སྨན་རྩིས་དྲ་བ། - བཤད་རྒྱུད།

ལེའུ་ཉེར་བརྒྱད་པ། ཁྱད་པར་གྱི་གསོ་ཚུལ་རྒྱས་པར་བཤད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 05.09.2023
བཤད་རྒྱུད། >> ལེའུ་ཉེར་བརྒྱད་པ། ཁྱད་པར་གྱི་གསོ་ཚུལ་རྒྱས་པར་བཤད་པ།



ལེའུ་ཉེར་བརྒྱད་པ། ཁྱད་པར་གྱི་གསོ་ཚུལ་རྒྱས་པར་བཤད་པ། 

གསོ་ཚུལ་སྤྱིའི་རྣམ་པར་བཞག་པ་བཤད་ཟིན་པའི་རྗེས་ཐོག་དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །དེ་ཡང་ཀྱེ་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ལགས་ཞེས་གུས་པ་དང་བཅས་པས་བོས་ནས། གོང་དུ། ཁྱད་པར་གསོ་བའི་ཚུལ་ལ་རྣམ་པ་དགུ། །ཞེས་མདོར་བསྟན་རྣམ་པ་དགུ་པོ་གསུངས་པ་དེ་དག་རྣམས་རྒྱས་པར་བཀྲོལ་ན་ལུགས་ཅི་ལྟར་ལགས་ཞེས་འདྲི་ན་འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ་ཞེས་ཞུས་པ་ལས། དེའི་ལན་སྟོན་པས་གསུངས་པ་ནི་ཀྱེ་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་དང༌། དྲིས་པའི་དོན་ཁྱད་པར་གྱི་གསོ་ཚུལ་རྒྱས་པར་ངས་བཤད་པར་བྱ་བ་ནི་འདི་ལྟ་སྟེ།

སྨན་པ་གང་གིས་ནད་གསོ་བའི་དང་པོར་ནད་ཀྱི་རིགས་ལ་རྟགས་དང་སྨན་དཔྱད་བྱེད་ཚུལ་ཐེ་ཚོམ་དུ་གྱུར་ན་འདི་ལྟར་བྱ་སྟེ། དེ་ཡང་རླུང་གི་ནད་ཡིན་མིན་ཐེ་ཚོམ་དུ་གྱུར་པ་ལ་སད་མདའ་སྲེ་ལོང་ཐང་གི་སྒོ་ནས་བརྟགས་པས་རླུང་ཡིན་ན་ཕན་ལ། མིན་ན་མི་ཕན་པས་བཅོས་ཀ་བསྒྱུར་ཏེ་གཏང་བར་བྱའོ། །དེ་བཞིན་དུ་མཁྲིས་པའི་ནད་ཡིན་མིན་ཐེ་ཚོམ་ཟ་ན་སད་མདའ་ཏིག་ཏའི་ཐང་དང༌། བད་ཀན་གྱི་ནད་ཡིན་མིན་ཐེ་ཚོམ་ལ་སད་མདའ་རྒྱམ་ཚྭ་གསུམ་ཐང་དང༌། ཕོ་ལོང་དང་གཉན་སྲིན་དུ་དོགས་པ་ལ་སད་མདའ་བྱ་ཁྱུང་ལྔ་པ་དང༌། ཁྲག་འཁྲུག་དང་རླུང་གཟེར་གང་རུང་ཡིན་ནམ་སྙམ་ན་སད་མདའ་མ་ནུ་བཞི་ཐང་དང༌། སྦྱར་བའི་དུག་ཡིན་མིན་ལ་སད་མདའ་སྡུད་སྨན་བཅུ་གསུམ་པའི་ཐང་བཏང་བས་འདུས་རྟགས་བྱུང་ན་ཡིན་ལ། ཕན་གནོད་མེད་ན་མིན་པ་དང༌། ཚ་གྲང་འདྲེས་ཤིང་ནད་དབྱེར་མ་ཕྱེད་པའི་སད་མདའ་ལ་གོམས་པ་བསྟེན་པའི་སྒོ་ནས་བརྟག་པར་བྱ་བ་དང༌། བཤལ་གྱི་ལྟོ་བ་སྲ་སྙིའི་སད་མདའ་ལ་སྣ་སེལ་དང་འཁྲོག་ཐང་བཏང་བས་ཤེས་པ་དང༌། མེ་བཙའི་སད་མདའ་ལ་སྣུམ་ལྡན་གྱི་དྲོད་དུགས་བྱས་པས་རྟོགས་པ་དང༌། གཏར་གའི་སད་མདའ་ལ་རྡོ་གྲང་སྦྱོར་བ་དང་ཆུ་ལྕག་བྱས་པས་ངེས་པ་དང༌། རྣག་སྨིན་མ་སྨིན་གྱི་སད་མདའ་ལ་མེ་ཐུར་མིག་ཅན་གོང་དུ་བཤད་པ་དེ་བརྡེག་པར་བྱ་བ་དང༌། གཞན་ཡང་ནད་དེ་འདི་ལྟ་བུ་ཞིག་ཡིན་ནམ་སྙམ་པ་གང་ཡིན་པ་དེ་དང་དེའི་གཉེན་པོའི་སྦྱོར་བ་ཆུང་ངུའི་སད་མདའ་ལ་བསྟེན་ནས་ཡིད་ཁུ་འཕྲིག་དང་ལྡན་པའི་ལྟར་སྣང་ཀུན་ཕན་ཚུན་བསྡུར་ལ་གཉེན་པོ་ལེན་ན་གང་ལེན་དེ་ཉིད་ཀྱི་སྦྱོར་བས་གཙོ་བོར་བཅོས་པ་གཅེས་ཤིང༌། དེ་རྣམས་གང་གི་དུས་སུའང་ཁ་དམར་གསལ་བར་མི་སྨྲ་སྟེ། ཐོག་ཏུ་མ་ཁེལ་ན་ཁ་བཅོལ་ཆུང་བ་སྟེ་མི་ཐིགས་པར་འགྱུར་བའི་ཕྱིར། དེས་ན་འདིའི་དུས་སུ་ལྟར་སྣང་གི་རྗེས་སུ་འབྲངས་ནས་ཁ་གསལ་པོར་མི་བསྒྲག་པར་བྱིང་པོར་སྨྲ་བ་ཉིད་ལེགས་པ་ཡིན་ནོ།།

སྨན་པས་ནད་དེའི་ངོ་བོ་ལ་སོགས་པའི་ཕྲ་ཞིབ་གསལ་བར་རྟོགས་ནས་རང་གི་ཡིད་ལ་ངེས་པ་རྙེད་ཅིང་གདེངས་ཐོབ་པར་གྱུར་ན་ཁ་དམར་འདི་ལྟར་གདགས་པར་བྱ་སྟེ། ད་རེས་ཀྱི་ནད་དེ་ནི་ངོ་བོ་འདི་ལྟ་བུ་ཞིག་ཡིན། རྒྱུ་རྐྱེན་འདི་དང་འདི་འདྲ་ཡིས་བསྐྱེད་ད་ལྟ་འདི་ལྟ་བུ་ན། མཐའ་གཞུག་ནི་ཚུལ་འདི་བཞིན་དུ་འགྱུར་བཅོས་ཀ་འདི་དང་འདི་འདྲ་བྱེད། མཐར་དུས་ཚོད་འདི་ཙམ་ནས་སོས། ཡང་ན་རྒྱུ་མཚན་འདི་འདྲའི་སྒོ་ནས་མི་ཐུབ་ཅེས་འཆི་བའི་དུས་ཚིགས་འབོར་བ་སྟེ། དེ་ལྟ་བུ་སྤོ་ལ་དར་འཕྱར་བ་བཞིན་དུ་ཀུན་གྱིས་གོ་བར་སྨྲའོ།།

ནད་གང་ཞིག་གཉེན་པོ་ཐོག་ཏུ་མི་འབབ་པར་ལམ་ལ་གཞུག་པར་དཀའ་བ་རྣམས་ལ་འདི་ལྟར་བྱ་སྟེ། དཔེར་ན་མ་སྨིན་པའི་ཚ་བ་ལྟ་བུ་ལ་ཐོག་མ་ནས་ཚ་བའི་གཉེན་པོ་བསིལ་སྨན་བཏང་ན་ཚ་བའི་གྲོགས་པོ་བད་རླུང་གི་ཐོག་ཏུ་འབབ་ཅིང་འཕེལ་བར་འགྱུར་ལ། གྲོགས་བད་རླུང་འཕེལ་བས་ནི་ཚ་བ་ཉིད་ཆེར་འཕེལ་བར་བྱེད་པ་དེའི་ཕྱིར་བད་རླུང་ཚབས་ཆེ་བའི་གྲོགས་པོ་དེ་མ་ནུ་བཞི་ཐང་ལ་སོགས་པས་ཕྱེ་ནས་དེང་ཚ་བའི་གཉེན་པོས་གསོད། དེ་བཞིན་དུ་ཁྲག་འཁྲུགས་ཀྱི་རིགས་ལ་ནད་ཁྲག་དང་ཟུངས་ཁྲག་གཉིས་འོ་མ་དང་ཆུ་འདྲེས་པ་འདྲ་བར་དབྱེར་མི་ཕྱེད་པ་དེ་ཉིད་འབྲས་བུ་གསུམ་གྱི་ཐང་གིས་ཁྲག་བཟང་ངན་སོ་སོར་ཕྱེ་ལ་གཏར་དགོས་ཏེ། དེ་ཅིའི་ཕྱིར་ཞེ་ན། ཐང་གིས་ཁྲག་བཟང་ངན་མ་ཕྱེ་བར་གཏར་ན་ནད་དང་ལུས་ཟུངས་གཉིས་ཀ་ལ་གནོད་པའི་ཕྱིར་རོ། །དེ་དང་མཐུན་པར་བད་ཀན་སྨུག་པོ་དང་དུག་ཚད་ཀྱི་རིགས་རྣམས་བྱེར་བ་བསྡུས་ལ་བསད་དགོས་ཏེ། མ་འདུས་གོང་དུ་གཉེན་པོས་མི་གསོད་ཅིང་སླར་ཡང་ལུས་ལ་འགྲམ་པར་འགྱུར་བ་དང༌། གབ་པའི་ཚད་པ་གྲང་བའི་ནད་ཀྱི་མགོ་ཕུར་བ་སྟེ་ཐོག་མར་དྲོད་བཅོས་ཀྱིས་བཤུ་དགོས་ཏེ། ཅིའི་ཕྱིར་ཞེ་ན། གྲང་བའི་མགོ་ཕུར་བ་དེས་གཉེན་པོ་བླངས་ནས་ཚད་པས་ལེན་པར་མི་འགྱུར་བ་དང༌། མ་ཞུ་བའི་ནད་ཀུན་ལ་སྨིན་བྱེད་དང་དྲོད་སྐྱེད་པའི་སྨན་གྱིས་རྩེ་བཅིལ་ལ། རྩེ་ཞི་བའི་རྟགས་ཐོབ་ནས་སྟོད་སྨད་གང་ཉེའི་ལམ་ནས་སྦྱང་དགོས་ཏེ་དེ་ལྟར་མ་བྱས་ན་བྱེར་བར་འགྱུར་བ་དང༌། དེ་དང་མཚུངས་པར་བཤལ་གྱི་སྔོན་འགྲོའི་སྐབས་སུ་བཤད་པའི་སྨན་དེ་རྣམས་ཀྱིས་ནད་ཀུན་སློང་བ་ཡིན་ཏེ། གལ་ཏེ་ནད་མ་བསླངས་པར་བཤལ་སྨན་བཏང་ཡང༌། མི་འདག་པར་འཁྱགས་ཐོག་ཏུ་ཆུ་འབེབས་པ་དང་འདྲ་བ་དེའི་ཕྱིར་ལམ་དུ་འཇུག་ཚུལ་འདི་ནི་ཤིན་ཏུ་གཅེས་སོ།།

ནད་པ་འགའ་ཞིག་སྨན་པ་གཞན་གྱིས་སྔར་བཅོས་ནད་དེ་ལ་སྨན་དཔྱད་སོགས་དམན་པའམ་ལོག་པའམ་ལྷག་པའམ་གང་ཡིན་ལེགས་པར་བརྟགས་ལ། སྔོན་མ་བཏང་བའི་སྨན་དེ་ཕྱོགས་མ་ལོག་ཀྱང་ནུས་མཐུ་དམན་པས་ནད་མ་ཞི་བ་ཡིན་འདུག་ན་གཉེན་པོ་ཆེར་བསྐྱེད་ལ་གཏོང༌། སྦྱོར་བ་ལོག་ནས་སྨན་དེས་ནད་ཀྱི་སྟོབས་བསྐྱེད་པ་ཡིན་འདུག་ན་སྦྱོར་བ་གོ་ལྡོག་ཏུ་བསྒྱུར། གཉེན་པོ་ནད་དེ་བསད་པའི་ལྷག་ནས་ནད་གཞན་ལངས་པ་ཡིན་འདུག་ན་གང་ལངས་དེ་ཉིད་གཉེན་པོས་མནན་པ་བསྔགས་སོ།།

རྒྱས་པའི་ཚ་བ་ལ་སོགས་པ་ཤིན་ཏུ་སྟོབས་ཆེན་གྱི་ནད་ལ་གཉེན་པོ་ཆུ་བཞི་དབབ་དགོས་ཏེ། ག་བུར་ཆང་སྦྱར་དང་རྩེ་ཆུང་གཏར་བ་གཉིས་ནི་རིམ་པ་ལྟར་སྨན་གྱི་ཆུ་དང་དཔྱད་ཀྱི་ཆུ་ཡིན་ལ། དེ་བཞིན་དུ་ཁ་ཟས་མི་ཟ་བར་ཡེན་ལ་གཏད་པ་ནི་ཟས་ཀྱི་ཆུ། བསིལ་སར་སྡོད་པ་སྤྱོད་ལམ་གྱི་ཆུ་སྟེ། དེ་ལྟར་ཆུ་བཞིས་བཅོས་པ་དང༌། ཚུལ་དེ་བཞིན་དུ་གྲང་བ་སྟོབས་ཅན་གྱི་ནད་ལ་མེ་བཞི་སྤོར་དགོས་ཏེ། དྲོད་དུ་གཏོགས་པའི་སྨན་ཡོད་དགུ་ཅོག་སྦྱར་བ་ན་སྨན་གྱི་མེ་ཡིན་ཏེ། དེ་དང་མཐུན་པའི་མེ་བཙའ་ནི་དཔྱད་ཀྱི་མེ་དང༌། དྲོད་བཅུད་མཐའ་དག་བཟའ་བ་ཟས་ཀྱི་མེ་དང་གནས་དང་གོས་དྲོ་བ་ནི་སྤྱོད་ལམ་གྱི་མེ་སྟེ་མེ་རྣམ་པ་བཞིས་བཅོས་པར་བྱའོ། །དེ་ལྟར་བཞི་གས་མ་བཅོས་ན་ནད་རྒྱས་ནས་སྲོག་ལ་གཏོད་ཅེས་གནོད་པ་ཡིན་ནོ།།

ཚ་གྲང་གང་ཡིན་ཡང་སྟོབས་ཆུང་གི་ནད་ལ་དང་པོ་སྤྱོད་ལམ་གཟབས་པས་ཕལ་ཆེར་འཚོ་ལ། གལ་ཏེ་དེས་མ་ཞི་ན་ཕན་གནོད་ཟས་ཀྱི་སྒོ་ནས་བཅོས་པར་བྱའོ། །དེས་ཀྱང་མ་ཞི་ན་བསིལ་དྲོད་སྨན་གྱི་སྒོ་ནས་བཅོས་པས་འཚོའོ། །དེ་དག་གསུམ་གས་མ་ནོན་ན་དཔྱད་འཇམ་རྩུབ་ཀྱིས་ནད་ཡུལ་དབྱུང་བར་བྱ་དགོས་སོ། །དེ་ལྟ་བུ་མི་ཤེས་པར་སྟོབས་ཆེན་གྱི་ནད་ལ་སད་མདའ་འདྲིད་པའམ་གཉེན་པོ་ཆུང་ངུ་གཏོང་བ་དང༌། སྟོབས་ཆུང་གི་ནད་ལ་ཐོག་མར་སྨན་དཔྱད་དྲག་པོ་སྦྱོར་བ་ནི་དེང་སང་གི་དུས་ན་ཤིན་ཏུ་མང་སྟེ། དམན་ལྷག་ལོག་གསུམ་འབད་པས་སྒྲུབ་པ་ཡིན་ནོ།།

རང་རྒྱུད་ཅན་རླུང་དང་མཁྲིས་པ་དང་བད་ཀན་གྱི་ནད་རྐྱང་པ་རྣམས་ལ་གང་ལངས་པ་དེ་ཉིད་ཞི་བར་བྱ་ཞིང་གཞན་མ་ལངས་པའི་སྦྱོར་བས་བཅོས་དགོས་པ་ལ་དེ་ལྟར་མ་ཤེས་ན་ལྡོག་རྒྱུ་བཅུ་གཉིས་སུ་འགྱུར་ཞིང༌། ལོག་པས་རང་མ་ཞི་བར་ནད་གཞན་བསྐྱེད་པར་འགྱུར་ཏེ། དཔེར་ན་རླུང་གི་ནད་རྐྱང་པ་ལ་ཁ་བ་དང་ཚ་བའི་རོ་དང་ལྡན་པའི་ཟས་སྨན་བསྟེན་ན་རླུང་དེ་ཉིད་མ་ཞི་བའི་ཁར་རིམ་པ་བཞིན་དུ་བད་ཀན་དང་མཁྲིས་པ་གཉིས་སུ་ལྡོག་གོ །དེ་ཡང་རླུང་ནད་ལ་ཁ་བའི་རོ་བསྟེན་ན། བད་ཀན་དང་ཚ་བའི་རོ་བསྟེན་ན་མཁྲིས་པར་ལྡོག །དེ་བཞིན་དུ་མཁྲིས་པ་རྐྱང་པའི་ནད་ལ་ལན་ཚྭ་དང་ཚ་བའི་རོ་བསྟེན་ན་མཁྲིས་པ་མ་ཞི་བའི་ཁར་རིམ་པ་བཞིན་དུ་བད་ཀན་དང་རླུང་གཉིས་སུ་ལྡོག་ལ་བད་ཀན་རྐྱང་པའི་ནད་ལ་རོ་ཁ་བ་དང་ལན་ཚྭ་བསྟེན་ན་བད་ཀན་མ་ཞི་བའི་སྟེང་དུ་རིམ་པ་ལྟར་རླུང་དང་མཁྲིས་པ་གཉིས་སུ་ལྡོག་པ་དང༌། རིག་པ་དེས་མཚོན་མི་འཕྲོད་པའི་རྐྱེན་གྱིས་ཤས་ཆེ་ན་འདུས་པར་ལྡོག་པའང་ཡོད་ཅེས་སོ། །དེ་བཞིན་དུ་གཉེན་པོ་ཟས་སྨན་ལྷག་པས་ནད་དེ་ཉིད་ཞི་ནས་གཞན་སློང་བར་བྱེད་དེ། དཔེར་ན་རོ་མངར་བ་དང་ལན་ཚྭ་བའི་ཟས་སྨན་གྱིས་རླུང་ཞི་ནས་རིམ་པ་ལྟར་བད་ཀན་དང་མཁྲིས་པ་སྐྱེད་ཅིང༌། ཚ་བ་དང་སྐྱུར་བ་གཉིས་ཀྱིས་བད་ཀན་ཞི་ནས་རིམ་པ་བཞིན་རླུང་དང་མཁྲིས་པ་སྐྱེད་ལ། མངར་བ་དང་ཁ་བའི་རོས་མཁྲིས་པ་ཞི་ནས་བད་ཀན་དང་རླུང་སྐྱེད་པར་བྱེད་པ་དེས་ན་ལྡོག་རྒྱུ་བཅུ་གཉིས་སུ་འགྱུར་བའི་རྒྱུ་དེ་རྣམས་སྤངས་ནས་གསོ་བར་བྱའོ།།

རྐྱང་པའི་ནད་དེ་ལས་ལྡོག་པའི་ལྡན་འདུས་ཀྱི་ནད་རྣམས་ལ་གཙོ་བོར་འདུ་བ་ཆ་མཉམ་པའི་སྒོ་ནས་བཅོས་དགོས་ཏེ། དེ་ཡང་ཨ་རུ་ར་དང་བྲག་ཞུན་གཉིས་ནི་རྣམ་པ་ཐམས་ཅད་དུ་འདུ་བ་སྤྱི་རུ་སྙོམས་པར་བྱེད་པའི་སྨན་མཆོག་ཡིན་ལ་དེའི་སྟེང་དུ་བབས་པའི་གནས་དང་ནད་གཞི་སོ་སོའི་དབང་གིས་ཁ་འཛིན་གྱི་རིམ་པ་ནི། སྙིང་གི་ནད་ལ་ཛཱ་ཏི། གློ་བའི་ནད་ལ་ཅུ་གང་སྦྱར་བར་བྱ་སྟེ། དེ་བཞིན་དུ་མཆིན་པ་ལ་གུར་ཀུམ་དང༌། སྲོག་རྩ་ལ་ལི་ཤི་གཏོང་ཞིང༌། མཁལ་མར་སུག་སྨེལ་དང༌། མཆེར་པ་ལ་ཀ་ཀོ་ལ་དང༌། ཕོ་བའི་ཁ་འཛིན་ལ་སེ་འབྲུ་དང་པི་པི་ལིང་གཉིས། མཁྲིས་པའི་ཁ་འཛིན་ལ་ཏིག་ཏ་དང་གསེར་གྱི་མེ་ཏོག རླུང་གི་ནད་ལ་ཛཱ་ཏི་སླེ་ཏྲེས་རུས་བཅུད་སྲེ་ལོང་གཞུག་ཏོ་སོག་ཡུ་གསུམ། བད་ཀན་གྱི་ནད་ལ་མ་ནུ་དང༌། འུ་སུ་དང་བསེ་ཡབ་རྣམས་གཏོང་ཞིང༌། ཁྲག་ལ་བ་ཤ་ཀ་དང་ཧོང་ལེན་གྱིས་ཁ་འཛིན་ཏེ། ཆུ་སེར་ལ་སྤོས་དཀར་དང་ཐལ་ཀ་རྡོ་རྗེ་དང་སོ་མ་རཱ་ཛ་རྣམས་དང༌། གཉན་དང་གདོན་གྱི་ཁ་འཛིན་ལ་རིམ་པ་ལྟར་གླ་རྩི་དང༌། གུ་གུལ་ནག་པོ་རྣམས་གཏང་བར་བྱའོ། །དེ་དག་རྣམས་ཀྱང་གང་དང་གང་དགོས་ནད་ཀྱི་རྟགས་སོ་སོ་དང་སྦྱར་ལ་དངོས་གཞིའི་སྦྱོར་བའི་སྟེང་དུ་བསྣན། བཤད་མ་ཐག་པའི་ནད་སྣ་དེ་དག་ཐམས་ཅད་འདུས་ན་ཀུན་ལ་ཁ་གནོན་སོ་སོར་བཏང་ཞིང༌། ལྡན་པ་དང་འདུས་པ་དང་རང་རང་ཆ་མཉམ་དུ་འདུག་ན་གཉེན་པོའང་བསིལ་དྲོད་ཆ་མཉམ་དང་གང་ཡང་རུང་བ་ཞིག་ཤས་ཆེ་ཞིང་ཅིག་ཤོས་ཆུང་བར་འདུག་པ་ལ་དེའི་གཉེན་པོའང་ནད་ཀྱི་ཚུལ་དེ་དང་བསྟུན་ལ་ནད་མགོ་གང་མཐོ་བ་དེ་ཐོག་མར་མནན། ཡང་ན་ཉི་མ་སྔ་ཕྱི་བྱས་ནས་རེ་མོས་ཀྱི་སྒོ་ནས་སོ་སོར་བཅོས་པའམ། ཡང་ན་གཉེན་པོའི་སྨན་གཉིས་པོ་ལྟག་པ་སྤྲད་ལ་དུས་གཅིག་ཏུ་གཞོམ་པར་བྱའོ། །བྱེ་བྲག་ཏུ་ཉིན་གུང་མཚན་གུང་གི་སྐབས་སུ་མཁྲིས་པའི་ཚ་བ་བསད་པའི་སླད་དུ་བསིལ་སྨན་དང་བསིལ་ཟས་ཚ་བའི་དུས་གུང་གཉིས་པོ་དེར་བསྟེན་པར་བྱ་ཞིང༌། སྲོད་དང་སྔ་དྲོའི་དུས་སུ་ཕོ་བའི་མེ་དྲོད་གསོ་བའི་དོན་དུ་དྲོད་སྨན་དང་དྲོད་ཟས་ཀྱིས་བད་ཀན་གྲང་བའི་རང་བཞིན་གཞིལ་བ་དང༌། དགོང་དང་ཐོ་རངས་ཀྱི་སྐབས་སུ་རླུང་ལ་རྔན་པ་བྱིན་པའི་ཕྱིར་དུ་དྲོད་བཅུད་ཀྱི་ཟས་དང་སྨན་གྱིས་ཐོར་བུའི་རླུང་སྣ་གླན་པར་བྱའོ། །མདོར་ན་ཉེས་པ་གསུམ་པོ་ལྷག་ན་གང་རུང་ཅིག་ལྷག་པ་དེ་ཉིད་གཞན་གཉིས་པོའི་དགྲར་ལྡང་སྟེ། དཔེར་ན་ཕ་སྤུན་མགོ་མཐོ་དམན་ཞུགས་པ་དང་འདྲ་བས་གང་མཐོ་གཉའ་ནས་གནོན་པ་དཔོན་པོ་ལྟ་བུའི་སྒོ་ནས་བཅོས། དེ་གསུམ་པོ་ལས་གང་ཡང་རུང་བ་ཞིག་ཆད་ན་གང་ཆད་པ་དེས་གཞན་གཉིས་ཀྱི་རམ་མི་ཐེག་པས་སྐྱོང་དགོས་ཏེ། དཔེར་ན་མི་གཅིག་ལ་གཞིས་གསུམ་གྱི་ཐོག་ཏུ་བུད་མེད་རེ་རེ་ཡོད་ན་གང་མོ་ངན་པ་འདྲ་བ་དེ་རྣམས་འབད་ནས་མ་བསྐྱངས་ན་དེ་ཉིད་ཀྱི་གཞིས་སྟོངས་འགྲོ་བ་ལྟར། ནད་ཟད་པ་དེས་ལུས་ཟུངས་ལ་གནོད་པས་འདུ་བ་ལྷག་ཆད་མེད་པར་མགོ་མཉམ་དུ་གསོ་དགོས་པ་ཡིན་ནོ། །གཞན་ཡང་སྤྱི་ཁྱབ་ཏུ་ལུས་ཟུངས་རྣམས་བཟོ་རྒྱུ་དང་འདྲ་བས་མི་འཕྲོད་པའི་སྨན་དཔྱད་ཟས་སྤྱོད་ཀྱིས་ཆུད་མི་གསན་ཅིང༌། ཕོ་བ་ནི་ལུས་ཟུངས་ཀྱི་ལོ་ཏོག་འབྱུང་བའི་ཞིང་ས་དང་འདྲ་བས་མེ་དྲོད་གསོ་བའི་ཆོ་ག་ལ་སོགས་པ་དེ་ལྟར་བཤད་མ་ཐག་པའི་དོན་རྣམས་གང་ལ་གང་འཚམ་པའི་བཅོས་ཚུལ་སོ་སོར་ཤེས་ན་འཚོ་བྱེད་སྨན་པ་ཞེས་བྱ་བའི་གྲངས་སུ་འགྱུར་བ་ཡིན་ནོ།།

འདིར་སྨན་པ་གང་གིས་ལུས་ཟུངས་བདུན་དང་དྲི་མ་གསུམ་ལ་སོགས་པ་གནོད་བྱ་རྣམས་དང༌། སྐམ་ས་དང༌། རླན་ཅན་དང་འདྲེས་པའི་ཡུལ་དང༌། གྲང་བ་དང༌། ཚ་བ་དང་ཆར་གྱི་དུས་དང༌། རྐྱང་པ་གསུམ་དང༌། ལྡན་པ་གསུམ་དང༌། འདུས་པ་གཅིག་གི་རང་བཞིན་རྣམས་དང༌། བྱིས་པ་དང༌། དར་མ་དང༌། རྒན་པོའི་ན་ཚོད་དང༌། རླུང་ལ་སོགས་པ་ནད་ཀྱི་ཁམས་དང༌། ལུས་ཀྱི་ཕྱི་ནང་བར་གསུམ་སྟེ་ནད་ཀྱི་གནས་དང༌། འཇུ་སྟོབས་ཆེ་བ་དང་ཆུང་བ་དང་སྙོམས་པ་དང་མ་སྙོམས་པའི་མེ་དྲོད་དང་ལྷན་ཅིག་སྐྱེས་པ་དང་དུས་ཀྱིས་བསྐྱེད་པ་དང༌། སྦྱོར་བས་བསྐྱེད་པའི་ཉམས་སྟོབས་དང༌། མཆོག་དང་བར་མ་དང་ཐ་མར་གོམས་པ་སྟེ་རྣམ་པ་འདི་བཅུའི་སྒོ་ནས་ནད་ཀྱི་རྣམ་པ་ཤིན་ཏུ་ཕྲ་མོ་ཡན་ཆད་ཞིབ་ཏུ་བརྟག་པར་བྱའོ། །དེ་ཡང་གནོད་བྱ་ལ་སོགས་པ་བཅུ་པོ་ཐམས་ཅད་མཚུངས་པའི་ནད་གཅིག་བྱུང་ན་དེ་སྟོབས་དང་ལྡན་པ་ཡིན་པས་གཉེན་པོས་ཀྱང་ནོན་ངེས་ཤེས་པར་བཏང་ལ། དེ་ལྟ་བུ་ཐམས་ཅད་མཚུངས་པ་མ་ཡིན་པར་འགའ་ཞིག་མཚུངས་ལ་འགའ་ཞིག་མི་མཚུངས་ན་ཤས་གང་ཆེ་སོགས་གང་ལ་གང་འཚམ་པའི་ཚད་བཞིན་དུ་གཉེན་པོའང་མཛོ་ཁལ་མཛོ་དང་ལུག་ཁལ་ལུག་ལ་འགེལ་བ་ལྟ་བུར་བསྟེན་པར་བྱ་སྟེ། མཛོ་ཁལ་ལུག་དང་ལུག་ཁལ་མཛོ་ལ་བཀལ་བ་ལྟར་ནད་དང་གཉེན་པོ་སྟོབས་མི་མཚུངས་པར་སྤྲད་ན་དམན་ལྷག་ལོག་པའི་སྦྱོར་བར་འགྱུར་བས་ལེགས་པར་རྟོགས་ཤིག་ཅེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་གཉིས་པ་བཤད་པའི་རྒྱུད་ཀྱི་ཁྱད་པར་གྱི་གསོ་ཚུལ་རྒྱས་པར་བཤད་པའི་ལེའུ་སྟེ་ཉི་ཤུ་རྩ་བརྒྱད་པའོ།། །།


 

མཐའ་མའི་འདོན་ཐེངས་།: 05.09.2023 ཉིན། 11:30 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།