སྨན་རྩིས་དྲ་བ། - བཤད་རྒྱུད།

ལེའུ་དྲུག་པ། ལུས་ཀྱི་ལས་དང་དབྱེ་བ་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 22.08.2011
བཤད་རྒྱུད། >> ལེའུ་དྲུག་པ། ལུས་ཀྱི་ལས་དང་དབྱེ་བ་བསྟན་པ།

ལྔ་པ་ལུས་ཀྱི་ལས་དང་དབྱེ་བ་བཤད་པ་ལ་གསུམ་སྟེ། ཉན་པར་གདམས་པ། གཞུང་དོན་དངོས། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་པ་ནས་ཉོན་ཅིག་ཅེས་པའི་བར་གྱིས་བསྟན་ཏེ། ལུས་ཀྱི་མཚན་ཉིད་བསྟན་ཟིན་པའི་རྗེས་ཐོག་དེ་མ་ཐག་པ་དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཞེས་བྱ་བ་དེ་ཉིད་ཀྱིས་འདི་སྐད་ཅེས་གསུངས་སོ། །དེ་ཡང་ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་མ་ཡེངས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་ཅེས་གདམས་པས་མཚམས་སྦྱར་བའོ། །གཉིས་པ་གཞུང་དོན་དངོས་བཤད་པ་ལ་གཉིས་ཏེ། ལུས་ཀྱི་ལས་བཤད་པ་དང༌། ལུས་ཀྱི་དབྱེ་བ་བཤད་པའོ། །དང་པོ་ནི། ལུས་ཀྱི་ཞེས་པ་ནས་རང་ལུས་འཛིན་ཞེས་པའི་བར་གྱིས་བསྟན་ཏེ། དེ་ཡང་གཙོ་ཆེ་བའི་དབང་དུ་བྱས་ནས་ལུས་ཀྱི་ལས་ཞེས་པ་སྟེ། སྤྱིར་ལུས་ཉིད་ཀྱི་ལས་དང༌། ལུས་ལས་བྱུང་བའི་ངག་གི་ལས་དང༌། ལུས་ལ་བརྟེན་ཅིང་གནས་པ་ཡིད་ཀྱི་ལས་དང་རྣམ་པ་གསུམ་དུ་ཡོད་ལ། གསུམ་པོ་དེ་ཡང་ཚངས་པར་སྤྱོད་པ་དང༌། སྦྱིན་པ་གཏོང་བ་སོགས་དགེ་བ་བཅུ་དང༌།་དེ་ལས་བཟློག་པ་སྲོག་གཅོད་པ་སོགས་མི་དགེ་བ་བཅུ་དང༌། དེ་གཉིས་ཀ་མ་ཡིན་པར་བཏང་སྙོམས་དང༌། གཉིད་ཉལ་བ་སོགས་ལུང་དུ་མ་བསྟན་པའི་རང་བཞིན་རྣམས་ལ་ལོངས་སྤྱོད་པ་ཡིན་ཞིང༌། བྱེ་བྲག་ཏུ་མིག་དང་རྣ་བ་ལ་སོགས་པའི་དབང་པོ་ལྔ་རྣམས་ཀྱིས་རང་རང་གི་ཡུལ་གཟུགས་སྒྲ་དྲི་རོ་རེག་བྱ་རྣམས་དོན་དུ་འཛིནཅིང་ལོངས་སྤྱོད་པར་བྱེད་པ་ཡིན་ནོ། །གཉིས་པ་ལུས་ཀྱི་དབྱེ་བ་བཤད་པ་ལ་གཉིས་ཏེ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། ལུས་ཀྱི་ཞེས་པ་ནས་དབྱེ་བ་བཞི་ཞེས་པའི་བར་གྱིས་བསྟན་ཏེ། ལུས་ཀྱི་དབྱེ་བ་ཅུང་ཟད་བརྗོད་ན། རྟེན་ཐ་དད་པའི་སྒོ་ནས་དབྱེ་བ་དང༌། ན་ཚོད་ཀྱི་རིམ་པའི་སྒོ་ནས་དབྱེ་བ་དང༌། ཁམས་ཀྱི་རང་བཞིན་གྱི་སྒོ་ནས་དབྱེ་བ་དང༌། ནད་དང་ནད་མེད་ཀྱི་སྒོ་ནས་དབྱེ་བ་དང༌། རྣམ་པ་བཞི་ཡོད་དེ་ཞེས་བྱ་བའི་དོན་ཏོ། །གཉིས་པ་རྒྱས་པར་བཤད་པ་ལ་བཞི། རྟེན་གྱི་སྒོ་ནས། ན་ཚོད་ཀྱི་སྒོ་ནས། རང་བཞིན་གྱི་སྒོ་ནས། ནད་ཀྱི་སྒོ་ནས་དབྱེ་བའོ། །དང་པོ་ནི། རྟེན་གྱི་ཞེས་པ་རྐང་པ་གཅིག་སྟེ། ལུས་ལ་རྟེན་གྱི་སྒོ་ནས་དབྱེ་ན་སྐྱེས་པ་སྟེ་ཕོ་དང༌། བུད་མེད་དེ་མོ་དང༌། དེ་གཉིས་ཀར་མ་ངེས་པ་མ་ནིང་དང་གསུམ་མོ། །མ་ནིང་ལ་མཚན་གཉིས་པ་དང༌། མཚན་མེད་པ་དང༌། འགྱུར་བ་མ་ནིང་ཞེས་གསུམ་འབྱུང་ངོ༌། །གཉིས་པ་ན་ཚོད་ཀྱི་སྒོ་ནས་དབྱེ་བ་ནི། ན་ཚོད་ཅེས་པ་ནས་རྒན་པོ་ཡིན་ཞེས་པའི་བར་གྱིས་བསྟན་ཏེ། ན་ཚོད་རྒན་གཞོན་གྱི་སྒོ་ནས་དབྱེ་ན། སྐྱེས་པ་ནས་ལོ་བཅུ་དྲུག་གི་བར་ནི་བྱིས་པའམ་ཁྱེའུ་ཕྲུག་གུ་ཞེས་བྱ་ལ། དེ་ལས་འདས་ནས་ལུས་ཟུངས་དང༌། དབང་པོ་དང༌། གཟི་མདངས་དང༌། སྟོབས་ལ་སོགས་པ་འཕེལ་བར་འགྱུར་བ་ལོ་བདུན་ཅུའི་བར་དུ་དར་མ་ཞེས་བྱ་སྟེ། དེ་ལས་ཀྱང་འདས་ནས་ལུས་ཟུངས་ལ་སོགས་པ་ཟད་པའི་འགོ་རྩོམ་པ་ཕན་ཆད་ནི་རྒན་པོ་ཞེས་བྱ་བས་རྣམ་པ་གསུམ་ཡིན་ནོ། །འདི་ནི་ཚེ་ལོ་བརྒྱ་བའི་དུས་ལ་དགོངས་པ་ཡིན་ཡང༌། དོན་ལ་ལང་ཚོ་མ་རྫོགས་བར་བྱིས་པ་དང༌། སྟོབས་མདངས་བྲི་བའི་འགོ་མ་བརྩམས་ཚུན་དར་མ་དང༌། དེ་ནས་རྒན་པོ་ཞེས་བརྗོད་ན་དུས་ཀུན་ལ་སྦྱར་དུ་རུང་ངོ༌། །

གསུམ་པ་རང་བཞིན་གྱི་སྒོ་ནས་དབྱེ་བ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། རང་བཞིན་ཞེས་པ་རྐང་པ་གཅིག་སྟེ་ལུས་ལ་རང་བཞིན་གྱི་སྒོ་ནས་དབྱེ་ན། རླུང་རྐྱང་པ་དང༌། མཁྲིས་པ་རྐྱང་པ་དང༌། བད་ཀན་རྐྱང་པ་དང༌། རླུང་མཁྲིས་གཉིས་སུ་ལྡན་པ་དང༌། བད་མཁྲིས་གཉིས་སུ་ལྡན་པ་དང༌། བད་རླུང་གཉིས་སུ་ལྡན་པ་དང༌། གསུམ་ག་འདུས་པ་དང་རྣམ་པ་བདུན་ཡོད་པར་ཤེས་པར་བྱའོ། །གཉིས་པ་རྒྱས་པར་བཤད་པ་ལ་བཞི་སྟེ། རླུང་གི་རང་བཞིན། མཁྲིས་པའི་རང་བཞིན། བད་ཀན་གྱི་རང་བཞིན། ལྷག་མ་ཁ་འཕང་བའོ། །དང་པོ་ལ་གཉིས། སྤྱི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི། ཟླ་ཟེར་ལས། དེ་ཉིད་ཀྱིས་ན་རླུང་གིས་བསྐྱེད་པའི་མི་རྣམས་ནི། །ནད་ཀྱི་བདག་ཉིད་རྡུལ་ཅན་སྐྲག་ཤོར་པགས་པ་གས། །གྲང་ལྷགས་མི་བཟོད་བརྟན་དྲན་བློ་གྲོས་སྤྱོད་མཛའ་སྲེད། །བལྟ་དང་འགྲོ་བ་གཡོ་ཞིང་སྨྲ་བ་ཤིན་ཏུ་མང༌། །ཞེས་བྱ་བ་ལ་རྒྱུ་དེ་ཉིད་ཀྱིས་ན་རླུང་གི་ནད་ཀྱིས་བསྐྱེད་པའི་མི་རླུང་གང་གི་ཁུ་ཆུ་དང་ཁྲག་ལ་སོགས་པས་བསྐྱེད་པར་གྱུར་པའི་མི་རྣམས་ནི་ནད་ཀྱི་བདག་ཉིད་ཅན་དུ་གནས་པ་དང༌། རྡུལ་གྱིས་གཏོར་བ་བཞིན་དུ་སྐྲ་དང་ལུས་ལ་སོགས་པའི་གནས་ལ་དེ་ཉིད་ཀྱིས་ན་སྐྲག་ཤོར་ཞིང་པགས་པ་གས་པ་ལ་སོགས་པར་གནས་པ་དང༌། དེ་བཞིན་དུ་གྲང་ལྷགས་མི་བཟོད་ཅིང་དྲོ་བ་མངོན་པར་འདོད་པ་དང༌། དེ་བཞིན་དུ་བརྟན་པ་ནས་འགྲོ་བའི་བར་ཤིན་ཏུ་གཡོ་ཞིང་བརྟན་པ་མ་ཡིན་ཏེ། བརྟན་པ་ནི་བསྲན་ཐུབ་པའོ། །དྲན་པ་ནི་མི་བརྗེད་པའོ། །བློ་གྲོས་ནི་ཤེས་རབ་བོ། །སྤྱོད་པ་ནི་རྩོམ་པའོ། །མཛའ་བ་ལ་སྲེད་པ་ནི་ཡིད་གཅུགས་པར་དགའ་བའོ། །བལྟ་བ་ནི་མཐོང་བའོ། །འགྲོ་བ་ནི་ཀུན་ཏུ་འཕྱན་པ་སྟེ། དེ་དག་གཡོ་ཞིང་མི་བརྟན་པའོ། །དེ་བཞིན་དུ་གང་ཤིན་ཏུ་སྨྲ་བ་མང་ཞིང་སྨྲ་བ་ལ་དགའ་བ་ཡིན་ནོ། །བད་ཀན་ནོར་ཆུང་ཚེ་ཐུང་གཉིད་སྲབ་དང༌། །ཅོལ་ཆུང་ཚིག་ཐོགས་གཡོ་ཞིང་སྐད་འཛེར་དང༌། །ཆད་ལྟ་མང་དུ་ཟ་ཞིང་སྒེག་དང་བཅས། །གླུ་དང་རྒོད་དང་རྔོན་ལས་འཐབ་ལ་དགའ། །ཞེས་བྱ་བ་ལ་གཞན་ཡང་རླུང་ཅན་གྱི་མིའི་མཚན་ཉིད་ནི། བད་ཀན་དང་ནོར་ཉུང་བ་ལ་སོགས་པ་ཡིན་ཏེ། ཅོལ་ཆུང་བ་ནི་ཚིག་ཕྲ་བའོ། །ཚིག་ཐོགས་པ་ནི་ཕྱེད་ལུས་པའོ། །གཡོ་བ་ནི་མི་བརྟན་པའོ། །སྐད་འཛེར་བ་ནི་སྐད་གསེང་ཉམས་པའོ། །ཆད་པར་བལྟ་བ་ནི་མེད་པར་ལྟ་བའི་གཞུང་ལ་དགའ་བའོ། །མང་དུ་ཟ་བ་ནི་ལྟོ་བ་ཆེ་བའོ། །སྒེག་པ་དང་བཅས་པ་ནི་འགྱིང་ཚུལ་དང་བཅས་པ་དང༌། གླུ་དང༌། རྒོད་དང༌། རྔོན་པའི་ལས་རི་དྭགས་གཤོར་བ་དང༌། འཐབ་ལ་དགའ་བ་རྣམས་དང་ལྡན་པའོ། །

མངར་སྐྱུར་ཁ་དང་ཚ་བའི་རོ་གོམས་སྲེད། །ལུས་སྐེམ་དབྱིབས་རིང་འགྲོ་ཚེ་སྒྲ་དང་བཅས། །མི་བརྟན་དབང་པོ་མི་ཐུལ་དམ་པ་མིན། །བུད་མེད་མི་ཆགས་བུ་མང་སྐྱེ་མི་འགྱུར། །ཞེས་བྱ་བ་ལ་ཡང་རླུང་གི་རང་བཞིན་གྱི་མི་གང་ཡིན་པ་དེ་ནི་རོ་མངར་བ་ལ་སོགས་པ་ལ་གོམས་པའི་སྲེད་པ་དང༌། ལུས་སྐེམ་ཞིང་དབྱིབས་རིང་བ་དང༌། འགྲོ་ཞིང་རྒྱུ་བའི་ཚེ་ཚིགས་སྒྲ་འཁྲོལ་བ་དང་བཅས་པ་སྟེ། འགྲོ་ཞིང་འཆག་པ་ན་མི་བརྟན་ཞིང་གཡོ་བ་དང༌། དབང་པོ་མི་ཐུལ་ཞིང་ཞི་བའི་སྤྱོད་པ་མེད་པ་དང༌། དམ་པའི་སྤྱོད་པ་མེད་ཅིང་འཕགས་པ་མ་ཡིན་པ་དང༌། བུད་མེད་རྣམས་མངོན་པར་མི་དགའ་ཞིང་རྗེས་སུ་ཆགས་པར་མི་འགྱུར་བ་དང༌། བུ་ཚ་མང་བོ་སྐྱེ་ཞིང་འཕེལ་བར་མི་འགྱུར་བ་ཡིན་ནོ། །དེ་ཡི་མིག་ནི་རྩུབ་ཅིང་རྡུལ་གྱིས་གང༌། །ཟླུམ་ཞིང་མི་མཛེས་འཆི་བ་ལྟ་བུ་དང༌། །ཕྱེ་གདངས་གཉིད་ལོག་ལྟ་བུར་སྣང་བ་ཡིན། །དེས་ན་ཤིང་དང་རི་འཛེག་མཁའ་འཕུར་རྨི། །ཞེས་བྱ་བ་ལ་རླུང་གི་རང་བཞིན་ཅན་གྱི་སྐྱེས་བུ་དེ་ནི་མི་རྩུབ་ཅིང་སྣུམ་པ་མེད་པ་དང༌། རྡུལ་གྱིས་གང་ཞིང་ཕྱག་དར་གཏོར་བ་ལྟར་སྣང་བ་དང༌། མིག་གི་དབྱིབས་ཟླུམ་པ་དང༌། མི་མཛེས་ཤིང་ལྟ་ན་མི་སྡུག་པ་དང༌། འཆི་བའི་མིག་དང་མཚུངས་ཤིང་འདྲ་བ་དང༌། ཕྱེ་ཞིང་གདངས་པར་གྱུར་ཀྱང་གཉིད་ཀྱིས་ལོག་པ་འདྲ་བར་སྣང་བ་ཡིན་ནོ། །དེ་བཞིན་རྨི་ལམ་གྱི་ནང་དུ་ཤིང་ཆེན་པོ་ལ་འཛེགས་པ་དང༌། རི་ལ་འཛེགས་པ་དང༌། ནམ་མཁའ་ལ་འཕུར་བར་རྨི་བ་ཡིན་ནོ། །སྐལ་ངན་སེར་སྣ་ཆེ་ཞིང་ཁེངས་པ་དང༌། །བརྐུ་ཞིང་བྱིན་སྙིང་རྩ་རིས་བཅས་པ་དང༌། །ཁྱི་དང་ཝ་དང་རྔ་མོ་བྱ་རྒོད་ཁྲ། །བྱི་བའི་མཚན་ཉིད་ལྡན་པ་རླུང་ཅན་ཡིན། །ཞེས་བྱ་བ་ལ་ཡང་རླུང་གི་རང་བཞིན་ཅན་གྱི་མི་སྐལ་བ་ངན་ཞིང་བཀྲ་མི་ཤིས་པ་དང༌། སེར་སྣའི་ཤས་ཆེ་བ་དང༌། ཁེངས་ཤིང་ལོག་པར་རློམ་པ་དང༌། བརྐུ་འཕྲོག་ལ་དགའ་བ་དང༌། བྱིན་སྙིང་གི་རྒྱབ་ཀྱི་ཆ་མཐོ་ཞིང་རྩེ་མོ་འཁྱིལ་ལ། བྱིན་པའི་ཉྭ་སྔོ་ཞིང་མཐོ་བ་ཡིན་ནོ། །དེ་བཞིན་ཁྱི་དང་ཝ་དང་རྔ་མོ་དང་བྱ་རྒོད་དང་ཁྭ་དང་བྱི་བའི་མཚན་ཉིད་དང་ལྡན་ཞིང༌། དེ་དག་གི་རང་བཞིན་ཅན་གྱི་གཟུགས་དང་རོ་དང་སྤྱོད་པ་རྗེས་སུ་མཐུན་པ་གང་དག་ཡིན་པ་དེ་དང་ལྡན་པ་སྟེ། དེ་ལྟ་བུའི་མི་ནི་རླུང་གི་རང་བཞིན་ཅན་ཡིན་པར་ཤེས་པར་བྱའོ། །ཞེས་དང༌། རང་འགྲེལ་ལས་ཀྱང༌། དེ་དང་མཐུན་པར་བཤད་པས་རྒྱས་པར་རྟོགས་ནུས་པ་ཡིན་ནོ། །

གཉིས་པ་ཚིག་གི་དོན་ནི། དེ་ལ་ཞེས་པ་ནས་ལྡན་པ་ཡིན་ཞེས་པའི་བར་གྱིས་བསྟན་ཏེ། ཁམས་ཀྱི་རང་བཞིན་གྱི་སྒོ་ནས་དབྱེ་བ་དེ་ལ་དང་པོ་རླུང་གིས་གཙོ་ཆེར་བསྐྱེད་པའི་མི་རྣམས་ནི་གཟུགས་དབྱིབས་སྒུར་ཞིང་ཤ་སྐེམ་ལ་མདོག་སྔོ་བ་དང༌། སྨྲ་བ་ཤིན་ཏུ་མང་ཞིང་བསེར་བུའི་ངད་ཀྱིས་གྲང་བ་དང་ལྷགས་པ་རྣམས་མི་བཟོད་ཅིང༌། འགྲོ་བའི་ཚེ་ཚིགས་པ་རྣམས་ལས་སྒྲ་དང་བཅས་པ་འབྱུང་བ་དང༌། རང་བཞིན་གྱི་ནོར་ཆུང་ཞིང་ཚེ་ཐུང་ལ་གཉིད་ཤིན་ཏུ་སྲབ་པ་དང༌། ལུས་ཀྱི་བོངས་ཆུང་ཞིང་གླུ་དང་རྒོད་པ་དང་འཐབ་མོ་དང་མདའ་ལ་སོགས་པའི་སྒྱུ་རྩལ་ལ་དགའ་བ་དང༌། ཁ་ཟས་མངར་བ་དང་སྐྱུར་བ་དང་ཁ་བ་དང་ཚ་བའི་རོ་ལ་ལྷག་པར་དུ་སྲེད་པ་ཆེ་བ་སྟེ་དེ་ལྟ་བུའི་མི་དེ་ནི་བྱ་རྒོད་དང་ཁྭ་དང་ཁྱི་དང་ཝ་ལ་སོགས་པའི་མཚན་ཉིད་དང་སྤྱོད་པ་དང་ང་རོ་དང་ལྡན་པ་ཡིན་ནོ། །གཉིས་པ་མཁྲིས་པའི་རང་བཞིན་ཅན་བཤད་པ་ལ་གཉིས། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི། ཟླ་ཟེར་ལས། མཁྲིས་པ་མེ་འདྲའམ་མེ་ལས་བྱུང་བའི་ཕྱིར། །མཁྲིས་པ་རྒྱས་པ་སྐོམ་དད་བཀྲེས་ཤས་ཆེ། །མདོག་སེར་ལུས་སེར་རྐང་ལག་གདོང་ཡང་དམར། །སྐྲ་སེར་སྤུ་ཉུང་དཔའ་ཞིང་ང་རྒྱལ་ཆེ། །ཞེས་བྱ་བ་ལ་དྲང་སྲོང་ཐང་ལ་འབར་གྱི་གཞུང་གི་མཁྲིས་པའི་རང་བཞིན་མེ་དང་འདྲ་སྟེ། སྨིན་པ་ལ་སོགས་པའི་ལས་བྱེད་པས་མེའི་དགྲར་བཤད་དོ། །ཡང་ན་མེའི་རང་བཞིན་ལས་བྱུང་བའི་ཕྱིར་མེའི་དགྲ་བཤད་དོ། །མེའི་རང་བཞིན་ཅན་གྱི་མཚན་ཉིད་ཡིན་པའམ་མེ་དྲོད་ཀྱི་གཞིར་གྱུར་པ་ཡིན་པའི་ཕྱིར་རོ། །དེ་ལས་བྱུང་བ་ནི་ཚིགས་མིག་ཅན་ཏེ་ཁྲག་གི་སྙིགས་མ་ཡིན་ལ། དེའི་ཕྱིར་མཁྲིས་པ་དེ་རྒྱས་ཤིང་འཕེལ་བར་གྱུར་པའི་སྲོག་ཆགས་རྣམས་ནི། སྐོམ་པ་དང་བཀྲེས་པའི་ཤས་ཤིན་ཏུ་ཆེ་བ་དང༌། ལུས་ཀྱི་མདོག་སེར་བ་དང༌། ལུས་ཚ་འུར་འུར་པོར་གནས་པ་དང༌། རྐང་པ་དང་ལག་པ་དང་གདོང་བའི་རྩ་མདོག་དམར་བ་དང༌། སྐྲ་དམར་སེར་དུ་འདུག་པ་དང༌། སྤུའི་ཚོགས་འཇམ་ཞིང་ཉུང་བ་དང༌། དཔའ་ཞིང་རྟུལ་ཕོད་པ་དང༌། ང་རྒྱལ་ཆེ་ཞིང་ཁེངས་པ་དང་བཅས་པ་ཡིན་ནོ། །ཕྲེང་བ་བྱུག་པ་རྒྱན་ལ་ལྷག་པར་དགའ། །སྤྱོད་བཟང་གཙང་སྦྲ་ཆེ་ཞིང་མཉེས་གཤིན་ལ། །འབྱོར་དང་བརྟུལ་ཕོད་བློ་གྲོས་དང་ལྡན་པ། །འཇིག་རྟེན་དགྲ་བོའང་སྐྱབས་འོང་སྐྱོབ་པར་བྱེད། །ཅེས་བྱ་བ་ལ་ཡང་མཁྲིས་པ་ཅན་གྱི་མི་དེ་ནི་ཕྲེང་བ་ལ་སོགས་པ་ལ་མངོན་པར་དགའ་བ་སྟེ། ཕྲེང་བ་ནི་མེ་ཏོག་གི་ཕྲེང་བ་ལ་སོགས་པའོ། །བྱུག་པ་ནི་དྲི་ཞིམ་པོས་བསྐུ་བའོ། །རྒྱན་ནི་མུ་ཏིག་གི་ཕྲེང་བ་ལ་སོགས་པས་བརྒྱན་ཅིང་བཞག་པའོ། །སྤྱོད་པ་བཟང་བ་ནི་བྱེད་སྤྱོད་མཛེས་པའོ། །གཙང་སྦྲ་ཆེ་བ་ནི་ལུས་དང་ངག་དང་ཡིད་སྐྱོན་མེད་པའོ། །

མཉེས་གཤིན་པ་ནི་བྲན་གཡོག་ལ་སོགས་པ་ལ་བྱམས་པའོ། །འབྱོར་པ་ནི་ལོངས་སྤྱོད་ཕུན་སུམ་ཚོགས་པའོ། །བརྟུལ་ཕོད་པ་ནི་ཉམས་ཀྱིས་མི་ལྕོགས་པ་དག་ཀྱང་བྱེད་སྤྲོ་བའོ། །བློ་གྲོས་ཀྱི་སྟོབས་ནི་ཤེས་རབ་ཀྱི་ནུས་པ་སྟེ་དེ་དག་དང་ལྡན་པར་འགྱུར་རོ། །དེ་བཞིན་དུ་འཇིགས་ཤིང་སྐྲག་པས་ཉན་པའི་དགྲ་བོ་དག་ཀྱང་སྐྱབས་སུ་འོང་ཞིང་འདུད་པར་བྱེད་ན་སྐྱོབ་ཅིང་གནོད་པ་སྲུང་བར་བྱེད་པ་ཡིན་ནོ། །

ཡིད་གཞུང་ཚིག་གིས་མཐའ་དང་ཤ་ནི་རབ་ཏུ་ལྷོད། །བུད་མེད་མི་དགའ་ཁུ་བ་དང་ནི་འདོད་པ་ཆུང༌། །གཉེར་མའི་ཚོགས་དང་སྐྲ་དཀར་མིག་སྔོའི་གནས་གྱུར་པ། །ཟས་ནི་མངར་དང་བསྐ་དང་ཁ་བསིལ་ཟ་བར་དགའ། །ཞེས་བྱ་བ་ལ་ཡང་མཁྲིས་པའི་རང་བཞིན་ཅན་གྱི་མི་ནི་ཡིད་གཞུང་ཞིང་བློ་དང་ལྡན་པ་དང༌། རུས་པའི་ཚིགས་ཀྱི་འབྲེལ་མཚམས་དང་ཤའི་ཚིགས་ལྷོད་ཅིང་གྲིམ་བག་མེད་པ་དང༌། བུད་མེད་རྣམས་དེ་ལ་མངོན་པར་དགའ་བར་མི་འགྱུར་བ་དང༌། ཁུ་བའི་ཤས་ཆུང་བ་དང༌། འདོད་པ་ཆུང་ཞིང་འཁྲིག་པ་ལ་མི་གདུང་བ་དང༌། པགས་པའི་སྐྱོན་གཉེར་མའི་ཚོགས་མང་བ་དང༌། སྐྲ་དཀར་ལྷག་པ་དང༌། མིག་སྔོ་བའི་ནད་རྣམས་ཀྱི་གནས་སུ་འགྱུར་ཞིང༌། དེ་དག་དང་ལྡན་པར་འགྱུར་བ་དང༌། ཁ་ཟས་ཀྱང་མངར་བ་ལ་སོགས་ཏེ་རོ་དང་ལྡན་པ་ལ་སྲེད་ཅིང་དགའ་བ་ལ་ལོངས་སྤྱོད་པར་འགྱུར་བ་ཡིན་ནོ། །ཐན་པ་མི་བཟོད་རྔུལ་ཞིང་དྲི་ང་ལ། །བཤང་གཅི་བཟའ་བཏུང་ཁྲོ་དང་ཕྲག་དོག་མང༌། །རྨི་ལམ་དོང་ཁ་པ་ཤའི་མེ་ཏོག་དང༌། །གློག་འགྱུ་ཕྱོགས་ཚིག་སྐར་མདའ་ནི་མི་མཐོང༌། །ཞེས་བྱ་བ་ལ་གཞན་ཡང་མཁྲིས་པ་ཅན་གྱི་མཚན་ཉིད་ནི། ཉི་ཚན་གྱི་ཐན་པ་དང༌། ཚད་པ་མི་བཟོད་ཅིང་བསྟེན་མི་ནུས་པ་དང༌། རྟག་ཏུ་རྔུལ་འབྱུང་བ་དང༌། ལུས་དྲི་ང་ཞིང་མནམ་པ་དང༌། དེ་བཞིན་དུ་བཤང་གཅི་ལ་སོགས་པ་མང་ཞིང་ཤས་ཆེ་བ་དང༌། གཉིད་ལོག་པའི་རྨི་ལམ་གྱི་ནང་ན་དོང་ཁའི་ཤིང་དང༌། དེ་བཞིན་དུ་ཤིང་པ་ལ་ཤའི་མེ་ཏོག་དང༌། དེ་བཞིན་དུ་གློག་འགྱུ་བ་དང༌། ཕྱོགས་ཚིག་པ་དང༌། སྐར་མདའ་ལྟུང་བ་དང༌། ཉི་མ་ཤར་བ་དང༌། མེ་ཆེན་པོ་འབར་བ་དག་མཐོང་བ་ཡིན་ནོ། །འདི་ཡི་ལུས་ཕྲ་མིག་སེར་གཡོ་བ་དང༌། །རྫི་མ་སྲབ་ཅིང་ཉུང་ལ་གྲང་ལ་དགའ། །ཁྲོ་དང་ཆང་དང་ཉི་མའི་འོད་ཟེར་གྱིས། །མིག་ནི་མྱུར་བར་དམར་པོར་འགྱུར་བ་ཡིན། །ཞེས་བྱ་བ་ལ་མཁྲིས་པ་དང་ལྡན་པའི་སྐྱེས་བུ་འདིའི་མིག་དབྱིབས་ཕྲ་བ་དང༌། མིག་སེར་སྐྱར་གནས་པ་དང༌། རྣམ་པར་གཡོ་ཞིང་རྒོད་པ་དང༌། དེ་བཞིན་དུ་མིག་གི་རྫི་མའི་ཚོགས་སྲབ་ཅིང་གྲངས་ཉུང་བ་དང༌། གྲང་ཞིང་བསིལ་བ་ལ་མངོན་པར་དགའ་བ་དང༌། ཁྲོ་ཞིང་སེམས་འཁྲུག་པ་དང༌། ཆང་འཐུངས་པ་དང་ཉི་མའི་འོད་ཟེར་གྱིས་ཕོག་ན་དེའི་མིག་མྱུར་དུ་དམར་ཞིང་སྔོ་བར་འགྱུར་བ་ཡིན་ནོ། །ཚེ་ནི་རན་ཅིང་སྟོབས་ནི་འབྲིང་བ་དང༌། མཁས་ཤིང་སྡུག་བསྔལ་དག་ལ་བསྲན་ཆུང་འགྱུར། །སྟག་དང་དྲེད་དང་སྤྲེའུ་བྱི་ལ་དང༌། །གནོད་སྦྱིན་རང་བཞིན་ལྡན་པ་མཁྲིས་ཅན་ཡིན། །ཞེས་བྱ་བ་ཡང་དེ་ནི་ཚེའི་ཚད་རན་ཞིང་འབྲིང་ཙམ་དུ་གནས་པ་དང༌། སྟོབས་ཤིན་ཏུ་ཆེ་བ་མ་ཡིན་གྱི་འབྲིང་ཙམ་དུ་གནས་པ་དང༌། མཁས་ཤིང་བློ་དང་ལྡན་པ་དང༌། སྡུག་བསྔལ་ལ་བསྲན་ཆུང་ཞིང་ཉོན་མོངས་པ་དང་བཟོད་པར་མི་ནུས་པས་འཇིགས་པ་དང་བཅས་པ་ཡིན་ནོ། །གཞན་ཡང་སྟག་ལ་སོགས་པའི་གཟུགས་དང་སྐད་ཀྱི་ང་རོ་དང་སྤྱོད་པ་རྗེས་སུ་མཐུན་པར་བྱེད་པ་ནི་མཁྲིས་པའི་རང་བཞིན་ཅན་གྱི་མི་ཡིན་པར་ཤེས་པར་བྱའོ། །ཞེས་དང༌། རང་འགྲེལ་ལས་ཀྱང་དེ་ལྟར་བཤད་པ་ལས་ཞིབ་ཏུ་རྟོགས་པར་བྱའོ། །

གཉིས་པ་ཚིག་གི་དོན་ནི། མཁྲིས་པའི་ཞེས་པ་ནས་ལྡན་པ་ཡིན་ཞེས་པའི་བར་གྱིས་བསྟན་ཏེ། མི་གང་ཡང་མཁྲིས་པའི་རང་བཞིན་ཤས་ཆེ་བ་དེ་ནི་སྐོམ་དད་དང་བཀྲེས་ཤས་གཉིས་ཀ་ཆེ་ཞིང་སྐྲ་དང་ལུས་ཀུན་གྱི་མདོག་ཀྱང་སེར་ལ། བློ་རྣོ་ཞིང་ང་རྒྱལ་ཆེ་བ་དང༌། རྟག་ཏུ་རྔུལ་ཆེ་ཞིང་དྲི་ང་བ་སྟེ་མི་ཞིམ་པ་མནམ་པ་དང༌། ཚེ་རིང་ཐུང་དང༌། ནོར་ཆེ་ཆུང་དང༌། ལུས་བོངས་ཆེ་ཆུང་རྣམས་འབྲིང་པོ་ཙམ་དུ་ངེས་ལ། རོ་མངར་ཁ་བསྐ་ཞིང་ནུས་པ་བསིལ་བའི་ཁ་ཟས་ལ་ལྷག་པར་སྲེད་པ་སྟེ། དེ་འདྲ་བའི་མི་དེ་ནི་སྟག་དང་སྤྲེའུ་དང་གནོད་སྦྱིན་དང་བྱི་ལ་ལ་སོགས་པའི་མཚན་ཉིད་དང་ལྡན་ཞིང་ང་རོ་དང་སྤྱོད་པ་རྣམས་དང་ལྡན་པ་ཡིན་ནོ། །གསུམ་པ་བད་ཀན་གྱི་རིགས་ཅན་བཤད་པ་ལའང་གཉིས་ཏེ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི། ཟླ་ཟེར་ལས། བད་ཀན་བསིལ་བས་བད་ཀན་ཅན་བསིལ་ཞིང༌། །རུས་ཚིགས་མི་མངོན་སྣུམ་ཞིང་ཤ་རུས་འབྲེལ། །བཀྲེས་སྐོམ་ཉོན་མོངས་སྡུག་བསྔལ་ཐན་པ་བཟོད། །བློ་ལྡན་སྙིང་སྟོབས་ཆེ་ཞིང་དམ་བཅའ་བརྟན། །ཞེས་བྱ་བ་ལ་གང་གི་ཕྱིར་བད་ཀན་གྱི་རང་བཞིན་བསིལ་བ་ཡིན་པའི་ཕྱིར་བད་ཀན་ཅན་གྱི་སྐྱེས་བུ་ཡང་བསིལ་ཞིང་ཁོང་གྲང་བ་ཡིན་ནོ། །གང་གི་ཕྱིར་འབྲས་བུ་རྣམས་ནི་རྒྱུ་དང་རྗེས་སུ་མཐུན་པ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་བད་ཀན་གྱི་སྐྱེས་བུ་རུས་པའི་ཚིགས་ཕྱིར་མི་མངོན་པ་དང༌། པགས་པའི་མདོག་སྣུམ་པ་དང༌། ཤ་རུས་ཕན་ཚུན་འབྲེལ་ཞིང་གཅིག་ལ་གཅིག་འབྱོར་བར་གནས་པ་དང༌། དེ་བཞིན་དུ་བཀྲེས་པ་ལ་སོགས་པའི་སྡུག་བསྔལ་རྣམས་བརྣག་བཟོད་ཅིང་བསྲན་ཐུབ་པ་དང༌། བློ་དང་ལྡན་ཞིང་ཤེས་རབ་ཆེ་བ་དང༌། སྙིང་སྟོབས་ཀྱི་རང་བཞིན་ཤས་ཆེ་བ་དང༌། དམ་བཅས་པ་ལ་བརྣ་ཞིང་མི་འགྱུར་བ་ཡིན་ནོ། །པྲི་ཡང་ཀུ་དང་དུ་ཝཱ་འདམ་བུའི་མདོག །ཚོན་དང་གི་ཝཾ་པདྨ་གེ་སར་ཅན། །ལག་ངར་རིང་ཞིང་བྲང་ནི་ཡངས་ལ་རྒྱས། །དཔྲལ་བའི་དབྱེས་ཆེ་སྐྲ་ནི་སྟུག་ཅིང་གནག །ཅེས་བྱ་བ་ལ་ཡང་བད་ཀན་གྱི་རང་བཞིན་ཅན་པྲི་ཡང་ཀུ་ལ་སོགས་པའི་མདོག་དང་དང་ལྡན་པར་འགྱུར་ཏེ། ལ་ལ་ནི་པྲི་ཡང་ཀུ་ལྟ་བུའི་མདོག་ཅན་ནོ། །ལ་ལ་ནི་དུ་ཝཱ་ལྟ་བུའི་མདོག་ཅན་ནོ། །ལ་ལ་ནི་གསེར་གྱི་མདོག་ཅན་དང་འདྲ་བའི་བར་འགྱུར་བ་ཡིན་ནོ། །ཡང་དེ་བཞིན་དུ་ལག་ངར་རིང་ཞིང་པུས་མོའི་བར་དུ་ཕྱིན་པ་དང༌། བྲང་འཕེལ་ཀ་ཆེ་ཞིང་ཡངས་ལ་ཤ་རྒྱས་པ་དང༌། དཔྲལ་བའི་དབྱེས་ཆེ་ཞིང་ཡངས་པ་དང༌། སྐྲའི་ཚོགས་འཐུག་ཅིང་མདོག་ནག་པར་གནས་པ་ཡིན་ནོ། །ལུས་འཇམ་སྙོམས་ཤིང་ཡན་ལག་མཛེས་པ་དང༌། མདངས་ཆེ་ཁུ་བཅུད་བུ་ཚ་གཡོག་འཁོར་མང༌། །ཆོས་ལྡན་ཚིག་རྩུབ་ནམ་ཡང་སྨྲ་མི་བྱེད། །དགྲ་ལ་ཞེ་སྡང་འདམ་རིང་འཁོན་འཛིན་བྱེད། །ཅེས་བྱ་བ་ལ་ཡང་དེའི་ལུས་ཀྱི་ཤ་མདངས་འཇམ་ཞིང་མཉེན་པ་དང༌། ཡན་ལག་གི་ཤའི་ཚོགས་སྙོམས་པ་དང༌། ཡན་ལག་མཛེས་ཤིང་འཇེབས་པ་དང༌། མདངས་ཆེ་ཞིང་ཁུ་བ་མང་བ་དང༌། འཁྲིག་པ་ལ་དགའ་ཞིང་ཁུ་ཆུའི་བཅུད་ཆེ་བ་དང༌། དེ་བཞིན་དུ་བུ་ཚ་དང་གཡོག་འཁོར་མང་ཞིང་འཕེལ་བ་དང༌། ཆོས་དང་ལྡན་ཞིང་ཆོས་ལ་དགའ་བ་དང༌། ཚིག་བཙུན་ཅིང་ཞེ་ལ་འཕོག་པའི་ཚིག་ནམ་ཡང་མི་སྨྲ་བ་དང༌།

དེ་བཞིན་དུ་དགྲ་བོ་ལ་ཞེ་སྡང་གི་འདམ་རིང་ཞིང་རྒྱུན་དུ་འཇོག་ལ། འཁོན་དུ་འཛིན་ཞིང་སྦས་ཏེ་ཡིད་ལ་འཇོག་པ་ཡིན་ནོ། །གླང་པོའི་མཆོག་ནི་དྲེགས་ཅན་ལྟ་བུར་འགྲོ། །རྒྱ་མཚོ་འབྲུག་དང་རྫ་རྔ་སེང་གེ་ཡི། །སྒྲ་ལྡན་དྲན་དང་བརྩོན་འགྲུས་དུལ་བར་གནས། །བྱིས་པའི་ཚེ་ནའང་ངུ་དང་རྐམ་ཤས་ཆུང༌། །ཞེས་བྱ་བ་ལ་གླང་པོ་ཆེའི་མཆོག་དམ་པ་དག་དྲེགས་པ་དང་བཅས་ཤིང་ར་རོ་བ་ལྟ་བུའི་འགྲོས་དང་ལྡན་པར་འགྲོ་བ་དང༌། དེ་བཞིན་དུ་སྒྲའི་སྐད་གསེང་རྒྱ་མཚོ་འབྲུག་སྒྲ་ལ་སོགས་པ་ལྟ་བུ་ཟབ་པ་དང་ལྡན་པ་དང༌། དྲན་ཞིང་བརྗེད་པ་མེད་པའི་ནུས་མཐུ་དང་ལྡན་པ་དང༌། བརྩོན་འགྲུས་འབད་པས་བྱ་བ་རྣམས་སྒྲུབ་པར་བྱེད་པ་དང༌། ཞི་ཞིང་དབང་པོ་སྡོམ་པ་ལ་སོགས་པའི་དུལ་བ་དང༌། བྱིས་པའི་སྐབས་ཉིད་ན་འང་ངུ་བའི་ཤས་ཆུང་བ་དང༌། དེ་བཞིན་དུ་རྐམ་ཞིང་ཟས་ལ་གདུང་བའི་ཤས་ཆུང་བ་ཡིན་ནོ། །ཟས་ནི་ཁ་བསྐ ཚ་དང་དྲོ་ཞིང་རྩུབ། །ཉུང་ངུ་ཟོས་ཀྱང་དེ་ནི་སྟོབས་དང་ལྡན། །མིག་གི་མཐའ་དམར་སྣུམ་ཞིང་དཀྱུས་རིང་ཡངས། །དཀར་ནག་རབ་གསལ་རྫི་མ་སྙོམས་དང་ལྡན། །ཞེས་བྱ་བ་ལ་བད་ཀན་གྱི་རང་བཞིན་སྐྱེས་བུ་དེ་ཁ་ཟས་ཀྱི་རྣམ་པ་ཁ་ཞིང་བསྐ་བ་ལ་སོགས་པ་སྟོབས་འབྲིང་བར་བྱེད་པ་དང༌། ཚད་ཆུང་ཞིང་ཉུང་ངུའི་ཟས་ཟོས་ཀྱང༌། འོན་ཀྱང་དེ་སྟོབས་དང་ལྡན་པར་འགྱུར་གྱི་སྟོབས་འབྲི་བར་མི་འགྱུར་བ་དང༌། དེའི་མིག་གི་མཐའ་དམར་བ་ལ་སོགས་པའི་མཚན་ཉིད་དང་ལྡན་པ་ཡིན་ནོ། སྨྲ་དང་ཁྲོ་དང་བཟའ་བཏུང་སྤྱོད་པ་ཉུང༌། །ཚེ་རིང་ནོར་མང་རིང་ལྟ་ཚིག་འཇམ་སྨྲ། །དད་ཅིང་བློ་ཟབ་ལྟ་ཆེ་བརྗོད་དང་ལྡན། །རང་བཞིན་བཟང་ཞིང་གཉིད་ཆེ་ལས་རིང་བ། །ཞེས་བྱ་བ་ལ་ཡང་དེ་ནི་སྨྲ་བའི་ཚིག་ཉུང་བ་དང༌། ཁྲོ་བའི་ཤས་ཆུང་བ་དང༌། བཟའ་བ་དང་བཏུང་བ་ཆུང་ངུ་བཟའ་ཞིང་འཐུང་བ་དང༌། སྤྱོད་པ་སྟེ་ལུས་ཀྱི་བྱ་བ་ཉུང་བ་དང༌། ཚེ་རིང་བར་གནས་པ་དང༌། ནོར་མང་ཞིང་ལོངས་སྤྱོད་ཆེ་བ་དང༌། རིང་དུ་ལྟ་བ་སྟེ་ཕྱིས་འབྱུང་བར་འགྱུར་བའི་དོན་གྱིས་ལེགས་ཉེས་རྣམ་པར་དཔྱོད་དེ། འདི་ལྟར་བྱས་ན་ལས་ཀྱི་མཐའ་ངེས་པར་འགྱུར་རོ་ཞེས་དཔྱོད་པ་དང་ལྡན་པ་དང༌། ཚིག་སྙན་ཞིང་འཇམ་པར་སྨྲ་བ་དང་ལྡན་པ་དང༌། གཏོང་བ་དང་ལྡན་པ་སྟེ། གཏོང་ལྡན་སྙན་སྨྲ་ཤེས་པར་བྱ། །ཞེས་བཤད་པའི་ཕྱིར་རོ། །ཡང་དེ་བཞིན་གཤེགས་པ་ལ་སོགས་པ་ལ་དད་པ་དང་ལྡན་པ་དང༌། བློ་ཟབ་ཅིང་གཏིང་རིང་བ་སྟེ། དེ་ཡང༌། གང་གི་སེམས་དགའ་སྤྱོད་པ་དང༌། །ཁྲོ་དང་མྱ་ངན་འཇིགས་པ་ཡི། །གནས་སྐབས་ཤེས་པར་མི་འགྱུར་བ། །དེ་ནི་ཟབ་པ་ཡིན་ཞེས་བཤད། །ཅེས་བཤད་པ་དང་ལྡན་པ་ཡིན་ནོ། །དེ་བཞིན་དུ་ལྟ་བ་ཆེ་བ་སྟེ། དོན་ཆེ་བ་ལ་ཡང་གཙོ་བོར་འཛིན་པ་དང༌། བཟོད་པ་དང་ལྡན་ཞིང་འཁྲུག་པ་མེད་པ་དང༌། རང་བཞིན་བཟང་ཞིང་དམ་པའི་སྤྱོད་པ་དང་ལྡན་ལ། སྡིག་པ་ལ་མངོན་པར་མི་དགའ་བ་དང༌། གཉིད་ཆེ་ཞིང་སྟུག་པ་དང༌། ལས་ཀྱི་མཐའ་རིང་ཞིང་ཡུན་རིང་བོས་བྱ་བ་རྫོགས་པར་བྱེད་པའོ། །

བྱས་གཟོ་དྲང་མཁས་སྐལ་བཟང་ངོ་མཚར་ལྡན། །བླ་མ་ལ་གུས་མཛའ་བཤེས་དག་ལ་བརྟེན། །རྨི་ལམ་པདྨ་བྱ་ཡི་འཕྲེང་བར་བཅས། །ཆུ་ཡི་གནས་དང་སྤྲིན་ཡང་མཐོང་བ་ཡིན། །ཞེས་བྱ་བ་ལ་ཕན་པ་བྱས་པ་ཤེས་ཤིང༌། བྱས་པ་གཟོ་བ་དང༌། བསམ་པ་དྲང་ཞིང་གཡོ་ཆུང་བ་དང༌། མཁས་ཤིང་བྱེ་བྲག་ཕྱེད་པ་དང༌། སྐལ་བ་བཟང་ཞིང་གཟུགས་ཀྱང་བཟང་བ་དང༌། ངོ་ཚ་དང་ལྡན་ཞིང་མཛེས་པ་དང་བཅས་པ་དང༌། བླ་མ་ལ་གུས་ཤིང་འདུད་ལ་ཕན་པར་འདོད་པ་དང༌། མཛའ་བཤེས་ལ་ངོ་བརྟན་ཞིང་དུས་ཐམས་ཅད་དུ་བྱས་པས་གནས་ཤིང་ནམ་ཡང་དེའི་ཡིད་དང་འགལ་བར་མི་བྱེད་ལ། བྱམས་པ་ལ་བརྟག་པ་དང༌། གཉིད་ཀྱིས་ལོག་པའི་རྨི་ལམ་གྱི་ནང་ན་ཡང་མེ་ཏོག་པདྨ་དང༌། བྱའི་འཕྲེང་བའི་ཚོགས་ཀྱིས་བསྐོར་བ་དང་བཅས་པའི་ཆུའི་གནས་མཚོ་ལ་སོགས་པ་མཐོང་བ་དང༌། སྤྲིན་གྱི་ཚོགས་འདུས་པ་དག་མཐོང་བ་ཡིན་ནོ། །ཚངས་པ་དྲག་པོ་དབང་པོ་ཆུ་ལྷ་དང༌། །ནམ་མཁའ་ལྡིང་དང་ངང་པ་གླང་པོ་མཆོག །དེ་བཞིན་སེང་གེ་དང་ནི་ཁྱུ་མཆོག་དང༌། །བད་ཀན་རང་བཞིན་ཅན་ནི་འདྲ་ཤེས་བྱ། །ཞེས་བྱ་བ་ལ་བད་ཀན་གྱི་རང་བཞིན་ཅན་གྱི་མི་ནི་སྤྱོད་པའི་རང་བཞིན་ཚངས་པ་ལ་སོགས་པ་རྣམས་དང་འདྲ་ཞིང་མཚུངས་པ་ཡིན་པར་ཤེས་པར་བྱའོ། །གླང་པོ་ཆེའི་མཆོག་ནི་ས་སྲུངས་སོ། །ཞེས་སོ། །འདི་དང་མཐུན་པར་རང་འགྲེལ་ལས་ཀྱང་རྒྱས་པར་བཤད་པ་ལྟར་ཞིབ་ཏུ་ཤེས་པར་བྱའོ། །གཉིས་པ་ཚིག་གི་དོན་ནི། བད་ཀན་ཞེས་པ་ནས་ལྡན་པ་ཡིན་ཞེས་པའི་བར་གྱིས་བསྟན་ཏེ། མི་གང་ཞིག་བད་ཀན་གྱི་རང་བཞིན་ཅན་ནི་ལུས་བསིལ་བ་སྟེ་དྲོད་མེད་ཅིང༌། རུས་ཚིགས་རྣམས་མི་མངོན་ཞིང༌། ཤ་རབ་ཏུ་རྒྱས་ལ་ཁ་དོག་ཀྱང་དཀར་བའི་རང་བཞིན་ཅན་དང༌། གཟུགས་ཀྱི་དབྱིབས་དབྱེ་ཞིང་བཀྲེས་སྐོམ་དང་ཉོན་མོངས་པ་དང་སྡུག་བསྔལ་དང་ཐན་པ་རྣམས་ལ་བཟོད་བསྲན་ཆེ་བ་དང༌། ལུས་ཀྱི་ཤ་འཚོ་བ་སྟེ་ཤ་ཆེ་བ་དང༌། ཚེ་རིང་ཞིང་ནོར་མང་བ་དང༌། གཉིད་འཐུག་ཅིང་ཞེ་སྡང་གི་འདམ་རིང་བ་སྟེ། གནོད་པ་ལ་མི་བརྩོན་པ་དང༌། རང་བཞིན་གྱི་ངང་རྒྱུད་བཟང་བ་སྟེ་གཞན་ལ་ཕན་པར་རྩོམ་ཞིང་ཚ་སྐྱུར་བསྐ བ་དང༌། ནུས་པ་རྩུབ་པའི་ཁ་ཟས་ལྷག་པར་སྲེད་པ་སྟེ། དེ་འདྲ་བའི་མི་དེ་སེང་གེ་དང༌། མ་ཧེ་རྣམས་ཀྱི་ཁྱུ་མཆོག་དང༌། གླང་པོ་ཆེ་ས་སྲུངས་དང༌། ནམ་མཁའ་ལྡིང་གི་རྒྱལ་པོ་བྱ་ཁྱངུ་དང༌། ཚངས་པ་ལ་སོགས་པའི་སྤྱོད་པ་དང༌། སྐད་དང་མཚན་ཉིད་དང་ལྡན་པ་ཡིན་པར་ཤེས་པར་བྱའོ། །བཞི་པ་ལྷག་མ་རྣམས་ཁ་འཕང་བ་ནི། ལྡན་དང་འདུས་པ་འདྲེས་ལས་ཤེས་པར་བྱ། གོང་དུ། རླུང་ཆུང་མཁྲིས་པ་འབྲིང་ལ་བད་ཀན་ཆེ། འདུས་པ་མཆོག་ཡིན་ལྡན་གསུམ་བར་མར་འགྱུར། །ཞེས་བཤད་པ་དང་མཐུན་པས། ལྡན་པ་གསུམ་ལའང་རླུང་མཁྲིས་གཉིས་དང་ལྡན་པ་ཅུང་ཟད་ཆུང་ཞིང༌། བད་རླུང་གཉིས་དང་ལྡན་པ་འབྲིང་ལ། བད་མཁྲིས་གཉིས་དང་ལྡན་པ་ནི་ཆེ་བ་ཡིན་ནོ། །དེ་བཞིན་དུ་སྤྱོད་པ་དང་སྐད་ཀྱི་ང་རོ་དང་བསམ་པ་ལ་སོགས་པ་རྣམས་ཀྱང་འདྲེས་པའི་རང་བཞིན་ཅན་དུ་ལྟ་དགོས་ཤིང༌། འདུས་པ་ནི་དེ་གསུམ་གའི་མཚན་ཉིད་སོགས་འདྲེས་པ་ལ་ཤེས་པར་བྱ་སྟེ། མི་གང་ཞིག་གཟུགས་ཧ་ཅང་སྦོམ་ཆེས་པ་སོགས་མ་ཡིན་པར་འཚམ་ཞིང་ཁོ་ལག་རྫོགས་པ་དང༌། ནད་ཉུང་བ་སོགས་མཆོག་ཏུ་གྱུར་པའི་ཡོན་ཏན་རྣམས་དང་ལྡན་པ་ཡིན་ནོ། །འོ་ན་གོང་དུ་བད་ཀན་ཅན་གྱི་རང་བཞིན་མཆོག་ཏུ་བཤད་པ་དང་འགལ་ལོ་ཞེ་ན། དེ་ནི་རྐྱང་པ་གསུམ་གྱི་དབང་དུ་བྱས་པ་ཡིན་ལ། རང་བཞིན་བདུན་གའི་དབང་དུ་བྱས་ན། རིམ་པ་བཞིན་དུ་འདུས་པ་དང༌། བད་མཁྲིས་ལྡན་པ་དང༌། བད་རླུང་ལྡན་པ་དང༌། མཁྲིས་རླུང་ལྡན་པ་དང༌། བད་ཀན་དང༌། མཁྲིས་པ་དང༌། རླུང་རྣམས་སྔ་མ་སྔ་མ་མཆོག་ཡིན་ཞིང༌། ཕྱི་མ་ཕྱི་མ་རྣམས་ཡོན་ཏན་མཐའ་དག་གི་སྒོ་ནས་དམན་པ་ཡིན་ནོ། །འོན་ཀྱང་འདིར་བཤད་པ་ཀུན་ཀྱང་རགས་པའི་དབང་དུ་བྱས་པ་ཡིན་གྱི་མཐའ་གཅིག་ཏུ་མ་ངེས་ཏེ། རང་རང་གི་སྔོན་གྱི་ལས་ཀྱི་འབྲས་བུ་དང༌། བག་ཆགས་ཀྱི་ལྷག་མ་སོགས་དབང་བཙན་པ་ཡིན་ནོ། །

བཞི་པ་ནད་ཀྱི་རང་བཞིན་གྱི་སྒོ་ནས་དབྱེ་བ་ནི། ནད་ཀྱི་ཞེས་པ་ནས་ཞེས་གསུངས་སོ་ཞེས་པའི་བར་གྱིས་བསྟན་ཏེ། ལུས་ཀྱི་དབྱེ་བ་གཞན་ཡང་ནད་ཡོད་མེད་ཀྱི་དབང་གིས་རྣམ་པ་གཉིས་ཏེ། རྣམ་པར་མ་གྱུར་པ་ནད་མེད་པའི་ལུས་དང༌། རྣམ་པར་གྱུར་པ་ནད་ཀྱིས་གཙེས་པའི་ལུས་སོ། །དང་པོ་རྣམ་པར་མ་གྱུར་པ་ལུས་རང་བཞིན་དུ་བདེ་བར་གནས་པའི་ཐ་མལ་བ་དེ་ནི་རྟག་ཏུ་ནད་མེད་བཞིན་པའི་ངང་དུ་གནས་པ་དང༌། ཡུན་རིང་དུ་སྲོག་འཚོ་བར་བྱེད་པའི་ཐབས་ཟས་དང་སྤྱོད་ལམ་འཁྲུལ་བ་མེད་ཅིང༌། བཅུད་ཀྱི་ལེན་པ་ལ་སོགས་པའི་སྒོ་ནས་འབད་པར་བྱ་དགོས་ལ། གཉིས་པ་རྣམ་པར་གྱུར་པ་ནད་ཀྱིས་བཅོམ་པའི་ལུས་དེ་ནི་སྨན་དཔྱད་ཟས་སྤྱོད་དང་རིམ་གྲོ་ལ་སོགས་པའི་སྒོ་ནས་གསོ་བའི་ལས་ལ་འབད་པར་བྱའོ། །ཞེས་གསུངས་པ་ཡིན་ནོ། །གསུམ་པ་ལེའུའི་མཚན་ནི། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་གཉིས་པ་བཤད་པའི་རྒྱུད་ཀྱི་ལུས་ཀྱི་ལས་དང་དབྱེ་བ་བསྟན་པའི་ལེའུ་སྟེ་དྲུག་པའོ་ཞེས་བྱ་བའི་དོན་ཏོ། །

 

མཐའ་མའི་འདོན་ཐེངས་།: 22.08.2011 ཉིན། 4:57 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཚ་རླབས་ཀྱི་ཉེན་བརྡ་དང་དེ་ལས་སྲུང་ཐབས།

ཁྲིམས་རྩོད་པ་ཞིག་གི་ས་མིག་གསལ་བསྒྲགས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།