༌། རིགས་པའི་གནོད་ཀྱང་མི་འཇུག་སྟེ། གནས་ཚོད་དུ་མེ་རླུང་གི་རོ་ཚ་བ་ཁོ་ན་ལས་གཞན་མི་བསྐྱེད་པའང་མ་ཡིན་ལ། རོ་སྐྱེ་བའི་རྒྱུ་ལས་ནུས་མཐུ་དབང་བཙན་པར་གསུངས་པའི་དགོངས་པས་རྣམ་པ་ཐམས་ཅད་དུ་ཀླན་ཀ་འཇུག་ཏུ་མེད་དོ།།

གཉིས་པ་ཚིག་གི་དོན་ནི། ཞུ་རྗེས་ཞེས་པ་ནས་ཞེས་གསུངས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། ཅུང་ཟད་དམིགས་ཀྱིས་བསལ་བ་སྨན་གྱི་ཞུ་རྗེས་ནི། སྨན་ཟོས་པ་རྣམས་ཕོ་བའི་མེ་གསུམ་པོ་དང་ཕྲད་པ་དེའི་ཚེ་ལས་བད་ཀན་མྱག་བྱེད་དང༌། མཁྲིས་པ་འཇུ་བྱེད་དང༌། རླུང་མེ་མཉམ་གསུམ་པོ་དེ་དག་གི་རིམ་པས་ཞུ་རྗེས་ལའང་འདི་ལྟར་འབྱུང་སྟེ། སྨན་རོ་མངར་བ་དང་ལན་ཚྭ་ཤས་ཆེ་བ་ཟས་པའི་ཞུ་རྗེས་ནི་རང་གི་རྒྱུ་དང་རྗེས་སུ་མཐུན་པའི་གནས་ཀྱི་ཁྱད་པར་གྱི་ཐོག་མའི་སྐབས་སུ་མངར་བ་ཞུ་ཞིང༌། དེ་བཞིན་དུ་རོ་སྐྱུར་བ་བར་གྱི་དུས་སུ་རོ་དང་མཚུངས་པ་སྐྱུར་བར་འཇུ་ལ། རོ་ཁ་ཚ་བསྐ་གསུམ་ནི་གནས་སྐབས་ཐ་མར་བབ་པའི་ཚེ་ཁ་བར་ཞུ་བ་སྟེ། དེས་ན་ཉེས་པ་གསུམ་པོའི་གཉིས་གཉིས་ཀྱང་ཞུ་རྗེས་རེ་རེས་སེལ་བར་བྱེད་པ་ཡིན་ཏེ། ཞུ་རྗེས་མངར་བས་ནི་རླུང་མཁྲིས་སེལ། སྐྱུར་བས་བད་རླུང་གཉིས་སེལ། ཁ་བས་བད་མཁྲིས་གཉིས་སེལ་བར་བྱེད་དོ། །ཞེས་པ་འདི་ནི་ཞུ་རྗེས་ཀྱི་ལས་བྱེད་པའི་དབང་དུ་བྱས་ནས་གསུངས་སོ། །ཞེས་བྱ་བའི་དོན་ཏོ། །བཞི་པ་ལེའུའི་མཚན་ནི། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས། དུམ་བུ་གཉིས་པ་བཤད་པའི་རྒྱུད་ཀྱི་རོ་དང་ཞུ་རྗེས་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ། །ཞེས་པའི་དོན་ཏོ།། །།

 

མཐའ་མའི་འདོན་ཐེངས་།: 22.08.2011 ཉིན། 4:05 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།