སྨན་རྩིས་དྲ་བ། - རྩ་རྒྱུད།

ལེའུ་དང་པོ། གླེང་གཞི།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 09.02.2011
རྩ་རྒྱུད། >> ལེའུ་དང་པོ། གླེང་གཞི།



༄༅། །གསོ་བ་རིག་པའི་བསྟན་བཅོས་སྨན་བླའི་དགོངས་རྒྱན་རྒྱུད་བཞིའི་ 

གསལ་བྱེད་བཻཌུར་སྔོན་པོའི་ཕྲེང་བ་ལས་དུམ་བུ་དང་པོ་ 

དཔལ་ལྡན་རྩ་བའི་རྒྱུད་ཀྱི་རྣམ་བཤད་ 

ཅེས་བྱ་བ་བཞུགས་སོ།། 

 

 

ལེའུ་དང་པོ། གླེང་གཞི།

༄༅། །ཕུལ་བྱུང་གདོད་མའི་སྐྱེད་དཀའི་ཐུགས་མཆོག་བརྩེ་བ་ཆེན་པོའི་རྫིངས་ཞུགས་ཏེ། །རླབས་ཆེན་མཛད་པའི་དར་ཆེན་གཡོ་བས་ཟུག་རྔུའི་རྒྱ་མཚོ་མཐར་བརྒལ་ནས། །མི་ཤིགས་སྲོག་གི་རིན་ཆེན་གླིང་སོན་འགྲོ་བའི་ཕན་བདེ་སྩོལ་མཛད་པ། །སྙིགས་མའི་མགོན་པོ་བདེ་གཤེགས་བདུན་དང་ཁྱད་པར་སྨན་གྱི་བླ་དེར་འདུད། །སྣང་མཐའི་ཡེ་ཤེས་སྒྱུ་འཕྲུལ་པད་སྦུབས་སུ། །རྨད་བྱུང་སྤྲུལ་སྐུའི་གར་བསྒྱུར་གངས་ཅན་གྱི། །ཕན་བདེ་འབྱུང་གནས་སངས་རྒྱས་གཉིས་པ་ཆེ། །མཚོ་སྐྱེས་རྡོ་རྗེའི་ཞབས་དེར་སྤྱི་བོས་མཆོད། །བསིལ་ལྡན་པཎ་གྲུབ་རྒྱུ་སྐར་འཕྲེང་བའི་དབུས། །མཁས་བཙུན་སྣང་བ་མཆོག་གིས་མངོན་འཕགས་པ། །འཇམ་མགོན་བླ་མ་བློ་བཟང་གྲགས་པ་ཡི། །ཞབས་སེན་ནོར་བུ་དོ་ཀེར་རྒྱན་དུ་རོལ། །དབྱངས་ཅན་ལྷ་མོ་རྗེས་ཆགས་ངག་ལ་དབང༌། །བློ་གྲོས་བཟང་བས་མདོ་རྒྱུད་རྒྱ་མཚོ་ཆེར། །ཐོས་བརྩོན་རི་བོ་བསྒྲིལ་ལས་ཉེར་ཐོན་པ། །ས་ལམ་བདུད་རྩི་སྟེར་དེར་སྙིང་ནས་འདུད། །བདེ་གཤེགས་སྐུ་ལས་མར་མེ་གཅིག་གཉིས་སུ། །ཆད་བཞིན་མེ་ལོང་སྟོང་ཉིད་མཉམ་ཉིད་དང༌། །བྱ་བ་གྲུབ་པའི་རང་མདངས་དྲང་སྲོང་མཚན། །རིག་པའི་ཡེ་ཤེས་མཆེད་བཞིས་གནང་བ་སྩོལ། །གང་གི་བརྩེ་ཆེན་སྤྲིན་ལས་རྒྱུད་བཞིའི་ཆར། །བསྐུལ་ཆེད་སྣང་མཐའི་ཟློས་གར་དྲང་སྲོང་གི། །མཚན་མངའ་ཡིད་ལས་སྐྱེས་དང་ཕྱི་ནང་འཁོར། །ལྷ་ཀླུ་མུ་སྟེགས་བདེན་སྨྲའི་ཚོགས་ཀྱིས་སྐྱོངས། །གདུག་ཅན་དགྲ་སྡེ་ཀུན་གྱི་གཤེད་མའི་གཙོ། །མཆོག་མཐུན་ལས་ཀུན་སྒྲུབ་ལ་མི་གཡེལ་བ། །བསྟན་སྲུང་ཞང་བློན་དམ་ཅན་སྡེ་དགུ་ཡི། །ཚུལ་དང་ཚུལ་མིན་གཟིགས་ལ་འཛུམ་ཞལ་སྟོན། །མ་རིག་ལོག་པའི་སྒོ་ངའི་སྦུབས་གྲོལ་ཏེ། །ཤེས་བརྩོན་ལུང་རིགས་སྒྲོ་གཤོག་ཆེར་ངོམ་པ། །ལེགས་བཤད་སྙན་སྒྲོག་ཀ་ལ་པིངྐ་ལྟའི། །བྱོན་ཟིན་འབྱོན་འགྱུར་མཁས་དབང་འགྲོ་བའི་མགོན། །རྗེས་འཛིན་རིག་པའི་གནས་ཀྱི་རྩེ་མོ་མཆོག །ངོ་མཚར་ཨོཾ་དང་ཨཱ་ཐའི་ཡི་གེ་ཡིས། །གདོང་བཞིའི་མཁུར་ཚོས་བརྡོལ་བའི་ཚེ་རིག་གིས། །མི་ཤིགས་འགྲོ་བའི་སྲོག་བྱིན་གཙུག་ལག་གཙོ། །མྱང་འདས་དུས་འཁོར་གསེར་འོད་སྨན་གཞིའི་ལུང༌། །མཁའ་འགྲོ་རྒྱ་མཚོ་སོགས་གསུངས་འཚོ་བར་བྱེད། །གཞོན་ནུ་ཀླུ་སྒྲུབ་དཔའ་བོ་ཟླ་མངོན་སོགས། །ཕུལ་བྱུང་འཕགས་པཎ་དུ་མའི་དཔྱད་གསུམ་རྒྱན། །གངས་ཅན་བསྟན་འགྲོའི་རྩ་ལག་པད་འབྱུང་དང༌། །ཁྲི་སྲོང་བཻ་རོས་མ་འོངས་འགྲོ་བའི་དོན། །ཟབ་མོའི་གཏེར་བཏབ་ཐོག་མའི་སྒོ་འབྱེད་མཁན། །གྲ་མངོན་དབང་ཕྱུག་འབར་སོགས་དྲིན་ལས་ཐོན། །དེ་ལྟའི་ཁུངས་ལྡན་གསོ་རིག་ལྡིང་ཁང་ནས། །ཚེ་ཡི་རིག་བྱེད་ཡན་ལག་བརྒྱད་པའི་ནོར། །ངོ་མཚར་རྒྱུད་ཆེན་བཞི་ཡི་རྣམ་པ་ཅན། །འགྲོ་ཀུན་ནད་ལས་འགྲོལ་བའི་དོན་གསུངས་པ། །སྨན་རྒྱལ་གཉིས་པ་ཡོན་ཏན་མགོན་པོ་ཡིས། །བསྒྲིགས་ཞུས་གཏན་ལ་ཕབ་སྟེ་གསལ་མཛད་ཀྱང༌། །བླུན་རྒན་ཡིད་ཀྱི་གཅོང་རོང་དོག་མོ་རུ། །མ་འཚམས་སྨན་པ་རྨོངས་རྟུལ་ཟོང་དུ་བསྒྲུབས། །དེ་ལྟ་ན་འང་བྱང་ཟུར་རྣམ་གཉིས་ཀྱི། །དགོངས་བཞེད་ཚ་ཟེར་འབུམ་འཕྲོའི་འོད་བརྒྱ་པ། །ཤེས་རབ་རྟ་བདུན་གྱིས་དྲངས་བྲིས་ཆ་ཡི། །མཁའ་ལམ་རྒྱུ་འདིས་ལོག་པའི་མུན་པ་ཕྱུངས། །ཚད་ལྡན་ཞལ་ལུང་བརྒྱུད་པའི་ལམ་མ་འདྲིས། །ཤེས་རབ་ས་མཁན་བྲལ་ལས་རྒྱུད་དོན་གྱི། །གོམ་པའི་སྟབས་འཁྱོར་འགྱེལ་ཉེའི་སྨན་པའི་ཚོགས། །བརྟེན་མཁར་རི་མོར་འབྲི་ལ་སུ་ཡིས་བསྙོན། །འདི་ནི་སྨན་རྒྱལ་གསུང་གི་མུ་ཐི་ལའི། །ཕྲེང་མཛེས་ཕན་དང་བདེ་བའི་ཟིལ་དངར་ཅན། །སྨན་བླུན་ནོར་སྲུང་རྒན་པོའི་སྐེ་རྒྱན་དུ། །ལོག་ལམ་ངན་རྟོག་དྲི་མས་ཆེར་སྦགས་པའི། །རྗོད་བྱེད་ཚིག་སྦྱོར་རྫི་བོའི་སྤོས་ཀྱི་དྲི། །མངར་བའི་བརྗོད་དོན་ངན་སྐྱུགས་ཕུང་པོའི་དཔྱ། །རིགས་མཐུན་གཏི་རྒན་བྷྲ་མ་ར་ཡི་ཁྱུས། །བཟུང་རྣམས་ཡངས་པའི་ས་མདོར་ངལ་སོས་ཤིག །འདི་ན་རྟོགས་དཀའི་རྒྱུད་དོན་མ་ལུས་པ། །འོལ་ཚོད་མུན་པའི་མདའ་འཕེན་མི་དགོས་པར། །འགྲེལ་པར་བཤད་དང་རས་གཞིའི་མ་ཀུ་རར། །དགོངས་དོན་གཟུགས་བརྙན་འཆར་བའི་སོར་མོའི་འཕྲུལ། །ཁྱད་འཕགས་འཇིག་རྟེན་སྨན་བླའི་དགོངས་པའི་རྒྱན། །གསོ་རིག་རྒྱུད་བཞིའི་གསལ་བྱེད་དཔྱད་གསུམ་གྱིས། །དག་པའི་བཻ་ཌཱུར་སྔོན་པོའི་མལླི་ཀ །སྲད་བུར་བརྒྱུ་འོ་དཔྱོད་ལྡན་རྣ་བ་བློགས།།

          ཞེས་ཚིགས་སུ་ཅུང་ཟད་ཙམ་བཅད་པ་ནི་བསྟན་བཅོས་ཀྱི་མཚན་ཉིད་ཐོག་མར་རང་གི་བླ་མ་དང་ཆོས་སྲུང་བསྟན་བཅོས་དངོས་དེ་གའི་དོན་དང་འབྲེལ་བའི་ཞི་ཁྲོ་གང་ཡིན་དེ་ལ་ཤིས་པ་བརྗོད་པ་དང་ཕྱག་འཚལ་དགོས་ཏེ་དགོས་པའང་བསྟན་བཅོས་རྩོམ་པ་ལ་གེགས་དང་བར་དུ་གཅོད་པ་མི་འབྱུང་ཞིང་ཤེས་རབ་དང་རིག་རྩལ་གྱིས་དམ་པའི་སྤྱོད་པ་དང་མཐུན་པ་དང༌། དངོས་པོ་ངེས་པར་བསྟན་པའི་སྒོ་ནས་བརྗོད་བྱའི་བསྟན་བཅོས་ངེས་པར་བསྟན་ཅིང་མྱུར་བར་གྲུབ་པ་སོགས་སྔོན་འགྲོ་དང༌། བར་དུ་གཞུང་གང་ཡིན་གྱི་དོན་དངོས་སུ་བཤད་དགོས་པ་རྣམས་དནྜིས། ཤིས་བརྗོད་ཕྱག་བྱ་དངོས་པོ་ནི། །ངེས་པར་བསྟན་པའང་དེ་ཡི་སྒོ། །ཞེས་སོགས་ཐུན་མོང་གི་བསྟན་བཅོས་ཡོངས་ལ་གྲགས་ཤིང༌། ཁྱད་པར་འཕགས་བསྟོད་ནས། བསོད་ནམས་བྱས་པའི་ཚོགས་དག་ནི། །སེམས་ཅན་རྣམས་ལ་ཡོངས་བསྔོ་བ། །བཅོམ་ལྡན་ཁྱོད་ཀྱིས་གང་གསུངས་པ། །དེ་གཞན་བསྟན་བཅོས་ལས་མ་བཤད། །ཅེས་པའི་དོན་ལྟར། མཐར་གྲུབ་པའི་དོན་དུ་རབ་ཏུ་བསྔོ་བ་སོགས་བཤད་པས་ཤིས་པ་བརྗོད་པ་དང་ཕྱག་བྱ་བ་ངེས་པར་བསྟན་པའི་རིམ་པ་སོང་སྟེ་བསྟན་བཅོས་དངོས་ནི། པཎ་ཆེན་ཟླ་བ་ལ་མངོན་པར་དགའ་བས། བསྟན་བཅོས་དག་ནི་ཐམས་ཅད་དང༌། །ལས་ནི་ཅི་ཡང་རུང་བ་ཡི། །ཇི་སྲིད་དགོས་པ་མ་སྨྲས་པ། །དེ་སྲིད་དུ་ནི་སུ་ཞིག་འཛིན། །ཞེས་དང༌། དབྱིག་གཉེན་གྱིས། མདོ་དོན་ཆེ་བ་ཉིད་ཐོབ་ནས། །ཉན་པ་དང་ནི་འཛིན་པ་ལ། །ཉན་པ་པོ་ཡིས་གུས་བྱེད་པས། །ཐོག་མར་དགོས་པ་བརྗོད་པར་བྱ། །ཞེས་པ་ལྟར་དགོས་པ་ནི། གསོ་བ་རིག་པའི་གཞུང་ལུགས་ཆེན་པོ་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་དམ་དཔལ་ལྡན་རྒྱུད་བཞིར་གྲགས་པ་འདི་ཉིད་ལ་བྱང་ཟུར་གཉིས་ཀྱིས་རྩ་བཤད་ཕྱི་མ་རྣམས་ལ་འགྲེལ་པ་ཐོར་ཆགས་ལས་འགྲེལ་བཤད་རྩོམ་པ་པོ་ཤིན་ཏུ་མང་ཡང་རྟོགས་སླ་བ་རྣམས་སྤྲོས་བཤད་དང་དཀའ་བ་རྣམས་བསྟན་ཏེ་ཞེས་པའི་ཁོངས་དང་འཁྱོག་བཤད་དུ་སོང་བ་མང་གཤིས་རྗེས་འཛིན་གྱི་རིག་པ་འདིའི་བསྟན་པ་དང་འགྲོ་བའི་དོན་གཙོ་བོར་ཡིད་ལ་བརྣགས་ཏེ་རྒྱུད་ཆེན་འདིའི་ཚིག་དོན་མ་ལུས་པར་སྤྲོས་བཤད་ཀྱི་ལུང་གི་རིགས་དང་མདོར་བསྟན་རྒྱས་བཤད་སོགས་ས་བཅད་རྣམས་ཚུལ་འདིར་ཕྱོགས་ཙམ་མ་ཡིན་པར་དོན་མཐུན་བརྩོན་འགྲུས་ཀྱི་སློབ་གཉེར་བྱེད་མི་ཤེས་རབ་ཀྱི་ལས་དང་པོ་བ་རྣམས་ཀྱིས་ཁྱད་བཞག་ཅིང་རྟོགས་དཀའ་བ་དང་སྔོན་ཆད་སྤོམ་ཆར་ལུས་པ་ད་ལམ་རིག་རྩལ་གྱི་དོན་རིགས་དང་གཞན་གྱི་བཞེད་པ་དང་དགག་སྒྲུབ་མང་བའི་རིགས་སོགས་ལ་གོ་ནུས་ཀྱི་ལུང་རིགས་ཕྲན་བུ་ལས་ཚིག་ཚོགས་ཉུང་བ་གཙོར་བཏོན། དེ་ཡང་མདོ་སྡེ་སྟུག་པོ་བཀོད་པ་ལས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡིས་གུས་ཕྱིར་མིན། །ཞེས་པ་ལྟར། སྟོན་པའི་བསྟན་པ་ལ་བསྙེན་པར་རྫོགས་པའི་དགེ་སློང་དག་གམ། ཡང་ན་གཞན་རྟེན་གང་རུང་ཡིན་པའི་མཁས་པ་གསུང་རབ་ཀྱི་དོན་ལ་དཔྱོད་པ་རྣམས་ཀྱིས་བརྟག་སླ་བ་དང༌། ཅུང་ཟད་བརྟག་དཀའ་བ་དང༌། ཤིན་ཏུ་བརྟག་དཀའ་བ་རྣམས་གསེར་བཟང་ངན་ཀྱང་བསྲེགས་པ། བཅད་པ། བརྡར་བ་གསུམ་གྱི་སྒོ་ནས་བརྟགས་པའི་གསེར་ཇི་བཞིན་དུ་ལེགས་པར་གསུང་རབ་སོགས་ཀྱི་དོན་ཡང་བརྟགས་ལ་ང་ཡི་བཀའ་ཉམས་སུ་བླང་བར་བྱ་ཡིས། མ་བརྟགས་པར་གུས་པ་ཙམ་གྱི་ཕྱིར་མིན་ནོ། །ཞེས་པ་ལྟར་འོལ་སྤྱི་ཙམ་མིན་པར་བརྟགས་ཏེ་བཤད་པར་བྱ་བའི་གཞུང་ནི། རྣམ་བཤད་རིག་པར། མིང་དུ་གདགས་པར་མ་མཛད་ན། །འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། །དེ་བས་རྨོངས་པ་སེལ་བའི་ཕྱིར། །མགོན་པོས་མིང་དུ་གདགས་པར་མཛོད། །གསུངས་པ་ལྟར།

          བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་པ་དེ་ལ་འང་དོན་གྱི་གནད་བསྡུས་པ་ས་བོན་ལྟ་བུ་ལ་རྩ་བའི་རྒྱུད་དང༌། དེ་དག་གི་དོན་མ་ལུས་པ་རང་བཞིན་རྒྱས་པ་ཡལ་འདབ་ཀྱི་ཚུལ་དུ་བཤད་པ་ལ་བཤད་པའི་རྒྱུད་ཅེས་བྱ་བ་རྒྱུད་ཐོག་མ་ཉིད་ཀྱི་དོན་ལག་ཏུ་བླངས་པ་རྒྱས་པར་བཀོད་པ་མེ་ཏོག་གི་ཚུལ་ལམ་མཛུབ་ཚུགས་སུ་བཤད་པ་ལ་ཆེས་ཟབ་མན་ངག་གི་རྒྱུད་ཅེས་པ་དང༌། དེའི་ཡང་ཟབ་གནད་རྟོགས་སླ་ཞིང་རྒྱས་བསྡུས་འཚམ་པར་འབྲས་བུའི་ཚུལ་དུ་བཤད་པ་ལ་ཕྱི་མའི་རྒྱུད་ཅེས་པའི་ཐ་སྙད་བཏགས་པའི་རྒྱུད་བཞི་ལེའུ་བརྒྱ་དང་ལྔ་བཅུ་དྲུག་གི་བདག་ཉིད་ཅན་འདིའི་ཚིག་དོན་མ་ལུས་པ་འབྲུ་བསྣན་ཚུལ་དུ་བཤད་པ་གསོ་བ་རིག་པའི་བསྟན་བཅོས་སྨན་བླའི་དགོངས་རྒྱན་རྒྱུད་བཞིའི་གསལ་བྱེད་བཻ་ཌཱུར་སྔོན་པོའི་མལླིཀ་ཞེས་བྱ་བ་དེའོ།།

          དེའི་ས་བོན་ལྟ་བུའི་རྩ་བ་ཐུགས་ཀྱི་རྒྱུད་ཀྱི་ཚིག་འགྲེལ་བརྗོད་པར་བྱ་ལ། དེ་ཡང་འཕགས་ཡུལ་དུ་སྐད་རིགས་ཆེན་པོ་བཞིའི་ནང་ནས་ཐོག་མར་སཾ་སྐྲྀ་ཏ་ལེགས་པར་སྦྱར་བ་ལྷའི་སྐད་དུ་རྒྱ་གར་ཞེས་པ་འཕགས་ཡུལ་གྱི་འདོད་རྒྱལ་གྱི་སྒྲ་ཡིན་ལ་ཡུལ་དེའི་སྐད་རིགས་ཀྱི་མཆོག་ལེགས་སྦྱར་ལྷའི་སྐད་དུ་ཨ་མྲྀ་ཏ་ཧྲྀ་ད་ཡ་ཨངྒ་ཨཥྚ་གུ་ཧྱ་ཨུ་པ་དེ་ཤ་ཏནྟྲ་ནཱ་མ་ཟེར་བ་ཡིན་ནོ། །དེ་དག་རང་ཅག་ཁ་བ་ཅན་པ་རྣམས་ཀྱི་ཡུལ་གྱི་དངོས་མིང་བོད་ཅེས་པ་སྟེ་འདོད་རྒྱལ་གྱི་སྒྲ་ཡིན་པ་དེའི་སྐད་དུ་རང་ཐད་བཞིན་བསྒྱུར་ན་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་དག་ཏུ་འགྱུར་བ་ཡིན་ནོ། །དེ་ཡང་བསྒྱུར་ཚུལ་ཅི་ཞེ་ན། མྲྀ་ཏ་འཆི་བ་ལ་འཇུག་པ་དེའི་མགོར་དགག་པའི་ཨ་ཐུང་བཞག་པས་འཆི་མེད་ཅེས་གྲུབ་ལ། དེ་ནི་བདུད་རྩིའི་དོན་ཡིན་ལ། བདུད་རྩི་ཟས་སུ་བྱེད་པ་རྣམས་ལ་འཆི་མེད་ཅེས་ཨ་མ་ར་ཀོ་ཥ་རྩ་འགྲེལ་སོགས་མངོན་བརྗོད་ཀྱི་གཞུང་རྣམས་ལས་འབྱུང་བ་ལྟར་དོན་འགྱུར་གྱི་དབང་དུ་མཛད་ནས་བདུད་རྩི་ཞེས་པར་འགྱུར་བ་ཡིན་ནོ། །ཧྲྀ་ད་ཡ་ཞེས་པ་ཧྲྀཿཉ་འཕྲོག་པའི་ཁམས་ལས་བྱུང་སྟེ། འོ་མ་ལས་མར་ལྟ་བུ་འཕྲོགས་པའམ་བསྡུས་པའི་དོན་གྱིས་ན་སྙིང་པོ་ཞེས་བྱ་བ་སྟེ། འདིར་ཡང་གསོ་བ་རིག་པ་བདུད་རྩི་དང་མཚུངས་པ་དེ་དག་གི་ཡང་སྙིང་པོ་ལྟ་བུར་རྨད་དུ་བྱུང་བས་ན་བདུད་རྩི་སྙིང་པོ་སྟེ་དཔེའི་སྒོ་ནས་བཏགས་པའོ། །རྣམ་པ་གཅིག་ཏུ་ན། འཆི་བདག་བདུད་ཀྱི་དཔུང་དང་བཅས་པ་ལས་བསྲུང་ཞིང་སྐྱོབ་པའི་རྩི་རྣམས་ཀྱི་བཅུད་ཕྱུངས་པས་ཀྱང་དེ་སྐད་ཅེས་བྱ་བ་ཡིན་ནོ། །ཨངྒ་ཞེས་པ་ཡན་ལག་སྟེ་གྲངས་དུ་ཡོད་ཅེ་ན། ཨཥྚ་སྟེ་བརྒྱད་ཡོད་ཅེས་པའི་དོན་ཡིན་ལ། ཡན་ལག་བརྒྱད་ཅེས་པའི་ཤུགས་བསྟན་ལ་ཡན་ལག་དེ་རྣམས་དང་ལྡན་པའི་རྩ་བ་ཞིག་སྟོན་པ་ཡིན་ཏེ། དེ་ཡང་གང་ཞེ་ན། གཞུང་ལུགས་ཆེན་པོ་འདིས་གསོ་བར་བྱ་བའི་ཡུལ་ཇི་ཙམ་ཞིག་ཡོད་པ་དེ་ཉིད་ཡིན་ལ། དེ་ལ་དབྱེ་ན་ལུས་ལ་སོགས་པའི་ཡན་ལག་བརྒྱད་ཡོད་པས་ན་ཡན་ལག་བརྒྱད་པ་ཞེས་བྱ་སྟེ་བརྗོད་བྱའི་སྒོ་ནས་བཏགས་པའོ། །གུ་ཧྱ་ཞེས་པ་ནི། གུད་སྦེད་པའི་བྱིངས་ལས་བསྒྲུབས་པས། སྣོད་ཞབས་བརྡོལ་ལྟ་བུ་དང༌། སྣོད་ཁ་སྦུབས་ལྟ་བུ་དང༌། སྣོད་དུག་ཅན་ལྟ་བུ་སྟེ་དེ་འདྲའི་སྐྱོན་དང་བཅས་པའི་གང་ཟག་རྣམས་ལ་བསྟན་པར་མི་བྱ་ཞེས་པའི་དོན་གྱིས་ན་གསང་བ་སྟེ་སྣོད་ལ་ལྟོས་ནས་བཏགས་པའོ། །ཨུ་པ་དེ་ཤ་ཞེས་པ་ནི་མན་ངག་སྟེ། ནཱ་རོ་པས་དང་པོའི་སངས་རྒྱས་ཀྱི་ལུང་དྲངས་པར། མན་ངག་ཅེས་བྱ་གང་ཞེ་ན། པོ་ཏི་ལ་སོགས་ལས་རྙེད་པ། །དྲང་དོན་རབ་ཏུ་སྟོན་པ་རྣམས། །ཇི་བཞིན་འདྲི་དང་ཀློག་པ་ནི། །བླ་མ་བརྒྱུད་པའི་རིམ་པ་ཡིས། །གང་ཞིག་ངེས་དོན་སྟོན་པ་འོ། །ཞེས་གསུངས་པས། ཟབ་མོའི་གནད་མ་འཕྱུགས་པ་བླ་མ་བརྒྱུད་པ་ཟམ་མ་ཆད་པའི་གསུང་གི་རྒྱུན་ལས་ཉེ་བར་འོངས་པ་ཞིག་གི་དོན་ཡིན་ཏེ། ངོ་བོའི་སྒོ་ནས་བཏགས་པའོ། །ཡང་ན་ཨུ་པ་ནི་ཉེ་བ། དེ་ཤ་ནི་གདམས་པ་སྟེ། ཉེ་བར་གདམས་པ་ཞེས་ཟབ་མོའི་གནད་ལྷུག་པར་འབྱིན་པའི་དོན་ཡིན་ནོ། །འདིར་རྒྱ་སྐད་ལ་རྣམ་དབྱེ་ཕྱིས་པས་རྣམ་དབྱེ་དངོས་མ་བྱུང་ཡང༌། ལོ་ཙཱ་བས་དོན་ཐོབ་བསྒྱུར་བ་ནི་གི་ཞེས་པ་སྟེ། མན་ངག་དང་རྒྱུད་ཅེས་པའི་ཚིག་གོང་འོག་སྦྲེལ་བའི་སླད་དུ་རྣམ་དབྱེ་དྲུག་པ་འབྲེལ་བའི་སྒྲ་ཡིན་པར་ཤེས་པར་བྱའོ། །ཏནྟྲ་ཞེས་བྱ་བ་ནི། ཏ་ནུ་ལུས་དང་ཏྲ་ཡ་སྐྱོབ་པ་ལ་འཇུག་པའི་དབང་གིས་ལུས་སྐྱོབ་པ་ཞེས་པ་སྟེ། དེ་འདྲ་བའི་དོན་ཟབ་མོ་གཞུང་འདི་ཉིད་ལས་རྒྱུན་མི་ཆད་པར་གནས་པའི་དོན་གྱིས་རྒྱུད་ཅེས་བྱེད་ལས་ཀྱི་སྒོ་ནས་བཏགས་པ་ཡིན་ནོ། །ནཱ་མ་ནི་ཞེས་བྱ་བའི་མིང་ཡིན་ལ། དེ་ཡང་གཞུང་འདིའི་མཚན་ལ་དེ་ལྟ་བུ་ཟེར་བ་ཡིན་ནོ་ཞེས་མིང་གསལ་བར་བྱེད་པའི་སྒྲ་ཡིན་ནོ།།

          དེ་ཡང་བཅོམ་ལྡན་འདས་ཞེས་པ་ནི་བྷ་ག་ཞེས་པའི་སྒྲ་ལས་དྲངས་ནས་བདུད་བཞི་ལ་སོགས་པ་མི་མཐུན་པའི་ཕྱོགས་མཐའ་དག་བཅོས་པའི་དོན་ཡིན་ཏེ། རྡོ་རྗེ་རྩེ་མོ་ལས། ཉོན་མོངས་ལས་དང་དེ་བཞིན་སྐྱེས། །ཉོན་མོངས་ཤེས་བྱའི་སྒྲིབ་དེ་དག །མི་མཐུན་ཕྱོགས་ཀྱི་ཆོས་རྣམས་ཀུན། དེ་བཅོམ་པས་ན་བཅོམ་ཞེས་བརྗོད། །ཅེས་གསུངས་པའི་ཕྱིར་བཅོམ་པ་འམ། ཡང་ན་སྒྲ་སྦྱོར་བམ་པོ་གཉིས་པར། བྷ་ག་ནི་ལེགས་པ་རྣམ་པ་དྲུག་གི་མིང་སྟེ། གཟུགས་དང༌། གྲགས་པ་དང༌། དབང་ཕྱུག་དང༌། དཔལ་དང༌། ཡེ་ཤེས་དང༌། བརྩོན་འགྲུས་ཏེ་འདི་དྲུག་གི་སྤྱི་ལ་བྱ་ཞེས་པ་དང༌། རྡོ་རྗེ་རྩེ་མོ་ལས་ཀྱང༌། དབང་ཕྱུག་དང་ནི་གཟུགས་བཟང་དང༌། །དཔལ་དང་གྲགས་པ་ཡེ་ཤེས་དང༌། །བརྩོན་འགྲུས་ཕུན་སུམ་ཚོགས་ལྡན་པ། །དྲུག་པོ་འདི་ལ་སྐལ་ཞེས་བྱ། །ཞེས་གསུངས་པ་ལྟར་ཡོན་ཏན་དྲུག་པོ་དག་གི་སྤྱི་གཞི། དེ་ལ་སྐལ་པའམ་བྷ་ག་ཞེས་བྱ་ལ། དེ་དག་སངས་རྒྱས་སྨན་བླ་ལ་ཡོད་ཅེས་པའི་དོན་དུ་ལྡན་རྐྱེན་བྱིན་པ་ལས་བྷ་ག་ཝན་ཞེས་པ་འབྱུང་སྟེ། དེ་ཡང་བམ་པོ་གཉིས་པར། ཝན་ཞེས་འབྱུང་བ་ནི་བྷ་ག་འདི་ལ་ཡོད་པས་བྷ་ག་ཝན་ཞེས་ལྡན་པར་བཤད་དེ། རྣམ་གྲངས་འདི་སྐད་དུ་བྱ་བ་ལས། སྔར་བསྒྱུར་བའི་ཚིག་གྲགས་པ་བཙན་པར་བྱས་ཏེ། བཅོམ་ལྡན་ནོ། །འདས་ཞེས་བྱ་བ་ནི། མདོ་སྡེ་དག་ལས། སངས་རྒྱས་ཀྱི་ཡོན་ཏན་ལས་མཚན་འཇིག་རྟེན་ལས་འདས་པའོ་ཞེས་འབྱུང་བ་ན། འཇིག་རྟེན་པའི་བྷ་ག་ཝན་ལས་ཁྱད་པར་དུ་འདས་ཞེས་བླ་ཐབས་སུ་བསྣན་ཏེ་བཅོམ་ལྡན་འདས་ཞེས་བཏགས། འཇིག་རྟེན་པའི་བྷ་ག་ཝན་ཞེས་བྱ་བ་ནི་འཇིག་རྟེན་པའི་གཞུང་ཉིད་ལས་ཀྱང་བཅོམ་པར་མི་འཆད་དེ། ལེགས་པ་དང་ལྡན་ཞེས་འཆད་པས་འཇིག་རྟེན་པའི་བྷ་ག་ཝན་ནི་ལེགས་ལྡན་ཞེས་གདགས་ཞེས་གསུངས་པ་ལྟར་བཅོམ་ལྡན་འདས་ཞེས་བྱ་བ་ཡིན་ནོ། །འདི་ལྟ་བུའི་འཆད་ལུགས་མི་ཤེས་པར་ཕལ་ཆེར་གྱིས་བཞི་བཅོམ་དྲུག་ལྡན་གྱི་བཤད་པ་བྱས་པ་ལ་མཁས་པ་དག་གིས་དགག་པ་མཛད་ཡོད་པས་ངེས་དགོས་སོ། །དེ་ལྟར་གཞན་རྣམས་ལ་ཡང་ཞིབ་ཏུ་དཔྱད་ན་ལེགས་མོད་ཀྱང་མངས་པར་དོགས་པས་སྤྲོས་པ་བཞག་ནས་ངག་དོན་དུ་ཆོས་ཐམས་ཅད་ཀྱི་རང་བཞིན་དེ་བཞིན་ཉིད་ཇི་ལྟ་བར་མཁྱེན་པའི་གནས་སུ་གཤེགས་པས་ན། ཉོན་མོངས་པས་བསྡུས་པའི་གཟུང་འཛིན་གྱི་དགྲ་མ་ལུས་པ་བཅོམ་པ་ཡིན་ཞིང་དེ་དང་བྲལ་བ་དང་རྣམ་སྨིན་གྱི་ཆོས་ཐམས་ཅད་ཡང་དག་པར་ཁོང་དུ་ཆུད་པ་འམ་སྐུ་ལ་ཡོངས་སུ་རྫོགས་པ་སྟེ། དེ་ལྟར་བཤད་མ་ཐག་པའི་སྤངས་པ་དང་རྟོགས་པ་ཕུན་སུམ་ཚོགས་པ་ནི་སངས་རྒྱས་ཁོ་ན་ཡིན་ནོ། །དེ་ཡང་སྐྱབས་འགྲོ་བདུན་ཅུ་པར། མ་རིག་གཉིད་ལས་སངས་ཕྱིར་དང༌། །ཤེས་བྱ་ལ་ཡང་བློ་རྒྱས་ཕྱིར། །སངས་རྒྱས་པདྨ་ལྟར་སངས་རྒྱས། །དེ་ཕྱིར་སངས་རྒྱས་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟ་བུའི་སངས་རྒྱས་ཞེས་པ་ནི་སྤྱིའི་སྒྲ་ཡིན་ལ། ཁྱད་པར་དུ་བྱ་བའི་ཚིག་ནི་སྨན་གྱི་བླ་བཻ་ཌཱུརྱ་འོད་ཀྱི་རྒྱལ་པོ་ཞེས་སྨོས་ཏེ། སྤངས་རྟོགས་མཐར་ཕྱིན་པའི་སངས་རྒྱས་ཀུན་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ངོ་ནས་རོ་གཅིག་ཏུ་གྱུར་པས་དབྱེར་མི་ཕྱེད་ཀྱང༌། གདུལ་བྱའི་སྣང་ངོར་སྤྲུལ་པའི་ཆ་ལུགས་སྣ་ཚོགས་སུ་འཆར་བ་ཞིག་ལས་འདིར་རིས་མེད་པའི་འགྲོ་བ་རྣམས་ཀྱི་ལུས་ངག་ཡིད་གསུམ་ག་ལ་སྨན་པ་དང་བདེ་བ་དཔག་ཏུ་མེད་པ་སྦྱིན་པ་ལ་མཚན་སྨན་གྱི་བླ་མ་ཞེས་པ་དེའི་གཟུགས་སྐུའི་ཁྱད་པར་ནི། རིན་པོ་ཆེ་བཻ་ཌཱུརྱ་ལ་སེར་པོ་དང་སྔོན་པོ་དང་དཀར་པོ་གསུམ་དུ་འབྱུང་བའི་ནང་ནས་སྔོན་པོ་དེའི་ཁ་དོག་དང་འོད་ཟེར་དཔག་ཏུ་མེད་པ་ལྟར་སྐུའི་རྣམ་པ་སྔོ་ཞིང་ནམ་མཁའ་ལྟར་ཚད་གཞལ་དུ་མེད་ལ། དེའི་འོད་ཟེར་རྣམས་འགྲོ་བ་གང་ལ་ཕོག་པ་ཙམ་གྱིས་རྒྱུ་དང་འབྲས་བུའི་ནད་ཀུན་བདེ་བླག་ཏུ་སེལ་བར་ནུས་པས་ན་འོད་ཀྱི་རྒྱལ་པོ་སྟེ། དེ་འདྲ་བའི་སྐུ་ཅན་གང་ཡིན་པ་དེ་ལ་འགྱུར་མཐར་ཕྱིན་པའི་ཆེད་དུ་ལོ་པཎ་གཉིས་ཀྱིས་ཕྱག་འཚལ་ལོ་ཞེས་པའི་དོན་ཡིན་ནོ། །དེ་ལྟ་བུའི་སྔོན་གྱི་སྨོན་ལམ་ཡོངས་སུ་རྫོགས་པ་ལས་བྱུང་བའི་ཐུགས་རྗེ་ཆེན་པོས་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་བསམ་པ་དང་རང་བཞིན་དང་དབང་པོ་དང་བག་ལ་ཉལ་སོགས་ལྐོག་གྱུར་གྱི་དོན་ཐམས་ཅད་མངོན་སུམ་དུ་མཁྱེན་པའི་སྒོ་ནས་གང་ལ་གང་འདོད་པ་དང་ཇི་ལྟར་འཚམ་པའི་ཆོས་ཀྱིས་འདོད་པའི་དོན་བདེ་བླག་ཏུ་བསྒྲུབ་པར་མཛད་པའི་སྐྱེས་བུ་ཆེན་པོ་བཅོམ་ལྡན་འདས་དེ་དག་གི་སྐུ་དངོས་སུ་མཐོང་ན་ལྟ་སྨོས་ཀྱང་ཅི་དགོས། འགྲོ་བ་སུའི་རྣ་ལམ་དུ་མཚན་ཙམ་ཐོས་པས་ཀྱང་དམྱལ་བ་ཡི་དྭགས་དུད་འགྲོ་སྟེ་ངན་སོང་གི་འགྲོ་བ་རྣམས་ཀྱི་སྡུག་བསྔལ་དྲག་པོ་ལས་སྐྱོབ་ནུས་ཤིང༌། ཁྱད་པར་འདོད་ཆགས་ཞེ་སྡང་གཏི་མུག་སྟེ་རྒྱུ་དུག་གསུམ་དང་དེས་བསྐྱེད་པའི་འབྲས་བུ་རླུང་མཁྲིས་བད་ཀན་དང་བཅས་པའི་ནད་སེལ་བ་ལ་ལྷག་པར་ཡང་སྨོན་པ་གྲུབ་པའི་སངས་རྒྱས་སྨན་གྱི་བླ་མ་ཞེས་བཻ་ཌཱུརྱའི་འོད་ཀྱི་རྒྱལ་པོ་དེ་ལ་བསྡུ་བ་པོ་དག་གིས་བསྡུ་བ་མཐར་ཕྱིན་པའི་ཆེད་དུ་གུས་པས་ཕྱག་འཚལ་ལོ་ཞེས་པའི་དོན་ཏོ།།

        གླེང་གཞིའི་དོན། འདི་སྐད་བདག་གིས་བཤད་པའི་དུས་གཅིག་ན་ཞེས་པ་ལ་ཕུན་སུམ་ཚོགས་པ་ལྔ་དང་སྦྱོར་ལུགས། འདི་གནས། སྐད་སྟོན་པ། བཤད་འཁོར། དུས་གཅིག་དུས། ན་གནས་གཞིའི་སྒྲ་དེ་གནས་དང་འདི་སྐད་ཆོས་དང་བཤད་པའི་སྟོན་པ་དང་ཤུགས་ལས་འཁོར་སྟོན་པ་སོགས་ཕྱི་ནང་གསང་གསུམ་དང་སྦྱར་བའི་བཤད་ཚུལ་ཇི་སྙེད་ཅིག་ཡོད་ནའང་མདོར་བསྡུས་ཏེ། འདི་སྐད་ཅེས་པ་ཆོས་ཕུན་སུམ་ཚོགས་པ། བདག་གིས་ཞེས་པ་སྟོན་པ་ཕུན་སུམ་ཚོགས་པ། བཤད་པའི་ཞེས་པ་འཁོར་ཕུན་སུམ་ཚོགས་པ། དུས་གཅིག་ཅེས་པ་དུས་ཕུན་སུམ་ཚོགས་པ། ན་ཞེས་པ་གནས་གཞིའི་དོན་ཡིན་པས་གནས་ཕུན་སུམ་ཚོགས་པ་བསྟན་པ་ཡིན་པར་བཞེད་དོ། །སྟོན་པ་ཤཱཀྱའི་དབང་པོའི་བཀའ་མྱང་འདས་བམ་པོ་ཞེ་གཉིས་པ་ལས། དགའ་བོ་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས་ཆོས་ཀྱི་མཛོད་བསྡུས་པའི་མདོ་སྡེ་ཐམས་ཅད་ཀྱི་མགོ་ནན་ལ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་བཅོམ་ལྡན་འདས་ཆེ་གེ་མོ་ཞིག་ན་འཁོར་རྣམ་པ་བཞི་དང་ཐབས་ཅིག་ཏུ་བཞུགས་ཏེ། མདོ་སྡེ་འདི་གསུངས་སོ་ཞེས་ཐོགས་ཤིག་ཅེས་པ་ལྟར་འོད་སྲུངས་ལ་སོགས་པའི་བསྡུ་བ་པོ་མཛད་པ་རྣམས་དང༌། གསང་སྔགས་ཀྱང་ཕྱག་ན་རྡོ་རྗེ་ལ་སོགས་པའི་དབང་གིས་ཐོས་པའི་དུས་གཅིག་ན་ཞེས་མང་བར་འབྱུང་བས་བཤད་པ་མི་རིགས་སྙམ་ན་འཁྲུལ་སྤོང་ནི་རྒྱ་དཔེ་རྣམས་ཀྱི་སྐད་དོད་དུ། ཨེ་བཾ་མ་ཡ་བྱ་བ་ལས་བཤད་དང་ཐོས་ལ་སོགས་ཀྱི་རྣམ་དབྱེ་མེད་ཀྱང་ལོ་ཙཱ་བས་བསྒྱུར་དུས་གཞུང་ལུགས་དེ་གར་སྟོན་པ་སྡུད་པ་པོ་ཐ་མི་དད་ན་བཤད་དུ་བསྒྱུར་བ་སྔ་འགྱུར་རྡོ་རྗེ་ཐེག་པའི་རྩོད་བྲལ་རྒྱ་གཞུང་དངོས་སུ་བཞུགས་པ་གསང་བ་སྙིང་པོ་ལྟ་བུ་དང༌། སྡུད་པ་པོ་ཐ་དད་པའི་ཁྱད་པར་འདུག་ན་ཐོས་སུ་བསྒྱུར་ལ་ཚུལ་འདི་ཡང་གསུང་སྤྲུལ་ཡིད་ལས་སྐྱེས་སྟོན་པ་རིག་པའི་ཡེ་ཤེས་མཆེད་བཞི་དང་ཐ་མི་དད་པས་བཤད་དུ་འཐད་ལ། དེ་ཡང་རྒྱུད་བརྟག་པ་གཉིས་པ་ལས། འཆད་པ་པོ་ང་ཆོས་ཀྱང་ང༌། །རང་གི་ཚོགས་ལྡན་ཉན་པ་ང༌། །ཞེས་དང༌། གསང་སྒྲུབ་ལས། རྒྱུད་འཆད་པ་དེ་ཐུགས་རྡོ་རྗེ། །འཆད་པ་པོ་དེ་སྡུད་པའང་དེ། །ཞེས་གསུངས་པ་ལྟར་རྒྱུད་ཆེན་འདི་སྡུད་པ་པོའང་ཕྱི་ནང་དྲང་སྲོང་གི་འཁོར་ཚོགས་གཞན་མ་ཡིན་ན་ཐོས་འཐད་ནའང་གསུང་སྤྲུལ་ཡིད་ལས་སྐྱེས་ཉིད་ཡིན་པས་སྟོན་པ་དང་ཐ་མི་དད་པ་བཤད་ཅེས་འཐད་ཅིང༌། དེ་ཡང་བཤད་ཅེས་སྟོན་པའི་ཚིག་ཡིན་པས་མ་རྟོགས་ལོག་རྟོག་ཐེ་ཚོམ་གསུམ་དང་བྲལ་བས་རྒྱུད་སྡེ་གཞན་ལས་ཁྱད་པར་དུ་འཕགས་པ་ཡིན་ནོ། །འཆད་འགྱུར་གྱི་གཞུང་དྲང་སྲོང་གི་གནས་ཞེས་པ་ནས་མཇུག་གི་དོན་ཡན་ཆད་ཀྱི་ཚིག་རྣམས་འདི་སྐད་ཅེས་དྲང་སྲོང་རིག་པའི་ཡེ་ཤེས་མཆེད་བཞིས་རིམ་པ་བཞིན་བཤད་པའི་དུས་གཅིག་ན་ཞེས་པའི་དོན་ཏེ། ཁྱད་པར་དུ་དུས་གཅིག་ན་ཞེས་པས་དོན་རྣམ་པ་གསུམ་བསྟན་པ་ཡིན་ཏེ། ཆོས་སྟོན་པ་པོ་ལ་སྤྱོད་ལམ་གྱི་དུས་དང༌། ནང་དུ་ཡང་དག་པར་འཇོག་པའི་དུས་དང༌། ཏིང་ངེ་འཛིན་ལ་འཇུག་པའི་དུས་དང༌། ཆོས་འཆད་པའི་དུས་དང་བཞི་ཡོད་པའི་ནང་ནས་ཆོས་གསུང་བའི་དུས་གོ་ནུས་པ་དང༌། བསྡུ་བ་པོ་སྟོན་པ་དང་ཐ་མི་དད་པས་ཐོས་པ་ཙམ་གྱིས་ཆོས་འདིའི་དོན་རྟོགས་ཤིང་ཁོང་དུ་ཆུད་པར་གོ་ནུས་པ་དང༌། ཡང་དུས་གཅིག་གི་ཚེ་ཁོ་ནར་འདི་ཐོས་ལ་གཞན་དུ་ནི་ཆོས་གཞན་མང་དུ་ཐོས་སོ་ཞེས་ཤུགས་ལ་བསྟན་པས་ཐོས་པ་ཕུན་སུམ་ཚོགས་པར་གོ་ནུས་པ་དང་གསུམ་མོ།།

 

        དང་པོ་གནས་ཕུན་སུམ་ཚོགས་པ་གྲོང་ཁྱེར་ལྟ་ན་སྡུག་ཅེས་པ་སྔ་རབས་པ་རྫ་པ་སོགས་ནུབ་ཕྱོགས་ཨཽ་ཌི་ཡ་ནའི་གནས་ན་ཡོད་པར་འདོད་ལ། བི་ཇི་སོགས་རི་རབ་ཀྱི་རྩེ་སུམ་ཅུ་རྩ་གསུམ་གྱི་དབུས་ལྟ་ན་སྡུག་ཅེས་པ་དང་གཅིག་པ། སྟོང་མི་ཉག་འུག་པ་གདོང་ནག་པ་སོགས་ཐུབ་པ་གངས་ཅན་མཚོའི་ཞིང་ཁམས་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་གནས་ཀྱི་དུམ་བུ་གཅིག་ཡིན་ཞེས་དང༌། གདོང་ནག་པ་སོགས་གངས་ཅན་འབིགས་བྱེད་རི་སོགས་དབུས་སུ་ནི་ཞེས་སོགས་གཞལ་ཡས་ཁང་གི་རི་བཞི་རྒྱ་དཔངས་སྟོན་འཁོར་དང་བཅས་ཏེ། རྒྱས་པ་ཡིན་ཡིན་ལྟར་བྱས་ནས་བཤད། བདག་ཆེན་པ་སོགས་མངོན་པ་མཛོད་ཀྱི་ལུང་དྲངས་ནས་གངས་ཅན་སོགས་རི་བཞི་སྦྱོར་བ་དང༌། བྲང་ཏི་དཔལ་ལྡན་འཚོ་བྱེད་འབིགས་བྱེད་སོགས་རི་བཞི་པོའི་དབུས་ན་ཡོད་པས། སོ་སོ་སྐྱེ་བོས་བལྟ་བར་ནུས་གྲགས་ཆུང་ངོ༌། །དེ་ཡང་གཞན་གྱི་ཁ་ལྷོར་བསྟན་ཏེ་ཞེས་དང༌། ཡོངས་སུ་གྲགས་པ་ནི་ཨཽ་ཌི་ཡ་ན་དང་ཆུ་བོ་ན་ག་ཏ་དང་ཉེ་བ་ན་ཡོད་ཅེས་དང༌། རི་བོ་ཡང་སྤོས་ངད་ལྡན་གནོད་སྦྱིན་གྱི་ཡུལ་ན་ཡོད་པར་གྲགས་པ་དང༌། བྱང་པ་ནི་སྟོན་པ་ཞལ་བཞུགས་དུས་གསུངས་པའི་གནས་ཀྱང་རྡོ་རྗེ་གདན་རང་དུ་བཞེད་པ་དང་བཅས་བཞེད་པ་སྣ་ཚོགས་སུ་གྱུར་ཞིང༌། དོན་དམ་གནས་འདི་ཉིད་ནི་གཡུ་ཐོག་ཡོན་ཏན་མགོན་པོར་སྨན་རྒྱལ་གྱིས་གསུངས་པར། ཕྱི་ཡི་གྲོང་ཁྱེར་ལྟ་ན་སྡུག་ཅེས་འདི། །རྒྱ་གར་ཡུལ་དང་ནུབ་ཕྱོགས་ཨུ་རྒྱན་ཡུལ། །འོག་མིན་གནས་དང་རི་རབ་རྩེ་ལ་སོགས། །མཆོག་སྤྲུལ་གནས་དེར་གང་ཡང་གསོལ་བཏབ་ན། །སྐལ་ལྡན་བུ་དང་མཇལ་བར་ངེས་པ་ཡིན། །ནང་གི་གྲོང་ཁྱེར་ལྟ་ན་སྡུག་ཅེས་བྱ། །རང་གནས་གང་ཡིན་རང་ཉིད་བཻ་ཌཱུརྱ། །གསང་བའི་གྲོང་ཁྱེར་ལྟ་ན་སྡུག་ཅེས་བྱ། །རང་ཉིད་ལུས་གནས་སྤྱི་བོ་བདེ་ཆེན་འཁོར། །རང་སེམས་བཻ་ཌཱུརྱ་ཡི་འོད་དུ་སེམས། །མགྲིན་པ་ལོངས་སྤྱོད་མ་ལ་ཡ་རུ་བསམ། །སྙིང་ག་ཆོས་འཁོར་རི་བོ་སྤོས་ངད་ལྡན། །ལྟེ་བ་སྤྲུལ་པ་རི་བོ་འབིགས་བྱེད་དེ། །གསང་གནས་བདེ་སྐྱོང་རི་བོ་གངས་ཅན་ཡིན། །རི་བོ་བཞི་ཡི་གནས་སུ་ཁྱོད་སོང་ལ། །རི་ཡི་ཕན་ཡོན་སྨན་གྱི་སྐྱེ་གནས་ལྟོས། །རྒྱ་གར་ཡུལ་ནས་གདམས་པ་གནད་ལྡན་ལོངས། བོད་ཡུལ་དབུས་སུ་གསོ་དཔྱད་སྒྲོན་མེ་སྤོར། །ཁ་བ་ཅན་ལྗོངས་འགྲོ་མང་སྐྱོབ་ཕྱིར་དུ། །མི་ལོ་བརྒྱ་དང་ཉི་ཤུ་རྩ་ལྔར་བཞུགས། །དེ་ནས་སྨན་གྱི་གྲོང་ཁྱེར་ལྟ་སྡུག་ཏུ། །དཔའ་བོ་རིག་འཛིན་རྣམས་ཀྱི་ཚོགས་དཔོན་ལ། །ཐེ་ཚོམ་ཡིད་གཉིས་མི་དགོས་འབྱོན་པར་ངེས། །ཞེས་པ་ལྟར་ན་དོན་སྤྲུལ་པའི་གནས་དེ་གང་ཟག་མོས་པའི་རྗེས་འགྲོ་བས་གང་ཡང་འཐད་ཅིང་ཁྱད་པར་སྔ་རབས་རྫ་པ་སོགས་འདོད་པ་ལྟར་རྗེ་བླ་མ་ཕྱག་ན་པདྨོ་འདི་ཉིད་ཀྱི་བཀའ་ལ་ཡང་ནུབ་ཕྱོགས་ཨཽ་ཌི་ཡ་ནའི་ཡུལ་པདྨ་འོད་དུ་གསུངས་པར་གནང་བ་དོན་དུ་འཐད་ཅིང༌། རྗེ་ཟུར་མཁར་བ་བློ་གྲོས་རྒྱལ་པོས་ཨུ་རྒྱན་ཡུལ་དུ་གསུངས་པ་དགག་བྱེད་ཀྱི་ཚིག །གཞུང་འདི་ཉིད་གསང་སྔགས་ཀྱི་རྒྱུད་དུ་བཟུང་ནས་ནོངས་པ་ཡིན་ཏེ། རྒྱུད་ཕལ་ཆེར་གསུངས་ས་ཨུ་རྒྱན་ཡུལ་ཡིན་པའི་ཕྱིར་རོ་གསུངས་པ་ནི་སྒྲུབ་བྱེད་མ་དགོངས་པར་དགག་པ་མཛད་པ་དེ་རྒྱུད་གསུངས་སར་ངེས་པ་ཅི་ཡོད་རྣམ་སྣང་མངོན་བྱང་ལྟ་བུ་རི་རབ་ཀྱི་རྩེར་གསུངས་པས་མཐའ་མ་བཀག་ཀྱང་གསོ་བ་རིག་པའི་རྒྱུད་བཞི་འདི་ཉིད་ཟབ་མོ་སྙིང་ཐིག་དང་བཅས་སྔ་འགྱུར་རྡོ་རྗེ་ཐེག་པ་དང་ཆ་མཚུངས་ཤིང༌། དེས་ན་མོས་པའི་དབང་གིས་ཨུ་རྒྱན་ཡུལ་དུ་དོན་དུ་འཐད་ལ། གཞན་མ་རིགས་པས་བསྒྲུབས་ན་གོང་མ་གཞན་རྣམས་ལ་སྐྱོན་སྣ་ཚོགས་སུ་གྱུར་པ་མེས་པོའི་ཞལ་ལུང་དུ་བཀག་ཟིན་པ་ལྟར་དང༌། འདིར་རིགས་པས་བསྒྲུབས་ཀྱང་མི་འགལ་བའི་ངོས་ནས་ཕྱིའི་གྲོང་ཁྱེར་ལྟ་ན་སྡུག་ནི་སྤྱིར་བཏང་ལྟར་བརྗོད་ན་སྟོན་པ་རྫོགས་པའི་སངས་རྒྱས་བུ་རམ་ཤིང་པ་འདི་ཉིད་བྱེ་བྲག་ཏུ་བཤད་མཛོད་ཆེན་མོའི་ལུང་དུམ་བུ་ལས། ཆོས་འཁོར་གནས་དང་ཡངས་པ་ཅན། །ས་དཀར་ཅན་དང་ལྷ་ཡི་གནས། །བྱིས་པ་གསོད་དང་ཀཽ་ཤཱམྦི། །འབྲོག་དང་མཆོད་རྟེན་རི་དང་ནི། །འོད་མའི་གྲོང་དང་སྒྲར་བཅས་དང༌། །སེར་སྐྱའི་གནས་ཀྱི་གྲོང་ཁྱེར་དུ། །འདི་རྣམས་སུ་ནི་ཐུབ་པ་ཡི། །སྐྱེས་མཆོག་ལོ་རེ་ལོ་རེ་བཞུགས། །ཉི་ཤུ་རྩ་གསུམ་མཉན་ཡོད་དུ། །སྨན་གྱི་ནགས་སུ་ལོ་བཞི་སྟེ། །འབར་པའི་ཕུག་གི་གནས་སུ་གཉིས། །རྒྱལ་པོའི་ཁབ་ཀྱི་གྲོང་དུ་ལྔ། །དཀའ་བ་སྤྱད་པ་ལོ་དྲུག་སྟེ། །ཉི་ཤུ་རྩ་དགུ་ཁབ་གནས་སུ། །རྒྱལ་བ་དེ་ལྟར་བརྒྱད་ཅུ་ལ། །ཐུབ་མཆོག་དམ་པ་མྱ་ངན་འདས། །ཞེས་པ་ལས། སྨན་གྱི་ནགས་སུ་ལོ་བཞི་སྟེ། །ཞེས་པའི་སྨན་ནགས་དེ་དྲང་སྲོང་གི་གནས་ཡིན་ལ། དེ་དབུས་རི་བོ་ངོས་བཞི་པ་རྒྱར་དཔག་ཚད་བརྒྱད་དང་དཔངས་སུ་གསུམ་དང་ལྡན་པའི་རི་དེ་དག་གི་རྩེ་མོར་སྟོན་པས་གསར་དུ་སྤྲུལ་པའི་གནས་ལག་མཐིལ་ལྟར་མཉམ་པ་གསེག་མ་ལ་སོགས་པ་མ་དག་པའི་རྫས་མེད་པ་ཁྱོན་ཡངས་ཤིང་ཐ་གྲུ་མཉམ་པ་རྣམ་པ་ཀུན་ཏུ་འོད་དང་འོད་ཟེར་འཕྲོ་བ་ཉིན་མཚན་གྱི་སྣང་བ་མེད་པས་གཞི་དེ་ཉིད་མནན་ན་ནེམ་བྱེད་ཅིང་བཏེག་ན་འཕར་བ། བདུག་སྤོས་ཀྱི་དྲི་དངར་བ། དེའི་དབུས་ན་སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག་ཅེས་བྱ་བ་མིའི་རིན་པོ་ཆེ་གསེར་དང་དངུལ་མུ་ཏིག་དཀར་དམར་བཻ་ཌཱུརྱ་སོགས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་སྣ་ལྔ་ལས་ཡོངས་སུ་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ་རྒྱན་རྩིག་པ་རིམ་པ་ལྔ་དང་ལྡན་པ་སྒོ་རེ་ན་རྒྱལ་ཆེན་རེ་ཡོད་དེ། དེ་ཡང་ལམ་པ་མཚོན་པ་ལས་གསར་རྙིང་གི་རྒྱུད་སྡེ་ནས་བཤད་པའི་དཀྱིལ་འཁོར་མིན་གཤིས་འདོད་སྣམ་ཕ་གུ་དྲ་བ་དྲ་ཕྱེད་སོགས་མཐའ་དག་ཚང་བ་མིན་ཞིང་དེ་ནི་མདོའི་གླེང་གཞི་སྤྱི་དང་སྦྱར་ནའང་དགོངས་པ་ངེས་འགྲེལ་དུ། གཞལ་མེད་ཁང་རིན་པོ་ཆེ་སྣ་བདུན་མཆོག་ཏུ་འབར་བར་བཀོད་པ་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་རྒྱས་པར་འགེངས་པའི་འོད་ཟེར་ཆེན་པོ་རབ་ཏུ་འབྱུང་བ་ཞེས་སོགས་དང་མཐུན་པར་རྩིག་པ་སྣ་ལྔའི་སྟེང་དུ་ཕ་གུ་དང་རིན་པོ་ཆེ་བྲེ་གདན་གྱིས་བཏེག་པའི་རྒྱ་ཕུབས་རིན་པོ་ཆེའི་རྒྱན་ལྡན་སྒོ་དང་བཅས་པ་རྒྱ་གར་གྱི་ཁང་བཟང་འདྲ་བ་བསླང་སྟབས་འཐད་ཅིང་མེས་པོའི་ཞལ་ལུང་དུ་རྟ་བབས་བཤད་པ་ནི་རྒྱལ་པོའི་ཕོ་བྲང་ཆེན་པོ་ཕལ་ཆེར་དུ་རྟ་འབེབས་ས་སྒོ་ཁང་ལས་ཕྱིར་འཕགས་ཙམ་དུ་བཤད་པ་བཞིན་ལ་དགོངས་པ་ལས་རྟ་བབས་ཚད་ལྡན་སྣམ་བུ་སོགས་དགོས་པར་མ་སེམས་པས་འདིར་དོར་བའི་ཁང་པའི་གཞལ་ཡས་ཁང་དེའི་རྒྱན་ནི་སྨན་གྱི་ནོར་བུ་རིན་པོ་ཆེ་རྣམ་པ་སྣ་ཚོགས་པས་བརྒྱན་པ་སྟེ་མདའ་ཡབ་པུ་ཤུ་ལྷའི་རིན་པོ་ཆེ་སྣ་ལྔའི་དྲ་བ་དྲ་ཕྱེད་མིག་མང་རིས་སུ་བྱས་པ། བྱང་ཆུབ་སེམས་དཔའི་རིན་པོ་ཆེ་སྣ་ལྔས་ཐོག་གི་རྒྱལ་མཚན་དང་གྷཌ་རྣམས་ཀྱིས་ཏོག་ལ་སོགས་པ་བྱས་པ་འོད་དང་འོད་ཟེར་དུས་ཀུན་ཏུ་འཕྲོ་བ་ཕྱི་བལྟས་ནང་གསལ་བ་དང་ནང་བལྟས་ཕྱི་གསལ་བ་སྟེ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མིའི་ནོར་བུ་རིན་པོ་ཆེ་ནི་ཡོངས་སུ་དག་པའི་ཁ་དོག་དང་ལྡན་པ་དུག་དང་གདོན་དང་མུན་པ་དང་སྐྲངས་པ་དང་ཚ་བ་ལ་སོགས་པའི་སྡུག་བསྔལ་སེལ་བ་བསམ་པ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་བྱེད་པས་ན་ཡོན་ཏན་གྱི་ཁྱད་པར་བདུན་དང་ལྡན་ལ་ལྷའི་ནོར་བུ་རིན་པོ་ཆེ་ལ་ཡོན་ཏན་སྔ་མ་རྣམས་ཀྱི་སྟེང་དུ་རྟག་པར་ལྷའི་ལུས་ཀྱི་རྗེས་སུ་འབྲང་བ་དང༌། ཡང་དག་པ་དང༌། སྨྲ་བར་རུང་བ་དང༌། ཡང་ཞིང་མི་ལྕི་བ་སྟེ་ཡོན་ཏན་བཅུ་གཅིག་དང་ལྡན་ཞིང༌། བྱང་ཆུབ་སེམས་དཔའི་ནོར་བུ་རིན་པོ་ཆེ་དེ་ལ་ནི། སྔ་མའི་ཡོན་ཏན་བཅུ་གཅིག་གི་སྟེང་དུ། སེམས་ཅན་རྣམས་ཀྱི་འཆི་འཕོ་བ་རྟོགས་པ་དང༌། སྐྱེ་བའི་མཐའ་ཤེས་པ་དང༌། ཆོས་ཀྱི་སྒྲ་སྐད་སྣ་ཚོགས་པ་འབྱུང་སྟེ་ཡོན་ཏན་གྱི་ཁྱད་པར་བཅུ་བཞི་དང་ལྡན་པའོ། །ནོར་བུ་འམ་རིན་པོ་ཆེ་དེ་རྣམས་ཀྱི་མཐུ་དང་ནུས་པ་དེས་ནི་རླུང་གི་ནད་དང་མཁྲིས་པའི་ནད་དང་བད་ཀན་གྱི་ནད་དང་ལྡན་པའི་ནད་དང་འདུས་པའི་ནད་ལས་གྱུར་པའི་ནད་བཞི་བརྒྱ་རྩ་བཞི་ཐམས་ཅད་སེལ་བར་བྱེད་པ་སྟེ། དེ་ཡང་ཚ་བའི་ནད་རྣམས་ལ་དེའི་ནུས་པ་བསིལ་དུ་གྱུར་པས་ཚ་བ་སེལ་བ་གྲང་བའི་ནད་རྣམས་ལ་དེའི་ནུས་པ་དྲོད་དུ་གྱུར་པ་ནས་གྲང་བ་སེལ་བ་ལུས་དང་བསམ་པ་ལ་བར་དུ་གཅོད་པའི་བགེགས་རིགས་ཞིབ་པ་བཤད་རྒྱུད་དུ་བཤད་པ་ལྟར་གྱི་སྟོང་ཕྲག་བརྒྱད་ཅུ་ཞི་བར་བྱེད་པ་སོགས་མི་མཐུན་པ་མཐའ་དག་ལས་བསྲུང་ཞིང་སྐྱོབ་པ་དང༌། མཐུན་པའི་རྐྱེན་རང་རང་གི་ཡིད་ལ་ཇི་ལྟར་བསམས་པའི་དགོས་འདོད་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་བྱེད་པའི་རིན་པོ་ཆེའི་གཞལ་ཡས་ཁང་མཆོག་ཏུ་གྱུར་པ་དག་ཡོད་དོ་ཞེས་བྱ་བའི་དོན་ཏོ།།

        གྲོང་ཁྱེར་དེའི་ལྷོ་ཕྱོགས་ཀྱི་ངོས་ན་རི་བོ་འབིགས་བྱེད་ཅེས་བྱ་བ་གདགས་ཀྱི་ཐ་སྙད་དུ་བཏགས་པ་ཉི་མའི་སྟོབས་དང་ལྡན་པའི་རི། དེ་ནི་ཉི་མའི་སྟོབས་ཕུལ་དུ་བྱུང་བ་དང་ལྡན་པའི་རི་ཡིན་པའི་ཕྱིར་རི་ངོས་དེ་ལ་རོ་སྐྱུར་ཞིང་ཚ་བ་དང་ལན་ཚྭ་ཡང་བག་ཙམ་ལྡན་ལ་ནུས་པ་ཚ་རྣོ་རྩུབ་སྣུམ་ཡང་བ་ཡོན་ཏན་གཡོ་སྐམ་དང་ལྡན་པའི་སེ་འབྲུ་དང༌། རོ་ཚ་ཞིང་ལན་ཚྭ་སྐྱུར་བ་དང་ཡང་བག་ཙམ་ལྡན་ཞིང་ནུས་པ་ཚ་རྣོ་ལ་ཡོན་ཏན་སྐྱ་སྐམ་གཡོ་བ་དང་ལྡན་པ་ན་ལེ་ཤམ་དང༌། རོ་ཚ་ཞིང་ལན་ཚྭ་སྐྱུར་བ་དང་ཡང་བག་ཙམ་ལྡན་ཞིང་ནུས་པ་རྣོ་རྩུབ་རྟུལ་བ་དང་ཡོན་ཏན་དྲོ་སྐམ་པ་དང་ལྡན་པའི་པི་པི་ལིང་དང༌། རོ་ཚ་བ་མཐར་ཐུག་པར་ནུས་པ་རྩུབ་ཡང་དང་ཡོན་ཏན་དྲོ་སྐམ་དང་ལྡན་པའི་ཙི་ཏྲ་ཀ་ལ་སོགས་ཁོངས་ནས་རོ་ནུས་ཡོན་ཏན་དང་བཅས་པ་ཚ་ཞིང་ནུས་པ་དང་ཡོན་ཏན་རྣོ་རྩུབ་ཡང་བ་དང་ཡོན་ཏན་དྲོ་གཡོ་དང་ལྡན་པས་གྲང་བའི་ནད་ཐམས་ཅད་སེལ་བར་བྱེད་པའི་སྨན་ཤིང་ཀུན་ལ་སོགས་པའི་རོ་ཚ་བ་ཕལ་ཆེར་དང༌། ད་ཏྲིག་དང་སྟར་བུ་སོགས་རོ་སྐྱུར་བ་ཕལ་ཆེར་དང༌། ཤིང་ཚ་སོགས་རོ་ལན་ཚྭ་བ་ཕལ་ཆེར་དང༌། ཁྱད་པར་དུ་རོ་ཇི་ལྟར་བྱུང་ཡང་ནུས་པ་ཚ་བ་དང་རྩུབ་པ་དང་རྣོ་བ་དང་ཡང་བ་དང་ལྡན་པའི་སྨན་གྱི་ནགས་ཚལ་ཏེ། དོང་གྲ་ལ་སོགས་པའི་རྩ་བ་དང༌། ཐང་མ་སྒྲོན་ཤིང་ལ་སོགས་པའི་སྡོང་པོའི་སྨན་དང༌། ཨ་ཟ་མོ་ལ་སོགས་པ་ཡལ་གའི་སྨན་དང༌། ད་ལིས་ལ་སོགས་པ་ལོ་མའི་སྨན་དང༌། ལྕེ་ཚ་ལ་སོགས་པ་མེ་ཏོག་གི་སྨན་དང༌། ཀརཉྫ་ལ་སོགས་པ་འབྲས་བུར་ལྡན་པའི་སྨན་སྣ་ཚོགས་པ་སྟེ། ཀུན་ཀྱང་དྲི་ཞིམ་པ་ལྟ་ན་སྡུག་པ་ཡིད་དུ་འོང་བ་དང་བཅས་ཤིང༌། མདོར་ན་དེར་སྐྱེས་པའི་སྨན་གྱི་དྲིས་ཁྱབ་པ་རྣམས་སུ་གྲང་བའི་ནད་རང་བཞིན་གྱིས་མི་འབྱུང་བ་ཡོད་དོ།།

        གྲོང་ཁྱེར་དེའི་བྱང་ཕྱོགས་ཀྱི་རི་ངོས་དེ་སྲིབས་ཡིན་པའི་ཐ་སྙད་ལས་རི་བོ་གངས་ཅན་ཞེས་བྱ་བ་དེ་ནི་ཟླ་བའི་སྟོབས་ཕུལ་དུ་བྱུང་བ་དང་ལྡན་པའི་རི་ཡིན་པའི་ཕྱིར། རི་ངོས་དེ་ལ་རོ་བསྐ་ཞིང་མངར་བ་དང་ཡང་བག་ཙམ་ལྡན་ཞིང་ནུས་པ་བསིལ་རྟུལ་ཡང་རྩུབ་ཅིང་ཡོན་ཏན་གྱོང་བ་དང་ལྡན་པའི་ཙནྡན་དཀར་པོ་དང༌། རོ་བསྐ་མངར་ཁ་དང་ལྡན་ཞིང་ནུས་པ་རྩུབ་བསིལ་ཡང་ལ་ཡོན་ཏན་གྱོང་དང་ལྡན་པའི་ག་བུར་དང༌། རོ་ཁ་བསྐ་ཞིང་ཚ་བ་དང་ཡང་བག་ཙམ་ལྡན་ཞིང་ནུས་པ་སྣུམ་ལ་ཡོན་ཏན་དྲོ་འཇམ་སྐམ་དང་ལྡན་པའི་ཨ་ག་རུ་ནག་པོ་དང༌། རོ་ཁ་བ་མཐར་ཐུག་ཅིང་ནུས་པ་བསིལ་རྟུལ་དང་ཡོན་ཏན་སླ་མཉེན་དང་ལྡན་པའི་ནིམ་པ་ལ་སོགས་ཁོངས་ནས་རོ་ཁ་ཞིང་ནུས་པ་དང་ཡོན་ཏན་བསིལ་ཞིང་རྟུལ་ལ་ལྕི་བ་ཡོན་ཏན་སྐྱ་དང་ལྡན་པས་ཚ་བའི་ནད་སེལ་བར་བྱེད་པའི་སྨན་ཏིག་ཏ་སོགས་རོ་ཁ་བའི་རིགས་ཕལ་ཆེར་དང༌། ཤིང་མངར་སོགས་མངར་བའི་རིགས་ཕལ་ཆེར་དང༌། ག་དུར་སོགས་བསྐ་བའི་རིགས་ཕལ་ཆེར་དང༌། ཁྱད་པར་རོ་ཇི་ལྟར་གྱུར་ཀྱང་ནུས་པ་བསིལ་བ་དང༌། རྟུལ་བ་དང་བརྟན་པའི་སྨན་གྱི་ནགས་ཚལ་དེ་དག་ཐམས་ཅད་ཀྱང༌། བོང་ང་དཀར་པོ་སོགས་རྩ་བའི་སྨན་དང༌། ཙནྡན་དམར་པོ་སོགས་སྡོང་པོའི་སྨན་དང༌། བ་ལེ་ཀ་སོགས་ཡལ་གའི་སྨན་དང༌། གཡའ་ཀྱི་སོགས་ལོ་མའི་སྨན་དང༌། ནཱ་ག་གེ་སར་ལ་སོགས་པ་མེ་ཏོག་གི་སྨན་དང༌། རྒུན་འབྲུམ་ལ་སོགས་པ་འབྲས་བུར་ལྡན་པའི་སྨན་དེ་ཀུན་དྲི་ཞིམ་པ་ལྟ་ན་སྡུག་པ་ཡིད་དུ་འོང་བ་དང་སྨན་དེ་རྣམས་ཀྱི་དྲིས་ཁྱབ་པ་རྣམས་སུ་ཚ་བའི་ནད་རང་བཞིན་གྱིས་མི་འབྱུང་བ་ཡོད་དོ།།

        གྲོང་ཁྱེར་དེའི་ཤར་ཕྱོགས་ན་ངོས་ཉི་མ་དང་ཟླ་བའི་སྟོབས་མཉམ་པའི་རི་བོ་སྤོས་ངད་ལྡན་ཞེས་བྱ་བའི་ཐ་སྙད་དུ་བཏགས་པའི་རི་ངོས་དེ་ལ་ཨ་རུ་ར་རིགས་ལྔ་འམ་བདུན་ནམ་བརྒྱད་ཀྱི་དབྱེ་བས་ཕྱེ་བའི་རི་ངོས་དེ་ལ་སྡོང་པོ་ཡང་རིགས་སོ་སོའི་རྣམ་པ་དང༌། སོགས་ཁོངས་ནས་བ་རུ་ར་ལ་སོགས་པའི་སྨན་གྱི་ནགས་ཚལ་ཤིན་ཏུ་སྟུག་པོར་གྱུར་པ་དག་ཡོད་ལ། དེ་ཡང༌། རང་ནད་རང་གིས་སེལ་ཞིང་གཞན་གྱིས་མིན། །ཞེས་པའི་རིགས་པས་འདིར་ཡང་ཨ་རུ་ར་ལ་སོགས་པའི་ཤིང་དེ་རྣམས་ཀྱི་རྩ་བས་རུས་པའི་ནད་སེལ་བ་དང༌། སྡོང་པོས་ཤའི་ནད་སེལ་བར་བྱེད་པ་དང༌། ཡལ་གས་རྩ་རྒྱུས་ཀྱི་ནད་སེལ་བ། ཤུན་པས་པགས་པའི་ནད་སེལ་བ། ལོ་མས་སྣོད་དྲུག་གི་ནད་སེལ་བ། མེ་ཏོག་གིས་དབང་ལྔའི་ནད་སེལ། འབྲས་བུས་དོན་སྙིང་སོགས་རྣམ་པ་ལྔའི་ནད་སེལ་བ་ཡིན་ཏེ། ཕྱི་ནང་གི་ཁམས་ཀྱི་གནས་ཚུལ་ཆ་མཐུན་དུ་གྲུབ་པའི་དོན་གྱི་ངེས་པའོ། །དེ་ལྟར་གནས་པའི་ཤིང་དེ་རྣམས་ལས་བྱེ་བྲག་ཏུ་ཕྱེ་བའི་རགས་པའི་དབང་དུ་བྱས་ན་རོ་བསྐ་བ་ཤ་སྟག་དང་ཞིབ་ན་རིགས་མི་འདྲ་བ་རྣམས་རང་རང་རྩེ་མོ་ནས་རིམ་པ་བཞིན་དུ་ཨ་རུ་ར་རྣམ་རྒྱལ་ཀུ་བའི་མཇུག་མ་ལྟ་བུ་རོ་ཚ་བ་སྐྱུར་བ་ཁ་བ་མངར་བ་བསྐ་བ་སྟེ་ལྔའམ་དེ་སྟེང་ལན་ཚྭ་བས་དྲུག་དང་ལྡན་པ། འཇིགས་མེད་ཁ་དོག་ནག་པོ་ཟུར་ལྔ་པ་རོ་མངར་ཁ་དང་ལྡན་པ། བདུད་རྩི་ཁ་དོག་སེར་པོ་མཐུག་པོ་རོ་མངར་ཁ་བསྐ་བ་གསུམ་ལྡན། འཕེལ་བྱེད་ཟླུམ་པོ་བུམ་པ་འདྲ་བ་རོ་མངར་བསྐ་ལྡན་པ། སྐེམ་པོ་སུལ་མང་ཅུང་ཟད་ཆུང་བ་རོ་ཁ་བསྐ་གཉིས་དང་ལྡན་པ་འབྲས་བུ་རྣམ་པ་ལྔར་སྨིན་པ། ཤུགས་སུ་ནག་པོ་སུལ་ལྔ་མེད་པ་ཆུང་པ་རོ་ལྔ་དང་ལྡན་པ་དང༌། སེར་པོ་གསེར་མདོག་རོ་ལྔ་ལྡན་ཡང་སེར་པོ་མཆུ་སྙུང་རོ་མངར་ཁ་ཚ་སྐྱུར་བཞི་དང་ལྡན་པ། དེ་དག་རིགས་གཞན་རྣམས་ཀྱང་ཡོན་ཏན་དཔག་ཏུ་མེད་ཅིང་རོའི་ཁྱད་པར་ཀྱང་སུམ་ལྡན་བཞི་ལྡན་ལྔ་ལྡན་ཙམ་དུ་ངེས་མོད། དེ་དག་ཀུན་ལས་ཀྱང་ཁྱད་པར་དུ་བྱས་པའི་ཨ་རུ་ར་རྣམ་པར་རྒྱལ་བ་ནི་སྨན་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་ཡིན་པའི་ཕྱིར་རོ་དྲུག་དང་ལྡན་པ་དང༌། ལྕི་སྣུམ་བསིལ་རྟུལ་ཡང་རྩུབ་ཚ་རྣོ་སྟེ་ནུས་པ་བརྒྱད་དང་ལྡན་པ་དང༌། མངར་བ་དང་ལན་ཚྭ་བ་སྐྱུར་བ་སྟེ་ཞུ་རྗེས་གསུམ་དང་ལྡན་པ། འཇམ་པ་དང༌། ལྕི་བ་དང༌། དྲོ་བ་དང༌། སྣུམ་པ་དང༌། བརྟན་པ་དང༌། གྲང་བ་དང༌། རྟུལ་བ་དང༌། བསིལ་བ་དང༌། མཉེན་པ་དང༌། སླ་བ་དང༌། སྐམ་པ་དང༌། སྐྱ་བ་དང༌། ཚ་བ་དང༌། ཡང་བ་དང༌། རྣོ་བ་དང༌། རྩུབ་པ་དང༌། གཡོ་བ་སྟེ་ཡོན་ཏན་བཅུ་བདུན་ནམ། དེའི་སྟེང་དུ་གཤེར་བ་དང༌། གྱོང་བ་དང༌། སྦོམ་པ་དང༌། ཡོན་ཏན་ཉི་ཤུ་རྫོགས་པར་ལྡན་པས་ན་ནད་ཀྱི་མཚན་ཉིད་ཉི་ཤུ་པོའི་རིགས་སུ་གྱུར་པ་ཐམས་ཅད་སེལ་ཞིང་ཟུག་རྔུ་ཀུན་ཞི་བར་བྱེད་པ་དང༌། གང་ལ་ཡང་གནོད་པར་མི་འགྱུར་ལ། ཁྱད་པར་དུ་བཀྲ་ཤིས་ཤིང་འདོད་པའི་དོན་ཐམས་ཅད་ཕུན་སུམ་ཚོགས་པ་ཡིད་བཞིན་དུ་འགྲུབ་པར་བྱེད་པས་ཡིད་བཞིན་གྱི་ནོར་བུ་དང་མཚུངས་པའོ། །གཞན་ཡང་དེར་སྐྱེས་པའི་སྨན་དེ་དག་ཐམས་ཅད་ཀྱང་དྲི་ཞིམ་པ་ལྟ་ན་སྡུག་པ་ཡིད་དུ་འོང་བ་དང་ལྡན་པ་ཤ་སྟག་སྟེ། སྨན་དེ་རྣམས་ཀྱི་དྲིས་ཁྱབ་པ་རྣམས་སུ་ནད་བཞི་བརྒྱ་རྩ་བཞི་པོ་མཐའ་དག་རང་བཞིན་གྱིས་མི་འབྱུང་བ་ཡོད་དོ་ཞེས་བྱ་བའི་དོན་ཏོ།།

        གྲོང་ཁྱེར་དེའི་ནུབ་ཕྱོགས་ཀྱི་རི་ངོས་དེ་ན་ནི་ཉི་ཟླའི་སྟོབས་མཉམ་པའི་རི་བོ་མ་ལ་ཡ་ཞེས་བྱ་བའི་ཐ་སྙད་མཛད་པའི་རི་ངོས་དག་ཡོད་དོ། དེ་ལ་ཛཱ་ཏི་ལི་ཤི་ཅུ་གང་གུར་ཀུམ་སུག་སྨེལ་ཀ་ཀོ་ལ་སྟེ་བཟང་པོ་དྲུག་གི་སྨན་རྣམས་རང་རང་གི་གནས་ལས་ལེགས་པར་འཁྲུངས་པ་སྟེ། ཁྱད་པར་ལྡན་འདུས་ཀྱི་ནད་ཐམས་ཅད་ཞི་བར་བྱེད་པའི་སྨན་ཅོང་ཞི་རིགས་ལྔ་དང་བྲག་ཞུན་རིགས་ལྔ་དང་སྨན་ཆུ་རིགས་ལྔ་དང་ཆུ་ཚན་རིགས་ལྔ་དང་ལྡན་པ་སྟེ། དེ་དག་ཀྱང་གང་ཞེ་ན། རྟ་སོ་བཅག་པ་ལྟ་བུ་མཁྲེགས་ཤིང་ལྕི་ལ་ཚིལ་བུ་འདྲ་བ་ཁྲག་མཁྲིས་འཇོམས་ཤིང་འདུས་ནད་སེལ་བའི་ཕོ་ཅོང་དང༌། དཀར་པོ་སྣ་རིང་བུ་ཅོང་དུ་འབོད་པ་སྐྱ་སོབ་མཉེན་ལ་འབོལ་བ། ཆུ་ཚན་དང་སྨན་ཆུ་ཡོད་སར་འབྱུང་བ་བཅུད་ལེན་ལ་བཟང་བ་བད་ཀན་དང་མགོ་ཆག་རྨ་ལ་བསྔགས་པ་སྟེ་ཕོ་ཅོང་རིགས་གཉིས། སྨུག་ཟིལ་བ་ནུ་ལྟ་བུ་གཡའ་བྲག་གི་སྲུབས་སུ་འབྱུང་བ་ནུས་པ་བདུད་རྩི་དང་མཚུངས་པ་ནད་མཐའ་དག་ལ་ཕན་པའི་མོ་ཅོང་དང་སེར་པོ་ཉ་ལྕིབས་སེར་ལ་དྲེག་པ་ཆགས་པ་གཡའ་བྲག་གི་སྲུབས་ལ་འབྱུང་བ་བཅུད་ལེན་དང་མཁལ་ནད་ཅན་ལ་བསྔགས་པ་བུ་མོ་ཅོང་དུ་འབོད་པ་སྟེ་མོ་ཅོང་གཉིས། དཀར་དམར་སེར་ལ་སྣ་རིང་བ་མཉེན་པ་ཕོ་མོ་གཉིས་ཀས་བསྟེན་ན་བདུད་རྩི་ལྟ་བུ་བཅུད་ལེན་གྱི་མཆོག་ཏུ་བཤད་པ་མ་ནིང་ཅོང་ཞི་སྟེ་ཅོང་ཞི་རིགས་ལྔ་སྟེ་ཕོ་ལ་མོ་ཅོང་དང་མོ་ལ་ཕོ་ཅོང་མཆོག་ཏུ་བསྔགས་པ་དང༌། ལྔ་པོ་དེ་དག་ལས་འབྱུང་བའི་སྨན་ཆུ་རིགས་ལྔར་བཤད་དེ་དེ་ཡང་ལྡན་པའི་རིགས་ཀྱི་སྨན་ཆུ་ནང་གསེས་གསུམ་དུ་དབྱེ་ན་རླུང་སེལ་བའི་སྨན་ཆུ་རོ་མངར་ཞིང་མདོག་དང་ཉ་ལྕིབས་སྔོ་ནུས་པ་ལྕི་ལ་འཇམ་ཁ་ནུབ་ཏུ་བལྟས་ནས་འབབ། མཁྲིས་པ་སེལ་བ་རོ་ཁ་ཞིང་མདོག་དང་ཉ་ལྕིབས་སེར་ནད་འཁྲུ་ཞིང་ནུས་པ་རྟུལ་ཁ་བྱང་དུ་བལྟས་ནས་འབབ། བད་ཀན་སེལ་བ་རོ་སྐྱུར་ཞིང་མདོག་དང་ཉ་ལྕིབས་དཀར་ནད་སྐྱུག་ཅིང་ནུས་པ་རྩུབ་ལ་རྣོ་ཁ་ལྷོར་བལྟས་ནས་འབབ་པ། འདུས་པ་སེལ་བ་རོ་མངར་ཁ་སྐྱུར་ཞིང་ནུས་པ་ལྕི་རྟུལ་རྣོ་ཉ་ལྕིབས་དང་ཆུ་མདོག་རྨ་བྱའི་མདོངས་ལྟར་སྣང་བ། རླུང་མཁྲིས་སེལ་བ་རོ་མངར་ཁ་ལ་ནུས་པ་འཇམ་ཞིང་སླ། མདོག་དང་ཉ་ལྕིབས་སྔོ་སེར་དུ་འབྱུང་ངོ༌། །བད་མཁྲིས་སེལ་བ་རོ་ཁ་སྐྱུར་ལ་ནུས་པ་རྟུལ་རྣོ་དང་ལྡན་ཞིང་ཆུ་མདོག་དང་ཉ་ལྕིབས་དཀར་སེར་འབྱུང་ངོ༌། །བད་རླུང་སེལ་བ་རོ་མངར་སྐྱུར་ལ་ནུས་པ་ལྕི་རྣོ་འཇམ་པ་དང་ལྡན་ཞིང་ཆུ་མདོག་དང་ཉ་ལྕིབས་སྔོ་སྐྱར་འབྱུང་བས་བདུན་དུའང་འཐད་ལ། ཡང་རོ་རྐྱང་པའི་རིགས་ལྔ་ལ་བཤད་ན། སྐྱུར་བ་དང་ལན་ཚྭས་བད་རླུང་སེལ་བ། སྐྱུར་མངར་ལྡན་པས་བད་མཁྲིས་སེལ་བ། སྐྱུར་ཚས་བད་ཀན་རྐྱང་བ་སེལ་བ། སྐྱུར་ཁས་བད་ཀན་ཁྲག་ནད་འཇོམས་པ། སྐྱུར་བསྐས་བད་སྨུག་སེལ་བའི་སྨན་ཆུ་རིགས་ལྔར་བཤད་ལ། ཡན་ལག་བརྒྱད་པ་ལས། གསེར་དང་དངུལ་དང་ཟངས་ལྕགས་མཚོན་མོ་སྟེང༌། །ཞ་ཉེ་དང་ནི་རྣམ་པ་དྲུག་རྣམས་ཀྱི། །ཁམས་རྣམས་ལ་ནི་རང་རང་ཁུ་བ་འཛག །ཅེས་དང༌། སོ་ག་ཚ་བས་གདུངས་བྲག་ལས། །རྒྱ་སྐྱེགས་ཁུ་བ་ལྟར་འཛག་གང༌། །གསེར་སོགས་འབྱུང་ཁུངས་དྲུག་གི་བཅུད། །དེ་ནི་བྲག་ཞུན་ཞེས་བྱར་བཤད། །ཅེས་དྲུག་ཏུ་གསུངས་ཀྱང་འདིར་ཞ་ཉེ་དང་མཚོན་མོ་སྟེང་གཉིས་གཅིག་ཏུ་བྱས་ནས། གསེར་ཞུན། དངུལ་ཞུན། ལྕགས་ཞུན། ཟངས་ཞུན། ཞ་ཉེའི་ཁམས་ལས་བྱུང་བའི་བྲག་ཞུན་ཏེ་རིགས་ལྔ་པོ་རང་རང་གི་སྐྱེ་གནས་ཀྱི་ཁམས་དང་མཐུན་པའི་ཁ་དོག་ཅན་གྱི་བྲག་ཞུན་རིགས་ལྔ་དང༌། ཆུ་ཚན་འབྱུང་བའི་རྒྱུ་ནི་གཙོ་བོ་རྡོ་སོལ་ཁོ་ན་ཉིད་ཡིན་ལ། དེ་ལ་ངོས་འཛིན་དགག་སྒྲུབ་ཕལ་ཆེར་ནི་སྔོན་དུ་ཞལ་ལུང་དུ་གྲུབ་ཟིན་པ་ལྟར་གྱི་སྤྱིར་བད་ཀན་རང་རྒྱུད་ཀྱི་ནད་ལ་བསྔགས་པའི་རྡོ་ཐལ་གྱི་རྒྱུ་དེ་ལ་ནང་གསེས་རྟགས་དང་ནུས་པ་མི་འདྲ་བ་རིགས་ལྔ་ཡོད་པའི་ནང་ནས་རྡོ་འཇུ་ཞིང་རྩ་ཁ་སྡོམ་པའི་ནུས་པ་དང་ལྡན་པ་འཕྲལ་བལྟས་སྔོ་ནག་ཆར་སྤྲིན་མདོག་ཅན་དེ་ཉིད་ཕན་ཚུན་བརྡབས་ན་ཁ་རུ་ཚའི་དྲི་བྲོ་བའི་རྡོ་དྲི་མ་ཅན་ནམ་དེང་སང་རྡོ་ཞོར་འབོད་པ་འདི་ཉིད་ཡིན་ལ་དེའི་ཕུང་པོ་ཆུ་དང་ཕྲད་པ་ལས་མེ་འབྱུང་ཞིང་དེའི་དབང་གིས་ཆུ་ཡང་བསྐོལ་བར་ནུས་ཆུ་དེས་རྡོ་དེ་ཉིད་བཞུ་ནས་ཞུན་མ་ཕལ་ཆེར་དཀར་པོ་དང་ལ་ལར་གྲོགས་དབང་གིས་སྣ་ཚོགས་འབྱུང་བའང་ཡོད་ལ་དེ་ལས་གཞན་པའི་ཆུ་བསྐོལ་ནུས་པའི་རྡོ་མེད་པས་ན་རྣམ་རྟོག་རྣམས་སྤོངས་ཤིག རྡོ་སོལ་དེ་དང་གཞན་བཅས་ནུས་པ་ནི་རྡོ་སོལ་དང་ཅོང་ཞི་འདྲེས་པ་ལས་བྱུང་བ་ཚ་བའི་ནད་སེལ་བ་དང༌། རྡོ་སོལ་དང་མུ་ཟི་འདྲེས་པ་ལས་བྱུང་བ་གྲང་བ་དང་ཆུ་སེར་འཇོམས་པ་ཅུང་ཟད་རྩུབ་པས་རླུང་ལ་གནོད་པ་དང༌། རྡོ་སོལ་དང་བྲག་ཞུན་འདྲེས་པ་ལས་བྱུང་བ་བསིལ་དྲོད་སྙོམས་པས་ལྡན་འདུས་ཀྱི་ནད་སེལ་བ་དང༌། རྡོ་སོལ་དང་ཅོང་ཞི་མུ་ཟི་གསུམ་འདྲེས་པ་ལས་བྱུང་བ་ཀུན་ལ་ཕན་ཞིང་གྲང་བ་ཡང་ཁྱད་པར་སེལ་བ་དང༌། རྡོ་སོལ་དང་མུ་ཟི་བྲག་ཞུན་ལྡོང་རོས་བཞི་འདྲེས་པ་ལས་བྱུང་བའི་ཆུ་ཚན་གྱིས་ཆུ་སེར་ཚ་བ་སོགས་སེལ་བ་སྟེ་རིགས་ལྔ་དང་ལྡན་པའི་རི་བོ་ཡོད་དོ་ཞེས་པའི་དོན་ཏོ། །མདོར་ན་དེ་ལྟར་བཤད་པའི་དྲང་སྲོང་གི་གནས་ཀྱི་རི་བོའི་ཕྱོགས་བཞིའི་གྲོང་ཁྱེར་དང་བཅས་པའི་ས་ཕྱོགས་ཐམས་ཅད་ཀྱང་སྨན་གྱི་ལྗོན་ཤིང་གི་ནགས་ཚལ་སྟུག་པོ་དང་ལྡན་ཞིང༌། གལ་ཏེ་ནགས་ཚལ་མེད་པའི་ས་ཕྱོགས་འཇམ་པོར་གནས་པ་ཐམས་ཅད་ལའང་གུར་ཀུམ་གྱི་སྤང་རི་དང་ལྡན་པས་སྤོས་ཀྱི་ངད་ལྡང་བ། དེ་རྣམས་ལས་གཞན་པའི་བྲག་ཐམས་ཅད་ལ་ས་དང་རྡོའི་སྨན་མཚལ་དང་ལི་གྲི་དང༌། སྦལ་རྒྱབ་མདུང་རྩེ་ལ་སོགས་པ་ཀུན་དང༌། གསེར་དངུལ་ཟངས་ལྕགས། བཻ་ཌཱུརྱ་དང་པདྨ་རཱ་ག་ལ་སོགས་པ་རིན་པོ་ཆེའི་སྨན་རྣམ་པ་སྣ་ཚོགས་པ་དང༌། རྒྱ་ཚྭ་རྒྱམ་ཚྭ་ལ་སོགས་པ་ཚྭ་སྣའི་རིགས་ཚང་བར་གནས་པ་ཡོད་པ། སྨན་གྱི་ནགས་ཚལ་དེ་རྣམས་ཀྱི་སྡོང་པོའི་རྩེ་ན་རྨ་བྱ་དང་ཤང་ཤང་དང་ནེ་ཙོ་དང༌། སོགས་ཁོངས་ནས་ཁུ་བྱུག་དང་ཀ་ལ་པིངྐ་ལ་སོགས་པའི་བྱ་རྣམས་སྐད་སྙན་པར་སྒྲོག་བཞིན་དུ་བག་ཕབ་སྟེ་གནས་པ། ནགས་ཚལ་གྱི་རྩ་བ་ན་གོ་རོ་ཙ་ནའམ་གི་ཝང་གི་འབྱུང་གནས་གླང་པོ་ཆེ་དང༌། སྲོག་གི་མེ་ཏོག་དོམ་མཁྲིས་ཀྱི་གནས་དོམ་དང༌། རྩི་མ་གི་ཏའམ་ཀསྟུ་རའི་འབྱུང་གནས་གླ་བ་དང༌། སོགས་ཁོངས་ནས་གྭ་དོར་གསུམ་གྱི་འབྱུང་གནས་བསེ་དང་རྒྱ་དང་ཁ་ཤ་ལ་སོགས་པ་སྟེ། མདོར་ན་སྨན་བཟང་པོ་ལུས་ལ་ཡོད་པའི་སེམས་ཅན་ཐམས་ཅད་ཚང་བར་གནས་པ་ལས། སྨན་གྱི་རིགས་སུ་གྱུར་པ་ལ་མ་འཁྲུངས་པའམ། མ་ཚང་བ་གཅིག་ཀྱང་མེད་པའི་རྒྱན་གྱིས་ཡང་དག་པར་སྤྲས་པའོ།།

        གཉིས་པ་སྟོན་པ་ནི། དེ་ལྟར་ཕྱི་ནང་གི་རྒྱན་ཕུན་སུམ་ཚོགས་པ་དང་ལྡན་པའི་སྨན་གྱི་གྲོང་ཁྱེར་ཆེན་པོ་ལྟ་ན་སྡུག་ཅེས་བྱ་བ་དེའི་དབུས་ཀྱི་གཞལ་ཡས་ཁང་གི་རྣམ་པའི་ཁང་བཟང་རྒྱན་སྒོ་བཞིས་ཉེ་བར་མཚན་པ་དེ་དག་གི་དབུས་དྲང་པོ་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རྣམ་པ་སྣ་ཚོགས་པ་དང༌། ཁྱད་པར་བཻ་ཌཱུརྱ་སེར་པོ་དང་དཀར་པོ་དང་སྔོན་པོ་རྣམས་ལས་གྲུབ་པའི་ཁྲི་སེང་གེ་དང་གླང་པོ་ཆེ་དང་རྟ་མཆོག་དང་ཁྱུང་དང་རྨ་བྱས་བཏེག་པའི་སྟེང་དུ་ལྷའི་གོས་རིན་ཐང་མེད་པ་བཏིང་བའི་གདན་ལ་སྟོན་པ་བཅོམ་ལྡན་འདས་འཚོ་མཛད་སྨན་གྱི་བླ་བཻ་ཌཱུརྱ་འོད་ཀྱི་རྒྱལ་པོ་ཞེས་བྱ་བ་དེ་ཉིད་ཆོས་གསུང་པ་ལ་མངོན་དུ་ཕྱོགས་པའི་སྒོ་ནས་བཞུགས་སོ་ཞེས་ནང་དུ་ཡང་དག་པར་འཇོག་པ་སྔོན་དུ་མཛད་དོ་ཞེས་བྱ་བའི་དོན་ཏེ་སྟོན་པ་དེ་ནི་སངས་རྒྱས་སྨན་པའི་རྒྱལ་པོ་སྤྲུལ་པའི་སྐུའི་ཆ་བྱད་ཇི་ལྟ་བ་སྐུ་མདོག་མཐིང་ག །དབུ་ལ་གཙུག་ཏོར་དང་ཆོས་གོས་རྣམ་གསུམ་གསོལ་བ། ཕྱག་གཡས་མཆོག་སྦྱིན་གྱི་ཕྱག་རྒྱས་ཨ་རུ་རའི་འབྲས་བུ་སྡོང་པོ་དང་བཅས་པ་བསྣམས་པ། གཡོན་བདུད་རྩིས་གང་བའི་ལྷུང་བཟེད་བསྣམས་པ། ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། གཡུ་ཐོག་སྙིང་ཐིག་གི་དབང་ཆོག་ལས། རིགས་ཀྱི་གཙོ་བོ་བཅོམ་ལྡན་སྨན་རྒྱལ་མཐིང༌། །མཚན་དཔེའི་རྒྱན་རྫོགས་སྨན་མཆོག་ལྷུང་བཟེད་བསྣམས། །དོན་གཉིས་མཐར་ཕྱིན་ཡེ་ཤེས་ལྔ་རྫོགས་དཔལ། །དུག་ལྔ་རྒྱུ་འབྲས་ནད་སེལ་དབང་བསྐུར་རོ། །ཞེས་སོགས་ཀྱང་འབྱུང་བ་དང་མཐུན་པས་ལུགས་འདི་གའི་རྒྱུ་མཚན་དང་འབྲེལ་པ་དང༌། གཞན་ཡང་སྨན་བླའི་བསྟོད་པ་མཁན་པོ་བི་དྷི་ས་ཏྭས་མཛད་པ་སོགས་ལས་ཀྱང་དེ་མཐུན་འབྱུང་བ་ལྟར་རོ།།

        གསུམ་པ་འཁོར་ནི། སྟོན་པ་བཅོམ་ལྡན་འདས་དེ་ལ་འཁོར་ནི་ལྷ་དང་དྲང་སྲོང་དང་ཕྱི་པ་དང་ནང་པ་དང་བཅས་པའི་འཁོར་སྡེ་བཞིས་ཡོངས་སུ་བསྐོར་བ་སྟེ། དེ་དག་སོ་སོ་ནས་གང་ཞེ་ན།

དང་པོ་ལྷའི་འཁོར་ནི་འདི་ལྟ་བུ་ཡོད་དེ། གཟུགས་ཁམས་ཀྱི་ལྷའི་སྨན་པ་སྐྱེ་དགུའི་བདག་པོ་མྱུར་བ་ཞེས་པ་ནི་གཟུགས་ཁམས་པའི་ལྷའི་ཆ་བྱད་ཡིན་ལ། དེའང་སྐྱེ་དགུའི་བདག་པོ་ཞེས་པ་སེམས་ཅན་རྣམས་རང་གིས་བྱས་པར་རློམ་པའི་ལྷ་ཆེན་པོ་ཚངས་པའི་རིས་ཡིན་པས། དཔེར་ན་འཇམ་དཔལ་གྱི་ཞིང་གི་འཁོར་ན་ཡོད་པའི་བྱང་སེམས་རྣམས་ཀྱང་ཕལ་ཆེར་ཆ་བྱད་འཇམ་པའི་དབྱངས་ཀྱི་སྐུའི་ཆ་བྱད་དང་ཆ་འདྲ་ཡོད་པར་སྐྱེ་བ་བརྟག་པ་སོགས་ཀྱི་ལོ་རྒྱུས་སུ་འདུག་པ་ལྟར། ཚངས་རིས་པའི་ལྷ་རྣམས་ཀྱང་ཕལ་ཆེར་ཚངས་པའི་ཆ་བྱད་དང་འདྲ་རུང་ཙམ་ཁ་དོག་སེར་པོ་རྒྱན་གྱིས་བརྒྱན་པ་ལ་འོན་ཀྱང་རིག་བྱེད་ཀྱི་གཏམ་རྒྱུད་ལྟར་ན་གདོང་བཞི་ཡོད་པ་དེ་ཚངས་པ་ཁོ་ནའི་ཁྱད་ཆོས་སུ་བཤད་པས་ཚངས་པ་ལྟ་བུའི་གདོང་བཞི་མེད་པ་ཞིག་ཡིན་ནོ། །འདོད་ཁམས་ཀྱི་ལྷའི་སྨན་པ་ཐ་སྐར་གྱི་བུ་གཉིས་ནི་སྐར་མ་ཐ་སྐར་ལས་སྐྱེས་པས་དེ་ལྟར་དུ་གྲགས་པ་གཟུགས་ཁམས་པའི་ལྷ་བརྒྱ་བྱིན་དང་མཚུངས་ཙམ་ལ་དེ་ཡང་མིག་སྟོང་ནི་ཡོད་པ་མ་ཡིན་པ་ལྟར་དང༌། སུམ་ཅུ་རྩ་གསུམ་པའི་ལྷའི་དབང་པོ་བརྒྱ་བྱིན་མིག་སྟོང་ཅན་ནི་ཡོངས་གྲགས་ལྟར་ལ་རིག་བྱེད་དང་རྗེས་སུ་འབྲེལ་བར་ཕྱག་ན་ཞོ་འཐུང་གི་རུས་པའི་རྡོ་རྗེ་བསྣམས་པ་དང༌། ལྷ་མོ་བདུད་རྩི་མ་ལ་ཟུར་མཁར་བློ་གྲོས་རྒྱལ་པོ་ཙམ་གྱིས་ཀྱང་ཁུངས་མ་ཆོད་པར་ལེགས་བཤད་འདོད་པ་རྣམས་ཀྱིས་རྟོགས་ཤིག་ཅེས་བཞག་པ་ཕྱོགས་འདིར་བདག་བློ་ལྟ་བུས་ག་ལ་དཔོགས། འོན་ཀྱང་འདྲ་མཚུངས་བབས་འབྲེལ་ཙམ་ངེས་པའི་དོན་དུ་ཌཱ་ཀིའི་གཙོ་མོ་དཔལ་ལྡན་ཕྲེང་བ་སོགས་དང་ཐུགས་རྒྱུད་གཅིག་པ་ཞིག་ཡིན་ནའང༌། གནས་སྐབས་སུ། སྟོང་ཆེན་རབ་འཇོམས་ཀྱི་སྨན་བྱིན་རླབས་ཀྱི་ཆོ་གའི་སྐབས་རྒྱལ་ཆེན་བཞིས་ལྷུང་བཟེད་ཕུལ་བའི་བདེན་ཚིག་གི་མཇུག་ཐོགས་སུ། དེ་བཞིན་ལྷ་མོ་འཕྲོག་མ་ཡིས། །ལྷ་རྫས་དགེ་བ་ཨ་རུ་ར། །བླངས་ནས་སྟོན་ལ་རབ་ཕུལ་བ། །བདུད་རྩི་འདྲ་བའི་སྨན་གྱི་མཆོག །བདེན་པའི་ཚིག་ནི་དེ་དག་གིས། །ནད་པ་རྣམས་ཀྱི་ནད་སེལ་ཞིང༌། །ཉེས་པ་ཐམས་ཅད་འཕྲོག་བྱེད་པའི། །སྨན་རྣམས་བདུད་རྩིར་འགྱུར་བར་ཤོག །ཅེས་སྟོན་པ་སྨན་པའི་རྒྱལ་པོའི་སྐུར་བཞེངས་པའི་ལྷུང་བཟེད་འབུལ་བ་པོ་རྒྱལ་ཆེན་བཞི་དང༌། ཨ་རུ་ར་འབུལ་བ་པོ་ལྷ་མོ་འཕྲོག་མ་དེ་ཡིན་ལ། །བདུད་རྩི་མ་ཞེས་པའང་མངོན་བརྗོད་འཆི་མེད་མཛོད་དུ། འཇིགས་མེད་ནད་མེད་ཕན་པ་ཅན། །ན་ཚོད་མི་འགྱུར་བདུད་རྩི་དང༌། །ཞེས་དང་ཨ་མྲྀ་ཏ་བདུད་རྩིར་བསྒྱུར་བ་སོགས་མིང་གི་རྣམ་གྲངས་སུ་བཤད་པས། བདུད་རྩི་འབུལ་བ་པོ་ཡིན་པའི་ཕྱིར་བདུད་རྩི་མ་ཞེས་པ་འབྲེལ་བ་རྒྱུ་མཚན་ཅན་གྱི་མིང་དཔེར་ན་ཆང་འཚོང་མཁན་ལ་ཆང་མ་ཞེས་པ་བཞིན་ཡིན་ནོ། །ཆ་བྱད་ནི་མཆོད་པའི་ལྷ་མོའི་རིགས་འདྲ་བའི་ལྷ་མོ་བཅུ་དྲུག་གི་ལང་ཚོ་ཅན་མཛེས་ཆགས་པ་དར་དང་རིན་པོ་ཆེའི་རྒྱན་ཅན། ཕྱག་ན་ཨ་རུ་ར་བསྣམས་ནས་འབུལ་བའི་ཚུལ་གྱིས་གུས་པའི་རྣམ་པ་ཅན་ཞིག་དང༌། སོགས་ཁོངས་ནས་ཚོགས་པའི་ལྷ་རྣམས་བསྟན་པ་ཡིན་ཏེ། དེ་ཡང་འདི་ལྟར། དེ་ལ་ཉི་མ་བཅུ་གཉིས་ཏེ། །སྣ་ཚོགས་ལྷ་རྣམས་བཅུ་རུ་དྲན། །ནོར་ལྷ་བརྒྱད་དུ་ཡང་དག་བཤད། །དེ་བཞིན་དགའ་ལྡན་སུམ་ཅུ་དྲུག །འོད་གསལ་དྲུག་ཅུ་རྩ་བཞི་དང༌། །རླུང་ལྷ་ཞེས་བྱ་བཞི་བཅུ་དགུ། །འཕྲེང་བ་ཆེན་པོ་ཞེས་བྱ་བ། །དེ་བཞིན་ཉིས་བརྒྱ་ཉི་ཤུ་འོ། །གྲུབ་པ་ཞེས་བྱ་བཅུ་གཉིས་བཤད། །དྲག་པོ་རྣམས་ནི་བཅུ་གཅིག་བཤད། །ཅེས་པ་ལ་སོགས་ལྷའི་འཁོར་འབུམ་ཕྲག་མང་པོ་དང་ཐབས་ཅིག་ཏུ་བཞུགས་སོ།།

 

        གཉིས་པ་དྲང་སྲོང་གི་འཁོར་ནི་འདི་ལྟ་བུ་ཡོད་དེ། དྲང་སྲོང་ཆེན་པོ་རྒྱུན་ཤེས་ཀྱི་བུ་དང༌། མེ་བཞིན་འཇུག་དང༌། མུ་ཁྱུད་འཛིན་དང༌། འགྲོ་བ་སྐྱོང་གི་བུ་དང༌། གཤོལ་འགྲོ་སྐྱེས་དང༌། དཀའ་གཉིས་སྤྱོད་དང༌། ཐང་ལ་འབར་དང༌། ནབས་སོ་སྐྱེས་དང༌། སོགས་ཁོངས་ནས་ལུག་ནག་རྒྱ་སྐྱེགས་སྣ་དང༌། མདའི་མཆོག་དང༌། ལཉྩའི་ལག་པ་ལ་སོགས་པ་མིའམ་ཕྱི་པའི་དྲང་སྲོང་དེ་དག་གི་རྟགས་ཆ་ལུགས་སྤྱོད་པ་རགས་པ་འཕགས་པ་དཀོན་ཅོག་བརྩེགས་པའི་ལེའུ་ཞེ་དགུ་པ་དྲང་སྲོང་རྒྱས་པས་ཞུས་པ་ལས། འཛམ་བུ་གླིང་པའི་དྲང་སྲོང་མེའི་ཕུང་པོ་ལྟར་འབར་བ། རལ་པའི་ཅོད་པན་ཅན། རྒས་པ། རབ་ཏུ་སྐེམ་པ། ཟས་མི་ཟ་ཞིང་བསྙེན་པར་རབ་ཏུ་གནས་པ། ཤིང་ཤུན་དང་གཡང་གཞི་གྱོན་པ། ཐལ་བས་བྱུགས་པ་ཐང་དང་གྲམ་ཁྲོད་ན་གནས་པ། བཀྲེས་བཀྲེས་ལྟར་འདུག་པ། རླུང་འགམ་པ། ཟླ་བ་ཕྱེད་བསྙེན་གནས་བྱས་པ། ཡན་ལག་སྐེམ་པ་གཅེར་བུ་པ། ཤིང་ཤུན་གྱོན་པ། ཨག་ཚོམ་དང་སེན་མོ་དང་སྤུ་རིང་བ། བུང་བའི་ཁ་དོག་ལྟ་བུ། དཀའ་ཐུབ་ཀྱི་ནོར་ཅན། བཟླས་བརྗོད་དང༌། སྦྱིན་སྲེག་དང༌། སྲུང་བ་བཀྲ་ཤིས་པ་བྱས་པ། ས་དང་བླ་གབ་མེད་པ། ཤིང་དྲུང་ན་གནས་པ། རྐང་པ་གྱེན་དུ་བསྒྲེང་བ། ཙོག་ཙོག་པུར་འདུག་པ། ཆུའི་ནང་དུ་འཇུག་པ། མེ་མདག་འབར་བ་དང༌། སྲེག་མེ་རབ་ཏུ་འབར་བ་དང་ཉི་མས་ལུས་ཤིན་ཏུ་གདུངས་པ། དཀའ་ཐུབ་དྲག་པོས་ཡོངས་སུ་བསྐོར་བ། བབ་བབ་ཏུ་གནས་པ། རིགས་ཙམ་གྱིས་ཡོངས་སུ་དགའ་བ་བླ་ན་མེད་པའི་ཡེ་ཤེས་དང་བྲལ་བ་དེ་དག་ལ་ལྟོས། དགེ་སློང་དག་དྲང་སྲོང་ཆེན་པོ་འདི་དག་ནི་འཁོར་བ་ལས་འབྱུང་བ་མི་ཤེས་པ་དག་སྟེ། འདི་དག་ནི་འདོད་པ་དང་རྒྱགས་པས་མྱོས་པ། ཡང་སྲིད་པར་སྐྱེ་བ་ཡོངས་སུ་འཛིན་པ་ལྟ་བའི་རྒྱུ་བ་ཡོངས་སུ་མ་དག་པ་ཤ་སྟག་གོ་ཞེས་པ་དང༌། ཡང་དེ་ཉིད་ལས། རལ་པ་མང་པོ་བརྫེས་ཏེ་མཆོད་ཕྱིར་ཐོགས་པ་སྔོ་བསངས་སོ། །མིག་གཉིས་སེར་བ། སྐྲ་རྩུབ་ཅིང་དྲུབས་པ། ལག་ན་དབྱུ་གུ་གསུམ་ཐོགས་པ། གཟུགས་རབ་ཏུ་མི་སྡུག་པ་དང་ལྡན་པ་ནམ་མཁའི་ངོས་ལ་འགྲོ་བ་ཞེས་སོགས་བཤད་པ་ལྟར་གྱི་རལ་པ་དང་ཁ་སྤུ་དང་སེན་མོ་རིང་བ། མཆོད་ཕྱིར་ཐོགས་ཞེས་སྐུད་པ་དཀར་པོའི་སེ་རལ་ག་ཡོད་པ་རིལ་བ་སྤྱི་བླུགས་རི་དྭགས་ཀྱི་པགས་པའི་གཡང་གཞི་དང༌། དབྱུག་པ་གསུམ་འཆང་བ། རས་དཀར་པོའི་བླ་གོས་དང༌། འགའ་ཞིག་ལོ་མའི་སྨད་དཀྲིས་ཅན་སོགས་དྲང་སྲོང་གི་འཁོར་འབུམ་ཕྲག་མང་པོ་དང་ཐབས་ཅིག་ཏུ་བཞུགས་སོ།།

        གསུམ་པ་ཕྱི་པའི་འཁོར་ནི་འདི་ལྟ་བུ་ཡོད་དེ། མུ་སྟེགས་སྤྱོད་པའམ་རིག་བྱེད་པ་རྣམས་ཀྱིས་སྟོན་པར་འཛིན་པའི་མེས་པོ་ཚངས་པ་ནི་མངོན་རྟོགས་མི་འདྲ་བ་མང་ཡང༌། འདིར་རིག་བྱེད་དང་གོ་བསྟུན་པ་ཞིག་དགོས་འདྲ་བས། མི་མཇེད་ཀྱི་བདག་པོ་ཚངས་པ་གདོང་བཞི་པ་ལྷ་ཤིན་ཏུ་ཞི་བའི་ཆ་བྱད་ཅན། རལ་པའི་ཐོར་ཚུགས་དང༌། དུང་དཀར་པོ་ཕྱག་ན་འཛིན་པ་དང་སེར་སྐྱ་བའམ་གྲངས་ཅན་པ་རྣམས་ཀྱིས་སྟོན་པར་འཛིན་པའི་མ་ཧཱ་དེ་བ་ཤྲྰི་རལ་པ་ཅན་དང་ཡང་ན་དབང་ཕྱུག་སྟེ་ལྷ་ཅུང་ཟད་དམར་ཉམས་ཅན། མགྲིན་པ་སྔོན་པོ། སྣུམ་ཞིང་དམར་བའི་རལ་པའི་ཐོར་ཚུགས་ཟླ་ཚེས་ཀྱིས་སྤྲས་པ། མི་ཐོད་ཀྱི་ཕྲེང་བ་ཅན། ཕྱག་གཡས་ན་རྩེ་གསུམ་དང་གཡོན་ན་ཐོད་པ་བསྣམས་པ་སྟེ། དནྜིས། མགྲིན་སྔོན་ལག་ན་ཐོད་པ་ནི། །གནས་པ་ཟླ་བའི་ཅོད་པན་དང༌། །སྣུམ་ཞིང་དམར་བའི་རལ་པ་ཅན། །ཞེས་དང༌། ལྷ་ལས་ཕུལ་བྱུང་གི་བསྟོད་པར། ལྷ་ཆེན་མི་ཡི་ཐོད་པའི་ཕྲེང་བ་རྣམས་ཀྱིས་བརྒྱན། །ཞེས་དང༌། གཅེར་བུ་བ་རྣམས་ཀྱིས་སྟོན་པར་འཛིན་པའི་ཁྱབ་འཇུག་ནི། ལྷ་ལས་ཕུལ་བྱུང་ལས། བརྒྱ་བྱིན་རྡོ་རྗེ་ཐོགས་ཤིང་སྟོབས་ལྡན་གཤོལ་ཐོགས་ཁྱབ་འཇུག་འཁོར་ལོའི་མཚོན་ཐོགས་དང༌། །སྐེམ་བྱེད་མདུང་ཐུང་ཐོགས་ཤིང་ལྷ་ཆེན་རྩེ་གསུམ་མཚོན་ཐོགས་དུར་ཁྲོད་གནས་གྱུར་པ། །ཞེས་སོགས་དང་འབྲེལ་ཞིང༌། ཁྱབ་འཇུག་ཀྱང་ལྷའི་ཆ་བྱད་ཅུང་ཟད་ཁྲོ་བའི་ཉམས་ཅན་ཞོ་འཐུང་རུས་པའི་རང་བཞིན་གྱི་འཁོར་ལོ་དམ་བཅའ་བཞི་ལྡན་ལག་ན་འཛིན་པ་དང༌། རྒྱང་འཕེན་པ་རྣམས་ཀྱིས་སྟོན་པར་འཛིན་པའི་གཞོན་ནུ་གདོང་དྲུག་པ་ནི་སྐེམ་བྱེད་དང་དོན་གཅིག་པས་གདོང་པ་དྲུག་པ། ལག་པ་ན་མདུང་ཐུང་རྩེར་རྨ་བྱའི་སྒྲོ་ཕོན་ཅན་འཕང་མདུང་དུ་གྲགས་པ་འཛིན་ཅིང༌། རྨ་བྱ་ལ་ཞོན་པ་ཤིན་ཏུ་གཞོན་ཉམས་ཅན་རྣམས་གོང་གི་ལྷ་ལས་ཕུལ་བྱུང་གི་ལུང་གི་རྗེས་སུ་འབྲངས་པའི་འཐད་ཕྱོགས་དང༌། ལ་སོགས་ཁོངས་ནས་ཚོགས་ཀྱི་བདག་པོ། དེ་ཡང་ནང་པའི་ལུགས་ལ་སྐུ་མདོག་ཕྱག་མཚན་རྒྱུད་རྒྱ་གཞུང་དང་བཅས་སོ་སོའི་དགོངས་བཞེད་མི་འདྲ་བ་མང་ཙམ་འདུག་ཀྱང་འདིར་ནི་མུ་སྟེགས་ཀྱི་དབང་དུ་བྱས་པའི་ཕྱོགས་ལ་རིག་བྱེད་པའི་ལུགས་གཙོ་ཆེ་བས་འཆི་མེད་མཛོད་རྩ་འགྲེལ་གྱི་གཏམ་རྒྱུད་སོགས་དང་མཐུན་པར་ལྷ་དཀར་པོ་གླང་པོའི་མགོ་ཅན་ཕྱག་གཉིས་ཕུབ་ཅན་མཆེ་བ་གཅིག་བྱས་པ་ཞིག་དང༌། རཱ་མ་ཎ་སྟེ་དེ་ཡང་ཤིང་རྟ་བཅུ་པའི་བུ་མདའ་ལ་མཁས་པ་དེ་དང་ཛམ་དཱགྣི་བུ་གཉིས་ཡོད་པས་ད་ལམ་ཕྱི་མ་དེ་རྒྱ་གར་རྒྱལ་རིགས་ཀྱི་ཆ་བྱད་དཔའ་ཉམས་ཚང་བ་ཕྱག་ན་དགྲ་སྟ་འཕྱར་བ་སོགས་མུ་སྟེགས་ཀྱི་འཁོར་འབུམ་ཕྲག་མང་པོ་དང་ཐབས་ཅིག་ཏུ་བཞུགས་སོ།།

        བཞི་པ་ནང་པའི་འཁོར་ནི་འདི་ལྟ་བུ་ཡོད་དེ། སངས་རྒྱས་ཐམས་ཅད་ཀྱི་སྐུ་རྡོ་རྗེར་གྱུར་པ་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་སྐུ་མདོག་དམར་སེར་བྱང་སེམས་གཞོན་ནུའི་ཆ་བྱད་ཅན་ཟུར་ཕུད་ལྔ་པ་ཤིན་ཏུ་གཞོན་ཤ་ཆགས་པ་རིན་པོ་ཆེ་དང་དར་གྱི་ན་བཟའ་ཅན་ཕྱག་གིས་ཨུཏྤལའི་ཡུ་བ་ནས་འཛིན་པའི་རྩེར་གླེགས་བམ་ཡོད་པ་དང༌། གསུང་རྡོ་རྗེར་གྱུར་པ་སྤྱན་རས་གཟིགས་དབང་ཕྱུག་ནི་བྱང་སེམས་ཚངས་པར་སྤྱོད་པའི་ཆ་བྱད་ཅན་དཀར་པོ་རལ་པའི་ཐོར་ཚུགས་དང༌། དར་གྱི་ན་བཟའ་ཅན། ནུ་མ་གཡོན་པ་རི་དྭགས་ཀྲྀཥྞ་སཱ་རའི་པགས་པས་གཡོགས་པ། ཕྱག་པདྨ་དཀར་པོའི་ཡུ་བ་ནས་འཛིན་པ་དང༌། ཐུགས་རྡོ་རྗེར་གྱུར་པ་ཕྱག་ན་རྡོ་རྗེ་ནི་བྱང་སེམས་ཆ་བྱད་ཡོངས་གྲགས་ཞི་བ་སྐུ་མདོག་སྔོན་པོ་ཨུཏྤལའི་ཡུ་བ་ནས་འཛིན་པའི་རྩེར་རྡོ་རྗེས་མཚན་པ་དང༌། དེའི་རྣམ་པར་སྤྲུལ་པ་ཀུན་དགའ་བོ་རྒྱ་གར་གྱི་རབ་ཏུ་བྱུང་བའི་ཆ་བྱད་ཅན་སྐུ་འགག་མེད་པ། ཆོས་གོས་མཐང་ཤམ་འཁར་གསིལ་ལྷུང་བཟེད་ཅན་དང༌། འཚོ་བྱེད་གཞོན་ནུས་གསོས་རྒྱ་གར་པའི་ཁྱིམ་པའི་ཆ་བྱད་ལ་རྒྱལ་པོའི་སྲས་ཡིན་པ་དང༌། སྨན་པའི་རྒྱལ་པོར་ཡང་ལན་གསུམ་དབང་བསྐུར་བས་གོས་དང་རྒྱན་བཟང་པོ། ཐོད་བཅིངས་པ། སོགས་ཁོངས་ནས་འོད་སྲུངས་དང༌། ཉེ་བར་འཁོར་ལ་སོགས་པ་ནང་པའི་འཁོར་འབུམ་ཕྲག་མང་པོ་དང་ཐབས་ཅིག་ཏུ་བཞུགས་སོ་ཞེས་བྱ་བའི་དོན་དེ་འཁོར་ཐམས་ཅད་ཀྱང་སྟོན་པར་ཆོས་ཉན་པས་འདུད་པའི་རྣམ་པ་ཅན་ནོ།།

          བཞི་པ་དུས་ནི། དེའི་ཚེ་དེའི་དུས་ན་ཞེས་པས་བསྟན་ཏེ། སྤྲུལ་པའི་གཞལ་ཡས་ཁང་དུ་སྟོན་པ་བཅོམ་ལྡན་འདས་འཁོར་སྡེ་བཞིའི་ཚོགས་དང་ཐབས་ཅིག་ཏུ་བཞུགས་པ་དེའི་ཚེ་ཡང་དག་པར་མཉམ་པར་བཞག་པས་ཟབ་མོའི་ཆོས་སྟོན་པར་དགོངས་ཏེ། གསོ་བ་རིག་པའི་རྒྱུད་འདི་ཉིད་གསུང་བ་ལ་མངོན་པར་ཕྱོགས་པ་དེའི་དུས་ན་ཞེས་བྱ་བའི་དོན་ཏོ། །སྟོན་པ་བཅོམ་ལྡན་འདས་དྲང་སྲོང་རིག་པའི་ཡེ་ཤེས་མཆེད་བཞི་པོས་རིམ་པ་བཞིན་གསུངས་པའི་ཚིག་ཟབ་ལ་རྒྱ་ཆེ་བའི་གསུང་གི་རྒྱུན་གཅིག་ཁོ་ན་ལ་ལྷ་དང་དྲང་སྲོང་དང་ཕྱི་པ་དང་ནང་པའི་འཁོར་རྣམ་པ་བཞི་པོས་སོ་སོ་རང་རང་གི་སྟོན་པ་སངས་རྒྱས་སྨན་གྱི་བླ་མའི་ལུགས་འབའ་ཞིག་ཏུ་གོ་བར་ཟད་དོ་ཞེས་བྱ་བ་སྟེ། དེ་ཡང་ལྷ་རྣམས་ཀྱིས་གསོ་དཔྱད་འབུམ་པར་གོ་བ་སྟོན་པ་བཅོམ་ལྡན་འདས་ཀྱི་དགོངས་པ་མཐར་ཐུག་པའི་ལུགས་ནི་བདག་ཅག་རྣམས་ཀྱིས་འདིའོ་ཞེས་དང༌། དེ་བཞིན་དུ་དྲང་སྲོང་རྣམས་ཀྱིས་ཙ་ར་ཀ་སྡེ་བརྒྱད་དང༌། ཕྱི་པ་རྣམས་ཀྱིས་དབང་ཕྱུག་ནག་པོའི་རྒྱུད་དང༌། ནང་པའི་འཁོར་རྣམས་ཀྱིས་རིགས་གསུམ་མགོན་པོའི་སྐོར་དུ་གོ་ཞིང་རང་རང་གིས་སྟོན་པ་བཅོམ་ལྡན་འདས་ཀྱི་དགོངས་པ་མཐར་ཐུག་པའི་ལུགས་ནི་བདག་ཅག་རྣམས་ཀྱིས་འདིའོ་ཞེས་གོ་ཞིང་འཛིན་ནོ་ཞེས་བྱ་བའི་དོན་དང༌། འདི་ནི་ཞེས་སོགས་ཀྱིས་དྲང་སྲོང་གི་སྒྲ་བཤད་སྟོན་པ་མ་ཡིན་པར་གཞུང་འདིའི་བྱེད་ལས་སྟོན་པ་ཡིན་ཏེ། གཞུང་ལུགས་ཆེན་པོ་དཔལ་ལྡན་རྒྱུད་བཞི་ཡོངས་གཏད་དང་བཅས་པ་འདི་ནི་གོ་བའི་གང་ཟག་སུ་ཞིག་སྙམ་ན་ལུགས་སྡེ་བཞི་གའི་སྙིང་པོ་བསྡུས་པའི་ཚུལ་དུ་དྲང་སྲོང་ཡིད་ལས་སྐྱེས་ཁོ་ནས་གོ་ཞིང་གཞན་རྣམས་ཀྱིས་མ་གོ་བར་སྨྲ་ལ་དེས་ན་ཚིག་དོན་ཉམས་སུ་ལེན་པ་པོ་རང་རང་གི་ལུས་ངག་ཡིད་གསུམ་ཉེས་པ་མེད་པར་དྲང་པོར་བསྲངས་ནས་གཞན་ཕ་རོལ་པོ་རྣམས་ཀྱི་ཉེས་པ་རླུང་མཁྲིས་བད་ཀན་འཕེལ་ཟད་འཁྲུགས་པས་མ་སྙོམས་པ་མཐའ་དག་མགོ་སྙོམས་པར་བྱེད་པས་ན་དྲང་སྲོང་གཞན་གྱི་ལུགས་མ་ཡིན་པ་གསུང་སྤྲུལ་ཡིད་ལས་སྐྱེས་ཀྱི་ལུགས་ཞེས་བྱའོ་ཞེས་པ་སྟེ། གཞུང་གི་བྱེད་ལས་དང་སྡུད་པ་པོའི་ཁྱད་པར་གྱིས་རྒྱུད་འདི་དག་གི་ཆེ་བ་བརྗོད་པར་བྱས་པ་ཡིན་ནོ།།

                   བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་བཞི་གའི་གླེང་བའི་གཞི་བཤད་པའི་ལེའུ་སྟེ་དང་པོའོ།། །།

 

མཐའ་མའི་འདོན་ཐེངས་།: 05.09.2023 ཉིན། 9:22 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།