སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་བཅུ་གསུམ་པ། སྦྱོང་བྱེད་ལས་ལྔའི་སྔོན་འགྲོ་སྣུམ་འཆོས་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 04.09.2011
ཕྱི་མ་རྒྱུད། >> ལེའུ་བཅུ་གསུམ་པ། སྦྱོང་བྱེད་ལས་ལྔའི་སྔོན་འགྲོ་སྣུམ་འཆོས་བསྟན་པ།

བཅུ་གཅིག་པ་མདོ་གནས་གསུམ་པ་སྦྱོང་བྱེད་ཐམས་ཅད་ཀྱི་སྔོན་འགྲོ་སྣུམ་འཆོས་བཤད་པ་ལ་གསུམ། ཉོན་ཅིག་པར་གདམས་པ། གཞུང་དོན་དངོས། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་པ་ནས་ཉོན་ཅིག་ཅེས་པའི་བར་གྱིས་བསྟན་ཏེ། ཞི་བྱེད་ཀྱི་སྦྱོར་བ་བཅུ་བསྟན་ཟིན་པའི་མཇུག་ཐོག་དེ་མ་ཐག་པ་དེ་ནས། ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། དེ་ཡང་ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་གཟུངས་ཤིག་ཅེས་གདམས་སོ་ཞེས་པའོ། །གཉིས་པ་ལ་གཉིས་ཏེ་སྤྱིའི་དོན་དང་ཚིག་གི་དོན་ནོ། །དང་པོ་ནི། ཡན་ལག་བརྒྱད་པ་ལས། སྣུམ་བྱེད་སྨན་རྣམས་ཕལ་ཆེར་ནི། །ལྕི་ཞིང་བསིལ་ལ་ཁོང་འཁྲུ་སྣུམ། །རྔུལ་དང་ཕྲ་ལ་མཉེན་ཞིང་བརླན། །དེ་ལས་བཟློག་པ་རྩུབ་བྱེད་ཡིན། །ཞུན་མར་དགར་དང་ཚིལ་ཏིལ་མར། །སྣུམ་རྣམས་ཀྱི་ནི་མཆོག་རབ་འདོད། །དེ་དག་ལས་ཀྱང་ཞུན་མར་ནི། །སྦྱོར་རྗེས་འཇུག་པ་མཆོག་ཡིན་ནོ། །དེ་དག་སྔོན་བཞིན་མཁྲིས་པ་སེལ། །ཕྱེ་མ་བཞིན་དུ་ཅིག་ཤོས་སེལ། །མར་བས་ཏིལ་མར་ལྕི་དེ་བས། །ཚིལ་དེ་ཚིལ་བས་རྐང་ལྕིའོ། །དེ་ལས་གཉིས་དང་གསུམ་དང་བཞི། །ཟུང་དང་གསུམ་པ་ཆེ་ཞེས་བྱ། །དུགས་བྱ་སྦྱང་བྱ་ཆང་བུད་མེད། །རྩོལ་བཅག་སེམས་ལས་ཆེ་བ་དང༌། །རྒན་པོ་བྱིས་པ་སྟོབས་ཆུང་རྡེག །རྩུབ་དང་ཁྲག་དང་ཁུ་བ་ཟད། །རླུང་ནད་ཀྱིས་ཉེན་རབ་རིབ་དང༌། །ཤིན་ཏུ་དབྱེ་དཀའ་ལས་སྣུམ་བྱ། །ཤིན་ཏུ་དྲོད་ཆུང་རབ་དྲོད་ཆེ། །རབ་ཏུ་སྦོམ་དང་རིད་པ་དང༌། །བརླ་རེངས་ཚད་འཁྲུ་མ་ཞུ་དང༌། །ལྐོག་ནད་དབྱིག་དུག་དམུ་རྫིངས་དང༌། །བརྒྱལ་སྐྱུགས་བད་ཀན་ཡི་ག་འཆུས། །སྐོམ་དད་ཆང་ནད་ཀྱིས་ཉེན་དང༌། །དུས་མིན་བུ་སྐྱེས་སྣ་སྨན་དང༌། །མས་གཏོང་བཀྲུ་སྨན་བྱས་པ་མིན། །དེ་ལ་བློ་དྲན་ཡིད་གཞུངས་སོགས། །འདོད་པ་རྣམས་ལ་ཞུ་མར་བསྔགས། །རྨེན་བུ་བད་ཀན་སྲིན་བུ་དང༌། །ཚིལ་ཆེས་རླུང་ནད་ཡོད་པ་དང༌། །ལུས་ཡང་འཁྲང་འདོད་ལྟོ་སྲ་བའི། །ལུས་ཅན་རྣམས་ལ་ཏིལ་མར་ཕན། །རླུང་དང་ཉིན་མཚན་ལམ་བུད་མེད། །ཁུར་དང་རྩོལ་བ་ལུས་ཟུངས་ཟད། །རྩུབ་ཉོན་མོངས་བཟོད་མེ་དྲོད་རྣོ། །རྩ་སྒོ་རླུང་འགགས་ལྷག་མ་ཕན། །ཚིགས་དང་རུས་པ་གནད་རྣམས་དང༌། །ལྟོ་ན་མེས་ཚིག་རྨ་བྱུང་ལྷུང༌། །མངལ་དང་རྣ་བ་ཀླད་ནད་ལ། །ཚིལ་ཡང་མཆོག་ཏུ་ཕན་པ་ཡིན། །ཏིལ་མར་དབྱར་ཕན་ཞུན་མར་ནི། །དབྱར་མཐའ་དེ་གཞན་དཔྱིད་དག་བསྔགས། །ཐུན་མོང་དུས་ལ་སྣུམ་རྣམས་ནི། །ཉིན་མོ་ཉི་མ་གསལ་ཆེ་བསྔགས། །རིམས་ལ་དགུན་ཡང་ཏིལ་མར་བཏང༌། །ཚ་བའི་དུས་སུའང་མར་ཚན་བཏང༌། །མཁྲིས་པ་རླུང་དང་མཁྲིས་པར་བཅས། །ལྡན་པ་ཡང་ནི་མཚན་མོ་ཉིད། །མཚན་མོ་ལས་གཞན་རླུང་བད་ཀན། །ཉིན་པར་སྦྱར་བས་མཁྲིས་ནད་འགྱུར། །བཟའ་སོགས་ཟས་དང་མས་གཏོང་དང༌། །སྣ་ནས་བཏང་བསྐུ་ཁུར་བཀང་དབོ། །མགོ་བསྐུ་རྣ་མིག་དགང་བ་ཡིས། །སྣུམ་ནི་རིགས་པར་སྤྱད་པར་བྱ། །དེ་ཡི་དབྱེ་བ་རེ་རེ་ཡིས། །དྲུག་ཅུ་རྩ་བཞིར་རྣམ་པར་བརྟག །སྣུམ་ནི་གཞན་གྱིས་ཟིལ་གནོན་ཞིང༌། །ཆུང་ངུ་དགོས་པས་རིམ་པ་བཤད། །ཇི་སྐད་བརྗོད་པའི་རྒྱུ་མེད་པས། །དངྭས་མ་བཏུང་དཔྱད་བྱ་མི་དགོས། །སྣུམ་གྱི་ལས་ནི་མྱུར་སྒྲུབ་པས། །སྣུམ་དེའི་ཆོ་ག་མཆོག་ཡིན་ནོ། །གང་ཞིག་ཐུན་ནི་གཉིས་དང་བཞི། །བརྒྱད་ཀྱིས་རིམ་བཞིན་འཇུ་འགྱུར་བ། །ཚད་ཆུང་འབྲིང་དང་ཆེ་བ་དང༌། །དེ་ལས་ཆུང་ངུ་བཟའ་བ་མཆོག །ནད་ལ་སོགས་པ་བརྟགས་ནས་ནི། །ཐོག་མར་ཤིན་ཏུ་ཆུང་བ་བཟའ། །སྔ་དེའི་ཟས་ནི་ཞུ་ཉིད་ན། །སྦྱངས་ཕྱིར་དངྭས་མ་མང་དུ་བཏུང༌། །ཞི་བྱ་ལྟོགས་བཅས་ཟས་མེད་པར། །འབྲིང་ཚད་ཙམ་ནི་བསྔགས་པ་ཡིན། །བརྟ་བ་ཤ་དང་ཤ་ཁུ་སོགས། །དེའང་འབྲས་ཆན་ཉུང་བཅས་དང༌། །བྱིས་པ་རྒན་པོ་སྐོམ་གྱིས་གདུངས། །སྣུམ་འབྲས་ཆང་དད་ཆེ་བ་དང༌། །བུད་མེད་སྣུམ་ནི་རྟག་བསྟེན་དང༌། །དྲོད་ཆུང་བདེ་དང་དཀའ་མི་བཟོད། །ལྟོ་སྙི་ནད་དཀྱེལ་ཆུང་ཚ་དུས། །ཉམ་ཆུང་བ་ལ་བསྔགས་པ་ཡིན། །དང་པོ་བར་དང་ཟས་རྗེས་ཟོས། །ལུས་ཀྱི་སྨད་བར་སྟོད་ལས་འབྱུང༌། །ནད་རྣམས་སེལ་ཞིང་ལུས་ཀྱི་སྟོབས། །བསྐྱེད་པའི་རིམ་བཞིན་བྱེད་པ་ཡིན། །དེ་ནི་ལེགས་པར་སྨིན་ཕྱིར་དང༌། །ཁར་ཆགས་པ་ནི་འཆི་བ་ཡིན། །སྣུམ་དང་འཐུང་རྗེས་ཆུ་ཚན་བཏུང༌། །ཨེ་རན་བ་ལ་ཏ་ཀར་མིན། །ཞུ་འམ་མ་ཞུའི་དོགས་སྐྱེས་ན། །སླར་ཡང་ཆུ་ཚན་བཏུང་བར་བྱ། །དེ་ནི་སྒྲེག་པ་དག་འགྱུར་ཞིང༌། །དེ་ལས་ཁོང་ཡང་ཡི་གར་འོང༌། །ནང་པར་འཐུང་ངམ་འཐུངས་པའམ། །འཐུངས་པར་གྱུར་ཚེ་ཁ་ཟས་རན། །གཤེར་དྲོད་བད་ཀན་མི་བསྐྱེད་དང༌། །ཤིན་ཏུ་སྣུམ་མིན་འདྲེས་མི་བཟའ། །ཁ་ལག་ཆུ་དྲོན་གྱིས་བཀྲུ་ཞིང༌། །བུད་མེད་མི་བསྟེན་མཚན་མོ་ཉལ། །ཤུགས་དགག་དྲག་ཤུལ་ལས་རྣམས་དང༌། །ཁྲོ་དང་མྱ་ངན་ཉི་ཚན་གྲངས། །བསེར་བུའི་ཁར་འདུག་རྟ་ཞོན་འགྲོ། །མང་སྨྲ་རབ་མཐོའི་སྟན་ལ་འདུག །སྔས་ནི་རབ་མཐོ་རབ་དམའ་དང༌། །ཉིན་ཉལ་དུད་རུམ་གནས་པ་སྤང༌། །གང་གི་ཉིན་མོ་འཐུང་གྱུར་པ། །དེ་ལྟ་གཞན་ལའང་སྤང་བར་བྱ། །རིམ་འདི་ལས་རྣམས་ཐམས་ཅད་དང༌། །ནད་ཟད་པ་ལ་སྤྱད་པར་བྱ།ཞི་བའི་སྣུམ་གྱི་ཉེར་སྤྱད་ནི། །བཀྲུ་སྨན་བཏང་བ་ལྟ་བུར་བྱ། །ལྟོ་སྙི་ཞུན་མར་ཞག་གསུམ་བཏང༌། །ལྟོ་སྲ་བ་ཡིས་ཞག་བདུན་བཏུང༌། །ཡང་ན་ཇི་སྲིད་སྣུམ་པར་བཏུང༌། །དེ་ཕན་ཆད་ནི་གོམས་པར་གྱུར། །རླུང་ནི་བདེར་རྒྱུ་མེ་དྲོད་འབར། །བཤང་བ་སྣུམ་ཞིང་མི་སྲི་ལ། །སྣུམ་མི་འདོད་ཅིང་སྙོམ་འགྱུར་བ། །སྣུམ་ལེགས་ཡིན་ཏེ་རྩུབ་གོ་བཟློག །སྣུམ་དྲགས་པ་ཡིས་སྐྱ་བ་དང༌། །སྣ་དང་ཁ་རྐུབ་ལས་འཛག་འགྱུར། །ཚད་དང་མི་ལྡན་དུས་མིན་གནོད། །ཟས་དང་སྤྱོད་ལམ་ལོག་པ་ཡིས། །སྣུམ་འཆོས་བྱད་སྐྲངས་གཞང་འབྲུམ་དང༌། །ཁོང་རྨྱ་རེངས་ཤིང་སེམས་མྱོས་དང༌། །གཡན་པ་མཛེ་དང་རིམས་སྐྱུག་གཟེར། །ལྟོ་སྦོ་མགོ་འཁོར་ལ་སོགས་འགྱུར། །དེ་ལ་བཀྲེས་སྐོམ་སྐྱུག་སྨན་དུགས། །ཟས་སྐོམ་སྨན་ནི་རྩུབ་པ་དང༌། །དར་བ་ཆང་རྙིང་ཚོད་མ་དང༌། །འབྲུ་རྒོད་ཙི་ཚེ་ཁྲེ་རྒོད་དང༌། སྦྲང་རྩི་འབྲས་གསུམ་པི་པི་ལིང༌། །བ་གཅིན་གུ་གུལ་ཨ་རུ་ར། །ནད་དམིགས་སོ་སོ་ཇི་བཞིན་དུ། །སྣུམ་ལས་ནད་གྱུར་བཅོས་ཐབས་ཡིན། །རྩུབ་པ་དག་ནི་སྨྱུང་བྱས་དང༌། །ཤིན་ཏུ་བྱས་དང་འདྲ་བ་ཡིན། །རློན་དྲོ་སྐམ་པ་ལས་བྱུང་སྣུམ། །ཤ་ཁུ་བཏུང་ཞིང་དུགས་དཔྱད་བྱ། །ཁྲུས་བྱེད་པའམ་སྐྱུག་སྨན་གཏོང༌། །སྣུམ་བྱས་ཞག་གསུམ་གནས་པ་བྱ། །ཉིན་ཞག་གཞན་པ་གཅིག་གཅིག་ནི། །དེ་བསྐྱེད་པ་ཡིས་བད་ཀན་བསྐྱེད། །ཤ་ཆེ་ཚིལ་ཆེ་བད་ཀན་མང༌། །མེ་ཡི་འཇུ་དྲོད་མི་སྙོམས་དང༌། །སྣུམ་ལ་གོམས་པའི་སྣུམ་བྱ་རྣམས། །དེ་ནི་སྔོན་དུ་རྩུབ་བཅོས་བྱ། །དེ་ནས་སྣུམ་བྱས་སྦྱངས་གྱུར་ན། །དེ་ལ་སྣུམ་ནད་མི་འབྱུང་ངོ༌། །སྣུམ་ལ་གོམས་པར་གྱུར་པས་ན། །དྲི་མ་ཐོན་པར་ནུས་པ་ཡིན། །བྱིས་པ་རྒན་པོ་ལ་སོགས་པ། །སྣུམ་སྤོད་པར་ནི་མི་ནུས་ལ། །སྐྱོ་བར་མི་བྱེད་སྦྱོར་བ་འདིས། །ཕྲལ་དུ་སྣུམ་ནི་སྦྱར་བ་བྱ། །དེ་ལ་མར་བརྔོས་ཤ་ཁུ་དང༌། །མར་དང་བརྔོས་པའི་ཐུག་པ་འམ། །ཏིལ་ཕྱེ་སྣུམ་བཅས་བུ་རམ་ཆུང༌། །བཅས་དང་ཀྲི་ས་ར་དང་ནི། །འོ་ཐུག་མར་མང་དྲོ་བའམ། །བུ་རམ་ཞོ་དང་བཅས་པའམ། །ཐུག་པ་སྣུམ་ནི་བཞི་པ་ལ། །ལྔ་པ་འབྲས་དང་ལྡན་པས་བྱ། །བདུན་པ་དེ་དག་འཕྲལ་སྣུམ་བྱ། །སྣུམ་རྣམས་ལན་ཚྭ་ཕྱེ་བཏབ་པས། །དེ་ནི་བད་ཀན་བསྐྱེད་རྩུབ་མིན། །ཕྲ་ཞིང་དྲོ་ལ་ལུས་ཁྱབ་བྱེད། །མཛེ་དང་སྐྲངས་ནད་གཅིན་ནད་ལ། །བུ་རམ་བཅས་ཟས་འོ་མ་ཤ། །ཏིལ་དང་མ་ཤ་ཆང་དང་ཞོ། །སྣུམ་བྱའི་དོན་དུ་མི་བྱའོ། །འབྲས་གསུམ་པི་པི་ལིང་གུ་གུལ། །ཨ་རུ་ར་ལ་སོགས་བསྐོལ་བ། །དེ་དག་སྣུམ་ལ་ཇི་བཞིན་དུ། །གནོད་པ་མེད་པར་སྦྱར་བར་བྱ། །ནད་ཀྱི་ཉམ་ཆུང་གྱུར་པ་ལ། །ལུས་དྲོད་སྟོབས་བསྐྱེད་ནུས་པ་བསྐྱེད། །སྐྱེས་བུ་སྣུམ་ལ་བསྟེན་པར་བྱེད་པ་རྣམས། །ནང་གི་དྲོད་འབར་ཁོང་བ་དག་པ་དང༌། །ལུས་ཟུངས་ཕྲལ་བརྟས་སྟོབས་དང་མདོག་བཟང་ལྡན། །དབང་ལྡན་རྒས་སྲ་ལོ་བརྒྱ་ཐུབ་པར་བཤད། །ཅེས་དང༌། སྦྱོར་སྡེ་ཡང་དཔལ་མགོན་ཀླུ་སྒྲུབ་ཀྱིས་སྦྱོར་བ་བརྒྱ་པར། ཀནྜ་ཀ་རི་སླེ་ཏྲེས་བ་ཤ་ཀ། །ཕྱེ་མ་ཞུན་མར་ལ་བསྐོལ་གྲུབ་པ་དེ། །འཐུངས་པས་ཚད་རྙིང་ལུད་གཟེར་དབུགས་མི་བདེ། །མེ་དྲོད་ཞན་པའི་ཕོ་བའི་ནད་ལ་ཕན། །ཞེས་སོགས་རྒྱ་ཆེར་གསུངས་སོ། །གཉིས་པ་ལ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ། དང་པོ་ནི། སྦྱོང་བྱེད་ལས་ལྔའི་སྔོན་འགྲོ་སྣུམ་འཆོས་དེ་ལ་རུང་བའི་རྟགས་དང༌། མི་རུང་བ། བསྟེན་ཐབས། ལེགས་པ། ཉེས་པ། ལོག་གནོན་དང་བཅས་ཏེ་རྣམ་པ་དྲུག་ཏུ་ཡོད་དོ་ཞེས་པའོ། །གཉིས་པ་ལ་དྲུག་གི་དང་པོ་རུང་བའི་རྟགས་ནི་སྣུམ་སོགས་རྐང་པ་གསུམ་སྟེ། ཞི་བྱེད་ཀྱི་དང་པོ་སྣུམ་བཅོས་རུང་བ་ནི། རྒས་པ་དང༌། སྦེག་པ་སྟེ་ལུས་རིད་པ། སྟོབས་ཆུང་བ། སེམས་ལས་ཆེ་བ། ལྟོ་སྐྱ་བ། ཁྲག་མང་པོ་ཟགས་པ། ཁོང་རྩུབ་པ། ལུས་ཀྱི་ཁུ་བ་ཟད་པ། རླུང་ཆེ་བ། མིག་འགྲིབས་པ། སྦྱར་བ་དགོས་པ་རྣམས་ལ་བཏང་བར་བྱའོ་ཞེས་པའོ། །གཉིས་པ་མི་རུང་བ་བཤད་པ་ལ། མི་རུང་སོགས་རྐང་པ་གསུམ་སྟེ། སྣུམ་བཅོས་མི་རུང་བ་དང༌། མེ་དྲོད་ཆུང་བ་དང༌། མ་ཞུ་བ་དང༌། འཁྲུ་བ་དང༌། དྲེག་དང༌། གྲུམ་བུ་དང༌། དབྱིག་དུག་དང་ཡི་ག་འཆུས་པ་དང༌། བད་ཀན་དང༌། སྐྱུག་ནད་དང༌། སྐོམ་དད་ཆེ་བ་རྣམས་ལ་སྤང་བར་བྱའོ་ཞེས་པའོ། །གསུམ་པ་བསྟེན་ཐབས་བཤད་པ་ལ། བསྟེན་ཐབས་ཞེས་པ་ནས་བར་ལ་ཤིས་ཞེས་པའི་བར་ཚིགས་བཅད་བརྒྱད་དང་རྐང་པ་གསུམ་གྱིས་བསྟན་ཏེ། སྣུམ་བཅོས་བསྟེན་པའི་ཐབས་ལ། སྤྱི་དང་བྱེ་བྲག་རྣམ་པ་གཉིས་སུ་ཡོད་དེ།

        དང་པོ་ནི། ཡུངས་ཀར་སོགས་འབྲུ་མར། རྩི་མར་ཞུ་བའི་ཞུན་མར། སྲོག་ཆགས་གང་རུང་གི་རྐང་མར་དང་ཚིལ་ཏེ་སྣུམ་བཞི་པོ། ལུས་ཀྱི་ཕྱི་ཤ་པགས་ལ་ནད་ཡོད་ན་ལུས་ཀྱི་ཕྱི་ནས་བྱུག་ཅིང༌། ནམ་ཚོང་ཡན་ཆད་དང༌། མགོ་རླུང་སོགས་མགོ་ལ་ནད་ཡོད་ན་མགོ་ལ་བྱུག་པ་དང༌། རྐེད་པ་མན་ཆད་ཀྱི་སྨད་ལ་ནད་ཡོད་ན་མས་ཡར་འཇམ་རྩི་བཏང་བ་དང༌། བྱང་ཁོག་སྟོད་སྨད་ལ་ནད་ཡོད་ན་ཁོང་དུ་བཏང་བ་དང༌། རྣ་བ་དང༌། མུར་གོང༌། མགོ་བོ་སོགས་ན་ན་རྣ་བའི་ནད་དུ་བླུག་ཅིང༌། མིག་ན་ན་མིག་ཏུ་བླུག་པ་དང༌། ཁ་ལྕེ་སོ་ལ་ནད་ཡོད་ན་དྲོན་མོ་ཁ་ནང་དུ་མཁུར་བཀང་བྱ་བ། གསེང་སྲུབས་དཔྲལ་བ་མིག་ལྕིབས་ཀླད་པ་ལ་ནད་ཡོད་ན་ཚ་འཇམ་དུ་བསྲོས་ཏེ་སྣ་བུག་གི་ནང་ནས་ཡར་བླུག་ནས་དགང་བ་སོགས་ནད་དང་ཇི་ལྟར་འཚམ་པ་བཞིན་དུ་སྦྱར་བ། ལྟོར་གཏོང་བའི་སྣུམ་དེ་བཟའ་བའི་ཐུན་ཚད་ཆེ་ཆུང་ནི་མེ་དྲོད་འཇུ་ཐབས་ལས་དཔག་དགོས་པས། མེ་དྲོད་ཆུང་འབྲིང་ཆེན་པོ་རིམ་པས་བསྐྱེད་ལ་བཏང་ཞིང༌། རྟག་ཏུ་ལྟོ་སྐྱིད་ཅིང་སྣུམ་ལ་གོམས་པ་རྣམས་ལ་སྔོན་ལ་བྲ་ཟན་སོགས་བཏང་བའི་རྩུབ་བཅོས་བྱས་ལ། དེ་རྗེས་སྣུམ་བསྟེན་པ་དང༌། ལྟོ་སྐྱ་ཞིང་ཁོང་རྩུབ་པ་རྣམས་ལ་སྣུམ་གཏོང་ན་ལན་ཚྭ་ཟླར་བསྡེབ་པ་དང༌། མདོར་ན་སྣུམ་བཅོས་ཀུན་ལ་ཆུ་བསྐོལ་ཚན་མོ་གཏོང་བ་འཇུ་རྩི་ཡིན་ཞིང༌། སྔོ་ངད་རུལ་སྐྱུར་རྗེན་ཟས་སོགས་སྤང་བར་བྱས་ལ། ཡང་ཞིང་དྲོ་ལ་འཇུ་སླ་བ་བཙོས་ཟན་དང་ཡོས་ཆག་སོགས་ཅུང་ཟད་བསྟེན་པ་དང༌། བུད་མེད་ལ་ཉལ་པོ་སྤྱོད་པ་དང༌། དྲག་ཤུལ་གྱི་སྤྱོད་པ་དང་མྱ་ངན་མང་དུ་སྨྲ་བ། རྟ་ཞོན་པ། ཉིན་བར་གྱི་གཉིད། ཆུ་རླུང༌། དུད་པ། རྡུལ་གྱི་ཁྲོད་དུ་གནས་པ་སོགས་སྤང་ཞིང༌། ཁྱད་པར་སྨན་མར་ལ་སོགས་པ་ཞི་བྱེད་སྣུམ་པའི་རིགས་གང་གཏོང་ཡང་ལྟོ་སྟོང་ལ་ཟས་དང་མ་སྦྲགས་པར་སྨན་རྐྱང་པར་གཏང་དགོས་ལ། བྱེ་བྲག་དགོས་པ་ཚེ་རིང་བ་དང་ཕོ་བའི་མེ་དྲོད་བསྐྱེད་ཅིང་དྲན་པ་གསལ་བ་བློ་འཕེལ་བར་འདོད་པ་ལ་ཞུན་མར་ལྟོར་བསྟེན་པར་བྱ་ཞིང༌། རླུང་འཕེལ་བའི་རླུང་ནད་ཡོད་པ་དང༌། ལྟོ་བ་སྲ་བའི་རིགས་ཅན་ལུས་མཁྲང་བར་འདོད་པ། རྨེན་བུ། བད་ཀན། སྲིན་བུ། ཚིལ་ཆེས་པའི་ནད་ཅན་རྣམས་ལ་འབྲུ་མར་ཕན་པ་དང༌། དྲོད་ཆེ་བ་དང་བུ་བཙས་པའི་རྗེས་དང༌། ཆགས་པ་སོགས་ལ་འབད་པའི་རྩོལ་བས་དུབ་པ། ཟུངས་ཟད་པ་རྩ་སྦུགས་འགགས་པ་རྣམས་ལ་རྐང་ཚིལ་ཕན་ཞིང༌། རྨ་བྱུང་བ། མེས་ཚིག་པ་དང༌། རུས་པ་དང་ཚིགས་པ་ན་བ། ལྟོ་བ། མངལ། རྣ་བ། ཀླད་པ་ན་བ་རྣམས་ལ་ཚིལ་མར་མཆོག་ཏུ་ཕན་པ་དང༌། བྱེ་བྲག་དུས་ཀྱི་ཁྱད་པར་ནི་ཞུན་མར་དགུན་དུས་མེ་དྲོད་བཟང་བས་བསྔགས་ལ། འབྲུ་མར་ནི་དབྱར་མེ་དྲོད་ཆུང་བས་བཏང་བར་བསྔགས་ཤིང༌། རྐང་དང་ཚིལ་མར་ནི་དཔྱིད་དུས་ཉིན་མོ་ཚད་པ་ཆེ་བས་བསྔགས་པ་ཡིན་ལ། སྦྱོང་བྱེད་ཀྱི་སྔོན་འགྲོ་སྣུམ་བཅོས་ནི། ཐོ་རངས་ཞུན་མར་བཏང་བ་དང༌། ཁོང་སྣུམ་པའི་བར་དུ་བསྟེན་གྱིས། དེ་ནས་མི་ཕན་པར་འདྲེད་དུ་འགྱུར་ལ། ཟད་པ་སྟོབས་བསྐྱེད་པའི་སྐབས་སུ་བརྟ་བྱ་སྟེ་འཕེལ་བར་བྱ་བའི་སྣུམ་བཅོས་ནི། བྱིས་པ་རྒས་པ། སྐྱིད་པར་འདུག་པ། སྣུམ་འདྲིས། མེ་དྲོད་ཆུང་བ། སྐོམ་དད་ཆེ་བ། སྟོབས་ཆུང་བ་རྣམས་ལ་སོས་དུས་ཤ་ཁུ་དང༌། ཡོས་ཐུག འབྲས་དང༌། སྦྲང༌། བུ་རམ། ཞུན་མར་སོགས་དང་སྦྱར་ཏེ་བཏང་བ་དེ་ནི་འཇུ་སླ་བ་དང༌། དང་ག་མི་འགག་ཅིང་སྟོབས་བསྐྱེད་པའི་མཆོག་ཏུ་གྱུར་པ་ཡིན་ནོ།།

        དེ་དག་ཟས་ཟོས་པའི་རྗེས་དང༌། ཟས་ཀྱི་གོང་དང༌། ཟས་ཀྱི་བར་དུ་སྣུམ་བསྟེན་ན་རིམ་པ་བཞིན་ལུས་ཀྱི་སྟོད་དང༌། སྨད་དང༌། བར་རྣམས་ལ་ཤིས་པ་ཡིན་ནོ་ཞེས་པའོ།།

        བཞི་པ་སྣུམ་ལེགས་པའི་རྟགས་ནི། སྣུམ་ལེགས་སོགས་རྐང་པ་གསུམ་སྟེ། དེ་ལྟར་སྣུམ་བཅོས་ལེགས་པར་གྱུར་ན་ཁོང་སྣུམ་པར་འགྱུར་ཞིང༌། ཚད་པ་དང་རླུང་བདེ་བར་རྒྱུ། བཤང་བ་མ་སྲི་ལ་དྲོད་ཆེ་ཞིང་སྣུམ་མི་འདོད་པ་དང༌། ཕན་ཡོན་མདོག་ལེགས་སྟོབས་ཆེ་དབང་པོ་གསལ་རྒས་ཀ་སྲ་བ་སོགས་འབྱུང་བར་འགྱུར་རོ། །ལྔ་པ་སྣུམ་དྲགས་པའི་ཉེས་པ་ནི། སྣུམ་དྲགས་སོགས་རྐང་པ་གསུམ་སྟེ། སྣུམ་བཅོས་དེ་ལྟར་ཐལ་དྲགས་ན། གྱེན་དུ་ཁ་དང་ཐུར་དུ་བཤང་ལམ་ནས་སྣུམ་འབྱུང་ཞིང་དང་ག་འགག་པ་དང༌། །དཔྱིད་དང་སོས་ཀྱི་དུས་འབྲུ་མར་བསྟེན་ན་བད་མཁྲིས་སློང་བ་དང༌། དགུན་གྱི་དུས་ཚིལ་བསྟེན་ན་ལུས་འཁྱགས་ཏེ་མ་ཞུ་བ་བསྐྱེད་པར་འགྱུར་ཞེས་པའོ། །དྲུག་པ་ལོག་གནོན་ནི། ལོག་གནོན་སོགས་རྐང་པ་གཉིས་ཏེ། སྣུམ་བཅོས་ཐལ་དྲགས་པའི་སྐྱོན་སོགས་བྱུང་བའི་ལོག་གནོན་ནི། ལུས་བཀྲེས་པ་དང༌། སྐོམ་དུ་གཞུག་པས་རྨྱ་བར་བྱ་ཞིང་ཕོ་བར་དུགས་བྱ་བ་དང༌། སྐྱུག་ཏུ་གཞུག་ཅིང༌། སྲན་མ་དང༌། སོ་བ་དང༌། དར་བ་རྙིང་པ་སྟེ་རད་པ་དང་ཆང་བསྟེན་པར་བྱའོ། །ཞེས་གསུངས་སོ་ཞེས་པའི་དོན་ཏོ།།

        གསུམ་པ་ལེའུའི་མཚན་བསྟན་པ་ནི། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་བཞི་པ་ཕྱི་མ་འཕྲིན་ལས་རྒྱུད་ཀྱི་སྦྱོང་བྱེད་ལས་ལྔའི་སྔོན་དུ་འགྲོ་བ་སྣུམ་བཅོས་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ་ཞེས་བྱ་བའི་དོན་ཏོ།།

 

 

མཐའ་མའི་འདོན་ཐེངས་།: 05.09.2011 ཉིན། 10:21 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།