སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ཉེར་བཞི་པ། འབྲུམ་བུའི་རིམས་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.09.2011
མན་ངག་རྒྱུད། >> ལེའུ་ཉེར་བཞི་པ། འབྲུམ་བུའི་རིམས་བཅོས་པ།

ལེའུ་ཉེར་བཞི་པ་འབྲུམ་བུའི་རིམས་བཅོས་པ་ལ་གསུམ། ཞུས་ཤིང་མདོར་བསྟན་མཚམས་སྦྱོར། དེ་ལན་ལེའུའི་གཞུང༌། གཞུང་རྫོགས་ལེའུའི་མཚན་ནོ། །དང་པོ་ནི། དེ་ནས་ཞེས་རྐང་པ་དྲུག་གིས་བསྟན་ནོ། །གཉིས་པ་ལ་ལྔ། རྒྱུ་རྐྱེན། མཚན་ཉིད། དབྱེ་བ། ནད་རྟགས། བཅོས་ཐབས་སོ། །དང་པོ་རྒྱུ་རྐྱེན་ལྷན་ཅིག་ཏུ་བསྟན་པ་ནི། འབྲུམ་བུའི་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་མཚན་ཉིད་ནི། ངོ་བོ་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། ངོ་བོ་ནི། ཚ་བ་ཆུ་སེར་ལ་བབས་ནས་ཀུན་ཏུ་ཁྱབ་ཀྱང་ཁྱད་པར་རུས་རྐང་ལྷ་བའི་གཏིང་ནས་སྐྱེ་བར་བྱེད་པས་ལུས་ཟུངས་ཐམས་ཅད་དུ་ཁྱབ་པར་རྫོགས་པས་ཐོར་རྒྱུ་འོངས་པ་ཡིན་ཞིང་ཐོར་བའམ་འབྲུམ་བུ་འོང་བས་དེའི་ཕྱིར་འབྲུམ་བུ་ཞེས་མིང་དུ་བརྗོད་ཅིང་བཏགས་སོ། །གསུམ་པ་དབྱེ་བ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། དབྱེ་བ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ནག་པོ་དང་དཀར་པོ་གཉིས་སོ།།

        གཉིས་པ་རྒྱས་བཤད་ལ་གཉིས་ལས། དང་པོ་ནག་པོ་ནི། ནག་པོ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། སྐྲངས་པ་གླང་གཉའ། ཁྲག་སྐམ་རྩེལ་ཏེ། ཟངས་གཟེར་སྦུ་གུ་ཅན་ཏེ་གསུམ། གཉིས་པ་དཀར་པོ་ནི། དཀར་པོ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། ཤ་ར་སྐྱ་ཤར། རྨོག་མགོ་སྤྱི་ཟླུམ། སིབ་བུ་སྐོབ་ཙེ་སྟེ་དོན་དུ་བེ་གེ་དང་གསུམ་མོ། །དྲིལ་བས་རིགས་དྲུག་གོ བཞི་པ་རྟགས་བཤད་པ་ལ་གཉིས་མདོར་རྒྱས་སོ། །དང་པོ་ནི། དེ་ཡི་ཞེས་རྐང་པ་གཅིག་གིས་བསྟན་ཏེ། སྤྱི་བྱེ་བྲག་གཉིས་སོ། །གཉིས་པ་རྒྱས་བཤད་ལའང་སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་སྤྱི་རྟགས་ནི། སྤྱི་རྟགས་ཞེས་རྐང་པ་བརྒྱད་ཀྱིས་བསྟན་ནོ། །གཉིས་པ་བྱེ་བྲག་གི་རྟགས་བཤད་པ་ལ་གཉིས་མདོར་རྒྱས་སོ། །དང་པོ་ནི། ཐ་མ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། དཀར་ནག་གཉིས་སོ། །གཉིས་པ་རྒྱས་བཤད་ལའང་གཉིས་ལས། དང་པོ་ནག་པོའི་རྟགས་ནི། ནག་པོ་ཞེས་རྐང་པ་བདུན་གྱིས་བསྟན་ནོ། །གཉིས་པ་དཀར་པོའི་རྟགས་བཤད་པ་ནི། དཀར་པོ་ཞེས་རྐང་པ་ལྔས་བསྟན་ཏེ། སེ་བུ་ཞེས་པ་འགའ་ཞིག་གིས་འདི་ད་ལྟ་ཡོངས་གྲགས་ཀྱི་སིབ་བུ་ཡིན་ཟེར་བ་མི་འཐད་དེ་ཐོར་སིབ་གཅིག་ཐར་ཡང་གཅིག་ཐར་གོ་མི་ཆོད་པས་མངོན་སུམ་དུ་འགལ་ལོ། །ཞེས་རིགས་མི་གཅིག་པར་གསུངས་ལ། ལ་ལ་ནི་ཐར་གོ་མི་ཆོད་པའི་ཐོར་པ་དང་སིབ་བུའམ་བེ་གེ་གཉིས། གཅིག་ཟེར་ཡང་དེ་གཉིས་ནམ་ཡང་མི་གཅིག་ལ། ཐོར་ཡན་ནི་ཡམས་ཐབ་སུ་ཡང་ཡང་འབྱུང་ལ། སེ་བུ་ནི་གཅིག་ཐར་བས་ཐར་གོ་ཆོད་ཅིང་སེ་བུའི་མིང་གི་རྣམ་གྲངས་ལ་སེ་བེ། བེ་གེ། རྩེ་གེ། བེམ་པོ། བེམ་རྩེག རྩེག་གེ མེལ་གེ་ཞེས་དང༌། འདི་ལའང་རིགས་གཉིས་ཡོད་པར་བཤད་ཅིང༌། ཁྱད་པར་དུ་ཟུར་སྨན་ལེགས་བཤད་འཚོལ་གྱིས་མཛད་པའི་གཉན་རིམས་ཀྱི་བཅོས་སུ། སེ་བུ་ཞེས་པ་ངོ་བོ་སེ་གེ་ཡིན་ཞེས་དང༌། དཔལ་ལྡན་དཔའ་བོས་ཀྱང༌། འབྲུམ་རིགས་གྲངས་ལས་འདས་མོད་ཀྱང༌། །བསྡུས་ན་རིགས་ནི་དྲུག་ཏུ་འདུ། །ཞེས་དང༌། སེ་བུ་ཞེས་པ་སེ་གེ་སྟེ། འདུ་བའི་དབང་གི་རིགས་གཉིས་འབྱུང༌། །འདི་ཡི་མི་འཆི་བཟློག་གི་འཆི། །འཇུག་རྒྱན་ཡོང་བས་གཟབ་པ་གཅེས། །ཞེས་དང༌། སེ་གེ་ལ་ཡང་རིགས་གཉིས་ཏེ་ཞེས་སོགས་རྒྱ་ཆེར་གསུངས་ཤིང༌། ཐོར་པ་ཐར་བས་སིབ་བུ་ཐར་བའི་གོ་མི་ཆོད་པ་ནི་ཡོངས་གྲགས་སོ། །ལྔ་པ་བཅོས་བཤད་པ་ལ་གཉིས་མདོར་རྒྱས་སོ། །དང་པོ་ནི། དེ་དག་ཅེས་རྐང་པ་གཅིག་གིས་བསྟན་ཏེ། སྤྱི་དང་བྱེ་བྲག་གོ །གཉིས་པ་རྒྱས་བཤད་ལའང་གཉིས་ལས། དང་པོ་སྤྱི་བཅོས་ལའང་མདོར་རྒྱས་སོ། །དང་པོ་ནི། སྤྱི་བཅོས་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། མ་སྨིན་སྤུ་སྒོ་དབྱེ་བ་རྒྱས་དུས་ཁོང་ནས་ཕྱིར་ཕུལ་བ། ཁོང་དུ་ཤོར་ན་ཕྱིར་དྲང་བ། ཐ་མ་འབྲུམ་རྗེས་བསུབས་པའོ། །གཉིས་པ་རྒྱས་བཤད་ལའང་བཞི་ལས། དང་པོསྤུ་སྒོ་དབྱེ་བ་ནི། དང་པོ་ཞེས་རྐང་པ་བཅུ་གསུམ་གྱིས་བསྟན་ནོ། །གཉིས་པ་རྒྱས་དུས་ཁོང་ནས་ཕྱིར་ཕུལ་བ་ལ་གཉིས་མདོར་རྒྱས་སོ།། 

        དང་པོ་ནི། དེ་རྗེས་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཐང་དང་ཕྱེ་མ་གཉིས་སོ། །གཉིས་པ་རྒྱས་བཤད་ལ་གཉིས་ལས། དང་པོ་ཐང་ནི། དང་པོ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། ལུག་ཆུང་ནི་མེ་ཏོག་ལུག་མིག་ཆུང་བ་སྟེ། ཨ་ཞང་བཅའ་སྒ་ཞེས་ཀྱང་བྱ་བ་དེའོ། །སྒོང་ཐོག་པ་ནི་འདྲེ་དཔལ་སྒང་ངོ༌། །ལུག་ཤོ་ནི་ཤོ་མང་དངོས་ཏེ། བྱ་སོ་ཤོ་མང་ཞེས་སོ། །དེ་གསུམ་གྱི་ཐང་ངམ་ཡང་ན་གཡེར་ཤིང་པའི་ཆིག་ཐང་གཏོང་ངོ༌། །གཉིས་པ་ཕྱེ་མ་ལ་གསུམ་མདོར་རྒྱས་ཕན་ཡོན་ནོ། །དང་པོ་ནི། ཕྱེ་མས་ཞེས་རྐང་པ་གཅིག་གིས་བསྟན་ཏེ་རྡོ་རྩི་གཉིས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་ལས། དང་པོ་ནི། རྩི་སྦྱོར་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །གཉིས་པ་ནི། རྡོ་སྦྱོར་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། རྡོ་སྦྱོར་སྡེ་བཞི་ནི་བརྡ་སྤྲོད་དུ་གསུངས་པ་ལྟར། སྦལ་རྒྱབ་དཀར་སྨུག་གཉིས་ཆིག་ཐུབ་དཀར་སྨུག་གཉིས་ཏེ་བཞིའོ། །ཡང་ན་ལུགས་གཅིག་ལ་སྦལ་རྒྱབ་གངས་ཐིགས་མདུང་རྩེ་ཅོང་ཞི་དང་བཞིའོ། །གསུམ་པ་ཕན་ཡོན་ནི། ཐུན་གྲངས་ཞེས་རྐང་པ་དྲུག་གིས་བསྟན་ནོ། །གསུམ་པ་ཁོང་ཤོར་ཕྱིར་དྲང་བ་ནི། འབྲུམ་པ་ཞེས་རྐང་པ་བདུན་གྱིས་བསྟན་ཏེ། དངུལ་ཆུ་བཞི་ནམ་ཞེས་པ་ལ་དངུལ་ཆུ་མ་རྙེད་ན་མཚལ་དང་གོང་མོའི་རྩེ་སྒྲོ་གང་རུང་བཏང་ངོ༌། །བཞི་པ་འབྲུམ་རྗེས་བསུབས་པ་ནི། ཐ་མར་ཞེས་རྐང་པ་བཅུ་གཅིག་གིས་བསྟན་ཏེ། ཕུར་ཡོག་ཅེས་པ་ནི། ཕུར་མོ་ནི་དངོས་སོ། །ཡོག་མོ་ནི་སྡོང་པོ་ཕུར་མོ་ཙམ་ལ་ལོ་མ་སྐྱ་ཤུར་སྒོར་མོ་ཆུང་ངུ་ལ་མེ་ཏོག་སྔོ་ནག་ཅན་དེའོ། །གཉིས་པ་བྱེ་བྲག་གི་བཅོས་བཤད་པ་ལ་གཉིས་མདོར་རྒྱས་སོ། །དང་པོ་ནི། བྱེ་བྲག་ཅེས་རྐང་པ་གཅིག་གིས་བསྟན་ཏེ། རིགས་དང་བབས་ས་གཉིས་དང་སྦྱར་བའོ། །གཉིས་པ་རྒྱས་བཤད་ལ་གཉིས་ལས།

        དང་པོ་རིགས་བཅོས་ལའང་གཉིས། བཅོས་ཐབས་དང༌། འཆི་དུས་སོ། །དང་པོ་བཅོས་ཐབས་ནི། རིགས་བཅོས་ཞེས་རྐང་པ་བཅུ་གསུམ་གྱིས་བསྟན་ཏེ། བསེ་ཀོ་ནི་རི་དྭགས་བསེའི་ཀོ་བའོ། །གླང་གཉའི་ཀོ་བ་ནི་གླང་འོག་འབྱར་གྱི་ཀོ་བའོ། །ལ་ལར་གླང་གཉའི་ཀོ་བ་ནི་གླང་པོ་ཆེའི་ཀོ་བ་ཡིན་པར་ཡང་བཤད། སྤྱི་སྨན་ལྟག་པ་སྤྲད་པ་ནི། གོང་གི་རྡོ་རྩི་གང་རུང་གི་སྦྱོར་བ་དང་ལྟག་པ་སྤྲད་པའོ། །དུག་པུས་ནི། ར་དུག་མེ་ཏོག་གོ །གཉིས་པ་འཆི་དུས་བསྟན་པ་ནི། ལུས་སྐྲངས་ཞེས་རྐང་པ་ལྔས་བསྟན་ནོ། །གཉིས་པ་བབས་དང་སྦྱར་ནས་བཅོས་པ་ནི། བབས་ས་ཞེས་རྐང་པ་ཉེར་བརྒྱད་དང་འབྲུ་གསུམ་གྱིས་བསྟན་ཏེ། ཏི་ཚ་ནི་གོང་བཤད་ལྟར་རོ། །ནུ་ཞོ་ནི་མིའི་འོ་མའོ། །སྒྲོ་ནི་ཕོ་རོག་གིའོ། །གྲེ་བབས་ཀྱི་ཚར་བོང་ནི་མཁན་དམར་གྱི་རིགས་བོང་ཆེ་དྲི་དུགས་པ་དེའོ། །གསུམ་པ་ལེའུའི་མཚན་ནི། བདུད་རྩི་ནས་ཉི་ཤུ་བཞིའི་བར་རོ།།

 

 

མཐའ་མའི་འདོན་ཐེངས་།: 03.09.2011 ཉིན། 10:34 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།