སྨན་རྩིས་དྲ་བ། - བཤད་རྒྱུད།

ལེའུ་ཉེར་ལྔ་པ། ངན་གཡོ་སྐྱོན་གྱི་སྒོ་ནས་བརྟག་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 22.08.2011
བཤད་རྒྱུད། >> ལེའུ་ཉེར་ལྔ་པ། ངན་གཡོ་སྐྱོན་གྱི་སྒོ་ནས་བརྟག་པ།
གཉིས་པ་ངན་གཡོ་སྐྱོན་གྱི་སྒོ་ནས་བརྟག་པ་ལ་གསུམ། ཉན་པར་གདམས་ཤིང་མདོར་བསྟན་པ། རྒྱས་པར་བཤད་པ། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་པ་ནས་ཐབས་འོག་གཞུག་ཅེས་པའི་བར་གྱིས་བསྟན་ཏེ། ཉེས་པ་དངོས་སུ་བརྟག་པ་བཤད་ཟིན་པའི་མཇུག་དེ་མ་ཐག་པ་དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །དེ་ཡང་ཀྱེ་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་བཤད་པར་བྱའོ། །ཞེས་གདམས་ནས་སྨན་པས་ནད་ཀྱི་བརྟག་ཐབས་གོང་དུ་བཤད་པ་དེ་ཙམ་དུ་མ་ཟད་རྣམ་པ་དུ་མའི་སྒོ་ནས་གང་ལའང་མ་རྨོངས་པའི་ཐབས་ཀྱི་སྒོ་ནས་བརྟག་ཅིང་ངེས་པར་བྱ་དགོས་པ་ལས་འདི་ལྟར་རང་ཉིད་ལ་སྐྱེ་བོ་ཀུན་གྱིས་མཁས་པའི་མཆོག་ཏུ་གྱུར་པའོ། །ཞེས་སྙན་གྲགས་ཀྱང་འབྱུང་བའི་ཆེད་དུ་ངན་གཡོ་སྐྱོན་ཐབས་ཀྱི་སྒོ་ནས་ནད་བརྟག་པའི་ཚུལ་འདི་ལྟ་བུ་ཡང་ཅི་ནས་ཤེས་ཤིང་ཁོང་དུ་ཆུད་པར་བྱ་དགོས་སོ། །དེ་ལ་ནི་ནད་སྤྱི་བྱེ་བྲག་གི་མཚན་ཉིད་ཤེས་པར་བྱ་བ་དང༌། ཕོ་ཉ་བ་སོགས་ལ་ཚང་འབྲུ་བའི་ཚུལ་དང༌། ནད་པའི་མདུན་དེར་ཡང་དུས་བསྲིང་བ་དང༌། སྔར་གྱི་རྗེས་བཅད་པའི་ཚུལ་དང༌། བཅུད་ལ་བོར་བའི་ལན་དང༌། ཁ་བཅིང་བར་བྱ་བ་དང༌། སྤོ་ལ་གདོན་པར་བྱ་བ་དང༌། ཐབས་ཀྱི་འོག་ཏུ་གཞུག་པའི་ཚུལ་བཤད་པ་དང་རྣམ་པ་བརྒྱད་ཀྱི་སྒོ་ནས་བརྟག་པའོ།།

གཉིས་པ་རྒྱས་པར་བཤད་པ་བརྒྱད་ལས། དང་པོ་མཚན་ཉིད་ཤེས་པར་བྱ་བ་ལ་གཉིས་ཏེ། སྤྱི་དོན་དང༌། ཚིག་དོན་ནོ། །དང་པོ་ནི། སློབ་དཔོན་གྱིས། ལྡང་འགྱུར་དེ་ནི་མཐའ་ཡས་ཏེ། །སྣ་ཚོགས་ནད་ནི་ཕྱེད་པར་འགྱུར། །ཡན་ལག་ནང་ཁྲོལ་ལྷུ་ཚིགས་བརྟེན། །ཡན་ལག་ཁྲག་སོགས་པགས་པ་ཡིན། །དེ་ནི་ཕྱི་རོལ་ནད་གནས་ཏེ། །དེ་བསྟེན་མ་ཞུ་ཡན་ལག་ན། །ལྦ་བ་བེ་སྣབས་འབྲུམ་པ་སོགས། །གཞང་འབྲུམ་སྐྲན་དང་འོར་ནད་སོགས། །དེ་དག་ཕྱི་རོལ་ནད་ཅེས་བྱ། །ནང་ནད་རྩ་སྦུབས་ཆེན་པོ་དང༌། །མ་ཞུ་ཞུ་བའི་གནས་ལ་བརྟེན། །གནས་དེ་ལས་ནི་སྐྱུག་ཚད་འཁྲུ། །དམུ་རྫིངས་ལུད་པ་དབུགས་མི་བདེ། །ནང་གི་ཆ་ཡིས་གཞང་འབྲུམ་སྐྲངས། །སྐྲན་དང་མེ་དབལ་ཁོང་འབྲུམ་དང༌། །མགོ་བོ་སྙིང་དང་ཆུ་སོ་སོགས། །རུས་པའི་ཚིགས་ནད་གནད་ཡིན་ནོ། །དེ་འབྲེལ་རྩ་དང་ཆུ་བ་དང༌། །ཆུ་བ་ཆེ་སོགས་བར་མ་ཡིན། །དེ་ལ་ནད་དམ་དེར་གནས་པ། །གཅོང་ཆེན་གཞོགས་ཕྱེད་མཇིང་ཁ་ཡོ། །ཀླད་ནད་སོགས་དང་ཚིགས་རུས་དང༌། །དཔྱི་ཡི་གཟེར་དང་གདོན་ནད་སོགས། །འབྱིན་ཁྱབ་ཟུག་དང་སྙོམ་པ་དང༌། །ལུས་ཚ་ནད་གཟེར་བྱེ་བ་དང༌། །འབྱར་ཞིང་ཆག་སྙམ་རྐང་ལག་འཁུམས། །བསྒོངས་དང་བརྩེ་དང་སྐོམ་བྱེད་དང༌། །འདར་དང་རྩུབ་དང་ཁོང་སྟོང་དང༌། །སྐེམ་དང་མགུལ་དང་དཀྲིས་སྙམ་དང༌། །རེངས་དང་རོ་བསྐ བྲོ་བའོ། །མདོག་ནི་གནག་གམ་དམར་བ་དག །རླུང་གི་ལས་ཡིན་མཁྲིས་པའི་ལས། །ལུས་ཚ་མདོག་དམར་དྲོད་སྨིན་བྱེད། །རྔུལ་དང་རྣག་དང་འཛག་པ་སྟེ། །འདྲུལ་དང་བརྒྱལ་ཞིང་མྱོས་པ་དང༌། །ཁ་ཡི་རོ་ཁ་སྐྱུར་བ་དང༌། །མདོག་སྐྱ་དམར་རྩ་མ་ཡིན་པའོ། །བད་ཀན་ལས་ནི་མཁྲང་ཞིང་སྣུམ། །གཡའ་ཞིང་ཁོང་གྲང་ལྕི་བ་དང༌། །ཚིགས་དམ་ཤ་རྒྱས་རྨོངས་བག་དང༌། །སྐྲངས་ཤིང་གཉིད་ཆེ་ཟས་མི་འཇུ། །མདོག་དཀར་ཁ་རོ་ལན་ཚྭ་མངར། །ལས་ཀྱི་མཐའ་ལ་འདམ་རིང་བའི། །དེ་ལྟར་ཇི་སྐད་བཤད་པ་ཡིས། མཚན་ཉིད་ཀྱིས་ནི་ནད་ཀུན་ཁྱབ། །དེ་ནི་མ་ཡེངས་ལྟ་སོགས་པས། །ཡང་དག་པར་ནི་ཤེས་པར་བྱེད། །ནད་ཀྱི་གནས་སྐབས་དབྱེ་ཤེས་པས། །ནད་པ་སྐད་ཅིག་རེ་རེར་བལྟ། །གོམས་པས་ངེས་པ་འཐོབ་འགྱུར་ཏེ། །ལས་རྣམས་གྲུབ་པ་གསལ་བྱེད་ཡིན། །རིན་ཅེན་ལ་སོགས་བཟང་ངན་ཤེས། །བསྟན་བཅོས་འབའ་ཞིག་ལས་མི་འབྱུང༌། །ཞེས་དང༌། རྒྱུ་དེ་དག་གིས་ནི་ནད་དུ་འགྱུར་པའི་རླུང་དང༌། མཁྲིས་པ་དང༌། བད་ཀན་རྣམས་མ་སྙོམས་ཏེ་འཁྲུགས་ནས་ལུས་ཀྱི་ཡན་ལག་དང་ནང་ཁྲོལ་དང་ལྷུ་ཚིགས་ཀྱི་མཚམས་ཀུན་ཏུ་ནད་རྣམ་པ་སྣ་ཚོགས་ཀྱིས་འདེབས་པར་བྱེད་དོ། །དེ་ལ་ཡན་ལག་གི་ཁྲག་དང་ཤ་དང་པགས་པ་འདི་དག་ལས་ཕྱི་རོལ་གྱི་ནད་རྣམས་འབྱུང་སྟེ་ཨ་པ་ཙི་ཞེས་བྱ་བ་དང༌། ལག་པ་དང་རྐང་པ་ལྷུང་བ་བཞིན་འགུལ་མི་ཤེས་པའི་ནད་དང་ལྦ་བ་དང་རྒྱབ་བམ་བྲང་དུ་འབྲུམ་བུ་སྔོན་པོ་འབྱུང་བའི་ནད་དང༌། རྨེན་བུ་ལ་སོགས་པ་དང་ཕྱི་རོལ་གྱི་སྐྲན་དང་གཞང་ཁའི་གཞང་འབྲུམ་དང་སྣའམ་རྣ་བར་ཐུག་ཆེན་འབྱུང་བ་ལས་ཁྲག་ཏུ་ཟགས་པ་དང་ཤ་དང་པགས་པའི་བར་གྱི་སྐྲན་དང༌། ལུས་སྐྲངས་པའི་འོར་ནད་ལ་སོགས་པ་འདི་དག་ནི་ཕྱི་རོལ་གྱི་ཡན་ལག་གི་ནད་ཅེས་བྱའོ། །ཁོང་བའི་ནང་ཁྲོལ་གྱི་ནད་ནི་རྩའི་རྒྱུན་ཆེན་པོ་བཅུ་དང་མ་ཞུ་བའི་གནས་ཕོ་བ་དང་ཞུ་བའི་ས་འདི་དག་ལ་ནང་ཁྲོལ་རྣམས་བསྟན་ཏེ་ནང་ཁྲོལ་གྱི་ནད་དུ་སྐྱུག་པ་འབྱུང་བ་དང༌། ཚད་པར་འཁྲུ་བ་དང༌། ལུད་པར་ལུ་བ་དང་དབུགས་མི་བདེ་བ་དང༌། དམུ་རྫིངས་དང་རིམས་ལ་སོགས་པ་དང༌། ལུས་སྐྲངས་པའི་འོར་དང༌། ནང་གི་གཞང་འབྲུམ་དང་ཁྲག་ཚད་དང་སྐྲན་དང་འབྲུམ་བུ་གཅིག་པའི་ནད་དང་འབྲུམ་ཆེན་དང་འདི་རྣམས་ནི་ནང་གི་ནད་དུ་གཏོགས་སོ། །མགོ་བོ་དང་སྙིང་དང་ཆུ་སོ་དང་གནད་རྣམས་དང་རུས་པ་རྣམས་ཀྱི་ནད་ནི་ཚིགས་ཀྱི་ནད་ཅེས་བྱའོ། །ཚིགས་དེ་རྣམས་དང་འབྲེལ་བའི་རྩ་བ་དང་ཆུ་བ་ཆུ་བ་ཆེན་པོ་ལ་སོགས་པ་འདི་དག་ནི་བར་གྱི་ནད་ཀྱི་ལམ་སྲང་ཞེས་བྱའོ། །བར་གྱི་ནད་ཀྱི་ལམ་སྲང་དེ་ལ་ནད་ནི་གཅོང་གསོ་དཀའ་བ་དང༌། གཞོགས་ཕྱེད་ན་བ་དང༌། མཇིང་བ་དང་ཁ་ཡོན་པོར་འགྱུར་བའི་ནད་དང༌། ཀླད་པ་ན་བ་དང༌། རྣ་བ་ན་བ་དང༌། སྣ་ལ་སོགས་པ་ན་བ་དང༌། ཚིགས་ཐམས་ཅད་ན་བ་དང༌། རུས་པ་ན་བ་དང༌། དཔྱི་ན་བ་དང་གདོན་ནད་ལ་སོགས་པ་འདི་རྣམས་ནི་བར་ན་གནས་པའི་ནད་ཅེས་བྱའོ། །ལུས་ལ་གནས་པའི་རླུང་གི་ནད་སྣ་ཚོགས་བསྟན་པ་རླུང་གི་ལས་ནི་བཤང་གཅིའི་དྲི་མ་ཐུར་དུ་འབྱིན་པར་བྱེད།

རླུང་གི་ལས་ནི་ལུས་ལ་ཁྱབ་པར་བྱེད། གནད་པ་སྙམ་དུ་ལྷང་ལྷང་བྱེད་པ་དང༌། རེས་འགའ་རླུང་ཁོང་དུ་ཞི་ན་གཉིད་ལོག་པ་བཞིན་དུ་དུབ་པར་བྱེད། ལུས་ཀྱི་དྲོད་ཆུང༌། ཡན་ལག་ཟུག་པ་བཞིན་དུ་ན་བ་དང༌། སོ་སོར་བྱེད་པ་སྙམ་དུ་བྱེད་པའི་ན་བ་དང༌། ལུས་དང་ཡན་ལག་འབྱར་བ་སྙམ་དུ་བྱེད་ཅིང་ན་བ་དང༌། ཤ་རུས་བཅག་པ་སྙམ་དུ་བྱེད་པ་དང༌། རྐང་ལག་འཁུམས་པ་དང་འདུག་ལངས་ཀྱིས་བསྐྱོད་པ་དང་སོ་དང་ཤ་རྩི་ན་བ་དང༌། ལུས་བརྟ་བར་གྱེར་བ་དང༌། ལུས་དང་རྐང་ལག་འདར་བ་དང༌། ལུས་རྩུབ་པ་དང༌། ལུས་ཀྱི་སྦུ་གུ་དོད་པ་དང༌། ཤ་སྐེམ་པར་བྱེད་པ་དང༌། ལུས་ཀྱི་ཤ་འགུལ་པ་དང༌། ལུས་བྱ་རྨྱང་བྱེད་པ་དང༌། རླུང་གིས་བཏབ་སྟེ་ལུས་རེངས་པ་དང༌། རླུང་ནད་དུ་ན་ན་ཁའི་ནང་རོ་བསྐ་བར་བྲོའོ། །རླུང་ཆེ་བའི་བཞིན་མདོག་ནི་རྩ་གནག་གམ་ཐབས་འདི་རྣམས་ལྟ་བུར་གྱུར་པ་ནི་རླུང་ལས་གྱུར་པར་བལྟའོ། །མིའི་ལུས་ལ་མཁྲིས་པའི་ལས་ཀྱི་འགྱུར་བ་བསྟན་པ། ལུས་ལ་མཁྲིས་པ་རྒྱས་ན་ལུས་ཚ། མདོག་དམར་པོར་འགྱུར། ལུས་ཀྱི་དྲོད་དང་ཟས་འཇུ་བར་བྱེད་ལུས་རྔུལ་ལུས་ཕྱི་ནང་རུལ་བག་ཏུ་མནམ་ཐོར་བུ་འབྱུང་ཞིང་རྣག་ཁྲག་ཏུ་འཛག རྨ་རེད་ཅིང་འདྲུལ་བརྒྱལ་ཞིང་མྱོས་ཁའི་ནང་གི་རོ་ཁ་བ་དང་སྐྱུར་བ་བྲོ། བཞིན་མདོག་ནི་སེར་སྐྱར་འདུག་ལ་རྩ་དམར་བ་མ་ཡིན་ནོ། །བད་ཀན་གྱི་ལས་ཀྱི་ལུས་ཀྱི་འགྱུར་བ་བསྟན་པ། ལུས་ལ་བད་ཀན་ཆེ་བ་ནི་ལུས་ཀྱི་ཤ་མདོག་སྣུམ། ཤ་མཁྲང་ལུས་གཡའ་ཁོང་གྲང་ལུས་ལྕི་ལུས་ཚིགས་ཐམས་ཅད་མི་འཁྲུལ་བར་དྲང་པོར་འབྲེལ་བར་བྱེད། ལུས་ཐམས་ཅད་ཤ་རྒྱས་པར་བྱེད། བད་ཀན་ཆེ་ན་སེམས་ནི་རྨོངས་བག་ཏུ་བྱེད། ལུས་སྐྲངས། ཟས་མི་འཇུ། གཉིད་རབ་ཏུ་ཆེ། ལུས་དང་བཞིན་གྱི་མདོག་ནི་དཀར། ཁར་རོ་ནི་མངར་བ་དང་ལན་ཚྭ་བྲོའོ། །ལས་ཅི་བྱེད་དོ་ཅོག་ལ་འདམ་རིང་ངོ༌། །དེ་ལྟར་ནད་དོ་ཅོག་ཐམས་ཅད་ནི་རླུང་དང་མཁྲིས་པ་དང་བད་ཀན་གྱི་རང་བཞིན་ལས་གྱུར་ཅིང༌། དེས་ནད་ལ་ཁྱབ་པར་བལྟའོ། །ནད་པ་བརྟག་པའི་ཐབས་བཤད་པ། ཅི་ན་བ་བརྟག་པ་ནི་བཞིན་མདོག་དང་མིག་དང་ལྕེ་དང་སེན་མོ་ལ་བལྟ་བ་དང༌། རྩ་ལ་ལག་པས་མྱངས་ཏེ་བལྟ་བ་དང༌། ནད་པའི་ནད་ཐབས་དྲི་བ་དང་ཇི་ལྟར་ན་བ་དང་ཇི་ཙམ་ན་ནད་ལྡང་བ་དང་མི་ན་བའི་སྔ་རོལ་དུ་ཁ་ཟས་ཅི་ཟོས་ལས་ཅི་དག་བྱས་པ་ཞིབ་ཏུ་ལེགས་པར་བརྟགས་ཏེ་ཤེས་པར་བྱས་ལ་རྩིང་པོ་ཡལ་བར་མི་བྱའོ། །དེ་ལྟ་བས་ན་སྨན་པས་ནད་པའི་ནད་ཀྱི་བྱེ་བྲག་དང་ནད་ཚབས་ཆེ་ཚ་ཞིང་དར་ལ་བབ་པར་ཤེས་ཤིང་མཐོང་ནས་ཕྱི་བཤོལ་མ་བྱེད་ཅིག ཡོངས་ནི་སྨན་སྦྱར་བའི་ཐབས་དང༌། བརྟག་པ་དང་གསོ་བའི་ཐབས་འདི་རྣམས་ཀྱི་ས་ལས་མཐོང་སྟེ་ལབ་པར་བྱ་བ་དང༌། ལག་བསོད་པར་བྱ་བ་དང༌། སྨན་པ་ལ་གཏམ་སྙམ་པར་གྲགས་པར་བྱ་བ་འདི་རྣམས་སུ་ཀུན་ཀྱང་ལན་མང་དུ་གོམས་ན་གདོད་འགྲུབ་པར་འགྱུར་རོ། །དཔེར་ན་ནོར་བུ་རིན་པོ་ཆེ་དང་མཆིང་བུ་མི་ལྟ་བུས་བཟང་ངན་ལྟ་བ་དཔྱད་ཀྱི་ཡི་གེས་ཤེས་པར་མི་འགྱུར་གྱི། མཐོང་བ་མང་པོ་ལབས་ཏེ་ཤེས་པ་དང་འདྲའོ། །ཞེས་བྱ་བ་དང༌། ཟླ་ཟེར་ལས། དེ་ལྟར་ནད་ཀྱི་མཚན་ཉིད་ཀུན་ལ་ཁྱབ་པ་ཇི་སྐད་བཤད་པའི་ནད་ཀྱི་མཚན་ཉིད་དེ་ནི་མ་ཡེངས་པ་སྟེ་འབད་པ་དང་ལྡན་ཞིང་སེམས་གཞན་དུ་མ་ཡེངས་པའི་སྨན་པ་བརྩོན་པ་དང་ལྡན་པས་བལྟ་བ་ལ་སོགས་པས་ཞེས་པ་བལྟ་བ་དང༌། མྱང་བ་དང༌། དྲིས་པས་ཡང་དག་པར་ཤེས་པར་བྱ་ཕྱིར་རྟོགས་པར་བྱའོ།།

དེ་ལ་བལྟ་བ་ནི། མདོག་དང༌། གནས་དང༌། ཚད་དང༌། མཆིལ་སྣབས་དང༌། བཤང་གཅི་དང༌། སྐྱུག་པ་ལ་སོགས་པ་ལ་བལྟ་བས་ཏེ། སོགས་པའི་སྒྲས་ནི་རྣ་བའི་སྒྲ་དང༌། རྒྱུ་མ་ཀྲུག་ཀྲུག་ཟེར་བ་དང༌། སོར་ཚིགས་ལ་སོགས་པ་གཅོག་པ་ཐོས་པ་ལས་ཤེས་པར་བྱའོ། །མནམས་པས་ནི་ལུས་དང༌། བཤང་བ་དང༌། གཅི་བ་དང༌། རྨ་ལ་སོགས་པའི་དྲི་བརྟག་པར་བྱའོ། །རེག་པས་ནི་གྲང་བ་དང༌། དྲོ་བ་དང༌། འཇམ་པ་དང༌། རྩུབ་པ་དང༌། མགུལ་བའི་རེག་བྱ་ཤེས་པར་བྱའོ། །ཁའི་རོ་ནི་དྲིས་པ་ལས་ཤེས་པར་བྱའོ། །དེ་བཞིན་དུ་སྐྱུག་སླ་བ་དང༌། སྐྱུག་དཀའ་བ་དང༌། ལྟོ་སྲ་བ་དང༌། སྙི་བ་དང༌། རྨི་ལམ་དུ་ཅི་མཐོང་བ་དང༌། གང་ལ་མངོན་པར་དགའ་བ་དང༌། ནད་གང་གི་ཚེ་ནས་ཞུགས་པ་དང༌། སྐྱེས་པའི་སྐར་མ་དང༌། མཛའ་བ་དང༌། མི་མཛའ་བ་དང༌། བདེ་བ་དང༌། སྡུག་བསྔལ་བ་ལ་སོགས་པ་དྲི་བར་བྱའོ། །འདི་དག་ནི་ཕྱོགས་གཅིག་ཙམ་བསྟན་པ་ཡིན་པར་ཤེས་པར་བྱའོ། །དེ་བཞིན་དུ་རྗེས་སུ་དཔགས་པ་ལས་ཀྱང་ཤེས་པར་བྱ་སྟེ། རེ་ཞིག་ཕྱིར་འབྱུང་ཞིང་རྒྱུ་བ་ལས་ལུས་ཀྱི་བཅུད་དང་རོ་ཉམས་པ་ཤེས་པར་བྱའོ། །སྦྲང་བུ་འདུ་བ་ལས་ནི་མངར་བར་རོ་དེ་བཞིན་དུ་ཕོ་བའི་དྲོད་དང་འཇུ་བ་ལས་སོ། །སྟོབས་ནི་རྩོལ་བའི་ནུས་པ་ལས་ཤེས་པར་བྱའོ། །ནད་ཀྱི་མཚན་མ་མི་མངོན་པ་དག་ནི་བསམ་པའི་སྲེད་པ་དང་མི་སྲེད་པ་ལས་སོ། །ནད་ཀྱི་ཚད་ནི་སྤྱོད་པའི་ཁྱད་པར་ལས་སོ། །ཚེ་ཟད་པ་ནི་འཆི་ལྟས་ལས་སོ། །རང་བཞིན་དང༌། སྙིང་སྟོབས་དང༌། སྤྲོ་བ་དང༌། གོམས་པ་ནི་རྟག་ཏུ་འགྲོགས་པ་ལས་ཤེས་པར་བྱའོ། །དེ་ཡང་ཙ་ར་ཀ་ལས། ཤེས་པའི་སྒྲོན་མེའི་སྣང་བ་ཡིས། །ནད་པའི་ནང་གི་བདག་ཉིད་ནི། །མ་ཤེས་བར་དུ་སྦྱར་ཤེས་གང༌། །དེ་ནི་ནད་རྣམས་གསོ་མི་བྱེད། །ཅེས་བཤད་པ་ཡིན་ནོ། །ཅི་སྨན་པ་གང་ལ་ལ་ཞིག་ཇི་ལྟར་རུང་བ་ཙམ་ཞིག་དེའི་མཚན་ཉིད་དང་ལྡན་པ་ཡིན་ནམ་ཞེ་ན། དེ་ཐམས་ཅད་མ་ཡིན་ཏེ། གཞན་དུ་ན་ནད་ཀྱི་གནས་སྐབས་ཀྱི་དབྱེ་བ་ཤེས་པ་དང༌། དེ་བཞིན་དུ་ནད་པ་སྐད་ཅིག་རེ་རེ་ཞིང་བལྟ་བ་དག་སྨན་པ་ཡིན་ཏེ། སྐད་ཅིག་སྐད་ཅིག་ཅིང་གནས་སྐབས་ཐམས་ཅད་དུ་ཡང་ནས་ཡང་དུ་རྒྱུན་མི་འཆད་པ་ལྟར་བལྟ་ཞིང་རྟོགས་པར་བྱེད་པའི་སྨན་པ་དེ་ལྟ་བུས་ནི་ནད་ཀྱི་གནས་སྐབས་ཀྱི་དབྱེ་བ་ཤེས་པ་ཡིན་ཏེ། དེ་ལྟར་ན་ནད་པ་སྐད་ཅིག་རེ་རེ་བཞིན་བལྟས་པས་དེ་ལས་རྣམས་ལ་གོམས་པ་སྐྱེ་བར་འགྱུར་བ་ཡིན་ནོ། །དེ་བས་ན་དེ་ནི་གོམས་པས་ངེས་པ་འཐོབ་འགྱུར་ཏེ། །ལས་རྣམས་འགྲུབ་པར་གསལ་བྱེད་ཡིན། །ཞེས་བཤད་པ་ཡིན་ཏེ། གོམས་པ་ནི་གསོ་བའི་ལས་ལ་ཡང་དུ་འཇུག་པས་ངེས་པས་ངེས་པ་ཞེས་བྱ་བས་གསོ་བ་ཤེས་པའི་ངེས་པ་རྙེད་པར་འགྱུར་གྱི། གསོ་བའི་བསྟན་བཅོས་ཁོང་དུ་ཆུད་པ་འབའ་ཞིག་ཙམ་གྱིས་ནི་མ་ཡིན་ནོ། །ཇི་ལྟ་བུའི་ངེས་པ་ཞེ་ན། ལས་རྣམས་འགྲུབ་པར་གསལ་བྱེད་ཡིན། །ཞེས་བྱ་བ་སྟེ་ཐམས་ཅད་འགྲུབ་པར་བྱེད་པ་ཡིན་པས་ན། ལས་རྣམས་འགྲུབ་པར་བྱེད་པ་སྟེ། དེ་གསལ་བར་བྱེད་པ་ནི་སྣང་བར་བྱེད་པའོ། །འདི་ཉིད་ཀྱི་དཔེ་བསྟན་པའི་ཕྱིར། རིན་ཅེན་ལ་སོགས་བཟང་ངན་ཤེས། །བསྟན་བཅོས་འབའ་ཞིག་ལས་མི་འབྱུང༌། །ཞེས་བཤད་པ་ཡིན་ཏེ། མརྒད་ལ་སོགས་པ་འདི་དག་གི་བཟང་ངན་ཤེས་པ་གང་ཡིན་པ་ནི་གོམས་པ་ཁོ་ན་རྒྱུའི་གཙོ་བོ་ཡིན་ཏེ། དེས་འདི་ནི་བཟང་པོའོ། །འདི་ནི་ངན་པའོ་ཞེས་རྟོགས་པར་འགྱུར་ཏེ། འདིར་རིན་པོ་ཆེ་བརྟག་པའི་བསྟན་བཅོས་ཡོད་དུ་ཟིན་ཀྱང༌། དེ་ཤེས་པར་འགྱུར་བ་བསྟན་བཅོས་འབའ་ཞིག་ལས་མི་འབྱུང་སྟེ། དེ་ནི་རིན་པོ་ཆེ་མང་པོ་ལན་མང་དུ་མཐོང་བའི་གོམས་པ་ལས་འདི་ནི་རིན་པོ་ཆེ་བཟང་པོ་ཡིན་ནོ། །འདི་ནི་མ་ཡིན་ནོ། །ཞེས་ཤེས་པ་སྐྱེ་བར་འགྱུར་རོ། །དེ་བཞིན་དུ་གང་ཞིག་སྨན་དཔྱད་ཀྱི་བསྟན་བཅོས་ཤེས་ཤིང་ཁོང་དུ་ཆུད་པ་དང༌། དེ་བཞིན་དུ་ལས་ལ་གོམས་ཤིང་བྱང་བའི་སྨན་པ་དེས་ནད་རབ་ཏུ་ཞིབ་འི་ལས་བྱེད་ན་སྲོག་ཆགས་རྣམས་ཀྱི་སྲོག་སྟེར་བར་བྱེད་པ་ཡིན་གྱི། ལས་ལ་གོམས་ཤིང་བྱང་བར་མ་བྱས་པར་གསོ་བའི་བསྟན་བཅོས་ཤེས་པ་འབའ་ཞིག་གིས་ནི་མ་ཡིན་ལ། ཐོས་པ་མེད་པར་གོམས་པ་འབའ་ཞིག་གིས་ཀྱང་མ་ཡིན་ནོ། །དེ་བས་ན་འབའ་ཞིག་ཅེས་པའི་སྒྲ་སྨོས་པ་ཡིན་ཏེ། འདི་ལ་ནི་གཉིས་ཀ་དགོས་པ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པས་རྒྱས་པར་བཤད་དོ།།

དེས་ན་གཞུང་ལུགས་ཆེན་པོའི་ཚིག་དོན་མ་ལུས་པ་ཁོང་དུ་ཆུད་པས་འཆད་རྩོད་རྩོམ་པ་ལ་མཁས་ཤིང༌། ནད་བརྟག་ཐབས་དང་གསོ་ཐབས་གསོ་བའི་ཚུལ་ལ་སོགས་པའི་ལག་ལེན་རྣམས་ལ་གོམས་ཤིང་འདྲིས་པ་སྟེ། འདི་གཉིས་ཀ་དང་ལྡན་པ་ལ་སྨན་པ་མཁས་པ་ཞེས་བྱ་བར་འོས་ཤིང་རིགས་མོད། འོན་ཀྱང་དེང་སང་གི་དུས་ན་སྨན་པ་སོ་སོ་དང་སྐྱེ་བོ་མཁས་བླུན་ཐ་མལ་པར་གནས་པ་ཀུན་གྱིས་ཅིག་ཆར་དུ་འདི་ལྟར་སྨྲ་སྟེ། སྨན་པ་དེས་ནི་གཞུང་ལུགས་མི་ཤེས་ཀྱང་མན་ངག་བཅོས་ཤིན་ཏུ་མཁས་སོ་ཞེས་པ་དང༌། དེ་ལ་གཟུང་བཤད་ཡོད་ཀྱང་ལག་ལེན་མེད་དོ་ཞེས་བྱ་བ་དང༌། དེ་ནི་ནད་ཐོག་ཏུ་སྨན་པའི་རྒྱལ་པོ་ལྟ་བུར་ཡོད་ཀྱང་བཤད་པ་མི་ཤེས་སོ་ཟེར་བ་ལ་སོགས་ཏེ་རི་བོང་གི་ཅལ་བཞིན་དུ་སྣ་ཚོགས་པར་སྒྲོག་ཅིང་འཛིན་པ་དང༌། རྟགས་ལྡན་དུ་གྲགས་པ་མ་ཡིན་ན་ཕར་ཞོག་ཆ་ལུགས་དེ་ལྟར་གྱུར་པ་ཀུན་གྱིས་སྨན་དཔྱད་ཟབ་མོར་ཤེས་པར་རློམ་ཤིང་གཞན་གྱིས་ཀྱང་ཡིད་ཆེས་ཀྱི་གནས་སུ་བྱེད་པ་འདི་ནི་གསོ་བ་རིག་པའི་བསྟན་པ་ཆེས་ཆེར་ཉམས་པའི་ལྟས་དང༌། རྒྱལ་ཁམས་ཡངས་པོ་མ་མཐོང་བས་ཨ་མའི་གསང་གནས་ལ་བལྟད་མོར་བྱེད་པའམ། རྒྱུ་མེད་ཀྱི་ལྷ་བཤོས་འདོད་པའམ། དམུས་ལོང་གིས་རི་མོའི་རྣམ་དབྱེ་བརྗོད་པ་དང་འདྲ་བར་ལུང་རིགས་ལས་འདས་པ་ཡིན་ནོ། །

གཉིས་པ་ཚིག་གི་དོན་ནི། དང་པོ་ཞེས་པ་ནས་པར་ཡང་མིན་ཞེས་པའི་བར་གྱིས་བསྟན་ཏེ། ངན་གཡོ་སྐྱོན་བརྟག་གི་ནང་ནས་དང་པོ་ནད་གང་ཡིན་གྱི་མཚན་ཉིད་ཤེས་པར་བྱ་བ་ནི། ནད་ཀུན་གྱི་སྤྱི་དང་ཁྱད་པར་གྱི་རྟགས་རྒྱུ་རྐྱེན་ཞུགས་ཚུལ་མཚན་ཉིད་སོགས་གོང་དུ་ནད་གནས་དང༌། འོག་ནས་མན་ངག་རྒྱུད་ནས་འབྱུང་བ་ལྟར་སོ་སོར་འབྱེད་ཤེས་དགོས་པ་དེ་དག་གིས་ནི་ནད་པའི་ལུས་ཀྱི་ཆ་ཤས་འདི་ལྟ་བུ་ཞིག་ན་ཞེས་སྨོས་པ་ཙམ་ལས་དེ་ནི་ནད་འདི་འདྲ་ཞིག་འོང་སྙམ་དུ་འཁྲུལ་མེད་རྟོགས་པར་འགྱུར་བ་དེའི་ཕྱིར་ན་བཤད་མ་ཐག་པའི་ནད་ཀྱི་རྒྱུ་རྐྱེན་སོགས་དང༌། སློབ་དཔོན་གྱིས། འདི་ནི་འདིའོ་ཞེས་བྱ་བ་ལ་སོགས་པའི་སྒོ་ནས་ནད་པ་གསོ་བ་མང་དུ་མཐོང་བ་ལྟར་གཞུང་བཤད་དང་ངོ་སྤྲོད་གཉིས་ཀ་ལ་གོམས་ཤིང་འདྲིས་པ་ནི་ཤིན་ཏུ་གཅེས་པ་ཡིན་ཏེ། དཔེར་ན་བཻཌཱུརྱ་ལ་སོགས་པའི་རིན་པོ་ཆེ་དང༌། ལ་སོགས་པའི་ཁོངས་ནས་དཀར་ཡོལ་དང་གོས་དར་སོགས་སམ། རྟ་དང༌། གླང་པོ་དང༌། སྨན་ལྟ་བུའི་བཟང་ངན་ཤེས་པར་བྱ་བ་དེའང་སོ་སོའི་མཚན་ཉིད་སྟོན་བྱེད་ཀྱི་བསྟན་བཅོས་ཁོ་ན་མཐོང་བས་ཀྱང་རྟོགས་པ་མ་ཡིན་ཞིང༌། བསྟན་བཅོས་དེ་མེད་པར་མཐོང་བ་བརྒྱུད་པའི་ངོ་སྤྲོད་ཁོ་ནས་ཀྱང་མཐའ་མི་ཆོད་ཅིང༌། ཇི་ལྟ་བ་ཁོང་དུ་ཆུད་པར་ནུས་པ་ཡང་མ་ཡིན་པ་དེས་ན་འདི་གཉིས་པོ་གང་ཡང་རུང་བ་ཞིག་མེད་ན་མཁས་པ་མི་འབྱུང་བས་ཟུང་འབྲེལ་དུ་བསླབ་པ་ལ་ནན་ཏན་གྱིས་ཤིག གཉིས་པ་ཕོ་ཉ་བ་སོགས་ལ་ཚང་འབྲུ་བའི་སྒོ་ནས་བརྟག་པ་ནི། ཚང་འབྲུ་ཞེས་པ་ནས་མངོན་པར་ཤེས་ཞེས་པའི་བར་གྱིས་བསྟན་ཏེ། ནད་པ་དང་མ་འཕྲད་པའི་སྔ་རོལ་ཏུ་ཚང་འབྲུ་བ་ནི་ཕོ་ཉ་བ་ནད་པ་དང་འབྲེལ་ཞིང་རྒྱུས་ཡོད་པ་ཞིག་ལ་གཡོ་ཐབས་མཁས་པའི་ངག་གིས་བརྟག་པར་བྱ་བའི་ཕྱིར་རྐང་སྐྱ་ཅི་རིགས་སྣ་ཚོགས་དང་སྤེལ་ནས་ནད་པ་དེའི་ལུས་ཀྱི་ཆ་ཤས་ཅི་ན། ན་ལུགས་ཇི་ལྟར་ན། ཟས་སྨན་གང་འདྲ་བཏང༌། སྨན་པ་སུ་ཡིན་དང༌། ཞག་གྲངས་དུ་ཙམ་སོང་ཞེས་སོགས་དྲིས་པའི་སྒོ་ནས་ལེགས་པར་དཔྱད་པས་ནད་པ་དེ་ཉིད་ཀྱིས་མི་སྨྲ་བའི་སྔ་རོལ་ནས་ཆ་ཙམ་མངོན་པར་ཤེས་པར་འགྱུར་རོ། །གསུམ་པ་དུས་བསྲིང་བ་ནི། དུས་བསྲིང་ཞེས་པ་ནས་གཏམ་ལ་དཔྱད་ཅེས་པའི་བར་གྱིས་བསྟན་ཏེ། ནད་གང་ཡང་བལྟ་རེག་ཙམ་གྱིས་འཁྲུལ་མེད་དུ་མ་ཤེས་ན་རེ་ཞིག་ནད་པའི་རྩར་དུས་བསྲིང་ཞིང་རིངས་སྟབས་མ་ཡིན་པ་ཐེངས་གཅིག་གཉིས་བག་ཕབ་ལ་གནས་ནས། སྡོད་རིང་དེ་བར་ལ་ལུས་ངག་གི་བྱ་བ་ཡེངས་མ་གཏམ་གྱི་སྒོ་ནས་འདྲི་ཞིང་རྣམ་འགྱུར་ལ་དཔྱད་པས་རྟོགས་པར་འགྱུར་རོ།།

བཞི་པ་རྗེས་བཅད་ནི། རྗེས་བཅད་ཅེས་པ་ནས་ཕྱོགས་མཐུན་རྟོགས་ཞེས་པའི་བར་གྱིས་བསྟན་ཏེ། སྔར་སྨན་པ་གཞན་གྱིས་ཇི་ལྟར་བཅོས་པ་རྗེས་བཅད་པའི་ཚུལ་གྱིས་བརྟག་པ་ནི། གཏར་བསྲེགས་སོགས་དཔྱད་དང་བསིལ་དྲོད་ཀྱི་སྨན་སྦྱོར་ཇི་ལྟ་བུ་བྱས་ཞེས་ཐབས་མཁས་ཀྱིས་བཙལ་བས་དཔྱད་འདི་བཞིན་བྱས། སྨན་འདི་དང་འདི་འདྲ་སྦྱར་ཞེས་པའི་ཚིག་རྙེད་པ་ཙམ་གྱིས་སྦྱོར་བ་སྨན་གནས་དང་སྦྱར་ནས་བརྟགས་པས་ཚ་གྲང་གི་རིགས་ཕྱོགས་མཐུན་རྟོགས་པར་ནུས་པའོ། །ལྔ་པ་བཅུད་ལ་བོར་བ་ནི། བཅུད་ལ་ཞེས་པ་ནས་ཅི་བྱ་འབྱིན་ཞེས་པའི་བར་གྱིས་བསྟན་ཏེ། བཅུད་ལ་བོར་བ་ཞེས་བྱ་བ་ནད་པ་ལ་ན་ལུགས་སོགས་དྲིས་པས་གསལ་པོར་མི་སྨྲ་བ་ལས་ཚུལ་བཞིན་གལ་ཏེ་མ་རྟོགས་ན་འོལ་ཚོད་ཀྱི་དབང་གིས་ནད་འདི་ཡིན་ཞེས་སྨྲ་བར་མི་བྱ་སྟེ། ཅིའི་ཕྱིར་ཞེ་ན། མི་མཁས་ཞེས་པའི་གཏམ་ངན་པ་སྒྲོག་ཏུ་འབྱུང་བའི་ཕྱིར། ངན་པའི་ཟས་སྤྱོད་འདི་དང་འདི་ལྟ་བུ་མི་བྱ་ཞིང་ཐོག་མར་གདོན་བཅོས་དགོས་པ་འདུག་ལ། དེ་ནས་སྨན་ཞིག་སྦྱར་ན་ངེས་པར་ཕན་ནོ། །ཞེས་ངག་བྱིང་པོར་སྨྲས་པས། ནད་པ་དེའི་ངང་གིས་མི་ཐུབ་པར་གནས། འདི་ན་ཚུལ་འདི་ལྟར་ན། རྐྱེན་འདི་འདྲ་བྱུང༌། བཅོས་འདི་ལྟ་བུ་ཞིག་བྱས་ཞེས་གསལ་པོར་འབྱིན་པར་འགྱུར་བས་སླར་ཡང་དེ་ལྟ་བུའི་ཚིག་ལ་བརྟག་པར་བྱའོ། །དྲུག་པ་ཁ་བཅིང་བ་ནི། ཁ་བཅིང་ཞེས་པ་ནས་ངོ་མཚར་ཟེར་ཞེས་པའི་བར་གྱིས་བསྟན་ཏེ། ཁ་བཅིང་ཞེས་པ་ནད་པ་ཁ་ཅིག་དང་འཕྲད་པའི་ཚེ་ཐོག་མར་རང་ཉིད་ཀྱིས་མ་དྲིས་ནའང་དེ་ཉིད་ཀྱིས་ཕལ་ཆེར་སྨྲ་བར་བྱེད་ལ། དེའང་ན་ལུགས་འདི་ལྟ་བུ་ཞིག་ནའོ་ཞེས་པའི་འགོ་སྨོས་པ་ཙམ་གྱིས་ནད་གང་ཡིན་ཁོང་དུ་ཆུད་པར་བྱས་ཏེ། དེའི་ཚེ་ནད་གང་ཡིན་དང་ཅི་ན་བ་སོགས་སྨན་པས་ཤེས་ཀྱི་ཁྱོད་རང་བཤད་མི་དགོས་ཞེས་གསལ་བར་བརྗོད་པས་སྐྱེ་བོ་ཕལ་ཆེར་རྣམས་ངོ་མཚར་ཟེར་ཞིང་དགའ་བར་འགྱུར་རོ། བདུན་པ་སྤོ་ལ་གདོན་པ་ནི། སྤོ་ལ་ཞེས་པ་ནས་རྟོགས་མཁས་ཟེར་ཞེས་པའི་བར་གྱིས་བསྟན་ཏེ། རི་བོའི་སྤོ་ལ་འདོན་པ་ཞེས་བྱ་བའི་ཚུལ་ནི། གོང་དུ་བཤད་པའི་བརྟག་ཐབས་སྣ་ཚོགས་པ་དེ་རྣམས་ཀྱི་སྒོ་ནས་ནད་འཁྲུལ་མེད་དུ་རྟོགས་པར་གྱུར་ན་སྨན་པ་གཞན་དག་རྣམས་ནི་རྩ་དང་ཆུ་དང་ན་ལུགས་དྲི་བ་སོགས་མང་པོའི་སྒོ་ནས་བརྟག་དགོས་པ་ཡིན་གྱི། ང་ལ་ནི་དེ་ལྟ་བུ་མ་ཡིན་ཏེ་རྩ་བ་ལྟ་བའམ་ཆུ་དང་དྲི་མ་ལ་བརྟག་པ་སོགས་གང་ཡང་རུང་བ་ཞིག་ལ་བརྟགས་པས་ཤེས་ཤིང་འདི་ཡིན་ནོ། །ཞེས་སོགས་ཁ་དམར་གདགས་པར་བྱའོ། །དེའི་ཚེ་སྨན་པ་དེས་ནི་ནད་པ་ལ་མིག་གིས་བལྟས་པ་ཙམ་གྱིས་ཆོག་གོ། ཞེས་པའི་སྙན་གྲགས་འབྱུང་ལ། ཡང་ན་ནི་གཞན་རྣམས་ལས་ཆེས་ཞིབ་ཏུ་བརྟགས་ཤིང་དཔྱད་པས་དེ་ནི་སྨན་པ་གཞན་སུ་ལས་ཀྱང་བརྟག་པའི་ཚུལ་ལ་མཁས་པའི་ཕུལ་དུ་བྱུང་བའོ། །ཞེས་ཟེར་བའི་གཏམ་སྒྲོག་པར་འགྱུར་རོ། །བརྒྱད་པ་ཐབས་འོག་ཏུ་གཞུག་པ་ལ་གཉིས། མདོར་བསྟན་པ་དང་རྒྱས་པར་བཤད་པའོ། །དང་པོ་ནི། ཐབས་འོག་ཅེས་པ་ནས་རྫོང་ལ་བྲོས་ཞེས་པའི་བར་གྱིས་བསྟན་ཏེ། སྨན་པས་ཐབས་མཁས་ཀྱི་རང་སྐྱོན་འོག་ཏུ་གཞུག་པའི་ཚུལ་ནི། གོང་དུ་རྒྱས་པར་བཤད་པའི་བརྟག་ཚུལ་དེ་དག་ཀུན་གྱིས་ཀྱང་གསལ་བོའི་སྐད་མི་སྟེར་བ་སྟེ་གལ་ཏེ་རྟོགས་པར་མ་ནུས་ན་རྣམ་པ་ཙམ་མཚུངས་པའི་ཁ་དམར་བཏགས་ལ་རྫོང་ལྟ་བུའི་བཙན་ས་ལ་འབྲོས་པར་བྱའོ།།

གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། ཁ་དམར་བཏགས་པ་དང་རྫོང་ལ་བྲོས་པའོ། །དང་པོ་ནི། དང་པོ་ཞེས་པ་ནས་སྙོམས་པ་འབོག་ཅེས་པའི་བར་གྱིས་བསྟན་ཏེ། ཐབས་འོག་ཏུ་གཞུག་པ་ལ་རྣམ་པ་གཉིས་ཀྱི་དང་པོ་རྣམ་པའི་ཁ་དམར་ནི་འདི་ལྟར་གདགས་པར་བྱ་སྟེ། དེ་ཡང་ཟས་སྤྱོད་མི་འཕྲོད་པ་དང༌། གདོན་གྱི་རྐྱེན་གྱིས་བསྐྱེད་ཅིང་ཁྱད་པར་དུ་རུལ་སྐྱུར་དང་དྲག་ཤུལ་རྗེན་ཟས་སོགས་གནོད་འདུག་ཅེས་བྱས་ལ། དེ་བཞིན་དུ་གཉེན་པོ་ཡང་ཚ་གྲང་གཉིས་ཀ་ལ་ཕན་གནོད་མེད་པའི་བསིལ་དྲོད་སྙོམས་པ་ཤས་ཆེར་དཔག་པར་བྱའོ། །གཉིས་པ་རྫོང་ལ་འབྲོས་པ་ནི། རྫོང་ལ་ཞེས་པ་ནས་ཞེས་གསུངས་སོ་ཞེས་པའི་བར་གྱིས་བསྟན་ཏེ། ཐབས་སྣ་ཚོགས་ཀྱི་སྒོ་ནས་ལེགས་པར་བརྟགས་ཀྱང་གསལ་བར་མ་རྟོགས་པ་དེའི་ཚེ་བཙན་ས་རྫོང་ལྟ་བུར་འབྲོས་པར་བྱ་དགོས་ཏེ། དེ་ལ་ནད་དང་སྨན་གྱི་མིང་དེ་སྔ་ན་མ་གྲགས་པ་ལ་ངོ་མཚར་མཁས་ཁྱད་བཞི་ཕྲུགས་ནས་འབྱུང་བ་ལྟ་བུ་གཞན་གྱིས་མི་ཤེས་པའི་ངོ་མཚར་ཅན་བརྗོད་པ་དེ་འདྲ་བའི་སྒོ་ནས་ཚུལ་བཞིན་མ་རྟོགས་པར་གྱུར་ཀྱང་མཁས་ཁྱད་འབྱིན་པར་འགྱུར་རོ། །ཞེས་གསུངས་སོ། །གསུམ་པ་ལེའུའི་མཚན་ནི། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་གཉིས་པ་བཤད་པའི་རྒྱུད་ཀྱི་ངན་གཡོ་སྐྱོན་གྱི་སྒོ་ནས་བརྟག་པའི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པའོ། །ཞེས་བྱ་བའི་དོན་ཏོ།། །།

 

མཐའ་མའི་འདོན་ཐེངས་།: 22.08.2011 ཉིན། 12:10 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།