སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ཉེར་ལྔ་པ། རྒྱུ་གཟེར་གྱི་རིམས་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.12.2022
མན་ངག་རྒྱུད། >> ལེའུ་ཉེར་ལྔ་པ། རྒྱུ་གཟེར་གྱི་རིམས་བཅོས་པ།



ལེའུ་ཉེར་ལྔ་པ། རྒྱུ་གཟེར་གྱི་རིམས་བཅོས་པ།

དེ་ནས་དྲང་སྲོང་རིག་པའི་ཡེ་ཤེས་ལ། །དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཞུས། །རྒྱུ་གཟེར་རིམས་ལ་རྒྱུ་རྐྱེན་མཚན་ཉིད་དང༌། །དབྱེ་བ་རྟགས་དང་བཅོས་ཐབས་བཤད་དུ་གསོལ། །དེ་སྐད་ཞུས་པའི་དོན་ལ་ལན་གསུངས་པ།།

རྒྱུ་གཟེར་རྒྱུ་ནི་རིམས་ཚད་སྤྱི་དང་འདྲ། །ངོ་བོ་མཆིན་ཚད་ཐུར་དུ་བབས་པ་ལ། །གཉན་ནད་ཆུ་སེར་མཁྲིས་ཚད་བསླང་བ་ཡིས། །རྒྱུ་མ་གཟེར་ཞིང་འཁྲུ་བས་རྒྱུ་གཟེར་ཡིན།།

དབྱེ་བ་སྤྱི་དང་བྱེ་བྲག་རྣམ་པ་གཉིས། །སྤྱི་ལ་དོན་འཁྲུ་བ་དང་སྣོད་འཁྲུ་བ། །སྟོབས་ཆེན་སྟོབས་ཆུང་རྣམ་པ་བཞི་རུ་འགྱུར། །བྱེ་བྲག་དབྱེ་བ་རྒྱུ་གཟེར་རྒྱུ་འཁོར་དང༌། །རྒྱུ་འཁྲོལ་རྒྱུ་ལུགས་ཞེས་བྱ་བཞི་རུ་བཤད།།

དེ་རྟགས་དང་པོ་མགོ་དང་ཚིགས་གཞི་ན། །ཕྲུམ་སེར་ཁྱེར་ཞིང་རྒྱུ་མ་ན་ལ་འཁྲུ། །འཁྲུ་བའི་བོངས་ཆུང་འཁྲུ་དུས་ཟུག་གཟེར་ཆེ། །དམར་སེར་ཟ་ཁུ་སྨུག་པོ་བེ་སྣབས་འཁྲུ། །ཁྱད་པར་དོན་འཁྲུ་ཟུག་ཆེ་འཁྲུ་བོངས་ཆུང༌། །སོ་ཁྲག་གཞིབས་དང་ཤ་ཁོག་བཤལ་བ་འདྲ། །སྣོད་འཁྲུ་དམར་སེར་ཟ་ཁུ་བེ་སྣབས་འཁྲུ། །ཟུག་ཆུང་གྲངས་ཉུང་སྟོབས་ལྡན་ཚ་བ་ཆེ། །གྲངས་མང་ཟུག་ཆེ་སྟོབས་ཆུང་དེ་ལས་ལྡོག །བྱེ་བྲག་རྒྱུ་གཟེར་བོངས་ཆུང་ཡང་ཡང་འཁྲུ། །འཁྲུ་བའི་དུས་ན་ཁྱད་པར་ཟུག་གཟེར་ཆེ། །རྒྱུ་འཁོར་ཐུན་དུ་བཅད་ནས་བོངས་ཆེར་འཁྲུ། །རྒྱུ་མ་གཏུབས་སྙམ་ཟུག་ཆེ་འཁྲུས་རྗེས་བདེ། །རྒྱུ་འཁྲོལ་ཟུག་ཆུང་ལྡང་དུབ་མེད་པ་ལ། །འཁྲུ་བའི་བོངས་དང་རྩ་ཆུའི་ཚ་བ་ཆུང༌། །རྒྱུ་ལུགས་མི་འཁྲུ་སྦོ་འགག་གཏུབས་སྙམ་བྱེད།།

བཅོས་པའི་ཐབས་ལ་གསར་རྙིང་དུས་དང་སྦྱར། །གསར་པའི་བཅོས་ལ་སྤྱི་དང་བྱེ་བྲག་གཉིས། །སྤྱི་ལ་བཅོས་ཐབས་ནད་སྟོབས་ཆེ་ཆུང་གིས། །སྟོབས་ཆེན་ནད་ལ་བཅོས་ཚུལ་རྣམ་པ་བདུན། །སྣོད་ཀྱི་རྩི་སྲུང་མཁྲིས་པའི་མེ་བསད་ཅིང༌། །རྒྱུ་ལོང་རུལ་སྦྱང་ནད་དངོས་གཉེན་པོས་བསད། །མཆིན་པའི་ཟགས་བསྡམ་འཁྲུ་བའི་ཁ་དོག་སྒྱུར། །ཐ་མར་ཆུ་བོའི་རྒྱུན་ལམ་བཅད་པའོ། །དང་པོ་སྣོད་ཀྱི་རྩི་སྲུང་ཆིག་ཐུབ་(རི་བོང་ཀླད་པ་དོམ་མཁྲིས་ཏིལ་ནག་)གསུམ། །མཁྲིས་པའི་མེ་བསད་གུར་ཀུམ་(ཅུ་གང་ཨུཏྤལ་ཏིག་ཏ་བ་ལེ་ཀ་བྲག་ཞུན་དྲུག་ལ་ཚད་སྟོབས་སྦྱར་ནས་ག་བུར་ཙན་དན་གི་ཝཾ་གིས་ཁ་བསྒྱུར་)བདུན་པ་གཉིས། །དུས་བཞི་ལྟག་པ་སྤྲད་ལ་བཏང་བར་བྱ། །དེ་འོག་སྦྱོང་བྱེད་ཆིག་ཐུབ་(ཐར་ནུ་ཆུ་རྩ་རེ་ལྕག་དྲི་ཆུར་)རྣམ་པ་གསུམ། །འཁྲུ་མདོག་བློན་(དམར་ན་བྱ་རྐང་སེར་ན་དུག་ཉུང་སྨུག་ན་རེ་རལ་ཟ་ཁུ་སྐྱི་འབྲུ་བེ་སྣབས་སུག་སྨེལ་)གྱིས་ཁ་བསྒྱུར་རུལ་དྲི་སྦྱང་།།ལན་གཅིག་ལན་གཉིས་གང་དགོས་ནད་སྟོབས་སྦྱར། །སྦྱངས་རྗེས་གཉེན་པོ་ཆིག་ཐུབ་(རང་ཤིའི་ཐོད་པ་ཐོག་རུས་ཆོས་སྨན་དུག་པུས་རྒུ་དྲུས་ཆུ་རྩ་གླ་རྩི་བྲག་ཞུན་)རྣམ་པ་གསུམ། །ཐུན་ཆུང་གྲངས་མང་བཏང་ལ་དངོས་པོ་བསད། །ཤིན་ཏུ་ཟུག་ཆེ་རྒྱུ་ཞབས་ཆུ་རྡོས་བདུག །བོང་ང་(དཀར་པོ་ཀྱི་ལྕེ་དཀར་པོ་ཧོང་ལེན་གྱི་ཕྱེ་མ་)ཆུ་འཁྱགས་སྦྱངས་པའི་སྨད་འདྲེན་བཏང༌། །གཞང་ཁ་ལུག་ན་ཤིང་ལེབ་ཁ་སྡོམ་བྱ། །དེ་ནས་ཚད་སྟོབས་ཅུང་ཟད་ཆག་མངོན་ནས། །མཆིན་པའི་ཟགས་སྡོམ་(གུར་ཀུམ་ཅུ་གང་བ་ལེ་ཏིག་ཏ་མཚེ་ཚིགས་ཨ་རུ་མཚལ་དོམ་མཁྲིས་)བྲག་ཞུན་དགུ་པ་དང་། །འཁྲུ་མདོག་སྒྱུར་བྱེད་(དམར་ན་བྱ་རྐང་ཚོས་སེར་ན་དུག་ཉུང་དོམ་མཁྲིས་བེ་སྣབས་སུག་སྨེལ་ཐོག་རུས་སྨུག་ན་རེ་རལ་ཁྲག་རྐང་ཟ་ཁུ་སྐྱི་འབྲུ་མི་མཁྲིས་ཀུན་ལ་ཀ་ར་སྦྱར་བ་)ལྟག་པ་སྤྲད་ལ་བཏང་། །ཟས་སྐོམ་ནས་སྔོན་ཅར་བརྡུངས་ཚོས་པ་ལ། །བ་རའི་འོ་མ་བག་ཙམ་བཏབ་པ་དང་། །བ་ཚྭ་མེད་པའི་ཆུ་གྲོག་བསྟེན་པར་བྱ། །དཀར་མངར་རུལ་སྐྱུར་དྲོད་བཅུད་མཐའ་དག་སྤང་། །དེ་ནས་ཚ་བ་ཆོགས་ན་ནད་སྟོབས་བྲི། །རྩ་དལ་ཆུ་སྔོ་དྲོད་ཆུང་ཕོ་ལོང་འཁྲོག །འཁྲུ་བའི་དྲི་དང་ཟུག་ཆུང་འཁྲུ་ཚིགས་རིང་། །འཁྲུ་བ་སྒྲ་བཅས་ཆུར་སྐྱུར་སྟེང་དུ་ལྡིང་། །དེ་དུས་གཅོད་བྱེད་སྨན་དང་གསར་བཅུད་ཟས། །རིམ་པས་སྤེལ་ཏེ་ཆུ་བོའི་རྒྱུན་ལམ་བཅད། །བཙན་ཐབས་མི་བཅད་ཆ་ཡིས་བྲིད་པ་ཡིན། །སྟོབས་ཆུང་ནད་ལ་བཅོས་ཐབས་རྣམ་པ་གསུམ། །རྒྱུ་རིམས་དང་པོ་རྩ་ཁ་བསྡམ་པ་དང༌། །བར་དུ་ཚ་བ་རོལ་དུ་བསད་པ་དང༌། །ཐ་མ་ཆུ་བོའི་རྒྱུན་ལམ་བཅད་པའོ། །ཀུན་གྱི་གཙོ་བོ་ཆིག་ཐུབ་དཀར་པོ་ཡིན། །དང་པོ་པར་པ་ཏ་དང་ཁྲག་རྐང་གཉིས། །གཙོ་བོ་ཆ་མཉམ་གངས་ཆུ་བསྐོལ་གྲང་བཏང་། །བར་དུ་ཏིག་ཏ་བོང་ང་སྲོ་ལོ་དཀར། །ཧོང་ལེན་བཞི་པོ་གཙོ་བོའི་སུམ་ཆ་སྦྱར། །བསྐོལ་གྲང་ཐང་ངམ་ཕྱེ་མ་ཆུས་སྦྱངས་བཏང༌། །ཐ་མ་ཚ་བའི་སྟོབས་ཆག་བཅད་རན་དུས། །སྐྱེར་པའི་མེ་ཏོག་གཙོ་བོའི་སུམ་ཆ་སྦྱར། །བ་ཡར་འོ་མར་བཏབ་བཏང་རྒྱུན་ལམ་གཅོད། །ཡང་ན་རྒུ་དྲུས་ཆོས་སྨན་ཐོད་པ་དང༌། །ཐོག་རུས་རྒྱལ་པོ་ཡིན་པས་སུམ་གཉིས་བཏང་། །གླ་རྩི་དོམ་མཁྲིས་ཨ་བྱག་བོང་ང་དཀར། །རྩི་དམར་ཆུ་རྩ་བྲག་ཞུན་སུམ་ཆ་བཏང་། །འཁྲུ་མདོག་དམར་ན་མེ་ཏོག་བྱ་རྐང་སྡེབ། །སེར་པོ་དུག་ཉུང་ཟ་ཁུ་སྐྱི་འབྲུ་སྡེབ། །རྒྱ་ཤལ་རེ་རལ་བེ་སྣབས་སུག་སྨེལ་སྡེབ། །གངས་ཆུ་སྦྱར་བས་རུལ་བསྲུང་ཚ་བ་གཅོག །འཁྲུ་བའི་ཚིགས་རིང་ཚད་ལྷག་བྲི་བ་དང༌། །ཀ་ར་སྦྱར་ལ་བ་འོ་བསྐོལ་གྲང་དབུལ། །རོ་འདོན་འཁྲུ་བ་གཅོད་ཅིང་ལུས་བརྟས་བྱེད། །བྱེ་བྲག་བཅོས་ཐབས་རྒྱུ་གཟེར་རྒྱུ་འཁོར་གཉིས། །སྤང་རྩི་ཧོང་ལེན་བོང་ང་སུམ་ཅུ་ཏིག །ཁྲག་རྐང་སྲོ་ལོ་པར་པ་ཏ་བསྡུས་ཐང་། །རྩ་ཁ་སྡོམ་དང་མི་འདྲུལ་སྲ་བར་བྱེད། །དམར་ཟལ་བ་ཡི་འོ་མ་མར་དཀར་བསྡུས། །རྒྱུ་མའི་ནང་རྩི་མི་འཛད་འདྲེད་པར་བྱེད། །ཁྱད་པར་རྒྱུ་གཟེར་རྒྱ་བཤལ་བཙོད་ཁུ་ལ། །གུར་ཀུམ་ཨུཏྤལ་ཀ་ར་སྲ་བྱེད་སྦྱར། །སེར་པོ་གི་ཝཾ་སྒྲོ་པུས་སྲ་བྱེད་སྦྱར། །ཁྲག་ཏུ་འཁྲུ་ན་དོམ་མཁྲིས་སྲ་བྱེད་སྦྱར། །རྒྱུ་འཁོར་ཆུ་རྩ་དུད་ཁུ་ཐལ་ཁུ་འདྲ། །ཨ་རུ་མཆུ་སྙུང་སྐྱེར་ཤུན་བ་ལེ་ཀ །གསེར་གྱི་མེ་ཏོག་སྲ་བྱེད་སྦྱར་ལ་བཏང༌། །ཁྲག་ནག་ཤེ་རུལ་འཁྲུ་ན་བ་ཤ་ཀ །སླེ་ཏྲེས་སྲ་བྱེད་སྦྱར་བའི་བསྡུས་ཐང་བཏང་། །རྒྱུ་འཁྲོག་དམར་པོར་འཁྲུ་ན་གུར་ཀུམ་དང༌། །དོམ་མཁྲིས་ཀར་སྦྱར་བོང་ངའི་ཆིག་ཐང་བཏང་། །ཆུ་སྐྱ་བེ་སྣབས་སུག་སྨེལ་ཀ་ར་སྦྱར། །རྒྱུ་ལྐུགས་ཨ་རུ་མཆུ་སྙུང་བ་ལེ་ཀ །བསྡུས་ཁུར་གསེར་གྱི་མེ་ཏོག་སུམ་ཅུ་ཏིག །ཏིག་ཏ་བོང་ང་དཀར་པོ་བཏབ་ལ་བཏང༌། །ལོང་རྩ་གཉིས་གཏར་གྲོད་པའི་ཆུ་དུགས་བྱ། །དེ་ཡིས་འཁྲུར་མ་འདོད་ན་(འཁྲུ་བའི་ཆིག་ཐུབ་གསུམ་གྱི་སྟེང་དུ་ཨ་བྱག་ཧོང་ལེན་དུག་པུས་དྲི་ཆུར་སྦྱར་བའི་)གཉན་བཤལ་བཏང༌། །ཟླ་ཕྱེད་ཕར་འདས་རྒྱུ་རིམས་རྙིང་པ་རྣམས། །མཁྲིས་ཕྱེ་བདུན་ནམ་ཨིཎྜ་བཞི་ཐང་བསྟེན། །འཁྲུ་བ་དྲི་བཅས་དུགས་ཡོད་བཤལ་གྱིས་སྦྱང་། །ཕྱེ་ཐུག་འབྲས་དང་ཆུ་གྲོག་བསྐོལ་གྲང་རྣམས། །བོངས་ཆུང་གྲངས་མང་བཏང་ཞིང་གནོད་ཟས་བསྲུང༌། །ཚ་བ་ཆོགས་ནས་བཅད་དུས་སླེབ་པའི་ཚེ། །ཅོང་ཞི་རྩི་མར་གངྒ་ཆུང་དང་གསུམ།  །ཡང་ན་མེ་ཏོག་བྱ་རྐང་ཤ་ནུས་བསྡུས། །བ་ཞོ་ཀླད་པ་སྤྱིན་དང་འབྲས་ཡོས་ཕྱེ། །ཚོས་པར་བཙོས་ལ་ཙེ་གུར་བཏང་བར་བྱ། །ཡང་ན་ད་ཏྲིག་ཀ་པེད་མོན་ཆ་ར། །སྨག་དང་ཐ་རམས་འབྲས་ཐུག་བཏབ་པ་འམ། །ཡང་ན་གཙོད་ཁྲག་རྒོད་ཁྲག་སྦྱར་ལ་བཏང༌། །ཡང་ན་ཐ་རམ་བྱ་རྐང་བསྡུས་ཁུ་ལ། །སྨག་དང་ད་ཏྲིག་ཀ་པེད་མོན་ཆ་ར། །ཞིབ་བཏགས་བཏབ་ལ་ཙེ་གུར་ཡང་ཡང་བཏང༌། །འཁྲུ་དྲགས་སྣོད་ཀྱི་དྲོད་ཤོར་གྲང་འབྱམས་ན། །སེ་འབྲུ་ལྔ་སྦྱར་རྒྱུ་ལོང་གསང་ལ་བསྲེག །ཁ་ཟས་ལུག་དང་བ་ལང་རི་དྭགས་ཤ། །མ་རུལ་གསར་པའི་ཚོ་ཁུ་བོངས་ཆུང་བཏང༌། །གསར་འཇམ་གླ་བ་རྒྱ་སྐྱེགས་ཤིང་ཐལ་སྦྱར། །ཅོང་ཞིའི་ཕྱེས་བྲན་ཁ་སྐོམ་བག་རེ་བསྟེན། །འཁྲུ་བ་མ་ཆོད་བར་དུ་ཟས་སྤྱོད་གཟབ། །ཅེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་རྒྱུ་གཟེར་གྱི་རིམས་བཅོས་པའི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པའོ།། །།


མཐའ་མའི་འདོན་ཐེངས་།: 20.12.2022 ཉིན། 3:58 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།