སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་བཅུ་གཅིག་པ། རིན་པོ་ཆེ་སྦྱོར་བའི་སྡེ་ཚན་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 22.12.2022
ཕྱི་མ་རྒྱུད། >> ལེའུ་བཅུ་གཅིག་པ། རིན་པོ་ཆེ་སྦྱོར་བའི་སྡེ་ཚན་བསྟན་པ།



ལེའུ་བཅུ་གཅིག་པ། རིན་པོ་ཆེ་སྦྱོར་བའི་སྡེ་ཚན་བསྟན་པ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །ཞི་བྱེད་རྒྱལ་པོ་རིན་ཆེན་སྦྱོར་སྡེ་བཤད། །ཐང་ཕྱེ་རིལ་བུ་ལྡེ་གུ་སྨན་མར་སོགས། །ཡང་ཡང་བསྟེན་པས་སྨན་འདྲེད་ནད་མ་ཐོན། །ཞི་བྱེད་ཀུན་གྱི་ལོག་གནོན་རིན་པོ་ཆེ། །ཁྲག་མཁྲིས་བད་རླུང་བཞི་བརྒྱ་རྩ་བཞིའི་ནད། །མགོ་དང་བྱང་ཁོག་ཡན་ལག་རྨ་རྣམས་དང༌། །དམུ་འོར་མཛེ་འབྲས་གག་ལྷོག་གཉན་ནད་དང༌། །ཀླུ་གཉན་རྒྱལ་པོ་ལ་སོགས་འབྱུང་པོའི་གདོན། །རིན་པོ་ཆེ་ཡིས་མི་སེལ་འགའ་ཡང་མེད། །ནད་གཞི་མེད་པའི་མི་ལ་བཅུད་ལེན་འགྱུར། །སྦྱོར་བ་ཚ་སྦྱོར་གྲང་སྦྱོར་རྣམ་པ་གཉིས།།

རིན་ཅེན་ཚ་སྦྱོར་གསེར་དངུལ་ཟངས་ལྕགས་བཞི། །སྦྲང་གཤོག་ཙམ་དུ་བརྡུངས་ལ་དུམ་བུར་གཏུབས། །ཞིག་དཀའི་ཀོང་བུར་བླུག་སྟེང་དངུལ་ཆུ་བླུག །དེ་སྟེང་ཚ་ལ་མུ་ཟི་བླུག་པར་བྱ། །དེ་ཡི་ཁ་རུ་ལྕི་ཐལ་དམ་པར་བསྡིག །དེ་སྟེང་འདག་པས་ཁ་བཅད་སོལ་མེས་བསྲེག །ཐལ་བ་མུ་ཟི་གུ་གུལ་སོ་མ་ར། །ཤུ་དག་ཙི་ཏྲ་ཀ་དང་ཚ་བ་གསུམ། །རེ་སྐོན་སེང་ལྡེང་འགྲོན་ཐལ་ཞིབ་པར་བཏགས། །དངུལ་ཆུ་ཞོ་ཕྱེད་སྟར་བུ་གཅིག་གིས་བཤིག །ཨ་རུ་ཆང་སྦངས་ཁུ་བ་བ་ཆུ་གཉིས། །ཁཎྜར་བཅོས་ལ་གོང་མ་རྣམས་དང་སྦྱར། །རིལ་བུ་སྲན་མ་ཙམ་དྲིལ་ཐོ་རངས་དུས། །ལྔ་བདུན་དགུ་བསྐྱེད་ཆང་གིས་འཕུལ་ལ་བཏང༌། །དྲེག་དང་གྲུམ་བུ་འབྲས་དང་སུར་ཡ་མཛེ། །རྩ་ནད་ཚ་སྐྲན་དམུ་འོར་གྲང་རྣག་སྐེམ།།

རིན་ཅེན་གྲང་སྦྱོར་བསྟེན་ཐབས་སྦྱོར་བ་དང༌། །ལོག་གནོན་གསུམ་ལས་བསྟེན་ཐབས་རྣམ་པ་དགུ། །གཡའ་ཕྱི་དུག་འདོན་འཇམ་བཙལ་སྣ་ཁྲིད་དང༌། །བཤིག་དང་རྩ་ཁ་དབྱེ་དང་སྣོད་བཏང་དང༌། །ཕྱི་བསྲུང་བ་དང་ནུས་པ་སྐྱེད་པའོ། །དང་པོ་ཚ་བ་གསུམ་དང་དངུལ་ཆུ་གཉིས། །གླ་ཧེལ་ནང་དུ་གཡའ་མ་ཐོན་པར་མཉེ། །དེ་རྗེས་བ་ཆུར་བཏགས་ལ་གཡའ་ཁུ་འདོན། །དུག་འདོན་ཅོང་ཞི་དྲི་ཆུར་སྐམས་སྐམས་བཙོ། །འཛམ་བཙལ་པི་པི་ལིང་དང་ཕོ་བ་རིས། །ཅོང་ཞི་ནག་མཚུར་བུལ་ཏོག་རྣམ་པ་ལྔ། །ནད་གཞིར་བསྟུན་ཏེ་ཚད་ལྡན་སྦྱར་བར་བྱ། །སྣ་ཁྲིད་ལ་ཆ་དབྱི་མོང་ནད་དང་སྤྲོད། །ཚ་གྲང་གཉེན་པོར་གང་ཤིས་ཁ་ལོ་བསྒྱུར། །བཤིག་པ་དངུལ་ཆུ་སྟར་བུ་ལོག་པོར་བཏང༌། །མཆིལ་མ་བ་ཆུས་འབྲུམ་པ་མེད་པར་མཉེ། །རྩ་ཁ་འབྱེད་པ་ཚྭ་སྡོར་གཡེར་མས་བྱ། །སྣོད་བཏང་བ་ནི་ཟངས་ཀྱི་ཐལ་བ་སྡེབ། །ཟངས་ཐལ་མེད་ན་ལུས་ལ་དངུལ་མི་འཆགས། །རིལ་བུའི་སྔོན་དུ་ཞུན་མར་ཞག་འགའ་བསྟེན། །ཕྱི་བསྲུང་ཚ་གྲང་སྦྱར་བའི་མར་གྱིས་བྱུག །ནུས་པ་སྐྱེད་པ་རིལ་བུ་ཆང་གིས་དབུལ། །ཤ་ཆང་ལྟོར་བསྟེན་སྐབས་སུ་བ་སྤུར་དབྱུང༌། །བསྟེན་ཐབས་མ་ཤེས་སྦྱོར་བ་དུག་ཏུ་འགྱུར། །སྣོད་ངན་སེང་གེའི་འོ་མ་བཞོས་དང་མཚུངས། །སྦྱོར་བ་ཆིག་ཐུབ་དང་ནི་ཀུན་རྒྱུག་གཉིས།དང་པོ་མུ་ཟི་འགྲོན་ཐལ་ཨ་རུ་ར། །སུག་སྨེལ་གསེར་གྱི་བྱེ་མ་བྱང་སེམས་གཉིས། །ཀུན་དང་སྟར་བུ་མཉམ་སྟེ་སྦྲང་དང་སྦྱར། །རྣག་དང་ཆུ་སེར་དམུ་ཆུ་སྐེམ་པར་བྱེད། །ཀླད་པ་འཛག་གཅོད་རྩ་ནད་བྱེར་འགྲམས་སེལ། །བཟང་དྲུག་ཙན་དན་དཀར་དམར་འབྲས་བུ་གསུམ། །སྤོས་དཀར་ཐལ་ཀ་རྡོ་རྗེ་སོ་མ་ར། །དོམ་མཁྲིས་རུ་རྟ་སྦྱར་བའི་རིལ་བུ་ཡིས། །ཚ་རྙོགས་འབྲས་དང་སུར་ཡ་རྩ་ནད་སེལ། །བཙན་དུག་ཨ་རུ་མུ་ཟི་གླ་རྩི་དང༌། །ཤུ་དག་རུ་རྟ་གུ་གུལ་བཟང་པོ་དྲུག །སྤོས་དཀར་ཐལ་ཀ་རྡོ་རྗེ་སོ་མ་ར། །སྦྲང་སྦྱར་རིལ་བུས་མཛེ་འབྲས་གག་ལྷོག་དང༌། །དམུ་འོར་སྐྱ་རྦབ་སྐྲངས་པ་མ་ལུས་འཇོམས། །བཟང་དྲུག་གླ་རྩི་ཙན་དན་དཀར་པོ་དང༌། །བསེ་རུ་གི་ཝཾ་ཆོས་སྨན་ཨ་རུ་ར། །བྲག་ཞུན་བོང་ང་དཀར་དམར་ཕྱ་ཚན་གསུམ། །ཁྱུང་སྡེར་དཔའ་བོ་སེར་པོ་དོམ་མཁྲིས་དང༌། །ཏིག་ཏ་མ་ནུ་རུ་རྟ་སྐྱེར་བར་ཤུན། །ཀ་ར་སྦྱར་བའི་རིལ་བུས་དུག་ཚད་འཇོམས། །བསིལ་གསུམ་གི་ཝཾ་གླ་རྩི་བོང་ང་དཀར། །རུ་རྟ་བྲག་ཞུན་གསེར་གྱི་མེ་ཏོག་དང༌། །བྱེའུ་ལ་ཕུག་ཉུང་མའི་ཁཎྜ་ལ། །རིལ་བུ་དྲིལ་བས་ཤ་དུག་སེལ་བར་བྱེད། །བསིལ་གསུམ་ཙན་དན་དཀར་དམར་བ་ཤ་ཀ །ཧོང་ལེན་སྐྱུ་རུའི་རིལ་བུས་འཁྲུགས་ཚད་འཇོམས། །གི་ཝཾ་བོང་ང་དཀར་པོ་ཨ་རུ་ར། །གསེར་གྱི་མེ་ཏོག་བསིལ་གསུམ་ཏིག་ཏ་སྦྱར། །རིལ་བུས་རིམས་ཀྱི་ཚད་པ་སེལ་བར་བྱེད། །སྦལ་རྒྱབ་མདུང་རྩེ་གངས་ཐིགས་ཅོང་ཞི་དང༌། །ཚ་ལ་གླ་རྩིའི་རིལ་བུས་འབྲུམ་ནག་སེལ། །བཙན་དུག་གླ་རྩི་གུ་གུལ་ཨ་རུ་ར། །སྦལ་པ་ནག་པོ་ཤུ་དག་རིལ་བུ་ཡིས། །ལྷོག་པའི་ནད་རིགས་མ་ལུས་འཇོམས་པར་བྱེད། བཙན་དུག་རྒྱ་ཚྭ་ཐར་ནུ་ཨ་རུ་ར། །རུ་རྟ་ཁྱི་ཡི་མཆེ་བས་གག་པ་སེལ། །སྤང་རྩི་རེ་སྐོན་ཧ་བོ་གང་ག་ཆུང༌། །དུག་ཉུང་དོམ་མཁྲིས་བྲག་ཞུན་རྒྱུ་གཟེར་སེལ། །དེ་ལ་སོགས་ཏེ་ནད་གང་གཉེན་པོ་དང༌། །དངུལ་ཆུ་སྦྱར་བས་གསོ་དཀའི་ནད་རྣམས་སེལ། །གསེར་དང་རྒྱ་རུ་རྒྱ་སྐྱེགས་རྒྱ་ཚྭ་དང༌། །སྣག་ཚ་སྦྲུལ་དང་སྟག་ཤ་བུལ་ཏོག་དང༌། །མཛོ་དྲེའི་རྒྱུངས་པ་སྦྱར་བས་སྐྱེ་རྒྱུན་གཅོད། །ཀུན་རྒྱུག་དངུལ་ཆུ་མུ་ཟི་སྟར་བུ་དང༌། །བརྒྱ་བྱིན་སྦྲང་ལ་སྦྱར་བའི་ལྡེ་གུ་ལ། །ར་མཉེ་ཉེ་ཤིང་སྦྱར་བས་བཅུད་ལེན་འགྱུར། །བསེ་རུ་གྭ་དོར་འགྲོན་ཐལ་རེ་སྐོན་དང༌། །ཟངས་ཐལ་མར་གསར་བྱང་ཁོག་རྣག་ཁྲག་སྐེམ། །ཡ་བཀྵ་ར་འགྲོན་ཐལ་ཚ་བ་གསུམ། །དགོ་རུ་ཐལ་ཚྭ་ཤིང་ཚས་དམུ་ཆུ་སྐེམ། །བཙན་དུག་གུ་གུལ་རྨ་བྱའི་མཁྲིས་པ་སྦྱར། །བྱུག་དང་ལྟོར་བཏང་མཛེ་ནད་འཇོམས་པར་བྱེད། །ཐལ་ཀ་རྡོ་རྗེ་སེང་ལྡེང་སོ་མ་ར། །སྤོས་དཀར་སྦྱར་བས་ཆུ་སེར་ནད་ཀུན་སྐེམ། །འགྲོན་ཐལ་བྲག་ཞུན་སླེ་ཏྲེས་དྲེག་ནད་སེལ། །དོམ་མཁྲིས་གུ་གུལ་སོ་མ་རཱ་ཛ་སྦྱར། །ཁོང་དུ་བཏང་དང་རྨར་བྱུགས་འབྲས་ནད་སེལ། །བསེ་འབྲས་དངུལ་ཐལ་དར་མཚུར་ཤ་རོ་གཅོད། །ལོག་གནོན་བྱིང་འཐིབས་བཟང་དྲུག་ཀ་ར་སྦྱར། །འཁྲུ་ན་བཟང་དྲུག་ཟངས་ཐལ་སྦྱར་བས་གཅོད། །ཁ་ལ་རྨ་བྱུང་རྒྱུ་མ་གཟེར་བ་དང༌། །ཕོ་བར་མི་འཇུ་སྐྲན་དུ་འདྲིལ་བ་ན།།གཉེན་པོའི་སྨན་དྲུག་བསྐོལ་ཐང་ཚན་མོ་བཏང༌། །ཡང་ན་ཕྱེ་མ་ཆུ་སྐོལ་ཚ་མོས་དབུལ། །ཟངས་སྐྱུགས་དོན་ལ་སྟར་བུ་བ་ཆུ་བཏང༌། །མགོ་འཁོར་ཁ་གདོང་གཡོ་ཞིང་སོ་རྙིལ་ན། །ཤ་ཆང་ཞུན་མར་སྒོག་སྐྱ་བསྟེན་པར་བྱ། །རུས་ཚིགས་འབྲལ་སྙམ་བྱེད་ན་པི་པི་ལིང༌། །རྒྱ་ཚྭ་རྒྱམ་ཚྭ་སྟར་བུའི་གྲང་ཐང་བཏང༌། །བསྟེན་ཐབས་དགུ་ལྡན་ལོག་པ་འབྱུང་མི་སྲིད། །ཅེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་རིན་པོ་ཆེ་སྦྱོར་བའི་སྡེ་ཚན་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།


 

 

མཐའ་མའི་འདོན་ཐེངས་།: 22.12.2022 ཉིན། 11:45 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།