སྨན་རྩིས་དྲ་བ། - བཤད་རྒྱུད།

ལེའུ་ཉེར་བཞི་པ། ཉེས་པ་དངོས་སུ་སྟོན་པ་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 22.08.2011
བཤད་རྒྱུད། >> ལེའུ་ཉེར་བཞི་པ། ཉེས་པ་དངོས་སུ་སྟོན་པ་བརྟན་པ།

གཉིས་པ་རྣམ་འགྱུར་ན་བ་ཇི་ལྟར་གསོ་བའི་ཚུལ་བཤད་པ་ལ་གཉིས་ཏེ། ནད་ངོས་ཇི་ལྟར་འཛིན་པའི་ཚུལ་དང༌། ནད་ངོས་ཟིན་ནས་གསོ་བའི་ཐབས་སོ། །དང་པོ་ལ་གཉིས་ཏེ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི། འདི་ལ་ངོས་བཟུང་རྟགས་ཀྱི་གནས་ཞེས་བྱ་བའི་རྒྱུ་མཚན་ཇི་ལྟ་བུ་སྙམ་ན་བཤད་པར་བྱ་སྟེ། ནད་ཀྱི་ངོས་ནི་རྟགས་ལ་བཟུང༌། །ཞེས་བྱ་བ་ལ་སོགས་པའི་སྒོ་ནས་ནད་ཀྱི་ངོས་འཁྲུལ་མེད་དུ་འཛིན་པ་ལ་ཉེས་པ་དངོས་སྟོན་སོགས་ཐབས་ལ་མ་རྨོངས་པ་སྣ་ཚོགས་པའི་སྒོ་ནས་ལྟ་རེག་དྲི་བའི་ཚུལ་གཙོ་བོར་སྟོན་ཏེ་བཤད་པའི་སྐབས་ཡིན་པའི་ཕྱིར་དེ་སྐད་ཅེས་བྱའོ། །གཉིས་པ་ཚིག་གི་དོན་ལ་གཉིས་ཏེ། ཇི་ལྟར་ཞུས་པའི་ཚུལ་དང༌། ལན་དངོས་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་པ་ནས་ཞུས་པ་ལས་ཞེས་པའི་བར་གྱིས་བསྟན་ཏེ། གནས་བརྒྱད་པ་གསུངས་ཚར་བའི་རྗེས་སུ་བྱ་བ་གཞན་གྱིས་བར་མ་ཆོད་པ་དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །དེའང་ཀྱེ་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས་ཞེས་སྙན་པའི་གདངས་དང་བཅས་པས་མཚན་ནས་པོས་ཏེ། སྔར་བཤད་པའི་རྒྱུད་ལ་གནས་བཅུ་གཅིག་ཡོད་པར་གསུངས་པའི་ནང་ནས་ངོས་བཟུང་རྟགས་ཀྱི་གནས་ཞེས་བྱ་བ་ལ་བདག་ཅག་རྣམས་ཇི་ལྟར་བསླབ་པར་བགྱི་ཞེས་འདྲི་ན་འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ་ཞེས་གུས་པ་དང་བཅས་ཏེ་ཞུས་པ་ལས་ཞེས་པའོ། །གཉིས་པ་ལན་དངོས་ལ་གཉིས་ཏེ། ཉན་པར་གདམས་ཤིང་མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། སྟོན་པས་ཞེས་པ་ནས་བརྟག་པའོ་ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་ཞུས་པའི་ལན་དུ་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་པ་ཡིན་ཏེ། དེ་ཡང་ཀྱེ་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་ཅེས་གདམས་ནས་དོན་དངོས་ནི། ངོས་བཟུང་རྟགས་ཀྱི་གནས་ཞེས་བྱ་བ་ལ་བསླབ་པའི་ཚུལ་ནི་འདི་ལྟ་བུ་ཡིན་ཏེ། དཔེར་ན་མེ་དང་དུ་བ་ཞེས་པ་སྟེ་མེ་མེད་ན་དུ་བ་མི་འབྱུང་བའམ། དུ་བའི་རྟགས་ཀྱིས་དུ་ལྡན་གྱི་ལ་ལ་མེ་ཡོད་པར་རྟོགས་ནུས་པ་མེད་ན་མི་འབྱུང་གི་འགྲེལ་པ་ལས་ཤེས་པ་ཡིན་ལ། དེ་ཡང་མེ་དང་འདྲ་བའི་ནད་ཀྱི་ངོས་ནི་དུ་བ་དང་འདྲ་བ་རང་ཉིད་ཀྱི་རྟགས་ལ་བརྟེན་ནས་གཟུང་བར་བྱའོ། །རྒྱུ་མཚན་དེའི་ཕྱིར་འོག་ནས་འཆད་པའི་བརྟག་ཐབས་དེ་ལྟ་བུ་མེད་པའི་སྨན་པ་རྣམས་ཀྱིས་ནི་ནད་རང་རང་གིས་གསལ་བར་བསྟན་པའི་རྟགས་འཁྲུལ་མེད་ཉིད་ཀྱང་རྟགས་དེ་ལྟ་བུ་ཡིན་པར་མི་ཤེས་ཏེ། དེ་ཅིའི་ཕྱིར་ཞེ་ན། མེ་འདོད་པའི་སྐྱེས་བུ་འགའ་ཞིག་གིས་དུ་བ་མཐོང་དུ་ཟིན་ཀྱང་ཆུ་ཚན་གྱི་རླངས་པའམ་དབྱར་དུས་ཀྱི་རླངས་པ་ཡིན་པ་ལྟར་འཁྲུལ་ནས་མེའི་འབྲས་བུ་མཐོང་ཡང་མེ་མི་རྙེད་པ་དང་འདྲ་བ་ཡོད་ལ། ཡང་ནི་དབྱར་དུས་སྤྲིན་གྱི་ཁ་དོག་དལ་བྲེལ་སོགས་ཀྱི་ཤེས་བྱེད་གང་ཡང་མེད་པར་སྤྲིན་འདུས་པ་ཙམ་ལས་དེ་རིང་ངེས་པར་ཆར་འབྱུང་བར་འགྱུར་རོ། །ཞེས་ཟེར་བ་ལྟར། ལྟར་སྣང་གི་ནད་རྟགས་མ་ངེས་པ་རེ་ལ་འདི་ནི་ནད་འདིའི་རྟགས་ཡང་དག་པ་ཡིན་ནོ། །ཞེས་ཡིད་ཆེས་སུ་བྱེད་པ་དག་ཀྱང་ཡོད་པ་དེའི་ཕྱིར་ལྟར་སྣང་དང་ཅལ་སྒྲོག་ཙམ་མ་ཡིན་པའི་ངོས་འཛིན་ཚུལ་འཁྲུལ་པ་མེད་པའི་བརྟག་ཐབས་མན་ངག་དང་བཅས་པ་འདི་ལྟར་གསོ་བ་པོར་ཁས་འཆེ་བ་ཀུན་ལ་གཅེས་པ་ཡིན་ལ། དེ་ཡང་ཁ་དམར་གདགས་པ་སྟེ་ནད་པ་ལ་ལུང་སྟོན་པ་དང་ནད་བཅོས་པ་ལ་མི་དགོས་ཀ་མེད་ཡིན་པའི་ཕྱིར་ཉེས་པ་རླུང་སོགས་དངོས་སུ་སྟོན་པའི་སྒོ་ནས་བརྟག་པ་དང༌། དེ་བཞིན་དུ་སྐྱེ་བོ་ཀུན་གྱིས་སྨན་པ་འདི་ནི་ཤིན་ཏུ་མཁས་པ་ཞིག་གོ་ཞེས་ཟེར་ཞིང་ཡིད་ཆེས་པའམ། དགའ་མགུ་རང་པར་བྱ་བའི་ཕྱིར་སྒྱུ་ཐབས་སམ་ངན་གཡོ་སྐྱོན་ཅན་ལྟ་བུའི་སྒོ་ནས་བརྟག་པ་དང༌། ནད་པ་གསོ་བ་ལ་འཇུག་པའི་ཚེ་བླང་དོར་ཤེས་པར་བྱ་བའི་ཕྱིར་སྤང་བླང་མུ་བཞིའི་སྒོ་ནས་བརྟག་པ་དང་རྣམ་པ་གསུམ་དུ་ཤེས་པར་བྱའོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ། ཉེས་པ་དངོས་སྟོན། ངན་གཡོ་སྐྱོན་བརྟག སྤང་བླང་མུ་བཞིར་བརྟག་པའོ། །དང་པོ་ལ་གསུམ། མདོར་བསྟན་པ། རྒྱས་པར་བཤད་པ། ལེའུའི་མཚན་བསྟན་ཏོ། །དང་པོ་ནི། ཉེས་པ་ཞེས་པ་ནས་བརྟག་པའོ་ཞེས་པའི་བར་གྱིས་བསྟན་ཏེ། བརྟག་ཐབས་གསུམ་གྱི་ནང་ནས་ཉེས་པ་དངོས་སུ་སྟོན་པའི་བརྟག་པ་ལའང་ནད་སློང་བར་བྱེད་པའི་རྒྱུའི་སྒོ་ནས་བརྟག་པ་དང༌། མཚན་ཉིད་རྟགས་ཀྱི་སྒོ་ནས་བརྟག་པ་དང༌། སྔར་ཕན་གནོད་བསྟན་པའི་སྒོ་ནས་བརྟག་པའོ།།

གཉིས་པ་རྒྱས་པར་བཤད་པ་ལ་གསུམ་ལས། དང་པོ་སློང་བ་རྒྱུའི་སྒོ་ནས་བརྟག་པ་ནི། སློང་བ་ཞེས་པ་ནས་འགའ་མི་སྲིད་ཅེས་པའི་བར་གྱིས་བསྟན་ཏེ། ཐོག་མར་ནད་གང་ཡང་ངོས་འཛིན་པ་ལ་ཞུགས་པ་དེའི་ཚེ་ནད་སློང་བའི་རྒྱུ་རྐྱེན་དུ་གྱུར་པ་ཟས་དང་སྐོམ་དང་སྤྱོད་ལམ་རྣམས་རིམ་པ་བཞིན་གང་དང་ཇི་ལྟ་བུ་ཟོས་ཤིང་འཐུངས། ཉལ་འདུག་འགྲོ་འཆག་ཇི་ལྟ་བུ་བྱས་ཞེས་རྩ་བའི་རྒྱུད་དུ། དྲི་བ་ཡང་ལ་རྩུབ་པའི་ཟས་སྤྱོད་ཀྱི། །རྐྱེན་གྱིས་ཞེས་བྱ་བ་ལ་སོགས་པའི་སྒོ་ནས་ལེགས་པར་དྲིས་པས་ཀྱང་ནད་ཀུན་ཚུལ་བཞིན་རྟོགས་པར་ནུས་ལ།  ཁྱད་པར་དུ་སློང་བའི་རྐྱེན་དུས་དང་དབང་པོ་དམན་ལྷག་ལོག་པ་སོགས་གོང་དུ་ནད་ཀྱི་རྐྱེན་བསྟན་པའི་སྐབས་དང་བསྟུན་ནས་དྲིས་པ་ཉིད་ཀྱིས་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རྒྱུ་རྐྱེན་དེ་ལས་སྐྱེས་པའི་འབྲས་བུ་ནད་རྟགས་འགལ་བར་འབྱུང་བ་མི་སྲིད་དེ། དངོས་པོ་ཐམས་ཅད་ཀྱི་ཆོས་ཉིད་ཡིན་པའི་དོན་གྱིས་སོ། །གཉིས་པ་མཚན་ཉིད་རྟགས་ཀྱི་སྒོ་ནས་བརྟག་པ་ལ་གཉིས་ཏེ། མདོར་བསྟན་པ་དང་རྒྱས་པར་བཤད་པའོ། །དང་པོ་ནི། མཚན་ཉིད་ཅེས་པ་ནས་རྣམ་པ་བཞི་ཞེས་པའི་བར་གྱིས་བསྟན་ཏེ། མཚན་ཉིད་རྟགས་ཀྱི་སྒོ་ནས་བརྟག་པ་དེ་ལའང་གང་བརྟག་པའི་གཞི་དང༌། གང་ལ་བརྟག་པའི་ཡུལ་དང༌། གང་དུ་བརྟག་པའི་སྒོ་དང༌། ཇི་ལྟར་བརྟག་པའི་ཚུལ་དང་རྣམ་པ་བཞི་ཡོད་དོ། །གཉིས་པ་རྒྱས་པར་བཤད་པ་ལ་བཞི་ལས། དང་པོ་ནི། གཞི་ནི་ཞེས་པ་ནས་བརྟག་པར་བྱ་ཞེས་པའི་བར་གྱིས་བསྟན་ཏེ། གང་བརྟག་པའི་ནད་གཞི་ནི་རྣམ་པར་གྱུར་པའི་ནད་རླུང་དང་མཁྲིས་པ་དང་བད་ཀན་གསུམ་ཡིན་ལ། དེ་ཡང་རང་རང་གི་མཚན་ཉིད་དང་འཕེལ་ཟད་གསོག་ལྡང་འཁྲུགས་པ་སོགས་འཕེལ་འགྲིབ་ནད་ཀྱི་གནས་སུ་བཤད་པ་རྣམས་ཀྱིས་ནད་རྟགས་སོ་སོར་མ་འདྲེས་པར་མང་དུ་ཕྱེ་ཞིང་དོན་ཐོག་ཏུ་ཚ་གྲང་གཉིས་སུ་མ་འདུས་ནད་གཞན་མེད་ཅེས་པ་ལྟར་ཚ་བ་དང་གྲང་བའི་རྟགས་རྣམ་པ་གཉིས་སུ་ཧྲིལ་གྱིས་དྲིལ་བ་ལ་བརྟག་པར་བྱའོ།།

གཉིས་པ་གང་ལ་བརྟག་པའི་ཡུལ་ནི། བརྟག་ཡུལ་ཞེས་པ་ནས་ཆུ་ཁྲག་བརྟག་ཅེས་པའི་བར་གྱིས་བསྟན་ཏེ། ནད་གང་ལ་བརྟག་པའི་ཡུལ་ནི་དབང་པོ་ལྔ་དང་དེའི་ཡུལ་ལྔ་དང་དྲི་མ་ལྔ་སྟེ་བཅོ་ལྔའོ། །དེ་ཡང་གང་ཞེ་ན། དབང་པོ་ནི་ནད་པའི་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ལྔ།  ཡུལ་ནི་ནད་པའི་དབང་པོ་དེ་རྣམས་ཀྱི་ཡུལ་རིམ་པ་བཞིན་དུ་གཟུགས་སྒྲ་དྲི་རོ་རེག་བྱ་དང་ལྔ།  དྲི་མ་ནི་ནད་པའི་ལུད་པ་དང་འཁྲུ་བ་དང་སྐྱུག་པ་དང་དྲི་ཆུ་དང་ཁྲག་དང་ལྔ་ལ་བལྟ་རེག་དྲི་བའི་སྒོ་ནས་བརྟག་པའོ། །འདིའི་སྐབས་སུ་སྔ་རབས་པ་རྣམས་ན་རེ། བརྟག་གཞི་རླུང་མཁྲིས་བད་ཀན་གསུམ་པོ་དེ་བརྟག་ཡུལ་གང་ལ་བརྟག་ངོས་བཟུང་ན་དབང་པོ་ལྔ་དང་ཡུལ་ལྔ་དང་དྲི་མ་ལྔ་སྟེ་བཅོ་ལྔ་པོ་དེ་ལ་ངོས་བཟུང་སྟེ་ནད་པ་དེའི་མིག་ལ་སོགས་པའི་དབང་པོ་ལྔ་ལ་བརྟག བརྟག་པ་ལུས་ལ་བརྟག་སྟེ་རླུང་མཁྲིས་བད་ཀན་གསུམ་ལ་བརྟག ཡུལ་ལྔ་ནི་སྨན་པའི་དབང་པོ་ལྔའི་ཡུལ་ཏེ་མིག་གི་ཡུལ་དུ་ནད་པའི་གཟུགས་དབྱིབས་ཁ་དོག་ལ་བརྟག ཡུལ་ལྔ་ནི་སྨན་པའི་དབང་པོ་ལྔའི་ཡུལ་ཏེ་མིག་གི་ཡུལ་དུ་ནད་པའི་གཟུགས་དབྱིབས་ཁ་དོག་ལ་བརྟག རྣ་བས་སྒྲ་སྟེ་ནད་པའི་སྐད་ལ་བརྟག སྣའི་ཡུལ་དུ་ནད་པའི་དྲི་ཆེ་ཆུང་ལ་བརྟག །ལྕེའི་ཡུལ་དུ་ནད་པ་རང་གི་ལྕེ་ཡུལ་ཏེ་རླུང་ལ་བསྐ་བ། མཁྲིས་པ་ལ་ཁ་བ། བད་ཀན་ལ་མངར་བག་བྲོ་བ་བརྟག །ལུས་ཀྱི་རེག་བྱ་སྟེ་ནད་པའི་ལུས་ལ་རེག་བྱ་ཚ་གྲང་འཇམ་རྩུབ་ལས་རླུང་མཁྲིས་བད་ཀན་གསུམ་དུ་བརྟག་གོ །དྲི་མ་ལྔ་ནི་ནད་པའི་ལུད་པ་རླུང་གི་ལུད་པ་འདུག་གམ། མཁྲིས་པའམ་བད་ཀན་གྱི་ལུད་པར་འདུག་བརྟག །དེ་བཞིན་དུ་འཁྲུ་བ་སྐྱུག་པ་ཆུ་ཁྲག་ལྔ་ལ་རླུང་མཁྲིས་བད་ཀན་བརྟག་པའོ། །ཞེས་ཟེར་རོ། །དེ་ལ་གཞན་རྣམས་དེ་ལྟར་ཡིན་དུ་ཆུག་ཀྱང༌། ཡུལ་ལྔ་ཞེས་པ་དེ་སྨན་པའི་དབང་པོ་རྣམས་ཀྱི་ཡུལ་ལ་སྦྱོར་བ་ཤིན་ཏུ་མི་རུང་སྟེ། བརྟག་པའི་ཡུལ་ཞེས་པའི་མིང་ཙམ་གྱིས་ཀྱང་ཁེགས་ཤིང༌། ནད་པའི་དབང་པོ་ལྔ་པོ་དེ་ཡང་སྨན་པའི་དབང་པོ་ལྔའི་ཡུལ་མ་ཡིན་པར་ཐལ་པའམ། ཡང་ན་གཞི་གཅིག་གི་སྟེང་དུ་ཟློས་པའི་སྐྱོན་ཡང་ཡོད་དོ། །གཞན་ཡང་ཡུལ་གཞན་རྣམས་སྨན་པའི་དབང་པོ་ལྔ་པོ་ལ་སྦྱོར་ཞིང་རོ་ནི་ནད་པའི་དབང་པོ་ལ་སྦྱོར་བ་སོགས་ཤ་དབྱེ་རུས་དབྱེའི་ཚུལ་དུ་སོང་ལ། སྨན་པའི་དབང་པོ་ལྔ་ནི་འདི་ཙམ་དུ་མ་ཟད་རྣམ་པ་ཀུན་ཏུ་སྤྱིར་འགྲོ་བའི་ཆོས་ཡིན་པས་འདི་ལྟ་བུའི་སྐབས་སུ་འདྲེན་པ་ནི་རྣམ་པར་འཁྱམས་པ་ཡིན་ནོ། །དེས་ན་ཡུལ་ལྔ་ནི་ནད་པ་རང་གི་མིག་གི་ཡུལ་དུ་གཟུགས་ཁ་དོག་སྔོ་སེར་དཀར་བ་སོགས་དང༌། རྣ་བ་གསང་མི་གསང་འུར་སྒྲ་སོགས་དང༌། དྲི་ཚོར་མི་ཚོར་སོགས་དང༌། རོ་མངར་བ་སོགས་དང༌། རེག་བྱ་འཇམ་རྩུབ་སོགས་ལས་བརྟག་པར་བྱ་བ་ཉིད་ཡིན་པར་ཤེས་པར་གྱིས་ཤིག གསུམ་པ་གང་དུ་བརྟག་པའི་སྒོ་ནི། བརྟག་སྒོ་ཞེས་པ་ནས་མ་འཁྲུལ་རྟོགས་ཞེས་པའི་བར་གྱིས་བསྟན་ཏེ། ནད་གང་དུ་བརྟག་པའི་སྒོ་ནི་ངད་ཅན་གྲ་ང་བ་ལ་སོགས་པའི་ཡུལ་དང༌། དབྱར་ལ་སོགས་པའི་དུས་དང༌། རླུང་གི་མི་ལ་སོགས་པའི་རང་བཞིན་དང༌། རྒས་པ་ལ་སོགས་པའི་ན་ཚོད་དང༌། ཐོ་རངས་ལ་སོགས་པའི་ཉིན་ཞག་དང༌། བཀྲེས་དུས་སོགས་ཟས་ཟོས་མ་ཟོས་དང༌། དཔྱི་སྐེད་ལ་སོགས་པའི་ནད་ཀྱི་གནས་ཏེ། དེ་རྣམས་ཕན་ཚུན་སྒོ་བསྟུན་ནས་ལེགས་པར་བརྟགས་པས་ཡུལ་དུས་སོགས་མཐའ་དག་མཚུངས་ན་རྐྱང་བའི་ནད་གསུམ་པོ་གང་རུང་ཡིན་ཞིང༌། འདྲེས་ན་ལྡན་འདུས་ཡིན་པ་ལྟ་བུ་མ་འཁྲུལ་བར་རྟོགས་ནུས་པ་ཡིན་ནོ། །བཞི་པ་ཇི་ལྟར་བརྟག་པའི་ཚུལ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། བརྟག་ཚུལ་ཞེས་པ་རྐང་པ་གཅིག་སྟེ། ནད་ཇི་ལྟར་བརྟག་པའི་ཚུལ་ལ་མིག་གིས་བལྟ་བ་དང༌། སོར་མོས་རེག་པ་དང༌། དྲི་བའི་སྒོ་ནས་བརྟག་པ་སྟེ་རྣམ་པ་གསུམ་མོ།།

གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། སྤྱིའི་དོན་དང༌། ཚིག་དོན་ནོ། །དང་པོ་ནི། ཟླ་ཟེར་ལས། ནད་པ་བལྟ་དང་རེག་པ་དང༌། །དྲི་བ་ཡིས་ནི་ཡོངས་སུ་བརྟག །ཅེས་བྱ་བ་ལ། དེ་ལ་བལྟ་བ་ནི་མིག་གིས་ཏེ་མིག་གི་སེར་བ་ལ་སོགས་པའི་ཉམ་ཐག་པ་རྣམས་ལ་སེར་པོ་དང་དཀར་པོར་སྣང་བ་དང༌། དབྱིབས་ཀྱི་ཚད་འཕེལ་འགྲིབ་དང་མདངས་དང་བཤང་གཅི་དང་སྐྱུག་པ་ལ་སོགས་པ་བརྟག་པའོ། །རེག་པ་ནི་ལག་པ་དང་ལུས་ཀྱིས་རེག་པས་རིམས་དང་སྐྲན་དང་མ་ཞུ་བས་ཉེན་པ་དང༌། དེ་བཞིན་དུ་གྲང་བ་དང་ཚ་བ་དང་རེངས་པ་དང་འདར་བ་དང་འཇམ་པ་དང་རྩུབ་པ་ལ་སོགས་པའི་རེག་པས་བརྟག་པ་དང༌། དྲི་བ་སྟེ་གཟེར་བ་དང་ཡི་ག་འཆུས་པ་དང་རློན་པ་དང་ལྟོ་བ་སྲ་བ་དང་སྙི་བ་དང༌། རྨི་ལམ་དུ་མཐོང་བ་དང་བསམ་པ་དང་ན་ཚོད་དང༌། ནད་ཀྱི་འགོ་གང་ནས་འཇུག་པ་དང༌། སྐར་མ་དང་མཛའ་བོ་དང་དགྲ་བོ་དང་བདེ་བ་དང་སྡུག་བསྔལ་བ་ལ་སོགས་པ་ནད་པའི་ཚིག་ལས་ཡོངས་སུ་བརྟག་པར་བྱའོ། །ཞེས་དང༌། དང་པོའི་ཚུལ་ནི་ཕྱིས་འབྱུང་བའི་ནད་མི་གསལ་བའི་ཉེས་པའི་ཁྱད་པར་གནས་པའི་མཚན་ཉིད་དེ་རིམས་ལ་སོགས་པའི་ནད་འབྱུང་བར་འདོད་པས་ན་རླུང་ལ་སོགས་པའི་གནོད་པའི་ཁྱད་པར་གྱིས་ཁྱབ་པར་མི་སྣང་བ་ལ་གང་གིས་སྣང་བར་འགྱུར་ཞིང༌། ཅི་ནས་ཆུང་བ་ཉིད་ཀྱི་གང་མི་གསལ་ཞིང་རྟགས་མངོན་དུ་མ་བྱུང་བ་དེ་ནི་དང་པོའི་ཚུལ་ལོ། །མཚན་ཉིད་ཀྱང་དང་པོའི་ཚུལ་ལས་མཚན་ཉིད་ཐ་དད་པ་སྟེ། གང་གི་ཉེས་པ་མ་ལུས་པའི་བྱེ་བྲག་གིས་ཁྱབ་པའི་རྟགས་དང་ལྡན་པར་ནད་གསལ་བ་ཉིད་དུ་མཐོང་ཞིང་ཤེས་པའོ། །ཉེར་བསྟན་ནི་བདེ་བ་དང་རྗེས་སུ་འབྲེལ་བའི་ཁ་ཟས་ལ་སོགས་པ་སྤྱོད་པ་སྟེ། འདི་ལྟ་བུའི་ཁ་ཟས་ལ་སོགས་པ་ནི་འདིའི་ནད་འདི་ནམ་བྱུང་བ་ཡིན་ལ། འདི་ལྟ་བུས་ནི་དེང་འབྱུང་བར་འགྱུར་རོ། །ཞེས་བསྟན་པ་ལས་ནད་འདི་ཡིན་ནོ་ཞེས་ཤེས་སོ། །ནད་དེ་གསོར་རུང་ཞིང་བདེ་བའི་རྒྱུ་ཡིན་པས་ན་བདེ་བ་ཐོབ་པ་ཡིན་ནོ། །ཐོབ་པ་དང་རྫོགས་པ་དང་ཡང་དག་པར་ཐོབ་པ་དང་ཡོང་བ་དང་སྐྱེས་པ་ཞེས་བྱ་བ་ནི་དོན་གྱི་རྣམ་གྲངས་ཡིན་ནོ། །དེའང་འདི་ལྟ་བུ་མི་མཐུན་པ་དང༌། གནས་འདི་ལྟ་བུ་ན་གནས་པ་དང༌། འདི་ལྟར་རྗེས་སུ་འགྲོ་བ་དང༌། བརྟག་པ་འདི་དང་ལམ་འདི་དང་ཉེས་པ་འདིས་ཐོབ་པ་ཡིན་ནོ། །ཞེས་ཡོངས་སུ་བརྟག་པ་སྟེ། དེ་བས་ན་ཐོབ་ཅིང་མཐར་ཕྱིན་པ་ལས་ནད་འདི་ཡིན་ནོ། །ཞེས་པའོ། །ཞེས་བཤད་དོ། །གཉིས་པ་ཚིག་གི་དོན་ལ་གསུམ་ལས། དང་པོ་མིག་གིས་བལྟ་བ་ནི། བལྟ་བ་ཞེས་པ་ནས་བརྟག་པ་ཡིན་ཞེས་པའི་བར་གྱིས་བསྟན་ཏེ། བལྟ་བའི་སྒོ་ནས་ནད་ངོས་འཛིན་པ་ནི་སྨན་པའི་མིག་གི་ཡུལ་དུ་གྱུར་པའི་བརྟག་པ་ཐམས་ཅད་དེ་ནད་པའི་ལུས་བོངས་ཆེ་ཆུང་དང་དབྱིབས་ཁ་དོག་སོགས་ཀུན་ལ་བརྟག་པར་བྱ་ཞིང༌། ཁྱད་པར་དུ་ལྕེ་དང་དྲི་ཆུ་ལ་བརྟག་པར་བྱ་བ་འདི་ལྟ་བུ་ལ་མངོན་སུམ་དུ་མཐོང་བ་ཡུལ་གྱི་སྒོ་ནས་རིག་པའི་བརྟག་པ་ཞེས་བྱ་བ་ཡིན་ནོ།།

གཉིས་པ་སོར་མོས་རེག་པ་ནི། རེག་པ་ཞེས་པ་ནས་བརྟག་པ་ཡིན་ཞེས་པའི་བར་གྱིས་བསྟན་ཏེ། སྨན་པའི་ལག་པས་རེག་པའི་སྒོ་ནས་ནད་ངོས་འཛིན་པ་ནི་ལུས་ཀྱི་ཡུལ་ཏེ་རེག་བྱ་ཚ་གྲང་འབུར་འཇམ་སོགས་ལ་བརྟག་ཅིང་ཁྱད་པར་དུ་ནད་དང་སྨན་པ་གཉིས་བརྡ་སྦྱོར་བ་འཕྲིན་བསྲིང་བ་པོ་ལྟ་བུའི་རྩ་ལ་བརྟག་པར་བྱེད་པ་འདི་ནི་ཤེས་རབ་ཀྱི་སྤྱོད་པ་ཟབ་མོས་ལྐོག་གྱུར་གྱི་དོན་རེག་པའི་བརྟག་པ་ཞེས་བྱ་བ་ཡིན་ནོ། །གསུམ་པ་ངག་གིས་དྲི་བ་ནི། དྲི་བས། ཞེས་པ་ནས་ཅེས་སུ་བཤད་ཅེས་པའི་བར་གྱིས་བསྟན་ཏེ། སྨན་པའི་ངག་གིས་དྲི་བའི་སྒོ་ནས་བརྟག་པ་ནི་རྣ་བའི་ཡུལ་དུ་གྱུར་པའི་ཚིག་ཀུན་ཡིན་ཏེ། དེ་ཡང་ཇི་ལྟར་ཞེ་ན། རྐྱེན་གང་གིས་ན། ན་ལགུས་གང་ལྟར་ན། ལུས་ཀྱི་གནས་གང་ན་ན། རི་ཀླུངས་སོགས་གང་དུ་ན། སྔ་ཕྱི་གང་གི་ཚེ་ན་ན་ཞེས་འདྲི་ཞིང་ཁྱད་པར་དུ་ནད་ཀྱི་རྒྱུའི་རྐྱེན་དང་གནས་དང་མཚན་ཉིད་ཞིབ་ཏུ་དྲིས་ལ་བརྟག་གོ །དེ་ཡང་རྒྱུ་རྐྱེན་གང་གིས་བསླང་ཞེས་དྲིས་པ་ལས་ཉེས་པ་གསུམ་པོ་གང་ཡིན་ཤེས་ཤིང༌། དེ་བཞིན་དུ་ལུས་ཀྱི་སྟོད་སྨད་ཕྱི་ནང་སོགས་གནས་གང་ན་ན་ཞེས་དྲིས་པ་ལས་འཇུག་པའི་སྒོ་དྲུག་པོ་གང་ཡིན་ཤེས་ལ། རྩུབ་ཅིང་ཡང་བ་སོགས་མཚན་ཉིད་ཀྱི་སྒོ་ནས་དྲིས་པ་ལས་ནད་རིགས་ཕྲ་མོའི་བྱེ་བྲག་དང་བཅས་པ་མ་འདྲེས་ཤིང་ཕྱེད་པར་འགྱུར་བ་དེའི་ཕྱིར་ན་བརྟག་པ་ཀུན་ལ་དྲི་བ་ཉིད་གཅེས་ཤིང་མཆོག་ཏུ་གྱུར་པ་འདི་ལྟ་བུ་ནི་ཐོས་པ་སྒྲ་རིག་གི་བརྟག་པ་ཞེས་སུ་བཤད་པ་ཡིན་ནོ། །གསུམ་པ་ཕན་གནོད་བསྟེན་པའི་སྒོ་ནས་བརྟག་པ་ནི། ཕན་གནོད་ཅེས་པ་ནས་ཞེས་གསུངས་སོ་ཞེས་པའི་བར་གྱིས་བསྟན་ཏེ། གང་ལ་ཕན་པ་དང་གནོད་པ་བསྟེན་པའི་སྒོ་ནས་བརྟག་པ་ནི་ཟས་དང་སྤྱོད་ལམ་དང་སྨན་དང་དཔྱད་དེ་རྣམ་པ་བཞིའི་སྒོ་ནས་ངེས་པར་བྱ་དགོས་པ་ལས། དེ་བཞི་པོ་ཡང་སྔར་བསྟེན་པ་དང་ད་ལྟ་བསྟེན་བཞིན་པའི་ནང་ནས་ནད་སློང་བའི་རྒྱུར་གྱུར་པ་དེ་དང་ནད་ཀྱི་ངོ་བོ་གཉིས་པོ་ཕན་ཚུན་མཚན་ཉིད་མཐུན་ནམ་མི་མཐུན་དང༌། སླད་ནས་ཀྱང་དེ་ཉིད་འཕྲོད་དམ་མི་འཕྲོད་སོགས་ཞིབ་ཏུ་བརྟགས་ཤིང་དཔྱད་པ་ལས་ཀྱང་ནད་རིགས་ཀུན་འཁྲུལ་མེད་དུ་ཤེས་པར་འགྱུར་ལ། དེ་ཡང་ཐེ་ཚོམ་དང་ཕྱོགས་ཙམ་གྱི་རྟགས་ལྟར་སྣང་བ་ཙམ་མ་ཡིན་པར་ལན་མང་པོ་ངེས་ཤེས་མ་འདྲོངས་ཀྱི་བར་དུ་བསྲིངས་པས་རྟོགས་པར་འགྱུར་བ་ཡིན་ཏེ། དེ་ལྟ་བུའི་ཚེ་ན་སྨན་པས་ནད་ཀྱི་ཉམས་རྙེད་ནས་ནད་པའི་གསོ་དོན་བདེ་བླག་ཏུ་ཤེས་པ་ཡིན་ནོ། །ཞེས་གསུངས་སོ། །གསུམ་པ་ལེའུའི་མཚན་ནི། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་གཉིས་པ་བཤད་པའི་རྒྱུད་ཀྱི་ཉེས་པ་དངོས་སུ་སྟོན་པ་བརྟག་པའི་ལེའུ་སྟེ་ཉི་ཤུ་བཞི་པའོ། །ཞེས་པའོ།། །།

 

མཐའ་མའི་འདོན་ཐེངས་།: 22.08.2011 ཉིན། 12:13 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།