སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་བཅུ་གཅིག་པ། རིན་པོ་ཆེའི་སྦྱོར་བ་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 05.09.2011
ཕྱི་མ་རྒྱུད། >> ལེའུ་བཅུ་གཅིག་པ། རིན་པོ་ཆེའི་སྦྱོར་བ་བསྟན་པ།

དགུ་པ་རིན་པོ་ཆེའི་སྦྱོར་བ་བསྟན་པ་ལ་གསུམ། ཉོན་ཅིག་པར་གདམས་པ། གཞུང་དོན་དངོས། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་པ་ནས་ཉོན་ཅིག་ཅེས་པའི་བར་གྱིས་བསྟན་ཏེ། ཞི་བྱེད་བརྒྱད་པ་སྨན་ཆང་གི་སྦྱོར་བ་བསྟན་ཟིན་པའི་མཇུག་ཐོག་དེ་མ་ཐག་པ་དེ་ནས་ཡང་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །དེ་ཡང་ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང༌། ཞེས་གདམས་པའོ། །གཉིས་པ་ལ་གསུམ། ཞི་བྱེད་ཐམས་ཅད་ཀྱི་ལོག་གནོན་ཡིན་ཚུལ་གྱི་སྒོ་ནས་མདོར་བསྟན་པ། དེའི་ཕན་ཡོན་སྤྱིར་བསྟན་པ། སྦྱོར་བ་དངོས་སོ། །དང་པོ་ནི། ཞི་བྱེད་སོགས་ཚིགས་བཅད་གཅིག་སྟེ། ཞི་བྱེད་ཀྱི་སྦྱོར་སྡེ་དགུ་པ་ཞི་བྱེད་ཐམས་ཅད་ཀྱི་རྒྱལ་པོ་ལྟ་བུ་རིན་པོ་ཆེའི་སྦྱོར་སྡེ་བཤད་པ་འདི་ནི། སྔོན་དུ་བཤད་པའི་ཐང་དང༌། ཕྱེ་མ། རིལ་བུ། ལྡེ་གུ། སྨན་མར་སོགས་ཡང་ཡང་དུ་བསྟེན་པས་སྨན་འདྲེད་ཅིང་ནད་མ་ཐོན་ན། ཞི་བྱེད་ཀུན་གྱི་ལོག་གནོན་ནི་རིན་པོ་ཆེའི་སྦྱོར་བ་ཡིན་ནོ་ཞེས་པའོ། །གཉིས་པ་ཕན་ཡོན་བསྟན་པ་ནི། ཁྲག་མཁྲིས་སོགས་ཚིགས་བཅད་གཅིག་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། ཁྲག་མཁྲིས་བད་རླུང་སོགས་བཞི་བརྒྱ་རྩ་བཞིའི་ནད་ཐམས་ཅད་དང༌། ལུས་ཀྱི་མགོ་བོ་དང༌། བྱང་ཁོག་ཡན་ལག་ལ་སོགས་པའི་རྨ་རྣམས་དང༌། གཅོང་དམུ་འོར་མཛེ་འབྲས་གློ་བུར་བའི་གག་ལྷོག་གཉན་ནད། ཀླུ་གཉན་རྒྱལ་པོ་ལ་སོགས་པ་འབྱུང་པོའི་གདོན་རིན་པོ་ཆེའི་སྦྱོར་བས་མི་སེལ་བ་གང་ཡང་མེད་ལ། ནད་གཞི་མེད་པའི་མི་རྣམས་ལ་ཡང་བཅུད་ལེན་གྱི་མཆོག་ཏུ་འགྱུར་རོ་ཞེས་པའོ། །གསུམ་པ་སྦྱོར་ལུགས་དངོས་བསྟན་པ་ལ། འདོར་བསྟན་པ་དང་རྒྱས་པར་བཤད་པ་གཉིས། དང་པོ་ནི། སྦྱོར་བ་སོགས་དངོས་བསྟན་པ་ལ། འདོར་བསྟན་པ་དང་རྒྱས་པར་བཤད་པ་གཉིས། དང་པོ་ནི། སྦྱོར་བ་སོགས་རྐང་པ་གཅིག་སྟེ། རིན་པོ་ཆེའི་སྦྱོར་བ་དེ་ལ་ཚ་སྦྱོར་དང་གྲང་སྦྱོར་རྣམ་པ་གཉིས་སུ་ཡོད་དོ་ཞེས་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས། སྤྱིའི་དོན་དང་ཚིག་གི་དོན་ནོ། །དང་པོ་ནི། རིན་པོ་ཆེའི་སྦྱོར་བ་ཚ་སེལ་གྲང་སེལ་ཐམས་ཅད་ཀྱི་གཙོ་བོར་གྱུར་པ་ནི་དངུལ་ཆུ་ཡིན་ལ། དེ་ལ་མིང་གི་རྣམ་གྲངས། འབིགས་བྱེད་རྒྱལ་པོ། མཚལ་ཆུ། ཟླ་བ། བདུད་རྩི་བཅུད་རྒྱས། ཟླ་བསིལ། ཀུནྡའི་རང་བཞིན། ས་བདག་བཅུད་འདུས། རབ་ཏུ་གཡོ་བ། ཆུ་སྨན་རལ་གྲི་རེག་གཅོད། བདུད་རྩི་དར་ཡ་ཀན། ཐིག་ལེ་དར་ཡ་ཀན། བདུད་རྩི་ཟླ་བའི་ཟིལ་པ། ས་བདག་བཅུད་བསྡུས་རྒྱལ་པོ། སྨན་གྱི་གཙོ་བོ་སྤྱི་པ། ཟུག་རྔུ་ཞི་བྱེད། ཆུ་ཡི་སྨན་པ་དཀར་པོ། བསིལ་བྱེད་གངས་ཀྱི་ཁྱུང་རྒོད། གནམ་གྱི་བྱ་ཁྱུང་དཀར་པོ། ལྕགས་ཀྱི་དུར་ཕག་སྔོན་པོ། བདུད་རྩི་གངས་ཀྱི་སེང་གེ། བདུད་རྩི་ཆུ་རྒྱུན། གནམ་ལྕགས་རྡོ་རྗེའི་ཁྲབ་རིང༌། དུག་རལ་འབར་བའི་རྩི་དགུ། རྫས་ཀྱི་རྡོ་རྗེ་ཕ་ལམ། པ་ར་རཱ་ས་སྟེ་མཆོག་གི་རོ་རྣམས་དང༌། ད་ཆུ་ཞེས་པའང་སྐབས་ཐོབ་ཀྱིས་འཇུག་ལ། དེ་ལྟར་དངུལ་ཆུ་དེ་ཉིད། ཇི་སྐད་དུ། དེ་དག་འབྱུང་ཁུངས་གྲུབ་པའི་ལོ་རྒྱུས་དང༌། །མིང་གི་རྣམ་གྲངས་ཁ་དོག་གཟུགས་དབྱིབས་དང༌། །བསྟེན་ཐབས་ཡོན་ཏན་བསྟེན་མི་ཤེས་པའི་སྐྱོན། །བཅུད་ལེན་བྱེད་ཚུལ་ས་དཔྱད་རྣམ་པ་བརྒྱད། །ཅེས་པ་ལྟར། དང་པོར་དངུལ་ཆུའི་བྱུང་ཁུངས། གཉིས་པ་གྲུབ་པའི་ལོ་རྒྱུས། གསུམ་པ་མིང་གི་རྣམ་གྲངས། བཞི་པ་ཁ་དོག་གཟུགས་དབྱིབས། ལྔ་པ་བསྟེན་ཐབས། དྲུག་པ་ཡོན་ཏན། བདུན་པ་བསྟེན་མི་ཤེས་པའི་སྐྱོན། བརྒྱད་པ་བཅུད་ལེན་དུ་བསྟེན་ཚུལ་དངོས། དེ་དག་གི་དུག་འདོན་འདུལ་ཐབས་ལག་ལེན། འཁོར་གྱི་སྨན་རིན་པོ་ཆེ་རྣམས་ཀྱི་ངོས་འཛིན། བསྲེག་ཐབས་སོགས་ལག་ལེན་མཐའ་དག་ཁོ་བོས་ལེགས་བཤད་བེཌཱུརྱ་དཀར་པོའི་ཕྲེང་བ། རིན་པོ་ཆེ་ཚ་གྲང་གི་སྦྱོར་བ། དུག་སྨན་རྟ་རི་མ་སོགས་ཀྱི་ལག་ལེན་དུ་བསྟན་ཡོད་པས་དེར་ཤེས་པར་བྱ་ཞིང༌། བསྲེགས་ཐལ་བཟོ་ཚུལ་འཁྱེར་བདེ་བར་འགོད་ན། གསེར་ཐལ་བར་འགྱུར་བ་དཀའ་བས་སྦྲང་གཤོག་ཇི་ཙམ་ཡོད་པ་དང་མཉམ་པའི་ཞ་ཉེ་དང་པོར་ལྡོང་རོས་ཀྱིས་བརྟུལ་བའི་ཕྱེ་མ་དེ་གསུམ་འགྱུར་གྱི་ཚལ་དཀར་བཞི་འགྱུར་གྱི་མུ་ཟི་རྣམས་སླ་ང་དང་རྫ་ཁེབས་བླུག་ཀོང་སོགས་གང་འོས་ཀྱི་སྣོད་དུ་རྫས་རྣམས་དང་སྦྲང་གཤོག་བསྣོལ་ཏེ་བརྩེགས་པའམ། འཕན་རས་ཀྱིས་དྲིལ་ཏེ་བཅུག །ལྕི་བ་སེར་ཀ་མའམ། གྲོ་སོག་སྐྱི་བ་སོགས་ཀྱི་མེས་བསྲེགས་ན་ཉི་ཕྱེད་ཙམ་གྱིས་ཐལ་བ་ནག་པོར་གཏོང་ནུས་ཤིང༌། དངུལ་ཟངས་ལྕགས་རྣམས་རང་མཉམ་གྱི་མཚལ་དཀར། ཉིས་འགྱུར་གྱི་མུ་ཟིས་གོང་བཞིན་བསྲེགས་པས་གྲུབ་བོ།།

        གཉིས་པ་ཚིག་གི་དོན་ལ་གཉིས། ཚ་སྦྱོར་བཤད་པ་དང༌། གྲང་སྦྱོར་བཤད་པའོ། །དང་པོ་ལ་སྦྱོར་ཚུལ་དང༌། བསྟེན་ཐབས་གཉིས་ལས་དང་པོ་ནི། རིན་ཅེན་ཚ་སྦྱོར་ཞེས་པ་ནས་གོང་མ་རྣམས་དང་སྦྱར་ཞེས་པའི་བར་ཚིགས་བཅད་གསུམ་གྱིས་བསྟན་ཏེ། འདིར་དངོས་བསྟན་དུ་རིན་པོ་ཆེ་བཞི་ལྷན་དུ་བསྲེགས་པ་དང༌། གཉེན་པོ་ཐུན་མོང་དུ་མཛད་པའི་བརྡ་དོན་ཙམ་ལས་གབ་སྦས་སུ་མཛད་པ་ཡིན་ལ། ཐོག་མར་རིན་ཅེན་ཚ་སྦྱོར་མང་ཉུང་ཇི་ཙམ་སྦྱོར་བའི་དངུལ་ཆུ་དེ་དང་མཉམ་པའི་མུ་ཟི་དུལ་མས་བཤིག་སྟེ་ཕྱེ་མར་བྱས་ལ། གསེར་དངུལ་ཟངས་ལྕགས་བཞི་སྲེག་པར་བྱེདjཔའི་གཉེན་པོ་སྨན་རྣམས་ཆ་མཉམ་པར་བསྲེ་བ་ནི་སྤྱི་ཁྱབ་བོ། །དེ་ནས་བྱེ་བྲག་ཏུ་ནི། གསེར་དེ་ཕྱེ་མ་ཞིབ་མོར་བརྡུངས་ནས་ལེབ་ལབ་མེད་པར་ཚྭ་ཁུས་གཡའ་འདོན། སྦྱིན་དང་སུག་པས་དྲི་མ་ཕྲལ་ལ། རང་ལས་སུམ་འགྱུར་གྱི་མུ་ཟི་སེར་པོ་དུལ་མ། རང་ལས་ཉིས་འགྱུར་གྱི་ཚ་ལ། རང་དང་ལྗིད་མཉམ་གྱི་ཏིལ་ནག་རྣམས་ཞིབ་པར་བཏགས་ལ། ཟར་མའི་མར་ཁུས་རིལ་བུར་དྲིལ་ཏེ་སྐམས། ཡང་ན་ཞ་ཉེ་ནག་པོ་སྦྲང་གཤོག་ཙམ་བརྡུངས། དེ་དང་བོངས་མཉམ་པའི་ལྡོང་རོས་ཀྱི་ཕྱེ་མ་རའི་འོ་མ་དང་སྦྱར་བའི་སྐྱོ་མས་གོང་མ་བཏུམས་པ་དང་གོང་བུར་དུད་པ་མ་ཤོར་བར་བསྲེགས་པའི་ཐལ་བ་ཞོ་གང༌། མུ་ཟི་སེར་པོ་ཞོ་གང༌། ར་འོས་སྐྱོ་མར་སྦྱར་ནས་གསེར་སྦྲང་གཤོག་ཙམ་བརྡུངས་ལ་དུམ་བུར་བཏུབས་པ། གཡའ་བྲལ་བའི་ཕྱི་ནང་ལ་ཡང་ཡང་བྱུགས་ལ་སྐམ་མོ། །དངུལ་དང་ཟངས་ནི་སྦྲང་གཤོག་ཙམ་བརྡུངས་ནས། ལན་ཚྭ་དང་སྟར་བུའི་ཁ་བ་ས་གཡའ་དང་ཕྲལ་ལ། རང་ལས་སུམ་འགྱུར་གྱི་མུ་ཟི་སེར་པོ་དུལ་མ་དང་སུམ་འགྱུར་གྱི་ཚ་ལ་དང་མུ་ཟི་ཉིས་འགྱུར་གྱི་ཨ་རུ་ར་དེ་རྣམས་ཞིབ་པར་བཏགས་ལ་སིངས་པོས་སྦྱར་བའི་འདག་པ་སྐམ་པོ་དེ་བཞི་ཀའང་མེ་ཐུབ་ཀྱི་ས་ལ་ཀོང་བུ་བཟང་པོ་བྱས་ནས་སོ་བཏང་བའི་ནང་དུ། དང་པོ་གསེར། དེ་ནས་ལྕགས། དེ་ནས་དངུལ་དང་ཟངས་རྣམས་རིམ་པ་བཞིན་དུ་བླུག་པའི་སྟེང་དུ་རས་འཚངས་ཀྱིས་དགག །དེའི་སྟེང་དུ་ལྕི་བ་སེར་ཀ་མ་ས་རྡོ་མ་འདྲེས་པ་ལེགས་པར་བསྲེགས་པའི་ཐལ་བ་འཇམ་པོ་དམ་པར་སྡིགས་པ་སྟེ་བརྫངས། དེ་སྟེང་རྫའི་ཁ་བཅད་སོབ་འདག་གིས་བར་གྱི་ཁ་མཚམས་བཅད་ལ་བསྡམས། དུད་པ་ཕྱིར་མི་འཆོར་བ་བྱས་ལ། སོལ་མེའི་དབུས་སུ་སྦུད་པ་ཧ་ཅང་མི་དྲག་པར་དལ་བུས་ངང་བསྲིངས་ནས། མུ་ཟིའི་དྲི་མ་དང་མེ་ལྕེ་སྔོ་སྐྱ་མ་སངས་བར་དུ་ཕྱོགས་ཁོལ་ཚེ་མ་ལུས་པར་བསྲེག །ཚ་མུ་རེ་བསྲེག་འར་སྦུད་བྱས་ན་རིན་ཅེན་ཐིག་པོར་འདྲིལ། ཚོས་ཐལ་དྲགས་ན་ནུས་པ་ཆུང་བས་ཚད་ལས་འདས་པ་གཅེས་སོ། །དེ་ནས་ཕྱིར་དབྱུང་གྲང་ཐག་ཆོད་པ་དང་ཁ་ཕྱེ་ལ་གལ་ཏེ་མ་ཚོས་པར་འདུག་ན་གོང་བཞིན་བསྐྱར་ལ་བསྲེག །ཚིག་ན་རིན་ཅེན་ཐལ་བ་དེ་སྲེག་བྱེད་གཉེན་ཁོ་རང་ཚིག་པའི་དྲི་མ་དེ་དང་བྲལ་བའི་དོན་དུ། ཨ་རུ་ར། ལན་ཚྭ། སྟར་བུ་རྣམས་བཏབ་པའི་ཆུ་ལ་ཡུན་རིང་དུ་འཚོད། །ལྗིད་མེད་པའི་སོལ་ཁུ་ནག་པོ་དེ་ཕྱིར་ཕོ། དེ་ནས་ཆུ་གཙང་གིས་བཀྲུས་ནས་བསྐམས་ལ། སྣོད་བཟང་ཞིང་གཙང་བར་བཅད། དེ་ནས་གྲོགས་ཀྱི་སྨན་དང་སྦྱོར་བའི་ཚུལ་ནི། དེ་ལྟར་རིན་པོ་ཆེའི་ཐལ་བ་ཞོ་གང་ལ་དཔེར་མཚོན་ན། མུ་ཟི། གུ་གུལ་ནག་པོ། སོ་མ་ར་ཛ། ཤུ་དག་ནག་པོ། ཙི་ཏྲ་ཀ། སྨན་ཚ་བ་གསུམ། རེ་སྐོན་པ། སེང་ལྡེང་ཁནྜ། འགྲོན་བུ་བུ་མ་མེ་ལ་བསྲེགས་པའི་ཐལ་བ་རྣམས་ཆ་མཉམ་སྟེ་རྩི་བཞིན་ཞག་གསུམ་གྱི་བར་དུ་ཞིབ་པར་བཏགས་པའི་ཕྱེ་མ་ཞོ་དོ། དངུལ་ཆུ་ཞོ་ཕྱེ། སྟར་བུ་ཞོ་གཅིག་གིས་རྡུལ་ཕྲན་ལྟར་བཤིག་པ་དང༌། ཨ་རུ་གསེར་མདོག་དགུ་ཆང་ཞིམ་པོ་ཕུལ་གང་ལ་ཞག་གཅིག་སྦངས་པའི་ཁུ་བའི་དངྭས་མ་དང༌། བ་དམར་ཟལ་གྱི་ཆུ་ཕུལ་གང་བསྲེས་པའི་ཁུ་བ་གཉིས་པོར་ཁནྜ་བཅོས་ལ། གོང་གི་སྨན་ཕྱེ་མ་རྣམས་དང་སྦྱར་ཏེ་ཉི་མ་ལྔ་ཙམ་གྱི་བར་དུ་འདབ་བཏགས་ཞིབ་པར་བྱའོ། །ཞེས་སོ། །གཉིས་པ་བསྟེན་ཐབས་ནི་རིལ་བུ་སོགས་ཚིགས་བཅད་གཅིག་སྟེ། དེ་ལྟ་བུའི་རིལ་བུ་སྲན་མ་སྦོས་པ་ཙམ་དུ་དྲིལ་ལ། ཐོ་རེངས་ཀྱི་དུས་སུ་ལྔ་བདུན་དགུ་རྣམས་ཆ་བསྐྱེད་ལ་ཆང་གིས་ཕུལ་ལ་བཏབ་པས། དྲེག གྲུམ་བུ། འབྲས། སུརྱ། མཛེ། རྩ་ནད། ཚ་སྐྲན། དམུ་འོར། གྲང་བ་སོགས་འཇོམས་ཤིང༌། རྣག་སྐེམ་པ་སོགས་ཡོན་ཏན་བསམ་གྱིས་མི་ཁྱབ་པའོ་ཞེས་པའོ།།

གཉིས་པ་རིན་པོ་ཆེ་གྲང་སྦྱོར་བཤད་པ་ལ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་གཉིས་ཀྱི་དང་པོ་ནི། རིན་ཅེན་གྲང་སྦྱོར་ཞེས་པ་ནས་བསྐྱེད་པའོ་ཞེས་པའི་བར་ཚིགས་བཅད་གཅིག་དང་རྐང་པ་གཅིག་གིས་བསྟན་ཏེ། རིན་ཅེན་གྲང་སྦྱོར་ལ་བསྟེན་ཐབས། སྦྱོར་བ། ལོག་གནོན་དང་གསུམ་དུ་ཡོད་ལ། དེའི་དང་པོ་བསྟེན་ཐབས་དེ་ལ་ཡང་རྣམ་པ་དགུར་ཡོད་དེ། གཡའ་འཕྱི་བ། དུག་འདོན་པ། འཇམ་བཙལ་བ། སྣ་ཁྲིད་པ། བཤིག་པ། རྩ་བ་དབྱེ་བ། སྣོད་བཏང་བ། ཕྱི་བསྲུང་བ། ནུས་པ་བསྐྱེད་པ་རྣམས་སོ་ཞེས་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་བསྟེན་ཐབས། སྦྱོར་བ། ལོག་གནོན་ནོ། །དང་པོ་ནི། དང་པོ་ཚ་བ་ཞེས་པ་ནས་བཞོས་དང་མཚུངས་ཞེས་པའི་བར་ཚིགས་བཅད་ལྔས་བསྟན་ཏེ། རིན་ཅེན་རིལ་བུ་གྲང་སྦྱོར་གྱི་རིམ་པ་ལ། ཐོག་མར་དངུལ་ཆུ་བཙོ་བཀྲུ་གལ་ཆེ་བས། དེ་ལ་དོན་ཚན་རྣམ་པ་དགུའི་དང་པོ་གཡའ་འཕྱི་བ་ནི། སྒ། པི་པི་ལིང༌། ཕོ་བ་རིས་ཏེ་ཚ་བ་གསུམ་ཞིབ་མོར་བཏགས་པའི་ཕྱེ་མ་དང༌། དངུལ་ཆུ་གཉིས་གླ་བའི་ཧེལ་གེའམ། ཁ་ཤའི་ཁུག་མའི་ནང་དུ་ལྷན་ཅིག་ཏུ་བླུག་ཅིང༌། ཁ་དམ་བར་བཅིངས་ལ་གཡའ་མ་ཐོན་གྱི་བར་དུ་མཉེ་ཞིང་བསྲུབ། དེ་རྗེས་མིའི་དྲི་ཆུ། ཚ་ལའི་ཆུ། བ་ཆུ། མཚུར་གྱི་ཆུ། ཤིང་ཏོག་སྐྱུར་པོའི་ཆུ་སྟེ་ཀྵ་ར་རྣམ་པ་ལྔས་བཀྲུ་ཞིང་བཏགས་ལ་གཡའ་ཁུ་འདོན་པ་དང༌། གཉིས་པ་དུག་འདོན་པའི་ཕྱིར་ཅོང་ཞི། བ་བླ། ལྡོང་རོས། ཁབ་ལེན། དངུལ་རྡོ། ལྷང་ཚེར། ནག་མཚུར་གྱི་རྡོ། ཕ་ཝང་ལོང་བུ་སྟེ་འཆིང་བྱེད་ཀྱི་ཁམས་བརྒྱད་དང༌། གསེར། དངུལ། ཟངས། ལྕགས། རག །འཁར་བ། བཤའ་དཀར། ཞ་ཉེ་སྟེ་ཟ་བྱེད་ཀྱི་ལྕགས་བརྒྱད་བསྲེས་པའི་ཆུའི་ནང་དུ་དྲི་ཆུ་སོགས་དང་ལྷན་ཅིག་ཏུ་ལོ་ཟླ་བ་ཞག་ལ་སོགས་པ་སྐབས་དང་བསྟུན་པའི་བེར་ཀ་འཛིན་པ་སོགས་སྐམས་སྐམས་ཀྱི་བར་དུ་བཙོ། གསུམ་པ་འཇམ་བཙལ་བའི་ཕྱིར། པི་པི་ལིང༌། ཕོ་བ་རིས། ཅོང་ཞི། ནག་མཚུར། བུལ་ཏོག་གཞན་གྱི་འདྲེས་མེད་མིང་འཇིབ་བུ་ཞེས་གྲགས་པ་དང་བཅས་ཏེ་རྣམ་པ་ལྔ་བཏབ་ལ་ནད་གཞིར་བསྟུན་ཏེ་ཚད་ལྡན་དུ་སྦྱར་བར་བྱ་བ་དང༌། བཞི་པ་སྣ་འཁྲིད་པ་ལ། ལ་ཆའམ་ཀེང་ཤུའི་རོ་ཞེས་པ་རྒྱ་ཚོས་ཀྱི་ཁུ་བ་ཕྱུངས་བ་སྙིགས་མ་དེ་དང༌། དབྱི་མོང༌། ནད་དང་སྤྲད་པའི་ཚ་གྲང་གང་ཡིན་གྱི་གཉེན་པོར་སྨན་ཚ་བསིལ་གང་ཤིས་ཀྱི་ཁ་ལོ་བསྒྱུར་བ་དང༌། ལྔ་པ་བཤིག་པ་ལ། དངུལ་ཆུ་ཞོ་གང༌། སྟར་བུ་དེའི་ལོག་པོར་བཏང་སྟེ། མཆིལ་མ་དང་བ་ཆུས་འབྲུམ་བུ་མེད་པར་མཉེ་ཞིང༌། དྲུག་པ་རྩ་ཁ་འབྱེད་པ་ལ་སུ་ལ་གཏོང་བའི་མི་དེར་སྔོན་དུ་ཚ་སྡོར་ལ། གཡེར་མ་ཅུང་ཟད་བཏབ་པ་ཞག་འགའི་གོང་ནས་གཏོང་བར་བྱ་ཞིང༌། བདུན་པ་སྣོད་བཏང་བ་ནི། དངུལ་ཆུའི་སྦྱོར་བ་གང་གཏོང་ཡང་ཟངས་ཀྱི་ཐལ་བ་བསྡེབ་པ་གལ་ཆེ་སྟེ། ཟངས་ཐལ་མེད་ན་བསྟེན་པ་པོ་དེའི་ལུས་ལ་དངུལ་མི་འཆགས་པར་བ་སྤུའི་ཁུང་བུ་སོགས་ནས་འཛག་པའི་ཕྱིར་དང༌། རིལ་བུ་གང་གཏོང་བའི་སྔོན་དུ་ཞུན་མར་ཞག་འགའ་བསྟེན་པ་དང༌། བརྒྱད་པ་ཕྱིའི་སྲུང་བའི་ཐབས་སུ་ཙ་བ་ལ་རྩི་མར་དང་གྲང་བ་ལ་ཏིལ་མར་སྦྱར་བའི་མར་གྱིས་ལུས་ལ་བྱུག་པ་དང༌། དགུ་པ་ནུས་པ་བསྐྱེད་པར་བྱ་བའི་ཕྱིར་དུ་ནད་གང་ལ་ཡང་རིལ་བུ་ཆང་གིས་དབུལ་ནས་བཏང་བ་དང༌། གཞན་ཡང་ཤ་ཆང་ལྟོར་བསྟེན་ཞིང་སྐབས་སུ་མན་ངག་ལག་ལེན་ལྟར་བ་སྤུར་རྔུལ་དབྱུང་བའི་ཐབས་ཀྱང་བྱ་དགོས་ལ། དེ་ལྟར་བསྟེན་ཐབས་མ་ཤེས་ན་དངུལ་ཆུའི་སྦྱོར་བ་དུག་ཏུ་འགྱུར་པའི་ཕྱིར་ཁེ་བས་ཉེན་ཆེ་སྟེ། དཔེར་ན་སྣོད་ངན་གྱི་ནང་དུ་སེང་གེའི་འོ་མ་བཞོས་ན་སྣོད་ཀྱང་ཆག་ལ་བཅུད་ཀྱང་འཕོ་བ་དང་མཚུངས་སོ་ཞེས་པའོ། །གཉིས་པ་སྦྱོར་བ་ལ་གཉིས་ཏེ་མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། དང་པོ་ནི། སྦྱོར་བ་སོགས་རྐང་པ་གཅིག་སྟེ་རྩ་བ་དངུལ་ཆུ་དེ་ལ་སྦྱོར་བ་ཆིག་ཐུབ་ཏུ་སྦྱར་བ་དང༌། ཀུན་རྒྱུག་ཏུ་སྦྱར་བ་གཉིས་ཡོད་དོ་ཞེས་པའོ།།

        གཉིས་པ་རྒྱས་པར་བཤད་པ་ལ་གཉིས། ཆིག་ཐུབ་བཅུ་གཅིག་བཤད་པ་དང༌། ཀུན་རྒྱུག་བརྒྱད་བཤད་པའོ། །དང་པོ་ནི། དང་པོ་མུ་ཟི་ཞེས་པ་ནས་སྐྱེ་རྒྱུན་གཅོད་ཅེས་པའི་བར་ཚིགས་བཅད་བཅུ་དང་རྐང་པ་གསུམ་གྱིས་བསྟན་ཏེ། རྣག་ཆུ་འཛག་པ་ལ་གཙོ་བོར་བསྔགས་པའི་ཆིག་ཐུབ་དང༌། འབྲས་དང་སུར་ཡ་རྩ་ནད་སེལ་བའི་ཆིག་ཐུབ། མཛེ་འབྲས་ཁོང་ནད་སེལ་བའི་ཆིག་ཐུབ། དུག་ནད་འཇོམས་པའི་ཆིག་ཐུབ། ཤ་དུག་འཇོམས་པའི་ཆིག་ཐུབ། འཁྲུགས་ཚད་འཇོམས་པའི་ཆིག་ཐུབ། རིམས་ཚད་སེལ་བའི་ཆིག་ཐུབ། འབྲུམ་ནག་སེལ་བའི་ཆིག་ཐུབ།  །ལྷོག་པ་སེལ་བའི་ཆིག་ཐུབ། གག་པ་སེལ་བའི་ཆིག་ཐུབ། རྒྱ་གཟེར་སེལ་བའི་ཆིག་ཐུབ།  ཞར་བྱུང་སྐྱེ་རྒྱུན་གཅོད་པ་དང་བཅས་ཏེ་སྦྱོར་བ་བཅུ་གཅིག་ཡིན་ལ། གཞན་རྣམས་གོ་སླ་ཞིང༌། བྱང་སེམས་གཉིས་ནི། སྟོད་ལུགས་འགའ་ཞིག་མཚལ་དང་ཅོང་ཞི་ལ་འདོད་ཀྱང༌། རང་ལུགས་སྐྱེས་པ་དང་བུད་མེད་གྲོང་པའི་ཆོས་ཀྱིས་མ་གོས་པའི་ཁམས་དཀར་དམར་དངོས་ཡིན་ལ། མ་རྙེད་ན་ཅོང་ཞི་དང༌། བྲག་ཞུན་ནམ། སྟར་བུ་དང་རྒུན་འབྲུས་ཚབ་རུང༌། ཆོས་སྨན་ནི་བྱང་པ་རིགས་ལྡན། དགེ་སློང་གཙང་མའི་དྲི་ཆེན་དང༌། སྟོད་ལུགས་པ་ཁ་ཅིག་པི་པི་ལིང་ཡིན་ཟེར། དངོས་གསང་སྔགས་རྙིང་མའི་ཨམྲི་ཏ་ཞེས་པ་རྩ་བརྒྱད་ཡན་ལག་སྟོང་སྦྱར་གྱི་བདུད་རྩི་སྨན་སྒྲུབ་བམ། གསར་མའི་བདུད་རྩི་རིལ་བུ། ཕྱ་ཚན་གསུམ་ནི། མི་རྟ་ཁྱི་གསུམ་གྱི་ཕྲུག་གུ་སྐྱེས་འཕྲལ་ལ་བྱུང་བའི་ཁོང་བྲུན་ནོ། །ཁྱུང་སྡེར་ཞེས་པ་ལ་དཀར་སྨུག་གཉིས་ཏེ་སྟོད་ནས་བྱུང་བ་བཟང་ངོ༌། །དཔའ་བོ་ལ་དཀར་སེར་གཉིས་ཏེ། དཀར་པོ་ལ་རུ་པེད་དང༌། དཔའ་རྒོད་གཉིས་ལས། དཔའ་བོ་དཀར་པོའི་རུ་པེད་ཅེས་བྱ་བའི་རྩ་བ་ལ་ཕུག་ལྟ་བུ་ལ། ནང་དཀར་པོ་སྒོ་ངའི་ཁོང་ཤུན་འདྲ་བ་ཡོད། དཔའ་བོ་རྒོད་ནི་དབྱིབས་དཔའ་བོ་དཀར་པོ་དང་འདྲ་བ་ལ་ཕྲེང་བ་བརྒྱུས་བ་ལྟར་རྡོག་པོ་སྦྲེངས་པ་ཡོད་དོ། །བྱེའུ་ལ་ཕུག་ནི། གཡའ་གསེབ་སྐྱེ་བ། ལོ་མ་སིབ་ཆུང༌། མེ་ཏོག་དཀར་པོ། ཟོས་ན་ལ་ཕུག་བྲོ་བ། ཉུང་མ་ལ་མིང༌། ཉུང་གཞི། ཆར་མའི་ཉུང་མ། འཕེལ་ཀ།  གནམ་གྱི་བུ་རམ། གནམ་གྱི་བཅུད། གནམ་གྱི་བདུད་རྩི་ཞེས་བྱ་སྟེ། ཁ་བྱང་ལྟའི་གནམ་ཆུ་ལས་སྐྱེས་པ་བཟང་ངོ༌། །ཨ་བོ་ནི་བྲག་སྐྱ་ཨ་བོ་སྟ་འཁྲུངས་དཔེ་ལས། ཨ་བོ་བྲག་གི་ལོགས་ལ་སྐྱེ། །ལོ་མ་ལེབ་ལ་མེ་ཏོག་ནི། །དཀར་རམ་སྨུག་གམ་སེར་བ་ཡོད། །རོ་ནི་ཁ་ལ་མངར་བ་ཡིན། །རང་གི་ནུས་པས་མཁལ་ནད་སེལ། །ཞེས་པ་དེ་དང༌། གང་ག་ཆུང་ནི་དེ་ཉིད་ལས། རྒྱལ་མཚན་གང་ག་ཆུང་གི་སྨན། །ཟུར་བཞི་ལོགས་བརྒྱད་རྩེ་མོ་དབལ། །མེ་ཏོག་ཡང་ཏོག་ལྡིང་བ་ཡིན། །རོ་ནི་ཁ་ལ་ནུས་པ་བསིལ། །ཞེས་པ་དེའོ། །རྒྱ་རུ་ནི་དངོས་དང༌། སྟག་ཤ་ནི་གཅན་གཟན་སྟག་གི་ཤར་འདོད། །གཉིས་པ་ཀུན་རྒྱུག་གི་སྦྱོར་བ་བརྒྱད་བཤད་པ་ལ། ཀུན་རྒྱུག་ཅེས་པ་ནས་ཤ་རོ་གཅོད་ཅེས་པའི་བར་ཚིགས་བཅད་གསུམ་དང་རྐང་པ་གསུམ་གྱིས་བསྟན་ཏེ། ནད་མེད་རྣམས་ལ་བསྔགས་པ། བཅུད་ལེན་ཀུན་རྒྱུག ཁྲག་སྐེམས་ཀུན་རྒྱུག དམུ་ཆུ་ཀུན་རྒྱུག མཛེ་ནད་ཀུན་རྒྱུག ཆུ་སེར་ཀུན་རྒྱུག དྲེག་ནད་ཀུན་རྒྱུག འབྲས་ནད་ཀུན་རྒྱུག ཤ་རོ་ཀུན་རྒྱུག་སྟེ་གཞན་རྣམས་རྟོགས་པར་སླ་ལ། བརྒྱ་བྱིན་སྦྲང་ཞེས་པ་གྲོག་མའི་ཚང་སྦྲང་སོགས་ལ་འདོད་པ་མང་ཡང༌། འདིར་དབང་ལག གྭ་དོར་གསུམ་ནི། བསེ་རུ། ཤ་རུ། ཁ་ཤའི་རྭ་གསུམ་ཡིན་ནོ། །དེ་ལྟར་རིན་ཅེན་ལ་གྲང་སེལ་གཅིག་དང་ཚ་སེལ་བཅུ་དགུ་སྟེ་སྦྱོར་བ་ཉི་ཤུ་ཡོད་དོ་ཞེས་སོ།།

        གསུམ་པ་ལོག་གནོན་བསྟན་པ་ནི། ལོག་གནོན་ཞེས་པ་ནས་ཞེས་གསུངས་སོ་ཞེས་པའི་བར་ཚིགས་བཅད་གསུམ་གྱིས་བསྟན་ཏེ། དེ་ཐམས་ཅད་ཀྱི་ལོག་གནོད་བྱིང་ཞིང་འཐིབས་པ་བྱུང་ན། བཟང་དྲུག་ཀ་ར་དང་སྦྱར་ཏེ་གཏོང་བ་དང༌། འཁྲུ་ན་བཟང་དྲུག་ཟངས་ཐལ་དང་སྦྱར་བས་འཁྲུ་བ་གཅོད་ཅིང༌། ཁ་ལ་རྨ་བྱུང་བ་དང༌། རྒྱུ་མ་གཟེར་བ། ཕོ་བར་ཟས་སྨན་མི་འཇུ་ཞིང༌། སྐད་དུ་འདྲིལ་བ་བྱུང་ན་གཉེན་པོའི་སྨན་པི་པི་ལིང༌། ཕོ་བ་རིས། ཅོང་ཞི། མཚུར་ནག །བུལ་ཏོག སྟར་བུ་དྲུག་བསྐོལ་ཐང་ཚན་མོར་མ་གྲང་པར་བཏང་བ་དང༌། ཡང་ན་སྨན་དེ་དྲུག་གི་ཕྱེ་མ་ཆུ་བསྐོལ་ཚ་མོས་དབུལ་བ་དང༌། ཟངས་འདུལ་མ་ལེགས་ན་གཡའ་བྲོ་བས་སྐྱུགས་པ་འབྱུང་བས་དེ་བཅད་པའི་དོན་ལ། སྟར་བུ་བ་ཆུས་སྦངས་ནས་བཏུང་བ་དང༌། དངུལ་ཆུའི་དུག་མ་ཐོན་པའི་སྐྱོན་གྱིས་མགོ་འཁོར་བ་དང་ཁ་དང་གདོང་པ་གཡོ་སྟེ། སྐྲངས་ཤིང་སོ་རྙིལ་ན་བ་བྱུང་ན། ཤ་ཆང་ཞུན་མར་ཏེ་མར་ཁུ་སྒོག་སྐྱ་སོགས་བསྟེན་པར་བྱ་བ་དང༌། རུས་ཚིགས་ན་ཞིང་འབྲལ་བ་སྙམ་བྱེད་ན་པི་པི་ལིང༌། རྒྱ་ཚྭ། རྒྱམ་ཚྭ། སྟར་བུའི་གྲང་ཐང་བཏང་ཞིང༌། དེ་ལྟར་བསྟེན་ཐབས་གཡའ་འཕྱི་བ་ནས་ནུས་པ་བསྐྱེད་པའི་བར་དུ་དགུ་པོ་ལག་ལེན་མན་ངག་དང་ལྡན་པ་བྱས་ན་ལོག་པ་སོགས་ཀྱི་སྐྱོན་གང་ཡང་འབྱུང་བ་མི་སྲིད་དོ་ཞེས་གསུངས་སོ། །གསུམ་པ་ལེའུའི་མཚན་བསྟན་པ་ནི། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་བཞི་པ་ཕྱི་མ་འཕྲིན་ལས་རྒྱུད་ཀྱི་ཞི་བྱེད་ཀྱི་སྦྱོར་བ་དགུ་པ་རིན་པོ་ཆེའི་སྦྱོར་བའི་སྡེ་ཚན་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ་ཞེས་བྱ་བའི་དོན་ཏོ།།

 

 

མཐའ་མའི་འདོན་ཐེངས་།: 05.09.2011 ཉིན། 11:14 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།