སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་དོན་བདུན་པ། འབྱུང་བའི་གདོན་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 09.02.2011
མན་ངག་རྒྱུད། >> ལེའུ་དོན་བདུན་པ། འབྱུང་བའི་གདོན་གསོ་བ།



ལེའུ་དོན་བདུན་པ། འབྱུང་པོའི་གདོན་གསོ་བ།

དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ལགས། །གདོན་གསོའི་སྐབས་ལ་ཇི་ལྟར་བསླབ་པར་བགྱི། །འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ། །ཞེས་ཞུས་པ་དང་། །སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག གདོན་ལ་འབྱུང་པོའི་གདོན་དང་སྨྱོ་བྱེད་དང༌། །བརྗེད་བྱེད་གཟའ་དང་ཀླུ་གདོན་རྣམ་ལྔར་བཤད། །འབྱུང་པོའི་གདོན་ལ་རྒྱུ་རྐྱེན་མཚན་ཉིད་དང༌། །དབྱེ་བ་རྟགས་དང་བཅོས་ཐབས་ལྔ་ཡིས་བསྟན།།

རྒྱུ་རྐྱེན་སྡིག་པ་མི་དགེའི་ལས་མང་སྤྱད། །གྲོགས་མེད་ཡ་ང་གཅིག་བུར་བསྡད་པ་དང༌། །ཡ་ག་ཅན་ལ་འབགས་གཙེས་བརྙས་པ་དང༌། །མཆོད་འོས་ཆག་དང་མྱ་ངན་གདུངས་ལ་སོགས།  །མི་འཚམས་ལུས་ངག་འགལ་ལས་འཇུག་པར་འགྱུར།།

མཚན་ཉིད་འབྱུང་པོ་མི་མ་ཡིན་ལ་སོགས། །ལུས་ངག་ཡིད་ལ་ཞུགས་ནས་སྤྱོད་པ་སྒྱུར།།

དབྱེ་བ་ལྷ་དང་ལྷ་མིན་དྲི་ཟ་ཀླུ། །གནོད་སྦྱིན་ཚངས་པ་སྲིན་པོ་ཤ་ཟ་དང༌། །ཡི་དྭགས་གྲུལ་བུམ་བྱད་སྟེམས་གཡེང་བྱེད་དང༌། །རོ་ལངས་མཚུན་ལྷ་བླ་མ་དྲང་སྲོང་རྒན། །གྲུབ་པ་ཞེས་བྱའི་གདོན་ཆེན་བཅོ་བརྒྱད་དོ།།

དེ་རྟགས་སྔར་བས་དད་དང་ཤེས་པ་དང༌། །ལུས་ངག་ཡིད་སྤྱོད་འགྱུར་ཞིང་དེ་སྤྱོད་བྱེད། །བློ་སེམས་མི་བདེ་སྤྲོ་ཐུང་ཤེས་པ་འཕྱོ། །ཁྱད་པར་ལྷ་གདོན་སཾ་ཀྲྀ་ཏ་སྐད་སྨྲ། །ཚིག་སྙན་གཉིད་ཆུང་བཞིན་ལེགས་གཙང་སྦྲ་ཆེ། །ལྷ་མིན་ཤ་ཆང་ལ་དད་མིག་ཟུར་བལྟ། །ཁྲོ་གཏུམ་ང་རྒྱལ་ཆེ་ཞིང་བབ་ཆོལ་མང༌། །དྲི་ཟ་སྒེག་ཅིང་དྲི་ཞིམ་རང་ལ་མགུ། །གླུ་གར་རྩེད་འཇོ་ལ་དགའ་རྒྱན་དམར་འདོད། །ཀླུ་གདོན་མདངས་ལྡན་མིག་དམར་འབུར་ཚུགས་བལྟ།།དཀར་དང་དམར་འདོད་ལྕེ་མྱུལ་ཁ་བུབ་ཉལ། །གནོད་སྦྱིན་སྟེར་ལ་དགའ་ཞིང་གསང་གཏམ་སྨྲ། །སྨན་པ་བྲམ་ཟེ་ལ་སྡང་ཉ་ལ་སྲེད། །ཚངས་པ་ཀྱེ་ཞེས་འབོད་ཅིང་བསྟན་བཅོས་འདོན། །རང་བརྡེག་གཞན་ལ་གཤེ་ཞིང་དགོད་ལ་དགའ། །སྲིན་པོ་སྟོབས་ལྡན་ཚིགས་རྩུབ་དམར་ལ་རྩི། །ཤ་ཟ་ངོ་གནོང་སྐད་དམའ་སྐབས་སུ་འབོག །དོན་མེད་ངུ་ཞིང་ས་འབྲད་འབྲེལ་མེད་སྨྲ། །ཡི་དྭགས་ཡི་དྭགས་སྤྱོད་ཚུལ་བྱེད་པ་སྟེ། །མི་འམ་ཅི་འདར་འཇིགས་ཤིང་ཟས་མི་འདོད། །གྲུལ་བུམ་ངོ་ནག་དལ་འགྲོ་རླིག་པ་སྐྲངས། །བྱད་སྟེམས་ཤིང་འཛིན་གཅེར་རྒྱུག་གནས་སྟོང་འདུག །གཡེང་བྱེད་ཆུ་འདོད་དངང་ཚིག་ཟས་མི་འདོད། །རོ་ལངས་བདེན་སྨྲ་གཉིད་ཆེ་རྒྱན་དགའ་འདར།  །མཚུན་ལྷ་ཁ་སྐམ་མིག་འཛུམ་གཡོན་གོས་གོན། །བླ་མ་དྲང་སྲོང་རྒན་པོ་གྲུབ་པ་བཞི། །རང་རང་སྤྱོད་ལམ་ཁ་ཟས་དེ་དང་མཐུན། །གང་ཡང་བྱིས་པ་དང་འགྲོགས་གཅེར་བུར་འབུད། །སྐྲ་བརྫེས་བློ་སེམས་མི་བདེ་ཡུན་རིང་སྤང༌།།

བཅོས་ཐབས་སྔགས་བཟླས་གཏོར་མ་སྦྱིན་སྲེག་དང༌། །ཀློག་འདོན་མཉམ་འཇོག་བསྙེན་བསྒྲུབ་ཚོགས་བསགས་པས། །འབྱུང་པོའི་གདོན་ཉིད་ཞི་བར་བྱེད་པ་ཡིན། །བྱ་ཀྲྀ་སྤང་སྤོས་ཤུ་དག་རྨ་བྱའི་སྒྲོ། །ཤིང་ཀུན་སྦྲུལ་ལྤགས་སྲན་ཕབ་བྱི་ལའི་བྲུན། །ཆ་མཉམ་དུ་བས་བདུགས་པས་འབྱུང་པོ་འབྱེར། །ཙན་དན་གུར་ཀུམ་སུག་སྨེལ་འབྲས་བུ་གསུམ། །བྱ་ཀྲྀ་སྐྱེར་པ་སྒྲོན་ཤིང་ཚ་བ་གསུམ། །གནྡྷ་པ་ཏྲ་དུག་ཉུང་པུ་ཤེལ་རྩེ། །ཡུངས་དཀར་རྒྱ་སྤོས་ཤུག་པ་པྲི་ཡངྐུ། །དབྱི་མོང་རུ་རྟ་ཧོང་ལེན་བོང་ང་དཀར།  །སྤང་མ་ལྡོང་རོས་གཅིན་དྲུག་མར་རྙིང་ལ། །སྦྱར་བ་ཁུས་འདེབས་སྨན་མར་ཞེས་བྱ་སྟེ། །བཟའ་བྱུག་སྣར་བླུགས་གདོན་ལས་མྱུར་དུ་གྲོལ། །རིག་སྔགས་གྲ་ལྔ་མཆོད་ཕུལ་བསྒྲགས་ན་ཕན།  །གཏོར་མ་རིན་ཆེན་དྲི་སྣ་འབྲུ་སྣ་དང་། །མེ་ཏོག་འབྲས་ཆན་ཁུ་བ་དཀར་མངར་རྣམས། །ལྷ་དང་བླ་མ་དྲང་སྲོང་གྲུབ་པ་དང༌། །རྒན་པོ་ལྔ་ལ་ལྷ་ཡི་ཁང་པར་བཏང༌། །ལྷ་ལ་བྱང་ཕྱོགས་ལྷ་མིན་ནུབ་ཏུ་བྱིན། །དྲི་ཟའི་གདོན་ལ་བ་ལང་ལམ་མདོ་དང༌། །ཀླུ་དང་མཚུན་ལྷ་འབབ་ཆུའི་འགྲམ་དུ་བྱིན། །གནོད་སྦྱིན་ཆུ་གཉིས་འདུས་པའི་གནས་སུ་བཏང༌། །སྲིན་པོ་ལམ་མདོ་ཚངས་པ་ཤར་དུ་མཆོད། །ཤ་ཟ་ལ་ནི་ནུབ་ཀྱི་ཁང་སྟོང་བཏང༌། །གཏོར་མ་སྦྱིན་སྲེག་སྨན་དུད་ལ་སོགས་པ། །ཁྱད་པར་རང་རང་འཛིན་པའི་དུས་སུ་བསྟེན། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་འབྱུང་པོའི་གདོན་གསོ་བའི་ལེའུ་སྟེ་བདུན་ཅུ་རྩ་བདུན་པའོ།། །།



མཐའ་མའི་འདོན་ཐེངས་།: 21.12.2022 ཉིན། 10:12 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།