སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་དང་པོ། མན་ངག་རྒྱུད་ཞུས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 01.09.2011
མན་ངག་རྒྱུད། >> ལེའུ་དང་པོ། མན་ངག་རྒྱུད་ཞུས་པ།

༄༅། །བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་གསུམ་པ་མན་ངག་རྒྱུད་ཀྱི་དཀའ་འགྲེལ་ལེགས་བཤད་གསེར་རྒྱན་ཞེས་བྱ་བ་བཞུགས་སོ།།

དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས།

ཨོཾ་ཨ་ཐཱ། གསོ་བ་རིག་པའི་གཞུང་ལུགས་ཐམས་ཅད་ཀྱི་ཡང་སྙིང་དམ་པ་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་གསུམ་པ་མན་ངག་རྒྱུད་ཀྱི་ཚིག་དོན་རྣམ་པར་འགྲེལ་བ་ལེགས་བཤད་གསེར་རྒྱན་ཞེས་བྱ་བ།

དང་པོ། ཀླད་ཀྱི་དོན།

བླ་མ་དང་ལྷག་པའི་ལྷ་གུ་ཎ་ནཱ་ཐའི་ཞབས་ལ་གུས་པས་ཕྱག་འཚལ་ལོ།།

རྒྱ་ཆེན་ཐུགས་རྗེའི་ཀུན་གསལ་ཀློང་ཡངས་ནས། །མཁྱེན་བརྩེའི་དཀྱིལ་འཁོར་མ་ལུས་རབ་རྒྱས་ཤིང༌། །ཚད་མེད་ཐུགས་རྗེའི་འོད་ཟེར་སྣང་བ་ཅན། །སྨན་གྱི་བླ་མ་ཉིན་མོར་བྱེད་ལ་བསྟོད། །རིན་ཅེན་འབྱུང་ལྡན་གསེར་གྱི་རི་དབང་ནི། །མཉམ་ཉིད་ཡེ་ཤེས་ཉིན་བྱེད་དང་འགྲོགས་ཤིང༌། །ཡོན་ཏན་འོད་ཟེར་བྱེ་བས་འཁྱུད་པའི་དཔལ། །དགོས་འདོད་མ་ལུས་སྩོལ་བ་དེ་ལ་འདུད། །གང་དེའི་རིང་ལུགས་པདྨའི་ཚལ་ན་བློ་གསལ་བུང་བའི་ཁྱུང་ལྡན་ཚོགས། །ལེགས་བཤད་མགྲིན་དབྱངས་དར་དིར་སྒྲོག་ལ་མཁས་རྣམས་དགྱེས་པའི་འཛུམ་གར་ཅན། གཞུང་ལུགས་དུ་མའི་སྦྲང་རྩི་དངར་པོས་ལུས་སྟོབས་རབ་རྒྱས་བློ་གྲོས་སྣང་བ་ཀུན་ནས་གསལ། །དྲང་སྲོང་བླ་མ་གཡུ་ཐོག་མགོན་ཞེས་ལྷ་མིའི་གཙུག་རྒྱན་དམ་པ་གང་དེར་འདུད། །མང་ཐོས་འཇིགས་མེད་ཕྱོགས་ལས་རྣམ་རྒྱལ་ཞིང༌། །ལུང་དང་རིག་པའི་གཡུ་རལ་ཀུན་ནས་མཛེས། །རྣམ་དཔྱོད་བློ་གྲོས་མཆེ་སྡེར་གདོང་ལྔ་སྤྲས། །ཟུར་མཁར་ཁུ་དབོན་རི་དྭགས་དབང་པོར་འདུད། །གང་དེའི་ཡང་སྲིད་སྙིགས་དུས་འགྲོ་འདྲེན་ཕྱིར། །བསམ་བཞིན་བྱོན་པ་ངུར་སྨྲིག་ཚུལ་བཟུང་ནས། །གཙུག་ལག་གཉིས་པའི་བསྟན་པའི་རྩ་ལག་མཆོག །ཡོངས་འཛིན་བླ་མ་ཉི་ཐང་ཆོས་རྗེ་རྒྱལ། །ཡན་ལག་བརྒྱད་ཀྱི་འབྱུང་བའི་བཅུད་བསྡུས་པ། །སྐབས་དང་ས་རྒའི་འོད་རིས་འཛིན་པ་ཅན། །མན་ངག་རྒྱུད་ཀྱི་ཟླ་ཤེལ་མཆོང་སྡོང་ནི། །གསལ་བྱེད་རྣམ་བཤད་གསེར་རྒྱན་འདིར་བཀོད་བྱ།

        ཚེ་ཡི་རིག་བྱེད་ཆུ་གཏེར་ཆེན་པོ་ཡི། །དགོངས་འགྲེལ་ཕྱི་ནང་དྲང་སྲོང་ལྷ་རྣམས་དང༌། །རྒྱ་བོད་མཁས་གྲུབ་རིམ་བྱོན་མཛད་པ་ཡི། གཞུང་ལུགས་མདོར་རྒྱས་དུ་མའི་ཚོགས་རྣམས་ལས།

        ཟབ་པ་ཀུན་གྱི་སྙིང་པོའི་ཡང་སྙིང་བཅུད། །མ་ཚང་མེད་པའི་དགོངས་དོན་གཅིག་བསྡུས་པའི། །སྔོན་མེད་ལེགས་བཤད་གསར་པ་འདི་ན་མཚར། །འོན་ཀྱང་བདག་ནི་རྩོམ་ཚད་མི་ལྡན་ཡང༌། རིགས་ཀུན་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོས། །འདི་དང་འདི་ཞེས་བྱ་བ་གྱིས་གསུང་བའི། །བཀའ་ཡི་གནང་བ་ལེགས་པར་རབ་ཐོབ་ནས། །གཞུང་ལུགས་མན་ངག་རྒྱུད་ཆེན་ཚིག་དོན་གྱི། །ལེགས་བཤད་བདུད་རྩིའི་རོ་མཆོག་འཚོལ་འདོད་པའི། །དཔྱོད་ལྡན་གཟུར་གནས་ཀུན་ལ་དགའ་སྟོན་དུ། །འཛད་མེད་མཆོད་སྦྱིན་ཅི་དགར་འགྱེད་དོ་ཀྱེ།

ཞེས་བཀྲ་ཤིས་པ་བརྗོད་པའི་ཚིག་ལམ་ཡངས་པར་བྱས་ནས་ལས་སུ་བྱ་བ་ནི། །བོད་གངས་རིའི་ལྗོངས་ཀྱི་འགྲོ་བ་མིའི་ལུས་ཅན་རྣམས་ཀྱི་སྲོག་འཚོ་བའི་གཞུང་ལུགས་རྣམས་ཀྱི་ནང་ནས་མཆོག་གཙོ་བོ་ཕུལ་དུ་གྱུར་པ་ནི་རྒྱུད་བཞིར་གྲགས་པ་འདི་ཉིད་ཡིན་ལ། དེའི་ནང་ནས་ཀྱང་བློ་གྲོས་ཀྱི་རྩལ་ཞན་པ་དག་གི་ངོར་ནད་དང་དེའི་རྟགས་དང་བཅོས་ཐབས་ཀྱི་རིམ་པ་རྣམས་བྲང་སྤྲད་ནས་རྒན་པོ་མཛུབ་ཚུགས་ཀྱིས་ཚུལ་དུ་སྟོན་པའི་མན་ངག་ཡོན་ཏན་རྒྱུད་འདི་ཉིད་ཀྱི་ཚིག་དོན་གྱི་ཆར་བརྟགས་དཔྱད་བགྱིས་ཏེ། ཆོས་བརྒྱད་ཀུན་སློང་གི་ཕྱིར་མ་ཡིན་པར་བསྟན་པ་དང་སེམས་ཅན་ལ་ཕན་འདོད་ཀྱིས་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་ཡིན་ལུགས་ཅུང་ཟད་ཅིག་གླེང་བར་བྱའོ། །དེ་ཡང་ཚུལ་ཇི་ལྟར་ཞེ་ན།

ཇི་སྐད་དུ། ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོ་དཔལ་བཟང་པོས། །སྨན་གྱི་བླ་མའི་གསུང་རབ་འོ་མའི་བཅུད། །རང་བཟོའི་ཆུ་ཡིས་བསླད་པ་མི་འཇུག་ཕྱིར། །ཞེས་གསུངས་པས། མ་རྟོགས་པ་དང༌། ལོག་པར་རྟོག་པ་དང༌། ཐེ་ཚོམ་གནས་དང༌། འཁྱོག་པོའི་བསམ་པ་ཀུན་སྤངས་ནས་བཤད་པར་བྱའོ།།

གཉིས་པ། གཞུང་གི་དོན།

འདི་ལ་ཡང་གཉིས། གཞུང་སྤྱིའི་དོན་དང༌། ཚིག་གི་དོན་གཉིས་ལས། དང་པོ་ནི། སྤྱིར་བདེ་སྡུག་ཕན་གནོད། དེའི་ཚེ་དང་གནས་སྐབས་ཤེས་ཤིང༌། དེའི་བླང་དོར་གྱི་བྱེད་པ། འཁྱགས་པ་བསྲོ་བ། སྐམ་པ་སྤང་བ། སྟོང་པ་བསྒང་བ། ཡོ་བ་སྲོང་བ་སོགས་ལ་ཕན་མི་ཕན་གྱི་ཚད་འཛིན་ཐམས་ཅད་ཀྱང་ཚེའི་རིག་བྱེད་ཡིན་ཏེ། ཟླ་ཟེར་དུ། ཕན་དང་མི་ཕན་བདེ་སྡུག་བསྔལ། །དེ་ནི་ཚེ་ཡིན་ཕན་མི་ཕན། །ཚད་དུ་ཡང་ནི་གང་བཤད་པ། །ཚེ་ཡི་རིག་བྱེད་ཅེས་སུ་གྲགས། །ཞེས་དང༌། བྱེ་བྲག་ཏུ་སྨན་པ་སྨན་ནད་པ་ནད་གཡོག་གིས་ཇི་ལྟར་དཔྱད་པའི་ཐབས་ཁམས་སྙོམས་པར་བྱེད་པའི་གཞུང་དང་གདམས་ངག་རྣམས་ཏེ། ཟླ་ཟེར་དུ། སྨན་པ་ལ་སོགས་རྣམ་པ་བཞིས། །བསྔགས་པས་ཁམས་ནི་གྱུར་པ་ལ། །ཁམས་སྙོམས་ཕྱིར་ནི་རབ་འཇུག་པ། །གསོ་དཔྱད་ཅེས་ནི་བྱ་བར་གྲགས། །ཞེས་སོ། །གཉིས་པ་བརྒྱུད་ཀྱི་དོན་དངོས་འཆད་པ་ལ། བཀའ་རྣམས་ཕུན་སུམ་ཚོགས་པ་ལྔའི་སྒོ་ནས་འཆད། བསྟན་བཅོས་རྣམས་རྩིས་མགོ་དྲུག་གི་སྒོ་ནས་འཆད། སྔགས་རྙིང་མ་བ་རྣམས་རྒྱུད་ལུང་མན་ངག་གསུམ། གསང་སྔགས་ཀྱི་རྒྱུད་སྡེ་རྣམས་སུ་མཐའ་དྲུག་ཚུལ་བཞིའི་སྒོ་ནས་འཆད། སྟོང་ཐུན་སོགས་སུ་ཡན་ལག་དྲུག་གི་སྒོ་ནས་འཆད་ཅིང༌། རྣམ་བཤད་རིག་པར་ནི། དགོས་པ་བསྡུ་བའི་དོན་དང་བཅས། །ཚིག་དོན་བཅས་དང་མཚམས་སྦྱོར་བཅས། །བརྒལ་ལན་བཅས་ཏེ་བསྙད་པར་བྱ། །ཞེས་སོགས་འཆད་ཐབས་དུ་མ་ཞིག་གསུངས་པ་ལས། རྒྱུད་བཞི་མུ་དཀྱུས་གཅིག་པའི་དོན་རྒྱས་པར་ཕུན་སུམ་ཚོགས་པ་ལྔ་མདོར་བསྟན་རྒྱས་བཤད་སྒོ་ནས་འཆད་ཐབས་ནི་རྩ་བའི་རྒྱུད་དུ་གསུངས་པ་ལྟར་ཡིན་ལ། འདིར་སྐབས་སུ་གང་བབས་འཆད་པར་བྱ་སྟེ། དེ་ལའང་ལྔ་སྟེ། མན་ངག་རྒྱུད་གསུང་བ་པོའི་སྟོན་པ་ཇི་ལྟར་སྤྲུལ་པའི་ཚུལ་བསྟན་པ། དེ་ལ་འཁོར་གྱིས་མན་ངག་རྒྱུད་ལ་བསླབ་པར་ཞུས་པ། སྟོན་པས་དེའི་ལན་བསྟན་པ། སྐབས་བཅོ་ལྔའི་ཞུ་བ་བྱེ་བྲག་ཏུ་ཞུས་པ། ཞུ་ལན་མཐར་ཕྱིན་རྫོགས་ཚིག་བཀོད་པའོ།།

 ལེའུ་དང་པོ། མན་ངག་རྒྱུད་ཞུས་པ།

དང་པོ་མན་ངག་རྒྱུད་གསུང་བ་པོའི་སྟོན་པ་ཇི་ལྟར་སྤྲུལ་ཚུལ་བཤད་པ་ནི། དེ་ནས་ཞེས་སོགས་ཚིག་རྐང་ལྔས་བསྟན་ཏེ། དེ་ཡང་སྤྱིར་རྨོངས་པ་བསལ་ཕྱིར་བརྡ་དང་ཐ་སྙད་ཀྱི་སྐབས་བབས་ཀྱི་དོན་ངེས་པར་བྱེད་དགོས་ཏེ། བརྗོད་པའི་རྟེན་ཡི་གེ་འདུས་པ་ལས་དོན་ཀྱི་ངོ་བོ་ཙམ་སྟོན་པའི་ཀ་བ་བུམ་པ་ཞེས་པ་ལྟ་བུའི་མིང་གྲུབ། མིང་འདུས་པ་ལས་དོན་ཀྱི་ཁྱད་པར་སྟོན་པའི་ཙན་དན་གྱི་ཀ་བ་དང་ཤུག་པའི་ཀ་བ་སོགས་ཀྱི་རིང་ཐུང་སྦོམ་ཕྲ་སོགས་དང༌། གསེར་གྱི་བུམ་པ་ཞེས་པ་སོགས་ལྟ་བུའི་ཚིག་གྲུབ་ནས་མིང་དང་མིང་ཅན་འབྲེལ་བའི་དོན་ལ་སྦྱོར་བ་ཡིན་ཏེ། དེ་ཡང་རྒྱུད་འདིའི་ཐོག་མར་དེ་ནས་ཞེས་པའི་དོན་ནི། རིག་བྱེད་པ་རྣམས་བཀྲ་ཤིས་པ་དང༌། དབང་དུ་བྱ་བ་དང༌། དེ་མ་ཐག་པ་དང་གསུམ་ལ་འཇུག་པ་ལས། དེ་ལ་བཀྲ་ཤིས་པ་ནི་ཚེའི་རིག་བྱེད་ཀྱི་འགོ་རྩོམ་པའི་ཐོག་མར་བྱུང་བ་སྟེ།

        ཟླ་ཟེར་དུ། ཡི་གེ་ཨོ་དང་ཨོཾ་ཐཱའི་སྒྲ། །གཉིས་པོ་འདི་དག་སྔོན་ཚངས་པའི། །མཁུར་ཚོས་བརྟོལ་ཏེ་མངོན་པར་བྱུང༌། །དེ་ན་འདི་གཉིས་བཀྲ་ཤིས་ཡིན། །ཞེས་སོ། །དེའི་དོན་གྱི་བཀྲ་ཤིས་པ་ནི་དེ་འདོན་པར་བྱེད་པ་རྣམས་ལ་བར་ཆད་མེད་པར་རབ་ཏུ་འཇུག་ཅིང་མངོན་པར་འདོད་པའི་དོན་འགྲུབ་པར་གྱུར་པ་ཡིན་ནོ། །དབང་དུ་བྱ་བ་ནི་ཚེ་འདོད་པ་ལ་ཕན་པའི་བསྟན་བཅོས་ཀྱི་དབང་དུ་བྱས་པ་ཡིན་ཏེ། གང་འདི་ནས་ཉེ་བར་བརྩམས་ཏེ་གཞུང་ཡོངས་སུ་རྫོགས་པ་དེ་ཐམས་ཅད་ནི་ཚེ་འདོད་པ་རྣམས་ལ་ཕན་པ་ཡིན་ནོ། །དེ་མ་ཐག་པ་ནི་སྔ་མ་འདས་པའི་རྗེས་ཐོག་དེ་མ་ཐག་པ་དེ་ནས་སོ་ཞེས་པར་འདོད་ལ། སྒྲ་པ་རྣམས་ནི་སྒྲ་གཅིག་གིས་འདོན་པ་སྟེ། དེ་ནས་ཞེས་པ་ལེགས་སྦྱར་དུ་ཨ་ཐཱ་ཞེས་པ་ཡིན་ལ། དེ་ཡང༌། བཀྲ་ཤིས་རྒྱུན་མི་ཆད་དང་སྩོལ། །འདྲི་དང་མཐའ་དག་ཨ་ཐཱའོ། །ཞེས་པས་ཨ་ཐཱ་ཞེས་པ་བོད་སྐད་དུ་བསྒྱུར་ཟིན་པའི་དབང་དུ་བྱས་ནས་དེ་ནས་ཞེས་པ་བཀྲ་ཤིས་པ་ལ་འཇུག དེ་ནས་ཡང་ཞེས་སོགས་རྒྱུན་མི་ཆད་པ་ལ་འཇུག དེ་ནས་འདིར་སྩོལ་སོགས་དངོས་གྲུབ་སྩོལ་བ་ལ་འཇུག དེ་ནས་ཇི་ལྟར་བྱ་སོགས་འདྲི་བ་ལ་འཇུག དེ་ནས་འདི་རུ་སོགས་མཐའ་དག་པ་ལ་འཇུག་པར་འདོད་ཅིང༌། འདིར་གོང་དུ་སྨོས་པ་ཐམས་ཅད་ཀྱང་ཡིན་ལ། གཙོ་བོ་ནི་སྔ་ཕྱིའི་མཚམས་སྦྱོར་བ་སྟེ། སྔ་མ་བསྡུ་བ་ནི། བཤད་རྒྱུད་བསྟན་ཚར་བའི་རིག་པའི་ཡེ་ཤེས་དབུ་གཙུག་ཏུ་ཐིམ་པའི་སྨྲ་བའི་སེང་གེའི་ཏིང་ངེ་འཛིན་ལ་ནང་གསལ་དུ་བཞུགས་པ་དེ་ནས་སོ། །ཕྱི་མ་སྟོན་པ་ནི་མན་ངག་རྒྱུད་འདི་སྟོན་པའི་དགོས་འདོད་འབྱུང་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་སོགས་འདྲེན་པའི་དོན་ཏེ། དེ་གཉིས་ཀྱི་མཚམས་སྦྱོར་བའི་ཕྱིར་དེ་ནས་ཞེས་སྨོས་པ་ཡིན་ནོ། །འཇུག་ཟློག་གི་ལམ་སྟོན་པས་ན་སྟོན་པ། དེའི་ཕྱིར་སྤང་རྟོགས་ཕུན་སུམ་ཚོགས་པ་ནི། བྷ་ག་ཝཱན་ཞེས་པ་བདུད་བཞི་བཅོམ་པ་དང་ལྷན་ཅིག་དབང་ཕྱུག་དྲུག་སོགས་དང་ལྡན་པའི་ཕྱིར། བཅོམ་ལྡན་འདས་ཞེས་པ་ཚངས་པ་དང་དབང་ཕྱུག་སོགས་ལའང་བཅོམ་ལྡན་དུ་བཏགས་པ་དེ་ལས་ཁྱད་པར་དུ་གྱུར་པས་འཇིག་རྟེན་ལས་འདས་ཞེས་སོ། །དེ་བཞིན་གཤེགས་པ་ནི་གདོད་མ་ནས་རྣམ་པར་དག་པའི་དབྱིངས་དེ་བཞིན་ཉིད་དུ་གཤེགས་པ་སྟེ། སྔ་མ་དེ་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་པ་ལྟར་རོ། །དགྲ་བཅོམ་པ་ནི་མི་མཐུན་ཕྱོགས་ལ་དགྲའི་ཐ་སྙད་བྱས་པ་དེ་བཅོམ་པའོ། །ཡང་དག་པར་རྫོགས་པ་ནི་ལེགས་པའི་ཡོན་ཏན་ཐམས་ཅད་ཀྱི་མཐར་ཕྱིར་པར་ཐོབ་པའི་དོན་ཡིན་ལ། སངས་རྒྱས་ནི་བུདྡྷ་ཞེས་པ་སངས་པ་དང་རྒྱས་པ་དང་བྱེད་པ་ཐམས་ཅད་ལ་འཇུག་པས། མ་རིག་པའི་གཉིད་སངས་པ་དང༌། ལྷག་པའི་ཤེས་བྱ་ལ་བློ་རྒྱས་པའི་མཁྱེན་པ་གཉིས་ལྡན་ཏེ། སྐྱབས་འགྲོ་བདུན་ཅུ་བར། མ་རིག་གཉིད་ལས་སངས་ཕྱིར་དང༌། །ཤེས་བྱ་ལ་ནི་བློ་རྒྱས་ཕྱིར། །སངས་རྒྱས་པདྨ་ལྟར་སངས་རྒྱས། །དེ་ཕྱིར་སངས་རྒྱས་ཞེས་བྱར་བརྗོད། ཅེས་སོ། །དེ་ལས་བྱེ་བྲག་གི་མཚན་ནི། །སྨན་གྱི་བླ་མ་བཻ་ཌཱུརྱ་འོད་ཀྱི་རྒྱལ་པོ་ཞེས་བྱ་བ་སྟེ། རྣམ་སྣང་མངོན་བྱང་ལས། བླ་ན་མེད་པའི་སངས་རྒྱས་ནི། བྱང་ཆུབ་ཀྱི་སེམས་ཀྱི་རྒྱུ་ལས་བྱུང་བ་ཡིན། སྙིང་རྗེའི་རྩ་བ་ཅན་ཡིན། ཐབས་ཀྱི་ཐར་པ་ཡིན་ནོ། །ཞེས་པ་ལྟར་མདོ་དང་སྔགས་ལམ་གྱི་བྱང་ཆུབ་ཀྱི་སེམས་གཉིས་མཐར་ཕྱིར་པས་གཞན་དོན་འབད་མེད་ཀྱི་འཕྲིན་ལས་སོ། །སྨན་ཞེས་པ་ཕན་པ་དང་དོན་གཅིག་སྟེ། རླུང་མཁྲིས་བད་ཀན་སོགས་ལུས་ཀྱི་ནད་དང༌། འདོད་ཁྲོ་གཏི་མུག་སོགས་སེམས་ཀྱི་ནད་སེལ་བ་གོང་ན་མེད་པའི་མཐུ་ཐོབ་པས་སྨན་གྱི་བླ་མ་ཞེས་བྱ་བ་དེའི་གཟུགས་སྐུའི་ཁྱད་པར་ནི། རིན་པོ་ཆེ་བཻཌཱུརྱ་ལ་སེར་པོ་དང་སྔོན་པོ་དང་དཀར་པོ་གསུམ་དུ་འབྱུང་བའི་ནང་ནས་སྔོན་པོ། དེའི་ཁ་དོག་དང་འོད་ཟེར་དཔག་ཏུ་མེད་པ་ལྟར་སྐུའི་རྣམ་པ་སྔོ་ཞིང་དྭངས་ལ་ནམ་མཁའ་ལྟར་ཚད་གཞལ་དུ་མེད་ལ། དེའི་འོད་ཟེར་རྣམས་འགྲོ་བ་གང་ལ་གང་འཕོག་པ་ཙམ་གྱིས་རྒྱུ་དང་འབྲས་བུའི་ནད་ཀུན་བདེ་བླག་ཏུ་སེལ་བར་ནུས་པས་ན་འོད་ཀྱི་རྒྱལ་པོའོ། །སྐུ་མདོག་དེ་ལྟ་བུ་ཡང་གང་ལས་བྱུང་སྙམ་ན།

མདོ་བརྒྱད་བརྒྱ་པར། གང་གི་ཚེ་བདག་མ་འོངས་པ་ན་བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་དེའི་ཚེ་བདག་བྱང་ཆུབ་ཐོབ་པ་ན་ལུས་ནོར་བུ་བཻཌཱུརྱ་ཅི་འདྲ་བ་དེ་འདྲ་བར་ཕྱི་ནང་ཤིན་ཏུ་ཡོངས་སུ་དག་པ་དང༌། དྲི་མ་མེད་ལ་འོད་གསལ་བ་དང༌། ཁོ་ལག་ཡངས་ཤིང་རྒྱ་ཆེ་བ་དང༌། དཔལ་དང་གཟི་བརྗིད་འབར་བ་དང༌། ལེགས་པར་གནས་པ་དང༌། ཉི་མ་དང་ཟླ་བ་བས་ལྷག་པའི་འོད་ཟེར་གྱི་དྲ་བ་རྣམས་ཀྱིས་ལེགས་པར་རྒྱས་པར་གྱུར་ཅིག །ཅེས་སོགས་ཀྱི་སྨོན་ལམ་དང༌། ཆོས་ཀྱི་དབྱིངས་ལྟར་དག་པ་ལོངས་སྐུའི་རང་མདངས་འོད་ཀྱི་རང་བཞིན། སྤྲུལ་སྐུའི་རང་བཞིན་ནམ་རང་མདངས་ཀྱི་མཚན་དཔེས་སྤྲས་པ་སྟེ། རྟེན་བརྟེན་པ་དབྱེར་མེད་སྐུ་གསུམ་མམ་ལྔའི་བདག་ཉིད་ཅན་དེས་སྨྲ་བའི་སེང་གེའི་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ། སྐྱེ་འགྲོ་མཐའ་དག་ལ་གང་ལ་གང་དགོས་ཀྱི་དོན་ཐམས་ཅད་འབྱུང་བ་ཞེས་བྱ་བའི་མིང་དོན་མཐུན་པའི་སྨན་གྱི་ཏིང་ཏེ་འཛིན་ལ་སྙོམས་པར་བཞུགས་སོ། །ཞེས་པའི་ཏིང་ངེ་འཛིན་དང༌། སེམས་རྩེ་གཅིག་པ་དང༌། དེའི་རྒྱུན་ལས་མི་གཡོ་བ་དང༌། མཉམ་པར་བཞག་པ་རྣམས་དོན་གཅིག་ཅིང༌། སྙོམས་པར་ཞུགས་པ་ནི་ལྷན་ཅིག་ཏུ་སྦྱོར་བ་སྟེ། སངས་རྒྱས་རྣམས་ཀྱི་དེ་བཞིན་ཉིད་གཅིག་ཏུ་བྲལ་བ་དེ་ལ། ཡེ་ཤེས་ལྔ་རིགས་ལྔ་སྐུ་ལྔ་སྟེ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔ་སོགས་ཀྱི་གང་ལ་གང་འདུལ་གྱིས་འགྲོ་བའི་དོན་མཛད་ཕྱིར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལས་མ་གཡོས་ཤིང༌། ཏིང་ངེ་འཛིན་གྱི་སྒོ་བརྒྱ་སྟོང་དུ་མ་ལ་འཇུག་པ་ལས། འདིར་དགོས་འདོད་འབྱུང་བའི་ཏིང་ངེ་འཛིན་མཉམ་ཉིད་ཡེ་ཤེས་སོགས་དང་ལྷན་ཅིག་ཏུ་སྦྱོར་བ་ནི་ཡོན་ཏན་གྱི་ངོར་ལྷུན་གྱིས་གྲུབ་པའི་དོན་ཏེ། ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་མ་ཐག་ཏུ་སྤྲུལ་པ་འབྱུང་བའི་སྔ་ལྟས་སུ་ནང་གི་རིན་ཅེན་འབྱུང་ལྡན་ཡོན་ཏན་གྱི་གནས་སྐུའི་ལྟེ་བ་ལས་འོད་ཟེར་དཀར་སྔོ་དམར་སེར་ལྗང་གུ་ནག་པོ་སྟེ་རྩ་བའི་ཁ་དོག་དྲུག་དང༌། གཉིས་ནས་དྲུག་གི་བར་དུ་ཕན་ཚུན་འདྲེས་པ་ལ་སོགས་པ་བརྒྱ་སྟོང་དུ་མ་ཕྱོགས་བཅུར་འཕྲོས་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ན་གནས་པའི་སྐྱེ་འགྲོ་སེམས་ཅན་ཐམས་ཅད་ཀྱི་འདོད་པའི་དོན་མ་ཐོབ་ཅིང་མ་ཚིམ་པའི་ཕོངས་པའི་སྡུག་བསྔལ་ཐམས་ཅད་བསལ་ཏེ་མེད་པར་བྱས། གདོན་མཚོན་དུག་སོགས་ཕྱི་རྐྱེན་གློ་བུར་གྱི་ནད་དང༌། རླུང་མཁྲིས་བད་ཀན་སོགས་ནང་འདུ་བའི་ནད་ཐམས་ཅད་ཞི་བར་བྱས་ནས་སླར་སྐུའི་ལྟེ་བར་འདུས་པ་ལས། གང་ལ་གང་འདུལ་དུ་སྤྲུལ་པའི་སྟོན་པ་རང་ལས་ཉོན་གྱི་ཉམས་པས་མ་གོས་པ་ལ་དྲང་པོའི་ཐ་སྙད་བཞག་ལ། གཞན་ལས་ཉོན་ཉེས་པས་མནར་བ་ལ་འཁྱོག་པོའམ་ཡོ་བའི་ཐ་སྙད་བྱས་པ་དེ་ཉིད་ཐབས་དུ་མས་བདེ་ལེགས་ཀྱི་ལམ་དུ་འཇུག་པ་ལ་སྲོང་བའི་ཐ་སྙད་བཞག་པ་སྒྲ་བསྡུས་པས་དྲང་སྲོང་སྟེ། དེས་ན་མཆོག་གི་དྲང་སྲོང་སངས་རྒྱས་དང༌། ཆ་མཚུངས་ཀྱི་དྲང་སྲོང་གཞན་ལའང་སྦྱར་དུ་རུང་ངོ༌།།

རིག་པའི་ཡེ་ཤེས་ཞེས་པ་ཆོས་དབྱིངས་དེ་བཞིན་ཉིད་མཐའ་བྲལ་སྐྱེ་འགག་མེད་པར་རང་གིས་རང་རིག་པ་ལ་རིག་པ་དང༌། དེའི་མཁྱེན་པའི་ཆ་མ་འགགས་པར་ཡེ་གདོད་མ་ནས་ཤེས་རབ་ཀྱི་ཆར་གནས་པ་ལ་ཡེ་ཤེས། དེ་གཉིས་སོ་སོ་མ་ཡིན་ཐ་མི་དད་པ་རིག་པའི་ཡེ་ཤེས་ཏེ། ཇི་ལྟ་བ་དང་ཇི་སྙེད་མཁྱེན་པ་གཉིས་ལྡན་གྱི་དོན་ཏེ། དེ་ལྟ་བུའི་མཚན་དོན་མཐུན་པའི་རིག་པའི་ཡེ་ཤེས་ཞེས་བྱ་བ་ཞིག སངས་རྒྱས་སྨན་བླའི་ཡོན་ཏན་ལས་སྤྲུལ་ཏེ་ཞེས་པ། གདོད་མའི་གནས་ལུགས་མི་ཤིག་པའི་ཐེག་པ་ཆེན་པོ་སྒྲིབ་བྲལ་གཅིག་གི་ངང་དེ་ཉིད། རང་རྩལ་ཡེ་ཤེས་ལྔ་ལྡན་ལྷུན་གྲུབ་ཞལ་ཕྱག་གི་རྣམ་པར་བཞེངས་པ་ལས་གང་ལ་གང་འདུལ་གདུལ་བྱའི་ལས་སྣང་དང་ལྷན་ཅིག་འགྲོ་བའི་དོན་དུ་སྤྱི་བོ་མགྲིན་པ་སྙིང་ག་ལྟེ་བ་གསང་གནས་རྣམས་སུ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔའི་སྣང་ཆ་ལས་རིགས་ལྔའི་སྤྲུལ་པ་དང༌། བདེ་གསལ་མི་རྟོག་པ་སྟོང་བ་ཟུང་འཇུག་ལྔའི་ཞི་དབང་རྒྱས་དྲག་ཀུན་འདུས་ཀྱི་ལས་ལྔ་སོགས་འབྱུང་བ་སྟེ། ལམ་སའི་གནས་སྐབས་སུའང་ཀུན་རྫོབ་རྒྱུའི་རྩ་ཐིག་རླུང་དང༌། དོན་དམ་ཡེ་ཤེས་ཀྱི་རྩ་ཐིག་རླུང་དབྱེར་མེད་གནས་པ་ལ་ཉམས་ལེན་གནད་དུ་བསྣུན་པ་དྲི་མ་དང་བྲལ་བའི་སངས་རྒྱས་ཐོབ་པའོ། །འདིར་སྨན་བླའི་ཡོན་ཏན་ལས་རིན་འབྱུང་རིག་པའི་ཡེ་ཤེས་དེ་ཡང་ཡེ་ཤེས་ཀྱི་རང་མདངས་སྐུ་མདོག་སེར་པོ། རིགས་ཀྱི་རང་རྟགས་རིན་པོ་ཆེ་དང་ལྷུང་བཟེད་བསྣམས་པ་ཞིག་སྤྲུལ་ཏེ། གཙོ་འཁོར་ཀུན་གྱི་མདུན་གྱི་བར་སྣང་ལ་བཞུགས་པ་ལས། ཞེས་གསུངས་པར་གྱུར་པ་དེ་ཡིན་ནོ། །གཉིས་པ་འཁོར་གྱིས་དྲིས་ཚུལ་བཤད་པ་ནི། གསུང་གི་ཞེས་པ་ནས་ཞུས་པ་ལས་ཞེས་པའི་བར་གྱིས་བསྟན་ཏེ། སྔར་རྩ་རྒྱུད་ཞུ་བའི་ཐོག་མ་ཉིད་དུ་སངས་རྒྱས་སྨན་བླའི་རྣམ་པ་ཐམས་ཅད་མཁྱེན་པའི་གསུང་གི་སྤྲུལ་པ། ཡིད་ལས་སྐྱེས་ཞེས་པ་སེམས་ཅན་གྱི་གནས་སྐབས་ན་རྣམ་པར་ཤེས་པའི་ཚོགས་བརྒྱད་གནས་གྱུར་བའི་སྐུ་གསུམ། ཡེ་ཤེས་ལྔ། རིགས་ལྔ་འབྱུང་བ་ལས། འདིར་ཡིད་ཀྱི་རྣམ་པར་ཤེས་པ་གནས་འགྱུར་བའི་ཡེ་ཤེས་ཀྱི་ཆ་ལས་སྐྱེས་པས་ན་རྒྱུའི་མིང་འབྲས་བུ་ལ་བཏགས་པ་སྟེ། འདོད་ཆགས་རྡོ་རྗེ་ཞེས་པ་ལྟ་བུའོ། །ངོ་བོ་ནི་འདོད་ཆགས་དང་ཡེ་ཤེས་རྣམ་དག །སོ་སོར་རྟོག་པའི་ཡེ་ཤེས་སྣང་བ་མཐའ་ཡས་གསུང་གི་གསང་བས་འགྲོ་བའི་དོན་མཛད་པའི་སྤྲུལ་པའི་དྲང་སྲོང་ཡིད་ལས་སྐྱེས་ཞེས་བྱ་བ་དེས། སྟོན་པ་ལ་ཕྱག་དང་སྐོར་བ་བྱས་ནས་ཞེས་པ། ཆོས་ལ་འཇུག་པ་དང་བྱིན་རླབས་འབྱུང་བའི་རྒྱུའི་རྩ་བ་ནི་དད་པ་ཁོ་ན་སྔོན་དུ་འགྲོ་དགོས་པ་སྟེ། རྒྱ་ཆེར་རོལ་པ་ལས། དད་པ་ནི་ཆོས་སྣང་བའི་སྒོ་སྟེ་སེམས་དང་བར་བྱེད་དོ། །ཞེས་དང༌། སྡུད་པ་ལས་ཀྱང༌། དགའ་དང་གུས་དང་དད་པའི་མཆོག་ནི་ཉེར་བཞག་སྟེ། ཞེས་སོ། །ལུས་ངག་ཡིད་གསུམ་དད་པ་དང་འདུད་པའི་སྒོ་ནས་ཕྱག་དང་སྐོར་བ་བྱས་ནས་ཞེས་པ་དེའི་ཤུགས་ལས་རྗེས་འཇུག་རྣམས་ཀྱིས་ཀྱང་རྒྱུན་དུ་སློབ་དཔོན་ལ་དད་གུས་སྲི་ཞུའི་སྒོ་ནས་ཐོས་བསམ་ཉམས་ལེན་བྱེད་དགོས་པར་བསྟན་པའོ། །འདི་སྐད་ཅེས་ཞུས་སོ། །ཞེས་པ་ཕྱི་མ་འདྲེན་པའི་ཚིག་གོ །ཀྱེ་ཞེས་པ་འབོད་པའམ་བོད་པའི་དོན་ཏེ། ཐུ་མི་སམྦྷོ་ཊས་མཛད་པའི་སུམ་རྟགས་སུ། མིང་གང་བརྗོད་པའི་ཐོག་མ་རུ། །ཀྱེ་སྦྱར་ན་ནི་བོད་པ་ཡིན། །ཞེས་སོ། །དེ་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ལགས་ཞེས་བོས་ནས། རྒྱས་པར་བཤད་རྒྱུད་དེ་ལྟར་གསུང་ལགས་ན། །ཞེས་པའི་ཤུགས་ལས་བསྡུས་པ་ཞིག་ཀྱང་ཡོད་པར་བསྟན་ཏེ་བསྡུས་པ་དང་རྒྱས་པ་ནི་ཇི་ལྟར་ཞེ་ན། གསོ་བ་རིག་པའི་དོན་སྙིང་པོ་ལྟར་གནས་ལུགས་ངོས་འཛིན་གསོ་ཐབས་མདོ་ཙམ་བསྡུས་ནས་བསྟན་པ་རྩ་བའི་རྒྱུད་དེ་བསྡུས་དོན་རྩ་རྒྱུད་དེ་ལྟར་གསུངས་ལགས་ན་ཞེས་སོ། །རྩ་རྒྱུད་ཀྱི་དོན་བཤད་རྒྱུད་ཀྱིས་རྒྱས་པར་གསུངས་ཚུལ་ནི། བཤད་རྒྱུད་རྩ་བ་མདོ་གནས་ཀྱི་སྡོམ་ཚིག་བསྟན། གནས་བཅུ་གཅིག་རྒྱས་པར་བྱས་པ་སྟེ། རྩ་རྒྱུད་ཀྱི་གནས་ལུགས་གཞིའི་ལེའུ་ལ། བཤད་རྒྱུད་ཀྱི་ལུས་ཀྱི་ཆགས་ཚུལ། འདྲ་དཔེ་གནས་ལུགས་མཚན་ཉིད་ལས་དང་དབྱེ་བ། འཇིག་ལྟས་ཏེ་གྲུབ་པ་ལུས་གནས་བསྟན། ནད་ཀྱི་རྒྱུ་རྐྱེན་ཞུགས་ཚུལ་མཚན་ཉིད་དབྱེ་བ་སོ་སོའི་དོན་ཏེ་འཕེལ་འགྲིབ་ནད་ཀྱི་གནས་བསྟན།

        རྩ་རྒྱུད་ཀྱི་ངོས་འཛིན་རྟགས་ཀྱི་ལེའུ་ལ། ཉེས་པ་དངོས་སྟོན་བརྟག་པ། ངག་གཡོ་སྐྱོན་གྱིས་བརྟག་པ། སྤང་བླང་མུ་བཞིར་བརྟག་པ་སྟེ་ངོས་འཛིན་རྟགས་ཀྱི་གནས་བསྟན། རྩ་རྒྱུད་ཀྱི་གསོ་བྱེད་ཐབས་ཀྱི་ལེའུ་ལ། གཉེན་པོ་དེ་གསོ་ཐབས་ཕྱེ་ནས། གཉེན་པོ་ཟས་ཚུལ་ཤེས་པར་བྱ་བ། ཟས་བསྡམ་པ། ཟས་ཚོད་རན་པར་ཟ་བ་སྟེ་འཚོ་བ་ཟས་གནས་བསྟན། རྒྱུན་དུས་གནས་སྐབས་སྤྱོད་པ་སྟེ་བྱ་བ་སྤྱོད་ལམ་གྱི་གནས་བསྟན། རོ་དང་ཞུ་རྗེས་ནུས་པ་སྡེ་ཚན་སྦྱར་ཐབས་ཏེ་སྦྱོར་བ་སྨན་གནས་བསྟན། དཔྱད་དང་དེའི་ཆ་དཔྱད་ཀྱི་གནས་བསྟན་ཏེ་རྒྱས་པར་བྱས། ཁ་སྐོང་གི་ཚུལ་དུ་གསོ་ཐབས་ལ་འཕྲོས་པ། མི་ན་བ་གནས་པའི་གནས་དང་གསོ་ཚུལ་སྤྱི་ཁྱད་པར་གྱིས་གསོ་ཐབས་གཉིས། གསོ་ཐབས་དངོས་ཏེ་གསོ་ཐབས་ཀྱི་གནས་བསྟན་པ་དང་བྱ་བྱེད་སྨན་པའི་གནས་རྣམས་ཀྱིས་གསོ་བྱ་ཡུལ། གསོ་བྱེད་གཉེན་པོ། ཇི་ལྟར་གསོ་ཐབས། གསོ་བ་པོ་སྨན་པ་རྣམས་ཀྱིས་རྩ་རྒྱུད་རྒྱས་པར་བཀྲོལ་བ། བཤད་པའི་རྒྱུད་གནས་བཅུ་གཅིག་ལེའུ་སུམ་ཅུ་རྩ་གཅིག་དེ་ལྟར་དུ་གསུངས་པ་ལགས་ན། དེ་དག་གི་གསོ་རིག་སྤྱི་ཁོག་ཁྲོལ་ནས་ད་ནི་གསོ་བ་པོའི་དབང་པོ་ལ་དགོངས་པའི་བསྡུས་རྒྱས་ཀྱི་ཕྲ་ཞིབ་དང༌། གསོ་ཡུལ་ནད་པའི་བྱ་བ་ལག་ཏུ་ལེན་པ་ལ་རང་མཚན་མངོན་སུམ་དུ་སྟོན་པ་མན་ངག་གི་རྒྱུད་ལ་ཇི་ལྟར་དུ་བསླབ་པར་བགྱི་ཞེས། འགྲོ་བའི་ལུས་སྲོག་རིང་དུ་བདེ་བར་འཚོ་བར་མཛད་པའི་སྨན་པའི་རྒྱལ་པོས་བཤད་དུ་གསོལ་ཞེས་ཞུས་པ་ལས། ཞེས་པ་སྔ་ཕྱི་མཚམས་སྦྱོར་རོ། །གསུམ་པ་སྟོན་པས་དེའི་ལན་བསྟན་པ་ལ་གཉིས། སྡོམ་ཚིག་སྤྱིར་བསྟན་པ། སྐབས་དོན་བྱེ་བྲག་ཏུ་བསྟན་པའོ། །དང་པོ་སྡོམ་ཚིག་སྤྱིར་བསྟན་པ་ལའང་ལྔ་སྟེ། བོས་ཏེ་སྙན་གསན་དབབ་པ་དང༌། མན་ངག་རྒྱུད་ལ་བསླབ་པར་ཞལ་གྱིས་བཞེས་པ་དང༌། གསོ་ཡུལ་མ་རིག་ལས་ཉོན་ནད་དང་སྡུག་བསྔལ་ཐམས་ཅད་ཀྱི་རྒྱུ་རྐྱེན་དུ་བསྟན་པ་དང༌། བརྗོད་བྱ་གསོ་ཐབས་ཡན་ལག་བརྒྱད་ཀྱི་སྒོ་ནས་བསླབ་པར་གདམས་པ་དང༌། རྗོད་བྱེད་གཞུང་དོན་སྐབས་བཅོ་ལྔའི་སྒོ་ནས་དྲི་བར་བསྐུལ་བའོ།།

        དང་པོ་ནི། ཡོན་ཏན་ཞེས་ཚིག་རྐང་གཉིས་ཀྱིས་བསྟན་ཏེ། ཡོན་ཏན་ལས་སྤྲུལ་པའི་དྲང་སྲོང་རིག་པའི་ཡེ་ཤེས་དེས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས། ཞེས་པའི་ཆེན་པོ་ནི་ལྷ་དང་ཕྱི་རོལ་པ་དང་བོན་པོ་ལའང་དྲང་སྲོང་གི་མིང་ཡོད་པས་དེ་དག་ལས་མངོན་ཤེས་དང་བརྟུལ་ཞུགས་མཆོག་ཏུ་གྱུར་པས་ཆེན་པོ་ཞེས་བྱའོ། །གཉིས་པ་མན་ངག་རྒྱུད་ལ་བསླབ་པར་ཞལ་གྱིས་བཞེས་ཚུལ་བཤད་པ་ནི། གསུམ་པ་ཞེས་ཚིག་རྐང་གཅིག་གིས་བསྟན་པའི་གསུམ་པ་ནི། རྒྱུད་ལ་ནང་ཚན་ནམ་དུམ་བུ་བཞི་ཡོད་པ་ལས། རྩ་བཤད་གཉིས་གོང་དུ་བསྟན་ནས་དུམ་བུ་གསུམ་པ་འདིའོ། མན་ངག་ཅེས་པའི་མན་ངག་གི་ངོ་བོ་ནི། ལེགས་སྦྱར་དུ་ཨུ་པ་དེ་ཤ་ཞེས་འབྱུང་ལ། དེ་ལའང་ཨུ་པ་ཉེ་བ་ལ་འཇུག དེ་ཤ་གདམས་པ་ལ་འཇུག་པ་སྟེ། ཉེ་བར་གདམས་པའི་དོན་གྱིས་མན་ངག་གོ །དེའི་མཚན་ཉིད་ནི་རིན་ཅེན་སྤུངས་པར། བྱ་སླ་ཚེགས་ཆུང་དོན་ཆེ་དཔག་པར་དཀའ། །ངེས་པར་མྱུར་དུ་འགྲུབ་ཕྱིར་མན་ངག་ཉིད། །ཅེས་པ་ལྟར་རོ། །དེས་ན་ཉེ་བར་གདམས་པ་རྗེས་སུ་བསྟན་པ་ངེས་པར་སྦྱིན་པ་རྣམས་ཀྱི་དོན་ཏེ། སྤྱི་ཙམ་ལས་ཁྱད་པར་དུ་གྱུར་པའོ། །རྒྱུད་ཅེས་པ་ལ་ལེགས་སྦྱར་དུ་ཏ་ནུ་ལུས་ལ་འཇུག་ཏྲ་ཡ་སྐྱོབ་པ་ལ་འཇུག་པ་དེའི་སྒྲ་བསྡུས་པ་ཏནྟྲ་སྟེ་ལུས་སྐྱོབ་པའི་དོན་གྱི་རྒྱུད་དང་རང་སྐབས་ཀྱི་ཚིག་དོན་འབྲེལ་ཞིང་རྒྱུན་མ་ཆད་པས་རྒྱུད་ཅེས་བྱ་སྟེ། བརྟག་གཉིས་སུ། རྒྱུད་ནི་རྒྱུན་ཆགས་ཞེས་བྱ་སྟེ། །ཞེས་འབྱུང་ངོ༌། །དེའི་མཚན་ཉིད་ནི་ཟླ་ཟེར་དུ། ཚེའི་རིག་བྱེད་ཀྱི་དོན་འཛིན་ཅིང་སྡུད་པས་ན་རྒྱུད་ཅེས་པ་ལྟར་རོ། །དེ་ཡང་སྤྱིར་གསང་སྔགས་དང་མཐུན་པའི་བརྗོད་བྱ་རྗོད་བྱེད་བསྡུས་ཏེ་བསྟན་པ་རྩ་བའི་རྒྱུད། དེ་རྒྱས་པར་ཕྱེ་བ་བཤད་པའི་རྒྱུད། དེའི་ལག་ལེན་མཛུབ་ཚུགས་སུ་བསྟན་པ་མན་ངག་གི་རྒྱུད། སྦས་དོན་མངོན་དུ་ཕྱུངས་པ་ཕྱི་མའི་རྒྱུད་དང་བཞི་ལས། འདིར་གསུམ་པ་མན་ངག་རྒྱུད་ལ་བསླབ་པ་ནི། ཞེས་སོ། །གསུམ་པ་གསོ་ཡུལ་མ་རིག་ལས་ཉོན་ནད་དང་སྡུག་བསྔལ་གྱི་རྒྱུ་རྐྱེན་དུ་བསྟན་པ་ལ་གཉིས། སྤྱི་དོན་དང་གཞུང་དོན་ནོ། །དང་པོ་ལ་བཞི་སྟེ། གདོད་མའི་གཞིའི་གནས་ཚུལ། རྟོགས་པ་སངས་རྒྱས་ཀྱི་བགྲོད་ཚུལ། མ་རྟོགས་སེམས་ཅན་གྱི་འཁྲུལ་ཚུལ། རྣམ་གྲོལ་ལམ་གྱི་ཉམས་ལེན་བཤད་པའོ། །དང་པོ་གདོད་མ་ལ་གཞིའི་གནས་ཚུལ་ནི། མདོ་ལས། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང༌། མ་བྱུང་ཡང་རུང༌། ཆོས་ཀྱི་དབྱིངས་ཉིད་དང༌། ཆོས་སྐྱོན་མེད་པ་ཉིད་དང༌། ཆོས་ཀྱི་གནས་ཉིད་དོ། །ཞེས་དང༌། རྒྱུད་བླ་མར། ཐོག་མ་མེད་པའི་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང༌། །མྱ་ངན་འདས་པའང་ཐོབ་པར་འགྱུར། །ཞེས་སོ། དེའི་དོན་ཁྱད་པར་དུ་བཤད་པ་ནི། སྒྲ་ཐལ་འགྱུར་ལས། ཐོག་མར་ངོ་བོ་རང་བཞིན་དང༌། །ཐུགས་རྗེ་རྣམ་པ་གསུམ་དུ་གནས། །དེ་ཡང་ངོ་བོར་སྐུར་གནས་པས། །ཆོས་དང་ལོངས་སྤྱོད་སྤྲུལ་པའི་ཆར། །མ་ཕྱེས་འབྱེད་པ་མེད་པའི་ཚུལ། །བབ་ལས་གྲུབ་པ་ཉིད་ལའང༌། །སྐུ་མདོག་ལ་སོགས་བློ་ཡུལ་མེད། །རང་བཞིན་འཆར་བྱེད་འོད་ཀྱི་ཚུལ། །བབ་ལས་གྲུབ་པ་ཉིད་ལའང༌། །སྐུ་མདོག་ལ་སོགས་བློ་ཡུལ་མེད། །རང་བཞིན་འཆར་བྱེད་འོད་ཀྱི་ཚུལ། །དཀར་དམར་སེར་དང་ལྗང་མཐིང་གི། །མཚན་མའི་རིགས་ཅན་མ་ཡིན་པར། །རིས་མེད་ཤེས་བྱའི་བབས་ལས་གྲུབ། །ཐུགས་རྗེ་འཆར་བ་སྣ་ཚོགས་ལས། འདི་འདྲ་གཅིག་ཏུ་ངེས་པ་མེད། །སྣ་ཚོགས་འཆར་ཕྱིར་གཞི་ཞེས་བྱ། །ཞེས་སོ།།

        གཉིས་པ་ནི། གཞི་སྣང་གསལ་གྱི་རང་མདངས་ཕྱིར་ཤར་བའི་སྐད་ཅིག་དེ་ཉིད་ལ། གཞི་གནས་ཀྱི་དགོངས་པ་རང་སྣང་རང་བཞིན་མེད་པར་ཤེས་པས་ཀུན་ཏུ་བཟང་པོ་གཞི་ཐོག་ནས་གྲོལ་བ་དང༌། བར་དོར་རྣམ་ཤེས་ནམ་མཁར་ཐིམ། ནམ་མཁའ་འོད་གསལ་ལ་ཐིམ་དུས་འོད་གསལ་མ་བུ་འདྲེས་པ་སོགས་འཚང་རྒྱ་བར་འགྱུར་བ་སྟེ། ཐལ་འགྱུར་ལས། དེ་ལྟར་འཁོར་བའི་ཐོག་མཐའ་ལས། །སངས་རྒྱས་འཁྲུལ་པར་མ་གྱུར་པས། །གཞི་གནས་འཕགས་པའི་དབང་པོ་ཡིས། །རང་སྣང་རང་བཞིན་མེད་ཤེས་པས། །འགྱུར་བ་རང་ཐོག་ཆོད་པའོ། །ཞེས་སོ། །དེ་ཡང་དབྱིངས་ལས་མ་གཡོས་བཞིན་དུ་སྐུ་གསུམ་གྱི་ཡོན་ཏན་མཐའ་དག་ལྷུན་གྲུབ་ཏུ་རྫོགས་ཤིང༌། གདུལ་བྱའི་རྐྱེན་དང་འཕྲད་པ་ལས། གང་ལ་གང་འདུལ་དུ་སྣང་བའོ། །གསུམ་པ་ནི་གོང་དུ་བཤད་པའི་གཞི་དེ་ཉིད་ཀྱི་རང་མདངས་གསལ་རིག་གི་ཆ་རླུང་གཡོས་ཏེ་ཤར་བ་དེ་ཉིད་རང་ངོ་མི་ཤེས་པ་ལ། བདག་ཉིད་གཅིག་པའི་མ་རིག་པ་ཞེས་བྱ་སྟེ། ཐལ་འགྱུར་ལས། རྒྱུ་གཅིག་འབྱེད་མེད་རྩ་བ་དེ། །རང་ངོ་ཡིན་པར་མ་ཤེས་པས། །འདི་ཡང་འཁོར་བའི་ཐོག་མའོ། །ཞེས་སོ། །དེ་ལས་གསལ་སྣང་ལ་ཡུལ་དུ་བཟུང༌། རག་རྩལ་བདག་ཏུ་འཛིན་པ་ལྷན་ཅིག་སྐྱེས་པའི་མ་རིག་པ་གཟུང་འཛིན་གཉིས་བྱུང༌། དེ་ལས་ཡུལ་ཡུལ་ཅན། བདག་གཞན་སོགས་སྣ་ཚོགས་ཐ་དད་པར་སྒྲོ་བཏགས་པས་ཀུན་ཏུ་བརྟགས་པའི་མ་རིག་པ་སྟེ་དབྱར་གྱིས་གཞི་ལ་སྐྱེ་བ་ལྟར་སྣ་ཚོགས་སུ་འཁྲུལ་པར་བྱས་ཏེ། ཐལ་འགྱུར་ལས། མ་རིག་པ་ནི་རྣམ་པ་གསུམ། །བདག་ཉིད་གཅིག་པས་འཁྲུལ་རྩ་བྱས། ལྷན་ཅིག་སྐྱེས་པས་བརྟགས་པ་གཉིས། །ཀུན་ཏུ་བརྟགས་པས་ཡུལ་དུ་གྱུར། །རྐྱེན་ནི་རྣམ་པ་བཞི་དག་གིས། །འདུས་ཤིང་བཟུང་བས་འཁྲུལ་ཞེས་བྱ། །ཞེས་པའི་རྐྱེན་བཞི་ནི། རྡོ་རྗེ་སེམས་དཔའི་སྙིང་གི་མེ་ལོང་དུ། གཞི་དེ་འོད་ཁྱིམ་གྱི་ཚུལ་དུ་གནས་པ་ལ་རྒྱུ་རྐྱེན་ཞེས་བྱ་སྟེ་རིག་པ་དངོས་སོ། །དེ་ལ་འཛིན་རྟོག་ཏུ་སོང་བ་ལ་བདག་པོའི་རྐྱེན་ཞེས་བྱ། །དེ་ལ་ཡུལ་ཅན་དུ་བཟུང་བ་ལ་དམིགས་པའི་རྐྱེན་ཞེས་བྱ་སྟེ། དཔེར་ན་མེ་ལོང་ལ་བྱད་བསྟན་ལྟ་བུའོ། དེ་གསུམ་དུས་མཚུངས་པ་ལ་དེ་མ་ཐག་རྐྱེན་ཞེས་བྱ། ཞེས་སོ། །དེ་ནས་གཞི་གནས་ཀྱི་ཡེ་ཤེས་ཀྱི་ཁྱབ་ཀྱང་མ་རྟོགས་མ་ཤེས་པས་གཟུང་འཛིན་གྱི་འབྱུང་བ་ལྔའི་སྦུབས་སུ་ཚུད། དེ་ལས་ཕུང་པོ་ལྔ་དང་ཉོན་མོངས་རྣམས་ཇེ་རྒྱས་སུ་སོང་བ་ནི། ཀློང་གསལ་ལས། ཡེ་ཤེས་མ་རིག་ཡུལ་ལ་བཟུང༌། །དེར་འཛིན་རླུང་སེམས་འདུས་པ་ལས། །འབྱུང་བ་ལྔ་ཡི་དབུས་སུ་ཚུད། །དེ་འཛིན་འབྱུང་བའི་སྐྱེ་འཇིགས་ལས། །ཉོན་མོངས་ཕུང་པོ་ལྔ་འགྲུབ་བོ། །ཞེས་སོ། །དེ་ལ་རྩ་བའི་ཉོན་མོངས་པ་དུག་གསུམ་མམ་ལྔ། དེ་ལས་རང་བཞིན་བརྒྱད་ཅུ་སོགས་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་ཡོད་པའོ། །ཕུང་པོ་ལྔ་ལ། ཕུང་པོའི་དོན་དུ་མ་སྤུངས་པ་སྟེ། འབྲུ་དུ་མ་སྤུངས་པ་ལ་འབྲུའི་ཕུང་པོ་ཞེས་པ་ལྟར་རོ། །དེ་ལ་དབྱེ་ན་གཟུགས། ཚོར་བ། འདུ་ཤེས། འདུ་བྱེད། རྣམ་ཤེས་ཀྱི་ཕུང་པོ་དང་ལྔ། དང་པོ་གཟུགས་ཀྱི་ཕུང་པོ་ནི་གཟུགས་སུ་རུང་བ་སྟེ། རྟེན་དབང་པོའི་གཟུགས། དམིགས་པ་ཡུལ་གྱི་གཟུགས། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་དང་གསུམ་སྟེ། དང་པོ་ནི། དབང་ཤེས་ཀྱི་བདག་རྐྱེན་དུ་གྱུར་པའི་གཟུགས། མིག་གི་དབང་པོ་ཟར་མའི་མེ་ཏོག་ཁ་ཕྱེ་བ་ལྟ་བུ། རྣ་བའི་དབང་པོ་གྲོ་ག་གཅུས་པ་ལྟ་བུ། སྣའི་དབང་པོ་རག་དུང་ཁ་ཐུར་ལ་གཤིབས་པ་ལྟ་བུ། ལྕེའི་དབང་པོ་ཟླ་བ་ཕྱེད་སྐས་པ་ལྟ་བུ། ལུས་ཀྱི་དབང་པོ་བྱ་རེག་འཇམ་གྱི་པགས་པ་ལྟ་བུ་རྣམས་སོ། །གཉིས་པ་ནི་དབང་ཤེས་ཀྱི་གཟུང་དོན་དུ་གྱུར་པ་ཕྱི་རོལ་གྱི་དོན་ཏེ། ཕྱི་དོན་བེམ་པོ་ཞེས་གྲགས་ལ། དབྱེ་ན་གཟུགས་སྒྲ་དྲི་རོ་རེག་བྱ་ལྔ་ལས། དང་པོ་གཟུགས་ལ་ཁ་དོག་དང༌། དབྱིབས་ཀྱི་གཟུགས་གཉིས། ཁ་དོག་ལ་སྔོ་སེར་དཀར་དམར་བཞི། ནག་ལྗང་གཉིས་སྔོན་པོར་བསྡུའོ། །ཡན་ལག་གི་ཁ་དོག་བརྒྱད་དེ། རྡུལ་དང་དུ་བ་སྤྲིན་ཁུག་སྣ། ཉི་མ་གྲིབ་མ་སྣང་མུན་ནོ། །ཞེས་པ་བརྒྱད། དབྱིབས་ལ་བརྒྱད་དེ། མཐོ་དམའ་རིང་ཐུང་ལྷམ་པ་ཟླུམ། །ཆལ་ལེ་ཆལ་ལེ་མིན་པའོ། །ཞེས་པ་བརྒྱད་ཀྱི་ལྷམ་པ་ནི་གྲུ་བཞི། ཆལ་ལེ་ནི་ཡངས་པའོ། །ཆལ་ལེ་མིན་པ་ནི་དོག་པའོ། །རྣམ་རིག་མིན་པའི་གཟུགས་ནི་འབྱུང་ཆེན་རྣམས་རྒྱུར་བྱས་པའི་སྡོམ་པ་དང༌། སྡོམ་པ་མ་ཡིན་པའི་གཟུགས་ཅན་རྣམས་སོ། །སྒྲ་ལ་ཤེས་པས་ཟིན་མ་ཟིན་གཉིས། དེ་རེ་རེ་ལ་སེམས་ཅན་དུ་བརྗོད་དོན་སྟོན་མི་སྟོན་གཉིས། དེ་དག་རེ་རེ་ལ་སྙན་མི་སྙན་གཉིས་ཏེ་བརྒྱད་དོ། །དྲི་ལ་དྲི་ཞིམ་པ་མཉམ་པ་མི་ཞིམ་པ་དྲི་ང་བ་བཞི། རོ་ལ་མངར་སྐྱུར་ལན་ཚྭ་ཁ་ཚྭ་བསྐ་བ་དྲུག །རེག་བྱ་ལ་འབྱུང་བ་དང་འབྱུང་འགྱུར་གཉིས། འབྱུང་བ་ས་ཆུ་མེ་རླུང་བཞི། འབྱུང་འགྱུར་འཇམ་རྩུབ་ལྕི་ཡང་གྲང༌། བཀྲེས་སྐོམ་བདུན་ཏེ་བཅུ་གཅིག་གོ རེག་བྱའི་འབྱུང་བ་ནི་ཁམས་ཡིན་ལ། ས་ཁམས་དང་ས་ལ་ཁྱད་པར་ཡོད་དེ། ས་ཁམས་ཡིན་ན་རེག་བྱ་ཡིན་པས་ཁྱབ་ཀྱང་ས་ཡིན་ན་རེག་བྱ་ཡིན་པས་མ་ཁྱབ་སྟེ། ས་གཞི་སོགས་ས་ཡིན་ཀྱང་རེག་བྱ་མ་ཡིན་པས་སོ། །མཛོད་ལས། གཟུགས་ནི་དབང་པོ་ལྔ་དང་དོན། །ལྔ་དང་རྣམ་རིག་བྱེད་མིན་ཉིད། །ཅེས་དང༌། གཟུགས་རྣམ་གཉིས་དང་རྣམ་ཉི་ཤུ། །སྒྲ་ནི་རྣམ་པ་བརྒྱད་ཡིན་ཏེ། །རོ་ནི་རྣམ་དྲུག་དྲི་རྣམ་བཞི། །རེག་བྱ་བཅུ་གཅིག་བདག་ཉིད་དོ། །ཞེས་པ་ལྟར་རོ། གཉིས་པ་ཚོར་བའི་ཕུང་པོ་ནི་མྱོང་བ་སྟེ། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ། རྣ་བའི། སྣའི། ལྕེའི། ལུས་ཀྱི། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དྲུག དེ་དག་རེ་རེ་ལའང་བདེ་སྡུག་བཏང་སྙོམས་གསུམ་གསུམ་མོ།།

        འདུ་ཤེས་ནི་མཚན་མར་འཛིན་པ་སྟེ། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་རྐྱེན་གྱིས་འདུ་ཤེས། དེ་བཞིན་དུ་ཡིད་ཀྱི་བར་དྲུག་དང༌། དེ་དག་རེ་རེ་ལ་བདེ་སྡུག་བར་མ་གསུམ་གསུམ་མོ། །འདུ་བྱེད་ནི་མངོན་པར་འདུ་བྱེད་པ་སྟེ། ལྡན་པའི་འདུ་བྱེད་དང༌། ལྡན་མིན་འདུ་བྱེད་གཉིས། དང་པོ་ནི་སེམས་བྱུང་བཞི་བཅུ་རྩ་གཉིས་ཏེ། དེ་ལ་སེམས་ཡོད་ཐམས་ཅད་ལ་འབྱུང་བས་སེམས་ཀྱིས་མང་ཞེས་བྱ་སྟེ། ཚོར་དང་སེམས་དཔའ་འདུ་ཤེས་དང༌། །འདུན་དང་རེག་དང་བློ་གྲོས་དྲན། །ཡིད་ལ་བྱེད་དང་མོས་པ་དང༌། །ཏིང་ངེ་འཛིན་སེམས་ཐམས་ཅད་ལ། །ཞེས་པ་ལྟར་བཅུ། དགེ་སེམས་ཡོད་པ་ཐམས་ཅད་ལ་ཡོད་པས་དགེ་བའི་ས་མང་ཞེས་བྱ་སྟེ། དད་དང་བག་ཡོད་ཤེས་བཞིན་སྦྱངས། །བཏང་སྙོམས་ངོ་ཚ་ཤེས་ཁྲེལ་ཡོད། །རྩ་བ་གཉིས་རྣམས་མི་ཚེ་དང༌། །བརྩོན་འགྲུས་རྟག་ཏུ་དག་ལས་འབྱུང༌། །ཞེས་པ་བཅུ། གང་ལ་ཉོན་མོངས་ཀྱི་སེམས་ཡོད་པ་དེར་འབྱུང་བས་ཉོན་མོངས་བའི་ས་མང་ཞེས་བྱ་སྟེ། རྨོངས་དང་བག་མེད་ལེ་ལོ་དང༌། །མ་དད་པ་དང་རྨུགས་དང་རྒོད། །ཉོན་མོངས་ཅན་ལ་རྟག་ཏུ་འབྱུང༌། །ཞེས་པ་དྲུག མི་དགེ་བ་ཡོད་པ་ཐམས་ཅད་ལ་འབྱུང་བས་མི་དགེ་བའི་ས་མང་ཞེས་བྱ་སྟེ། ངོ་ཚ་མེད་དང་ཁྲེལ་མེད་པ། །གཉིས་ནི་མི་དགེ་ཅན་ལའོ། །ཞེས་པ་གཉིས། གང་ལ་ཉོན་མོངས་ཆུང་ངུའི་ས་མང་ཞེས་བྱ་སྟེ། ཁྲོ་དང་འཁོན་འཛིན་གཡོ་བ་དང༌། །ཕྲག་དོག་ཚིག་རྩུབ་སེར་སྣ་དང༌། །སྒྱུ་དང་གཡོ་དང་རྒྱགས་པ་རྣམས། །ཉོན་མོངས་ཆུང་ངུའི་ས་པའོ། །ཞེས་པ་ལྟར་བཅུ། རྟོག་དཔྱོད་གཉིས། གཉིད་འགྱོད་གཉིས་ཏེ་ཞེ་གཉིས་སོ། །གཉིས་པ་ལྡན་མིན་འདུ་བྱེད་ནི། ཐོབ་དང་མ་ཐོབ་སྐལ་མཉམ་དང༌། །འདུ་བྱེད་མེད་དང་སྙོམས་འཇུག་གཉིས། །སྲོག་དང་འདུས་བྱས་མཚན་ཉིད་བཞི། །མིང་དང་ཚིག་དང་ཡི་གེའོ། །ཞེས་སོ། །སྡོམ་པ་སོགས་ཐོབ་པ་དང༌། མ་ཐོབ་པ་དང༌། སྐལ་བ་མཉམ་པ་དང༌། འདུ་ཤེས་མེད་པ་དང༌། འདུ་ཤེས་མེད་པའི་སྙོམས་འཇུག་དང༌། འགོག་པའི་སྙོམས་འཇུག་གཉིས། སེམས་ཅན་གྱི་སྲོག འདུས་བྱས་ཀྱི་མཚན་ཉིད་སྐྱེ་རྒ་ན་འཆི་བཞི། བུམ་པ་ཞེས་པ་ལྟ་བུ་མིང༌། བུམ་པ་མི་རྟག་ཅེས་པ་ལྟ་བུ་ཚིག ཨཱཿ ཞེས་པ་ལྟ་བུ་ཡི་གེ་སྟེ་བཅུ་བཞི་བྱེ་བྲག་སྨྲ་བ་འདོད་དོ། །རྣམ་ཤེས་ནི་ཡུལ་སོ་སོར་རྣམ་པར་རིག་པའི་གཙོ་བོ་རྣམ་རིག་སྟེ། དབྱེ་ན་ཀུན་གཞིའི་རྣམ་ཤེས་ཉོན་ཡིད་འཇུག་ཤེས་དྲུག་སྟེ། རྣམ་ཤེས་ཚོགས་བརྒྱད་དོ། །དེ་ལ་ཀུན་གཞིའི་རྣམ་ཤེས་ནི། ཕྱོགས་རིས་སུ་མ་ཆད་པ། བག་ཆགས་ཐམས་ཅད་བགོ་བའི་གཞི་མ་བསྒྲིབས་ལུང་མ་བསྟན། ཉོན་ཡིད་ནི་ཀུན་གཞི་ལ་བདག་ཏུ་དམིགས་པའི་རྣམ་རིག་བསྒྲིབས་པས་ལུང་མ་བསྟན། འཇུག་ཤེས་སམ་རྣམ་ཤེས་ཚོགས་དྲུག་ནི། བདག་རྐྱེན་དབང་པོ་མིག་རྣ་བ་སྣ་ལྕེ་ལུས་ཡིད་ལ་བརྟེན་ནས། ཡུལ་རིག་པའི་རྣམ་རིག་སྟེ། གཟུགས་སྒྲ་དྲི་རོ་རེག་བྱ་རྣམས་རིག་པའི་ཤེས་པའོ། །དེ་ལ་རྟེན་འབྲེལ་བཅུ་གཉིས་སུ་འགྱུར་ཚུལ་ནི། མ་རིག་པ་ནི་བདག་ལྟ་སོགས་འཇིག་ཚོགས་སུ་ལྟ་བ་མ་རིག་པ། འདུ་བྱེད་ནི་མ་རིག་པས་བསགས་པའི་ལས་ཏེ་དགེ་མི་དགེ་མི་གཡོ་བའི་ལས་མངོན་པར་འདུ་བྱས་པས། ལས་གྱི་དབང་གིས་རྣམ་པར་ཤེས་པ་མངལ་དུ་ཉིང་མཚམས་སྦྱོར་བས། མིང་དང་གཟུགས་ནི་ཚོར་བ། འདུ་ཤེས་འདུ་བྱེད་རྣམ་ཤེས་ཏེ་མིང་གཞིའི་ཕུང་པོ་དང་གཟུགས་ཕུང་གྲུབ། སྐྱེ་མཆེད་དྲུག་ནི་གཟུགས་སྨིན་པ་དེ་ལས། མིག་རྣ་བ་སྣ་ལྕེ་ལུས་ཡིད་རྣམས་ལས། གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་རྣམས་སྐྱེ་མཆེད་རེག་པ་ནི་ཡུལ་དང་འཕྲད་པའི་རེག་པ་ཚོར་བ་ནི་དེ་ལ་བདེ་སྡུག་བཏང་སྙོམས་ཚོར་བ། སྲེད་པ་ནི་དེ་ལ་ཞེན་པ། ལེན་པ་ནི་དེ་དང་དུ་ལེན་པ། སྲིད་པ་ནི་ལས་མཐུ་ཅན་དུ་གྱུར་ནས་ཡང་སྲིད་འགྲུབ་པ། སྐྱེ་བ་ནི་ཕྱི་མར་སྐྱེ་བ། རྒ་ཤི་ནི་ན་ཚོད་འགྱུར་བས་རྒས་པ་དང༌། མ་རྒས་པ་འཆི་བའང་ཡོད་པས་གཅིག་ཏུ་བྱས་པས་རྒ་ཤིའོ། །མ་རིག་པ་ལ་བརྟེན་ནས་འདུ་བྱེད་དུ་འབྲེལ་བ་སོགས་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་བར་དུ་འཁོར་ཞིང་སླར་འཁོར་བའོ། །དེ་རགས་པ་ཙམ་དུ་བཤད་པ་ནི། སེམས་ཉིད་སྟོང་ཞིང་བདག་མེད་པ་དེ་ཉིད་མ་རིག་པར་བདག་དང་དངོས་པོར་བཟུང༌། དེའི་སྣང་ཆ་ལ་གཞན་དུ་འཁྲུལ་ནས་འཛིན་པ་ཞུགས་པས། ཡུལ་མཐུན་པ་ལ་འདོད་ཆགས། མི་མཐུན་པ་ལ་ཞེ་སྡང༌། བར་མ་ལ་བཏང་སྙོམས་རྣམས་རྟོག་པ་གཏི་མུག དེ་ལ་མི་དགེ་བ་བཅུ་སོགས་དུག་གསུམ་གྱིས་ཀུན་ནས་བླངས་པའི་ལས་ལ་སྦྱང་བས། ལས་ངན་བསགས་པ་དང་ལྷན་ཅིག་ལུས་སྣ་ཚོགས་བླངས་ནས་ནད་དང་སྡུག་བསྔལ་དུ་མས་བརྩེ་སྟེ་བཤད་རྒྱུད་དུ། ནད་རྣམས་ཀུན་གྱི་རྒྱུ་ནི་གཅིག་པུ་སྟེ། བདག་མེད་དོན་མ་རྟོགས་པས་མ་རིག་ཅེས་ཞེས་དང༌། །འདོད་ཆགས་ཞེ་སྡང་གཏི་མུག་དུག་གསུམ་ལས། །འབྲས་བུ་རླུང་མཁྲིས་བད་ཀན་ཉེས་པ་བསྐྱེད། ཅེས་སོ། །བཞི་པ་ནི། དེ་ལྟར་མ་རིག་པའི་དབང་གིས་ལས་དང་ཉོན་མོངས་པའི་རྟེན་འབྲེལ་འཁོར་བ་ཟོ་ཆུན་མཁྱུད་མོ་ལྟར་བྱུང་ཞིང༌། རང་ངོ་མ་ཤེས་པའི་འཁྲུལ་རྟོག་གློ་བུར་གྱི་དྲི་མས་བསྒྲིབས་པ་སེམས་ཅན་འཁོར་བ། དྲི་མ་དག་པ་སངས་རྒྱས་ཏེ། རྒྱུད་ལས། ཆགས་སོགས་དག་དཀའི་དྲི་མས་གོས་གྱུར་པའི། །སེམས་ནི་རྡོ་རྗེ་ཅན་གྱིས་འཁོར་བར་གསུངས། །ཞེས་དང༌།

ཧེ་བཛྲ་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་ཉིད་བསལ་ན་སངས་རྒྱས་ཏེ། །ཞེས་དང༌། ཁྱེའུ་སྣང་བ་བསམ་གྱིས་མི་ཁྱབ་པས་ཞུས་པའི་མདོ་ལས། སེམས་ནི་རང་བཞིན་འོད་གསལ་བ། །གློ་བུར་ཉེས་པའི་ཉོན་མོངས་ཀྱིས། །སོ་སོ་སྐྱེ་བོ་ཉོན་མོངས་འགྱུར། ཁྱེའུས་གསོལ་པ། ཉོན་མོངས་དམིགས་སུ་མ་མཆིས་ཏེ། །དེ་དག་ཕྱོགས་ན་མི་གནས་ན། །གློ་བུར་དུ་ནི་ཇི་ལྟར་འགྱུར། །དེ་ཞུས་བདག་ལ་བཤད་དུ་གསོལ། །བཀའ་སྩལ་བ། དཔེར་ན་སྤྲིན་རྣམས་བར་སྣང་ལ། །སྣང་ཡང་དེ་དག་དེ་བཞིན་མིན། །ཉོན་མོངས་འབྱུང་བའང་དེ་དང་འདྲ། །སྣང་བ་དེ་ཡང་དེ་བཞིན་མིན། །བྱིས་པའི་འདུ་ཤེས་ལྡན་རྣམས་ཀྱིས། །ལོག་པར་ལྟ་བས་གང་བཏགས་པ། །བློ་དེ་རྟོགས་པར་བྱ་བའི་ཕྱིར། །དེ་བཞིན་གཤེགས་རྣམས་འབྱུང་བ་ཡིན། །ཞེས་པ་ལྟར། གནས་ཚུལ་རྟོགས་པའི་ཐབས། སངས་རྒྱས་རྣམས་ཀྱིས་ལས་དང་ཉོན་མོངས་རགས་པ་ངོས་འཛིན་ཅིང་འདུལ་བ་ལ་ཚུལ་ཁྲིམས་ཀྱི་བསླབ་པ། ཉོན་མོངས་པ་ཁ་ཡན་དུ་མི་བཏང་བར་ཡེ་ཤེས་རང་ངོས་གནས་པ་ཏིང་ངེ་འཛིན་སེམས་ཀྱི་བསླབ་པ། སྡུག་བསྔལ་གྱི་གཙོ་བོ་སྐྱེ་རྒ་ན་འཆི་ཡིན་པས་ན་ན་རྒ་འཆི་བ་གཅོད་པ་ལ་སྐྱེ་བ་གཅོད་དགོས། སྐྱེ་བ་གཅོད་པ་ལ་ལས་གཅོད་དགོས། ལས་གཅོད་པ་ལ་ཉོན་མོངས་པ་གཅོད་དགོས། ཉོན་མོངས་གཅོད་པ་ལ་བདག་འཛིན་གཅོད་དགོས། དེའི་གཉེན་པོར་བདག་མེད་རྟོགས་པའི་ཤེས་རབ་ཁྱད་པར་ཅན་སྐྱེ་དགོས་ཏེ། བཏགས་གྲོལ་ལས། སྲིད་པའི་རྩ་བ་བདག་འཛིན་ཉིད། ཕྱི་ནང་ཀུན་བཏགས་ཡེ་སྟོང་གྲོལ། །ཞེས་པ་ལྟར། ཤེས་རབ་ཀྱི་བསླབ་པ་སྟེ་བསླབ་པ་གསུམ་བསྟན་པ་དང༌། གནས་ཚུལ་ལ་བལྟོས་པའི་ཀུན་བརྟགས་གཞན་དབང་ཡོངས་གྲུབ་གསུམ་གྱི་རྣམ་གཞག་ཀྱང༌། ཀུན་བརྟགས་ནི་རྟོག་པས་སྒྲོ་བཏགས་པའི་ཆ་སྟེ། གང་ཟག་ཏུ་རྟོག་པས་སྒྲོ་བཏགས་པ་གང་ཟག་གི་བདག་དང༌། གཟུང་འཛིན་རྫས་གཞན་རྟོག་པས་སྒྲོ་བཏགས་པ་ལྟ་བུ་ཆོས་ཀྱི་བདག་གོ །གཞན་དབང་ནི་རྒྱུ་རྐྱེན་གྱིས་གཞན་དབང་དུ་གྱུར་པ་སྟེ། དབྱེ་ན་དག་པ་གཞན་དབང་དང༌། མ་དག་གཞན་དབང་གཉིས། དང་པོ་ནི་གཉིས་སྣང་གིས་བསླད་པ་མ་ཞུགས་པ་སྟེ། འཕགས་པའི་མཉམ་གཞག་ཡེ་ཤེས་ལྟ་བུའམ། རྗེས་ཐོབ་དགེ་བའི་ཆོས་སོ། །གཉིས་པ་ནི་གཟུང་འཛིན་བག་ཆགས་ཅན་ཏེ་གཉིས་སྣང་གི་བློ་དང་སྡུག་བསྔལ་གྱི་ཕུང་པོ་ལྟ་བུའོ། །ཡོངས་གྲུབ་ནི་གནས་ལུགས་ཀྱི་དོན་ཏེ། གཟུང་འཛིན་རྫས་གཞན་གྱིས་སྟོང་བའི་དེ་བཞིན་ཉིད་དོ། །དེ་སོ་སྐྱེའི་ཡུལ་ལ་བལྟོས་ནས་ཀུན་བརྟགས་འཕགས་པའི་རྗེས་ཐོབ་ཀྱི་ཡུལ་ལ་བལྟོས་ནས་གཞན་དབང༌། དེ་བཞིན་ཉིད་ལ་བལྟོས་ནས་ཡོངས་གྲུབ་ཏུ་བཞག་གོ །གཞན་ཡང་ཚོགས་གཉིས་རྫོགས་ཤིང་གློ་བུར་གྱི་དྲི་མ་དག་པར་བྱེད་པ་བསགས་སྦྱངས་སྤང་གཉེན་གྱི་ལམ་རིམ་རྣམས་དང༌། འབྲས་བུ་དེ་བཞིན་ཉིད་བདེ་བ་ཆེན་པོ་ལམ་དུ་བྱེད་པ་སྔགས་ཀྱི་ཐེག་པ་དང༌། ཐ་མལ་གྱི་ལུས་ངག་ཡིད་གསུམ། རྣམ་པར་དག་པའི་རྡོ་རྗེ་གསུམ་དང་སྐུ་གསུམ་དུ་བྱེད་པས་རྡོ་རྗེའི་ཐེག་པ་དང༌། སྟོང་པ་འོད་གསལ་ལམ་བྱེད་ཁྲེགས་ཆོད། སྣང་བ་མཐའ་བྲལ་ལམ་བྱེད་ཐོད་རྒལ། གཉིས་མེད་རིག་པ་ཡེ་ཤེས་ཀྱི་ཐོག་ཏུ་གྲོལ་བ་འོད་གསལ་རྡོ་རྗེ་སྙིང་པོ་རྣམས་ལ་འབད་དགོས་པའོ། །དེས་ན་གློ་བུར་དྲི་མ་དག་པའི་བྲལ་འབྲས་དང༌། རང་བཞིན་གནས་པའི་སྐྱེད་འབྲས་གཉིས་ཀྱི་གནས་ཚུལ་ཡང༌། རྒྱུད་བླ་མར། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གི་དབྱིངས་སྟོང་སྟེ། །རྣམ་དབྱེ་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་འབྱུང་ངོ༌། །དེ་དག་ལ་དྲི་མ་མ་དག་པ་སེམས་ཅན། དྲི་མ་མ་དག་པ་ལམ་མམ་ས། དྲི་མ་དག་པ་སངས་རྒྱས་ཏེ། རྒྱུད་བླ་མར། མ་དག་མ་དག་དག་པ་དང༌། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་ལམ་ལ་གནས་པ་དང༌། སངས་རྒྱས་ཞེས་གསུངས་པ་ལྟར་རོ། །དེ་བཞིན་དུ། ནད་ཀྱང་གཞི་ལྟ་བུ་རྣམ་པར་མ་གྱུར་པའི་རླུང་མཁྲིས་བད་ཀན་བཤད་རྒྱུད་དུ། །གནོད་བྱེད་ཉེས་པ་བརྒྱད་དེ་དབྱེ་བ་དང༌། །མངལ་དུ་གྲུབ་ཚུལ་རང་བཞིན་མེ་དྲོད་དང༌། །ལྟོ་བར་གནས་དང་ལས་དང་མཚན་ཉིད་དོ། །ཞེས་པ་ལྟར་ཡིན་ལ། རྟོགས་ཏེ་གྲོལ་བ་ལྟ་བུ་ནི། མི་ན་གནས་པར་བྱ་བའི་ནད་ཀྱི་རྐྱེན་སྤང་བ་རྣམས་ཏེ། བཤད་རྒྱུད་དུ། དང་པོ་མི་ན་གནས་པར་བྱ་བ་ནི། །ནད་ཀུན་རྒྱུ་ལ་རྐྱེན་གྱིས་བསླང་ལས་བྱུང༌། །རྐྱེན་མེད་རྒྱུ་ལས་འབྲས་བུ་འབྱུང་མི་སྲིད། །དེ་ཕྱིར་ནད་རྣམས་ཀུན་གྱི་རྐྱེན་སྤང་བྱ། །ཞེས་སོ། །འཁྲུལ་ཏེ་སེམས་ཅན་ལྟ་བུ་ནི། རྒྱུ་རྐྱེན་རྟེན་འབྲེལ་འཛོམ་པའི་ཟུག་རྔུ་སྟེ། མན་ངག་རྒྱུད་འདིར། དེ་ཕྱིར་ལས་དང་ཉེས་པ་ལས་བྱུང་བའི། །བཞི་བརྒྱ་རྩ་བཞིའི་ནད་དུ་གྲགས་པ་ཡིས། །བདེ་བའི་གོ་སྐབས་མེད་པར་ལུས་སེམས་གདུང༌། །ཞེས་སོ། །རྣམ་པར་གྲོལ་བའི་ཉམས་ལེན་ལྟ་བུ་ནི། ངོས་འཛིན་གསོ་ཐབས་གསོ་ཚུལ་གསོ་བྱེད་གཉེན་པོ་རྣམས་ཀྱིས་འཕེལ་བ་འགྲིབ། ཟད་པ་གསོ། །འཁྲུགས་པ་བསྡེབས་ནས་ཁམས་སྙོམས་པར་བྱེད་པ་སྟེ། མཇུག་དོན་དུ། ཐབས་དང་ཐབས་བྱུང་འདུ་བ་སྙོམས་པར་འབྲེལ། །འདུ་བ་སྙོམས་པས་ནད་མེད་བདེ་བར་འབྲེལ། །ཞེས་སོ།།

གཉིས་པ་གཞུང་དོན་བཤད་པ་ནི། འགྲོ་དྲུག་ཅེས་སོགས་ཚིག་རྐང་བཅུ་གཉིས་བསྟན་ཏེ། དེ་ཡང་སྲིད་པར་འཁོར་ཞིང་མི་སྡོད་པར་འགྲོ་བ་དྲུག་གི་ནང་ནས། ཁམས་དྲུག་ལྡན་ཆོས་བསྒྲུབ་པའི་རྟེན་ཚང་བས་མཆོག་དང་གཙོ་བོར་གྱུར་པའི་མིའི་ལུས་ཐོབ་ཀྱང༌། གོང་དུ་བསྟན་པ་ལྟར་རིག་པ་ཡེ་ཤེས་ཀྱི་དོན་མ་རིག་པ་བདག་ཉིད་གཅིག་པ། ལྷན་ཅིག་སྐྱེས་པ་ཀུན་ཏུ་བརྟགས་པ་གསུམ་གྱིས་མེད་ཀྱང་སྣང་བ་རྨི་ལམ་འཁྲུལ་པ་ལྟར་ཀུན་ཏུ་ལོག་པར་འཁྲུལ་པའི་དབང་གིས་གཅིག་ནས་གཅིག་ཏུ་ཡང་ནས་ཡང་དུ་འཁོར་བའི་འཁོར་བར་དབང་མེད་པར་འཁྱམས་ཤིང༌། དེར་ཡང་ཉོན་མོངས་དང་ལྷན་ཅིག་ལས་གསོག་སྟེ་ཐོག་མར་ངོ་མ་ཤེས། བར་དུ་སྤང་བླང་མ་ཤེས་པས་གཏི་མུག་པའི་དབང་གིས་དང་པོར་གཟུང་འཛིན་སྐྱོན་གྱི་རྒྱུ་དང༌། རྣམ་པར་བྱང་བ་ཡོན་ཏན་གྱི་རྒྱུ་རུ་མ་ཤེས། བར་དུ་སྡུག་བསྔལ་ལ་སྤྱོད་པ་ལ་སྐྱོན་གྱི་རྒྱུ་མི་དགེ་བ་དང༌། བདེ་བར་སྤྱོད་པ་ཡོན་ཏན་གྱི་རྒྱུ་དགེ་བ་ཡིན་པར་མ་ཤེས་པས་ཁ་ཕྱིར་འཁྲུལ་ཏེ། ཡིད་དུ་འོང་བ་ལ་བརྣབ་སེམས་འདོད་པའི་དབང་གིས་མི་དགེ་བ་བཅུ་སོགས་སྡིག་པའི་ལས་མང་དུ་སྤྱད། ཡིད་དུ་མི་འོང་བ་ལ་ཞེ་ནས་སྡང་བའི་དབང་གིས་གནོད་སེམས་ཀྱིས་གཞན་ལ་གནད་དུ་བཙུགས་ཏེ་འདི་གསུམ་ནི་དུག་གསུམ་བརྣབ་སེམས་གནོད་སེམས་ལོག་ལྟ་སྟེ་ཡིད་ཀྱི་མི་དགེ་བ་གསུམ་དང་དོན་གཅིག དེ་གསུམ་འདུས་པ་ལས་གཞན་གྱི་དཔལ་འབྱོར་མི་བཟོད་པ་སོགས་ཕྲག་དོག་དབང་གིས་རང་ལས་མཐོ་བར་སྣང་བ་དང་མཉམ་པ་ཙམ་ལའང་དེ་སྨད་ཅིང་འགྲན་པའི་སེམས་སྐྱེས་ཏེ། བདག་བསྟོད་གཞན་སྨད་ནས་གཞན་ནུབ་ན་དགའ་དར་ན་མི་དགའ་བ་བྱས་པའོ། །ང་གཞན་ལས་ལྷག་གོ་སྙམ་ང་རྒྱལ་བའི་དབང་གིས་རང་ལས་དམའ་བ་ལ་བརྙས་པས་སླར་ཆུང་དུ་འམ་དམའ་རུ་གཏོང་བ་ཁྱད་དུ་བསད་དབང་གིས་ཞེས་པ་རང་གི་སེམས་ཅིར་ཡང་མ་གྲུབ་པ་དེ་ལྷན་སྐྱེས་དུག་ལྔའི་རྣམ་པར་ལངས་པས་ལུས་ངག་ཀྱང་དེའི་དབང་དུ་གྱུར་ནས་གཞན་ལ་ཁྲོ་བ་སྟེ། དབང་ཆེན་སེམས་ཀྱི་ནང་ན་བཞུགས། ལུས་ངག་ཁོ་པའི་གཡོག་པོ་བྱེད། །ཅེས་སོ། །དུག་ལྔ་སེར་སྣ་བཅས་པའི་དྲུག་པོ་འདི་ལུས་ལ་འོད་དང་ཡི་གེའི་རྣམ་པར་གནས། དེ་མཚུངས་ཀྱི་རླུང་སེམས་ཉེར་ལེན་ལ་མཐུ་བརྟས་ཏེ་ལས་བསགས་པ་དང་རྗེས་མཐུན་གྱི་ལུས་བླངས་ནས་ལས་སྣང་ལ་སྤྱོད་ཅིང་ལས་ཕྱི་མ་གསོག་པར་སྔགས་ལས་བཤད་ཅིང༌། འདིར་ཡང་དུག་གསུམ་ཉེས་གསུམ་གྱི་རྟེན་ནམ་རྒྱུ་རུ་བཤད་དོ། །གནས་ལུགས་ཀྱི་དོན་མ་རྟོགས་པའི་དཔྱད་ཤེས་ཀྱི་རིག་པ་ཡུལ་ལ་སྤྲོ་བ་སྟེ་སྦྱང་པས་བྱ་བ་རྩོམ་པ་ཀུན་ལ་འཇུག་ཀྱང་ཡིན་མིན་ཕན་གནོད་བླང་དོར་གྱི་གནད་འགག་ལ་མདོ་དོན་ཆུང་བས། འཁྲུལ་པའི་བདེ་བ་ཆུང་ངུ་འཕྲལ་བདེ་ཙམ་ལ་ཆགས་ནས་རྣམ་པར་གྲོལ་བའམ་ཐར་པ་ཡུན་དུ་མི་འགྱུར་མི་ཟད་པའི་བརྟེན་གྱི་སྲིད་མ་རྙེད། དེས་སྤྲེའུ་ལྟར་མདོ་མེད་བྱ་བ་མང་བ་དུག་ལྔས་ཀུན་ནས་བསླངས་ཏེ་ལུས་ངག་ཡིད་ཀྱི་མི་དགེ་བ་བཅུ་སོགས་ལས་ངན་པ་དང་དེའི་འཕྲོ་འཐུད་པའི་བག་ཆགས་རྒྱུན་མ་ཆད་པར་གཅིག་རྗེས་གཅིག་འབྲེལ་བ་ཁྲིགས་ཆགས་སུ་བསགས་པས་འགྲོ་བ་དྲུག་སོགས་སུ་འཁོར་བའི་ཁ་བ་རྒྱུད་སྡུག་བསྔལ་གྱི་འབྲས་བུ་ལ་སྤྱོད། སླར་རྒྱུ་གསོག་པའི་ལུས་ངན་སྣ་ཚོགས་བླངས། རྒྱུ་མཚན་དེའི་ཕྱིར། འདིར་ཡང་སྔོན་གྱི་ལས་ལས་བྱུང་བ་དང༌། ཚེ་འདིའི་ཉེས་པ་ནང་དུ་རླུང་མཁྲིས་ནད་ཀུན་ཁྲག་ཆུ་སེར་སྲིན་སོགས་འཕེལ་ཟད་འཁྲུགས་པ་དང༌། ཕྱི་རྐྱེན་གདོན་མཚོན་དུག་སོགས་ལས་བྱུང་བ་དང༌། ཉེས་པ་དང་ལས་འདྲེས་པ་ལས་འབྱུང་བའི་ལྟར་སྣང་འཕྲལ་གྱི་ནད་བརྒྱ་རྩ་གཅིག ཀུན་བརྟགས་གདོན་གྱི་ནད་བརྒྱ་རྩ་གཅིག ཡོངས་གྲུབ་ཚེའི་ནད་བརྒྱ་རྩ་གཅིག་གཞན་དབང་སྔོན་གྱི་ནད་བརྒྱ་རྩ་གཅིག་སྟེ། བཞི་བརྒྱ་དང་རྩ་བཞིའི་ནད་དུ་གྲགས་པ་ཡིས། བདེ་བའི་གོ་སྐབས་མེད་པར་ལུས་སེམས་ལྷན་ཅིག་ལ་གནོད་ཅིང་གདུང་སྟེ། ལས་དང་ལས་སྣང་ལུས་སེམས་ལྷན་ཅིག་ཏུ་གནས་པ་ལ། མངོན་གྱུར་ཟུག་རྔུ་དང་ལྐོག་གྱུར་ཉོན་མོངས་པས་གདུང་བས་ནད་དང་མི་འབྲལ་ཏེ། བཤད་རྒྱུད་དུ། དཔེར་ན་བྱ་ནི་མཁའ་ལ་ལྡིང་གྱུར་ཀྱང༌། །རང་གི་གྲིབ་མ་དེ་དང་མི་འབྲལ་བཞིན། །འགྲོ་ཀུན་བདེ་བར་གནས་ཤིང་སྤྱོད་ན་ཡང༌། །མ་རིག་ལྡན་པས་ནད་དང་འབྲལ་མི་སྲིད། །ཅེས་སོ།།

        བཞི་པ་བརྗོད་བྱ་གསོ་ཐབས་ཡན་ལག་བརྒྱད་ཀྱི་སྒོ་ནས་བསླབ་པར་གདམས་པ་ལ་གཉིས། སྤྱིའི་དོན་དང་གཞུང་གི་དོན་ནོ། །དང་པོ་ནི་གོང་དུ་བཤད་པ་ལྟར་ལས་ཉོན་མོངས་འབྱུང་བའི་རྣམ་འགྱུར་ལས། བཞི་བརྒྱ་རྩ་བཞིར་གྲགས་པའི་ནད་ཀྱི་གནས་སྐབས་དང༌། བྱེ་བྲག་གི་གཙོ་བོའི་གསོ་ཐབས་བསྟན་པའི་ཡན་ལག་བརྒྱད་ཡོད་དེ། དེའི་འཇུག་ཚུལ་དང་འདྲེན་ཚུལ་ལ། གསེར་འོད་དུ། ཤེས་པའི་ཡན་ལག་བརྒྱད་རིག་ནས། །སྨན་དཔྱད་རྣམས་ནི་ཀུན་བསྡུས་པས། །སེམས་ཅན་ནད་མང་གསོ་བར་བྱ། །གཏར་བ་དང་ནི་རྨས་ནད་དང༌། །ལུས་ཀྱི་ནད་དང་འདྲེ་གདོན་དང༌། །མ་རུངས་དུག་དང་བྱིས་པ་དང༌། །ཚེ་བསྲིང་བ་དང་མཐུ་བསྐྱེད་ཡིན། །ཞེས་ཤེས་པའི་ཡུལ་ལ་འཇུག་ཅིང༌། དེའི་རྣམ་གྲངས་ནི། གཏར་བ། རྨས་ནད། ལུས་ནད། འདྲེ་གདོན། དུག བྱིས་པ། ཚེ་བསྲིང་བ། མཐུ་བསྐྱེད་པ་དང་བརྒྱད་དུ་བཤད། བརྒྱད་པའི་སྙིང་པོ་བསྡུས་པར། ལུས་དང་བྱིས་པ་གདོན་ལུས་སྟོད། །མཚོན་དང་མཆེ་བ་རྒས་རོ་ཙ། །གསོ་བྱ་གང་ལ་གནས་པ་ཡིས། །ཡན་ལག་བརྒྱད་དུ་དེ་བཤད་དོ། །ཞེས་སོ། །གསོ་བྱའི་ཡུལ་ལམ་གསོ་བའི་གནས་ལ་འཇུག་ཅིང༌། དེའི་རྣམ་གྲངས་ནི། ལུས། བྱིས་པ། གདོན། ལུས་སྟོད། དབང་པོ། མཚོན། མཆེ་བ། རྒས་པ། རོ་ཙ་སྟེ་བརྒྱད་དོ། །རྒྱུད་འདིར་ལུས་སྤྱི་གསོ་བར་སྟོན། བྱིས་པ་མོ་ནད་དུག་མཚོན་གདོན་ནད་དང༌། །རྒས་པ་རོ་ཙ་ཡན་ལག་བརྒྱད་པོ་ཡིས། །སྤྱི་བོའི་གཙུག་ནས་རྐང་མཐིལ་ཡན་ཆད་ཀྱི། །ནད་ཀྱི་རིགས་སུ་གྱུར་པའི་བཅོས་ཐབས་ཀུན། །ལག་ལེན་མན་ངག་རྒྱུད་ཆེན་འདི་ནང་དུ། །བརྩེ་བའི་སེམས་ཀྱིས་དྲང་སྲོང་ཁྱོད་ལ་བཤད། །ཅེས་སོ། །གསོ་བྱའི་ཡུལ་ལམ་གསོ་ཐབས་བསྟན་པའི་ཡན་ལག་བརྒྱད་དེ། གསོ་བྱེད་ནི་གསོ་བྱ་ལ་བལྟོས་པའི་ཕྱིར། ཡན་ལག་བརྒྱད་ལ་མན་ངག་རྒྱུད་འདིར་བརྒྱད་པོ་བྱུང་ཡང་མཚན་དོན་དུ་ཡན་ལག་བརྒྱད་པ་ཞེས་འབྱུང་བས་བདག་པོའི་སྒྲ་སྦྱར་བས། ཡན་ལག་བརྒྱད་པ་སྟེ་རྒྱུད་ཀྱི་བརྗོད་བྱ་ཡན་ལག་བརྒྱད་སྟོན་ཅིང་དབང་སྒྱུར་རྗོད་བྱེད་ཀྱི་རྒྱུད་ཅེས་པར་འགྱུར་ལ། དཔེར། རྟ་ཞེ་ན་རྟ་རང་དུ་གོ དེ་ལ་བདག་པོའི་སྒྲ་སྦྱར་པས་རྟ་པ་སྟེ་རྟ་ལ་དབང་སྒྱུར་བར་གོ་བ་ལྟ་བུའོ། །འདི་དག་འདྲེན་ཚུལ་ལ་མི་མཐུན་པ་ལྟར་སྣང་ཡང་གཙོ་བོར་སྟོན་མ་སྟོན་མ་གཏོགས་ལུགས་གསུམ་ཀར་ཡན་ལག་བརྒྱད་པ་ཚང་བར་བསྟན་པ་ཡིན་ནོ། །དེ་ཡང་གསོ་ཡུལ་སྤྱི་ཙམ་ལ། དོན་ཐོབ་ཀྱི་ལུས་སུ་བཞག དེའི་རྣམ་གྲངས་ཡན་ལག་ཏུ་བྱས་པ་ལ་ནད་ཕལ་ཆེར་གྱི་གསོ་ཐབས་བསྟན་པ་ལུས་སྤྱི། བྱེ་བྲག་ཏུ་ན་ཚོད་ཟུངས་སྟོབས་མ་རྫོགས་པའི་གསོ་ཐབས་བསྟན་པ་བྱིས་པ། བསོད་ནམས་དམན་པས་ནད་ལྷག་པོ་མོ་ནད་ཀྱི་གསོ་ཐབས་བསྟན་པ་མོ་ནད། ཕྱི་རྐྱེན་འབྱུང་པོས་གཙེས་པའི་གསོ་ཐབས་གདོན་རྣམ་དང་ཆག་གྲུམ་སོགས་ཀྱི་གསོ་ཐབས་བསྟན་པ་མཚོན། སྦྱར་གྱུར་དངོས་ཀྱི་མ་རུངས་པའི་གསོ་ཐབས་བསྟན་པ་དུག །ན་ཚོད་འགྱུར་བའི་གསོ་ཐབས་བསྟན་པ་རྒས་པ། ཟུངས་སྟོབས་རྒུད་པའི་གསོ་ཐབས་བསྟན་པ་རོ་ཙ་སྟེ་བརྒྱད། དེ་ཡང་ལེའུ་བདུན་ཅུས་ལུས་སྤྱི་གསོ་བ། དེ་རྗེས་ལེའུ་གསུམ་གྱིས་བྱིས་པ། དེ་རྗེས་ལེའུ་གསུམ་གྱིས་མོ་ནད། དེ་རྗེས་ལེའུ་ལྔ་ཡིས་གདོན། དེ་རྗེས་ལེའུ་ལྔ་ཡིས་མཚོན། དེ་རྗེས་ལེའུ་གཅིག་གིས་རྒས་པ། དེ་རྗེས་ལེའུ་གཉིས་ཀྱིས་རོ་ཙ་བ་སྟེ། དངོས་བསྟན་ཡན་ལག་བརྒྱད་དང༌། ཤུགས་བསྟན་སྤྱི་གཙུག་ནས་རྐང་མཐིལ་བར་གྱི་ནད་གྱུར་ཏོ་ཅོག་གི་གསོ་ཐབས་བསྟན་ཅིང༌། གཞན་ཞུས་པ་དང་མཇུག་དོན་རྩ་བཤད་ཕྱི་གསུམ་ནི་ཐམས་ཅད་ཀྱི་སྤྱི་བྱེ་བྲག་གི་དོན་སྟོན་པས་ཡན་ལག་བརྒྱད་སྤྱི་ལ་ཁྱབ་སྟེ། རྩ་རྒྱུད་དུ། རྒྱུད་གསུམ་སྤྱི་ཁྱབ་ཡིན། ཞེས་སོ།།

        གཉིས་པ་ནི། དེ་ལ་ཞེས་སོགས་ཚིག་རྐང་བཅུ་གཅིག་གིས་བསྟན་ཏེ། དེ་ཞེས་པ་སྔ་མ་བསྡུ་བ་སྟེ། གོང་དུ་རྒྱུ་མཚན་དང་བཅས་བསྟན་པའི་ནད། ལུས་སེམས་གདུང་བ་དེའོ། །ལ་ཞེས་པ་གནས་གཞིའི་སྒྲ་སྟེ་བཅོས་ཐབས་གནས་ཤིང་བསྟན་པ་དེ་ལ་གསོ་ཡུལ་བརྗོད་བྱ་ཡན་ལག་བརྒྱད། གསོ་ཐབས་རྗོད་བྱེད་སྐབས་བཅོ་ལྔས་ངེས་པར་བྱས་ཏེ། ཉེས་པ་གསུམ་ལྡན་འདུས་པ་གསོ་བའི་སྐབས་དང་གཅིག ཁོང་ནད་གསོ་བའི་སྐབས་དང་གཉིས། ཚད་པ་གསོ་བའི་སྐབས་དང་གསུམ། འདི་གསུམ་རིགས་གཙོ་བོར་བྱས། ལུས་སྟོད་དོན་སྣོད་གསང་བའི་ནད་གསོ་བ་དང༌། འདི་གསུམ་གནས་གཙོ་བོར་བྱས། དེ་དྲུག་དང་འདི་མན་འདྲེས་མར་བཅས་པའི་ཐོར་ནད་གསོ་བའི་སྐབས་དང་བདུན། ལྷན་སྐྱེས་རྨ་གསོ་བའི་སྐབས་དང་བརྒྱད་ཀྱིས་ལུས་སྤྱིའི་གསོ་བའི་ཡན་ལག་སྟོན། དེ་ནས་བྱིས་པ་མོ་ནད་གདོན་མཚོན་དུག་ནད་གསོ་བ་དང་རྒས་པ་རོ་ཙ་བ་སྟེ་སྐབས་བདུན་གྱིས་ཡན་ལག་ཕྱི་མ་བདུན་སྟོན། དེ་དག་བསྡོམས་པའི་ཡན་ལག་བརྒྱད་པོ་དེ་ཡིས། ཡ་གི་སྤྱི་གཙུག་ནས་མ་གི་རྐང་མཐིལ་ཡན་ཆད་ཀྱི་བཞི་རྒྱ་རྩ་བཞི་སོགས་ནད་ཀྱི་རིགས་སུ་གྱུར་པའི་བཅོས་ཐབས་ཀུན། ལག་ཏུ་ལེན་པ་མན་ངག་རྒྱུད་ཆེན་ཏེ། རྒྱུད་གསུམ་ལས་བརྗོད་བྱ་ཡན་ལག་བརྒྱད་སྟོན་པས་བརྗོད་བྱ་མང་བས་མན་ངག་རྒྱུད་ཆེན་དང༌། རྗོད་བྱེད་སྐབས་ལེའུ། ནད་རེ་ལ་རྒྱུ་རྐྱེན་དབྱེ་བ་རྟགས་བཅོས་ཐབས་སོགས་མང་བས་ཀྱང་རྒྱུད་ཆེན་དུ་བཞག་སྟེ། ཆུ་མང་བ་ལ་ཆུ་ཆེན་ཞེས་པ་ལྟར་རོ། །དེ་ལྟར་རྒྱས་པར་སྟོན་པ་འདིའི་ནང་དུ་འགྲོ་བའི་སྡུག་བསྔལ་ཚ་བ་རྩུབ་པ་གྲགས་པ་ནི་ནད་ཡིན། དེ་ཡིས་གདུངས་པའི་སེམས་ཅན་རྣམས་ལ་སྙིང་བརྩེ་བའི་སེམས་ཀྱིས་དྲང་སྲོང་ཁྱོད་ལ་བཤད། ཁྱོད་ཀྱིས་ཀྱང་སྣོད་ཀྱི་སྐྱོན་གསུམ་སྤང་བར་བསྟན་ཏེ། ཐོག་མར་སྣོད་ཁ་བུབས་ལྟ་བུ་མ་གུས་ཤིང་དོན་དུ་མི་གཉེར་བའི་སྐྱོན་སྤང་བ་ནི། གུས་པར་ཉོན་ལ་ཞེས་སོ། །དེ་ནས་སྣོད་ཞབས་རྡོལ་ལྟ་བུའི་ཐོབ་ཀྱང་མི་འཛིན་པའི་སྐྱོན་སྤང་བ་ནི། ཡིད་ལ་ཟིན་པར་གྱིས་ཞེས་སོ། །དེ་ནས་སྣོད་དུག་ཅན་ལྟ་བུའི་ཤེས་ཀྱང་ཉོན་མོངས་པ་དང་འདྲེས་ནས་ཕན་མི་ཐོགས་པའི་སྐྱོན་སྤང་བར་བསྟན་པ་ནི། དྲེགས་མེད་བྱམས་པའི་སེམས་ཀྱིས་ནད་པ་གསོས་ཞེས་པའི་དྲེགས་པ་ནི་རྒྱགས་པའི་ང་རྒྱལ་དང་དོན་གཅིག་སྟེ། སློབ་དཔོན་ཀླུ་སྒྲུབ་ཀྱིས་བཤེས་སྤྲིང་དུ། རིགས་དང་གཟུགས་དང་ལང་ཚོ་ཐོས་པ་དང༌། །དབང་ཐང་ཆེ་བས་རྒྱགས་པ་དགྲ་བཞིན་གཟིགས། །ཞེས་པ་ལྟར་དེ་མེད་པའོ། །བྱམས་པའི་སེམས་ཀྱིས་ནི་སྤྱིར་སེམས་ཅན་བདེ་བར་འདོད་པ་དང༌། ཁྱད་པར་ནད་ཀྱིས་གདུངས་པ་དེའི་སྡུག་བསྔལ་ཞི་ནས་བདེ་བར་འདོད་པའི་བྱམས་པས་ཁྱབ་པ་མ་བུ་གཅིག་པ་ལ་བྱམས་པ་ལྟར་བྱས་ནས། ནད་ཀྱིས་ཉེན་པའི་ནད་པ་གསོས་ཞེས་པ་ནད་ཞི་བ་དང་ལྷན་ཅིག་ཉམས་སྟོབས་ཆེར་བསྐྱེད་པའི་དོན་ནོ།།

        ལྔ་པ་རྗོད་བྱེད་གཞུང་དོན་སྐབས་བཅོ་ལྔའི་སྒོ་ནས་དྲི་བར་བསྐུལ་བའི་སྐབས་སུ་གཞུང་ཚིག་འདིས་བསྟན་ཏེ། ཀྱེ་དྲང་སྲོང་ཡིད་ལས་ཞེས་ཚིག་རྐང་དགུས་སྟོན་ཏེ། དེ་ཡང་ཀྱེ་ཞེས་བརྗོད་ནས་སྤྱིར་རྣ་བ་གཏོད་དུ་བཅུག དྲང་སྲོང་ཡིད་ལས་སྐྱེས་ཞེས་བོས་ནས་སྒོས་མཚན་ངེས་པར་བྱས་ཏེ་ངས་དེ་སྔ། བློ་ཆེ་བློ་ཡངས་བློ་གཟེག་པ་གསུམ་ཀ་ཕུན་སུམ་ཚོགས་པའི་བློ་རབ་ཀྱི་དོན་དུ་འགོ་སྨོས་པའི་གོ་བ་ལ་རྩ་བའི་རྒྱུད་མདོར་བསྟན་པ་གནས་ལུགས་ངོས་འཛིན་གསོ་ཐབས་གསུམ་རྩ་བ། དེ་ལས་གྱེས་པ་གནས་ལུགས་མ་ལུས་ནད་ངོས་བཟུང་བ་ལ་བལྟ་རེག་དྲི་བ། གསོ་ཐབས་ལ་ཟས་སྤྱོད་སྨན་དཔྱད་དེ་སྡོང་པོ་བཀོད། དེ་ལས་གྱེས་པ་ཡལ་ག དེ་ལས་འཕྲོས་པ་ལ་འདབ། མཐར་ཕྱིན་མེ་ཏོག་འབྲས་བུ་རྣམས་དཔེ་དོན་སྦྱར་ནས་གསོ་དཔྱད་ཀྱི་དོན་མདོར་བསྟན་ནས་བཤད། དབང་པོའམ་བློ་གྲོས་འབྲིང་རྣམས་ལ་བཤད་པས་རྟོགས་པའི་དོན་བཤད་པའི་རྒྱུད་དེ་རྩ་རྒྱུད་དུ་མདོར་བསྟན་པ་དེ་ཉིད་གསོ་བྱ་གསོ་བྱེད་ཇི་ལྟར་གསོ་ཐབས། གསོ་བ་པོ་སྨན་པ་རྣམ་པ་བཞིའི་སྒོ་ནས་རྒྱས་པར་བཤད། ད་ནི་བློ་ཐ་མའི་དོན་དུ་རྒན་མོ་མཛུབ་ཚུགས་སུ་ནད་རེ་ལ་རྒྱུ་རྐྱེན་དབྱེ་བ་རྟགས་བཅོས་ཐབས་དེ་ཡང་རྒྱུ་ལ་ཉེ་རྒྱུ་རིང་རྒྱུ། རྐྱེན་ལ་སྐྱེ་མཆེད་གསོག་ལྡང་སློང་རྐྱེན། དབྱེ་བ་ལ་རང་རྒྱུད་གཞན་རྒྱུད། རིག་གནས་ནང་ཚེགས། རྟགས་ལ་སློང་བ་རྒྱུ། མཚན་ཉིད་རྟགས། ཕན་གནོད་བསྟེན་པ། བཅོས་ཐབས་ལ་གསོ་ཚུལ། གསོ་ཐབས། གཉེན་པོ། དེ་དག་ལ་སྤྱི་དང་བྱེ་བྲག་རྣམས་ཕྲ་ཞིབ་རྒྱུ་མཚན་དང་བཅས་སྟོན་པ་ཤིན་ཏུ་རྒྱས་པ་ཡི། དེ་ཡང་སྤྱི་ཙམ་པ་ཟོང་དང་ལག་ཡོད་ཉེ་བར་མཁོ་ངེས་ལ་དམར་མོའམ་དམར་གྱི་ཐ་སྙད་བྱས་པའི་དམར་ཁྲིད་དམ་ལག་ཁྲིད་དེས་རྒྱུས་བཤད་ནས་ལམ་སྟོན་པ་ལྟ་བུ་དོན་སྤྱི་མ་ཡིན་པར་ལག་པས་ཁྲིད་ནས་འགྲོ་བ་ལྟ་བུའོ། །དེ་ཡང་བཤད་ལོ་ཐོས་ལོ་ཤེས་ལོ་མ་ཡིན་པར་ལག་ཏུ་ལེན་པ་གཅིག་པུར་གང་ལ་གང་དགོས་དུམ་དུམ་ཁྲིགས་བསྟན་ནས་ཕྱོགས་སུ་བསྡེབས་པའི་མན་ངག་རྒྱུད་འདི་སྐབས་ཞེས་གནས་སྐབས་བར་སྐབས་ཀྱི་དོན་ཏེ། བརྗོད་བྱ་དང་འབྲེལ་བའི་རྗོད་བྱེད་བཅོ་ལྔའི་སྐབས་ཀྱི་སྡེ་ཚན་ཕྱེ་བ་ཡིན་ལ། དེ་ལ་ནད་ཉེས་པ་གསུམ་ལས་མི་འདའ་བའི་ངེས་པར་རླུང་མཁྲིས་བད་ཀན་གྱིས་སྣ་དྲངས་ནས་ནད་རིགས་གང་དང་གང་ལ་བཅོས་ཐབས་གང་དང་གང་དགོས་པ་ཐམས་ཅད་ཁྱོད་ཀྱིས་དྲིས་ཤིག ང་ཡིས་བཤད་ནས་དོན་གོ་བར་བྱེད་པའི་ལུང་སྦྱིན་པར་བྱའོ་ཞེས་གསུངས་པ་དང༌། ཞེས་སོ། །བཞི་བ་སྐབས་བཅོ་ལྔའི་ཞུ་བ་བྱེ་བྲག་ཏུ་ཞུས་པ་ལ་གཉིས། ཞུ་བ་དངོས་དང་ལེའུའི་མཚན་ནོ། །དང་པོ་ནི་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ་ཞེས་སོགས་ཚིག་རྐང་བཅུ་གཉིས་དང་འབྲུ་བཞིས་བསྟན་ཏེ། ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། དེ་ཡང་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས་ཞེས་སྙན་པའི་གདངས་ཀྱིས་ཞེ་ས་དང་བཅས་གུས་པའི་ཚུལ་གྱིས་ཞུ་བའི་ཚིག་འདི་ལྟར་དུ། ཁྱོད་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་གནས་པའི་འགྲོ་བ་ཀུན་ལ་ཕྱོགས་ལྷུང་དང་ཉེ་རིང་གི་དབང་དུ་མ་གྱུར་པར་གང་ལ་གང་འདུལ་གྱིས་དཔལ་དུ་ཤར། ཞེས་པའི་དཔལ་ལ་ཅུང་ཞིག་དཔྱད་ན། ལེགས་སྦྱར་དུ་ཤྲི་ཞེས་འབྱུང་བ། ཀྱེ་རྡོ་རྗེ་ལས་ཤྲི་ཡིག་གཉིས་མེད་ཡེ་ཤེས་ཏེ། ཞེས་པས། སངས་རྒྱས་ཀྱི་ཐུགས་སྲིད་ཞི་གཉིས་སུ་མེད་པའི་ཡེ་ཤེས་ལ་འཇུག  དེ་ལ་ཆོས་སྐུ་ཀུན་ཁྱབ། ལོངས་སྐུ་དག་པའི་སྣང་ངོར་ཐེག་ཆེན་གྱི་ཆོས་སྟོན། སྤྲུལ་སྐུ་ལ་རང་བཞིན་སྤྲུལ་པའི་སྐུས་ཞིང་གི་ཡོན་ཏན་མ་ཚང་བ་མེད་པར་བསྟན་ནས་སེམས་ཅན་གྱི་དོན་མཛད། མཆོག་གི་སྤྲུལ་སྐུ་ཐུབ་དྲུག་དང་བར་མ་བྱང་སེམས་འཕགས་པ་དང༌། སྐྱེ་བ་སྤྲུལ་སྐུ་སོ་སོ་སྐྱེ་བོའི་ཚུལ་དང༌། དུད་འགྲོ་སོགས་དང་བཟོ་སྤྲུལ་གྲུ་གཟིངས་དང་ཟམ་པ་ལངོས་སྤྱོད་སོགས་མདོར་ན་སེམས་ཅན་རྣམས་གང་གིས་འདུལ་བ་དང༌། སྡུག་བསྔལ་གྱིས་ཉེན་པ་དེའི་གཉེན་པོར་སྤྲུལ་ནས་བདེ་བར་སྦྱོར་བ་དེས་ན་འགྲོ་བ་ཀུན་གྱི་བདེ་ལེགས་དཔལ་ཡོན་ཐམས་ཅད་ཀྱི་འབྱུང་ཁུངས་ཡིན་པས་ན་འགྲོ་ཀུན་དཔལ་དུ་ཤར་ཞེས་བྱ་སྟེ། ཕྲལ་དང་ཡུན་གྱི་འདོད་དོན་ཆོས་ནོར་བདེ་བ་ཐམས་ཅད་ནི་ཉེར་ལེན་ནི་སྒྲུབ་པ་ལ་རག་ལས། སྒྲུབ་པ་ནི་ཚེ་རིང་བ་དང་ནད་མེད་པ་ལ་རག་ལས། དེ་གསོ་དཔྱད་ལ་རག་ལས་པས། དེས་ན་གསོ་བ་རིག་པ་ནི་བདེ་ལེགས་ཀྱི་རྩ་བ་ཡིན་པའི་དོན་གྱིས་ན། དང་པོར་མདོར་གནས་རྩ་བ་ཐུགས་ཀྱི་རྒྱུད་གང་ཟག་བློ་རབ་ཀྱི་དོན་དུ་བསྡུས་པར་གསུངས་ཤིང༌། དེ་ཉིད་ཀྱང་བསྡུས་དྲགས་ནས་གང་ཟག་བློ་རབ་ལས་གཞན་པ་རྣམས་ཀྱིས་མ་ཁྲོལ་བ་ལ་བཤད་པ་སྐུའི་རྒྱས་པར་གསུངས་པ་དེ་ལྟར་ལགས་ན། ད་ནི་དེ་རྣམས་ཀྱི་ལག་ལེན་སྟོན་བྱེད་ཀྱི་གཞུང་མན་ངག་ཡོན་ཏན་རྒྱུད་རྗོད་བྱེད་སྐབས་དོན་གྱི་དབྱེ་བ་བཅོ་ལྔར་གསུངས་པ་དེ་རྣམས་ལས་ད་ནི་ཉེས་པ་གསུམ་པོ་གསོ་བའི་སྐབས་ལ་ཇི་ལྟར་དུ་བསླབ་པར་བགྱིས་ཤིང༌། དེ་ལའང་རླུང་དང༌། མཁྲིས་པ་དང༌། བད་ཀན་དང་རྣམ་པ་གསུམ་དང་ཤུགས་ལས་འདུས་པའི་ནད་སྨུག་པོ་དང་བཅས་པའི་རྒྱུ་དང་རྐྱེན་དང་དབྱེ་བ་དང་རྟགས་དང་བཅོས་པའི་ཐབས་ལ་སོགས་པ་རྣམས་འགྲོ་བ་ཀུན་གྱི་སྲོག་འཚོ་བར་མཛད་པའི་སྨན་པའི་རྒྱལ་པོ་ཆེན་པོས་བདག་ཅག་ལ་སོགས་པ་འཁོར་རྣམས་ལ་བཤད་དུ་གསོལ་ཞེས་པའི་དོན་དང༌། སླར་ཡང་ནན་གྱིས་ཀྱེ་ཞེས་བོས་ནས་ཧོ་ཞེས་ཡིད་རང་བའམ་འདོད་པ་གང་བར་འགྱུར་བའི་དོན་བཟང་པོ་མ་ཚང་བ་མེད་པ་རྗེས་འཇུག་གི་འགྲོ་བ་རྣམས་ཀྱི་དོན་དུ་དགོངས་ལ་བཤད་དུ་གསོལ་ཞིང༌། དེར་མ་ཟད་བདག་ཅག་ལ་སོགས་འཁོར་རྣམས་ཀྱང་གྲོགས་ཀྱི་མཆོག་དམ་པར་དགོངས་ལ་བཤད་དུ་གསོལ་ཞེས་ཞུས་སོ་ཞེས་པའི་དོན་ནོ། །གཉིས་པ་ལེའུའི་མཚན་ནི་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་རྒྱུད་ལས་དུམ་བུ་གསུམ་པ་མན་ངག་གི་རྒྱུད་ཞུས་པའི་ལེའུ་སྟེ་དང་པོའོ་ཞེས་པའི་དོན་ནོ།།

མཐའ་མའི་འདོན་ཐེངས་།: 05.09.2011 ཉིན། 11:57 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།