སྨན་རྩིས་དྲ་བ། - བཤད་རྒྱུད།

ལེའུ་ཉེར་བདུན་པ། གསོ་ཚུལ་སྤྱི་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 05.09.2023
བཤད་རྒྱུད། >> ལེའུ་ཉེར་བདུན་པ། གསོ་ཚུལ་སྤྱི་བསྟན་པ།



ལེའུ་ཉེར་བདུན་པ། གསོ་ཚུལ་སྤྱི་བསྟན་པ། 

ངོས་འཛིན་རྟགས་ཀྱི་གནས་བཤད་ཟིན་པའི་རྗེས་ཐོག་དེ་ནས་ཡང་བྱ་བ་གཞན་གྱིས་བར་མ་ཆོད་པར་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །དེ་ཡང་ཀྱེ་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ལགས་ཞེས་སྙན་པའི་གདངས་ཀྱིས་མཚན་ནས་བོས་ནས། གནས་བཅུ་པ་གསོ་བྱེད་ཐབས་ཀྱི་གནས་ལ་ཅི་ལྟར་བསླབ་པར་བགྱི་ཞེས་འདྲི་ན་འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ་ཞེས་པའོ། །དེ་ལྟར་ཞུས་པ་ལས་ལན་དུ་སྟོན་པས་གསུངས་པ། ཀྱེ་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་བཤད་པར་བྱའོ་ཞེས་གདམས་ནས་ལན་དངོས་ནི། བཤད་མ་ཐག་པའི་ནད་ངོས་འཛིན་ཚུལ་དེ་རྣམས་ཀྱིས་སྤྱི་དང་བྱེ་བྲག་མ་འདྲེས་པར་སོ་སོར་རྟོགས་ནས་ད་ནི་ནད་ཇི་ལྟར་གསོ་བའི་ཚུལ་ཤེས་པར་བྱ་བའི་ཕྱིར་གསོ་བར་བྱེད་པའི་ཐབས་ཀྱི་གནས་ཞེས་བྱ་བ་བསྟན་པར་བྱའོ།།

དེ་ལའང་ནང་ཚེགས་ཀྱི་དབྱེ་བས་གསོ་བའི་ཚུལ་ཇི་ལྟར་བྱ་བ་དང༌། གང་གིས་གསོ་བའི་ཐབས་དངོས་བཤད་པ་དང་རྣམ་པ་གཉིས་སུ་ངེས་སོ།།

གསོ་ཚུལ་དང་གསོ་ཐབས་གཉིས་ཀྱི་ནང་ནས་དང་པོ་ནད་ཀྱི་གསོ་ཚུལ་ཇི་ལྟར་བྱ་བ་བསྟན་པ་དེ་ལ་ནི་འདི་ལྟར་ནད་ལ་གསོ་བའི་ཐབས་སུམ་བརྒྱ་དང་དྲུག་ཅུ་ལ་སོགས་པ་དཔག་ཏུ་མེད་པ་ཞིག་ཡོད་མོད་ཀྱང༌། དེ་ལ་ཤིན་ཏུ་གཅེས་པའི་གསོ་ཚུལ་འཆད་འགྱུར་འདི་ལྟ་བུ་ཞིག་མེད་ན་མུན་པའི་གནས་སུ་མདའ་འཕེན་པ་དང་འདྲ་བར་གར་རྡེག་ཆ་མེད་པར་འགྱུར་བ་དེའི་ཕྱིར་གསོ་ཚུལ་འཆད་པ་དེ་ལ་རྣམ་པ་གསུམ་སྟེ། ནད་སྤྱིའི་གསོ་ཚུལ་དང༌། བྱེ་བྲག་པའི་གསོ་ཚུལ་དང་ཁྱད་པར་བའི་གསོ་ཚུལ་ཏེ་དགུ་བཤད་པ་དང་གསུམ་མོ།།

བཤད་མ་ཐག་པའི་གསོ་ཚུལ་རྣམ་པ་གསུམ་པོ་དེ་ལས། དང་པོ་སྤྱིའི་གསོ་ཚུལ་དེ་ལའང་ཇི་ལྟར་གསོ་བའི་ཚུལ་དང༌། གང་གིས་གསོ་བའི་གཉེན་པོ་དང༌། སོས་པའི་ཚད་དང་རྣམ་པ་གསུམ་གྱི་སྒོ་ནས་བསྟན་པར་བྱའོ། །ཇི་ལྟར་གསོ་བ་ལ་སོགས་པ་གསུམ་གྱི་དང་པོ་ནི། རླུང་དང་ལ་སོགས་པའི་སྒྲས་ནི་མཁྲིས་པ་དང༌། བད་ཀན་གསུམ་པོ་སོ་སོའི་དབྱེ་བ་དང་བཅས་པ་ཇི་སྙེད་པའི་ནད་རྣམས་རང་རང་གི་གནས་སུ་གསོག་པའི་དུས་སུ་བསལ་བར་བྱ། དེའང་རླུང་ལྟ་བུ་མཚོན་ན་སོ་ག་གསོག་པའི་དུས་སུ་ཞི་བར་བྱེད་པའི་ཐབས་ཀྱིས་བསལ་དགོས་ཤིང༌། དེ་ལྟར་མ་བྱས་ན་དབྱར་ག་ལྡང་བའི་དུས་སུ་འཇམ་རྩི་ལྟ་བུས་སྦྱང་བར་བྱའོ། །གལ་ཏེ་དེ་གཉིས་ཀ་མ་གྲུབ་པར་ཆེས་ཆེར་ལངས་ཤིང་སྟོབས་རྒྱས་པར་གྱུར་ནས་ནད་གཞན་དག་ཀྱང་རབ་ཏུ་འཁྲུགས་པར་བྱེད་པས་ན་དེའི་ཕྱིར་ཉེས་པ་གཞན་ལ་གནོད་པ་མེད་པའི་སྦྱོར་བ་ཞི་སྦྱོང་གི་སྒོ་ནས་གསོ་དགོས་སོ། །འཁྲུགས་པ་ཙམ་དུ་མ་ཟད་གལ་ཏེ་བླ་གཉན་གྱི་ནད་གཞན་སྐྱེས་པར་གྱུར་ན་ནད་སྟོབས་གང་ཆེ་བ་དེ་ཉིད་ཐོག་མར་བཅོས་ལ་རིམ་པས་གཞན་ཡང་བཅོས་པར་བྱའོ།། ནད་གསོ་བར་བྱེད་པའི་གཉེན་པོ་ལ་ཞི་བྱེད་དང་སྦྱང་བ་བྱེད་པ་གཉིས་སུ་ཡོད་པ་ལས། རླུང་ལ་སོགས་པ་གསོག་པའི་དུས་སུ་ཐང་ཕྱེ་ལ་སོགས་པའི་ཞི་བྱེད་བསྔགས་ལ། ལངས་ཟིན་ནས་བཤལ་སྐྱུགས་ལ་སོགས་པས་སྦྱང་བའི་སྒོ་ནས་བཅོས་པ་དང༌། ཞི་བའི་དུས་ལ་སླེབས་པ་དེའི་ཚེ་ན་ཟས་དང་སྤྱོད་ལམ་ལ་གཟབ་ཅིང་ནད་གཞན་མི་འཁྲུག་པའི་སྦྱོར་བ་འཇམ་པོས་གསོ་བར་བྱའོ། །དེ་ནི་གསོག་ལྡང་ཞི་གསུམ་གྱི་དུས་ངེས་པ་ཅན་ལ་ལྟོས་པ་ཡིན་མོད། འོན་ཀྱང་འཕྲལ་གྱི་རྐྱེན་འགའ་ཞིག་ལ་བརྟེན་ནས་རང་རང་གི་དུས་མ་ཡིན་པར་གསོག་ལྡང་བྱེད་པའི་ནད་དག་བྱུང་ན་ལེ་ལོ་མི་བྱ་སྟེ། གལ་ཏེ་དུས་ལས་འདས་ན་འཕྲལ་དུ་སྲོག་འཕྲོག་པའམ་ལྡན་འདུས་སྟོབས་ཆེ་བར་གྱུར་ནས་གསོ་དཀའ་བར་འགྱུར་བའི་ཕྱིར། འཕྲལ་དུ་རྟོགས་མ་ཐག་བསལ་བར་བྱའོ།།

གཉེན་པོ་ཞི་བྱེད་ཀྱི་སྨན་དེ་ཡང་ཉིན་ཞག་གཅིག་གི་ནང་དུ་ནད་ལྡང་བའི་ཚུལ་ཁ་ཟས་ཟ་བའི་ལུགས་དང་དུས་ལ་ལྟོས་པའི་རིགས་པ་དེ་ཡིས་གང་ལ་གང་འཚམ་པའི་ནད་དང་སྦྱར་ཏེ་བཏང་བའི་ཚུལ་ལ་མི་འདྲ་བ་རྣམ་པ་བཅུ་རུ་བཤད་པ་ཡིན་ཏེ། གང་ཞེ་ན། བད་ཀན་ལྡང་ཞིང་རྒྱས་པ་ལས་འདུས་པའི་ནད་སྟོབས་དང་ལྡན་པ་ལ་ཕན་པའི་སྨན་ཟས་མ་ཟོས་པ་སྟེ་སྔ་དྲོ་སྐྱ་རེངས་འཆར་པའི་དུས་ཀྱི་ཁྱེའུ་སུས་ལ་གཏང་བར་བྱ་བ་དང༌། ཐུར་སེལ་ལ་སོགས་པའི་ནད་ལ་ཕན་པའི་སྨན་དེ་ནི་ཉི་ཕྱེད་ཀྱི་ཟས་ཀྱི་སྔོན་ལ་བཏང་ནས་དེ་མ་ཐག་ཟས་ཟ་བ་དང་མེ་དང་མཉམ་པའི་རླུང་གི་ནད་ལ་སོགས་པ་རྣམས་ལ་ཕན་པའི་སྨན་ནི་བཤད་མ་ཐག་པའི་རིགས་པས་ཉི་ཕྱེད་ཀྱི་ཟས་ཕྱེད་ཟོས་ཕྱེད་མ་ཟོས་པའི་དབུས་སུ་བཏང་ནས་སླར་ཁ་ཟས་ཕྱེད་པོ་དེ་ཟ་བ་དང༌། རླུང་ཁྱབ་བྱེད་ལས་གྱུར་པའི་ནད་ལ་ཕན་པའི་སྨན་ནི་ཉི་ཕྱེད་དམ་དགོང་མོའི་བཟའ་བཏུང་ཟོས་མ་ཐག་པའི་མཐར་གཏོང་བ་དང༌། སྲོག་འཛིན་གྱི་རླུང་ལས་གྱུར་པའི་ནད་ལ་སོགས་པ་ལ་ཕན་པའི་སྨན་ནི་ཟས་ཁམ་རེ་དང་ཐུན་ཆུང་ཆུང་རེ་སྤེལ་ཞིང་གཏང་བར་བྱ་བ་དང༌། གྱེན་དུ་རྒྱུ་བའི་རླུང་གི་ནད་ལ་སོགས་པ་ཕལ་མོ་ཆེ་ལ་ནི་ཟས་ཀྱི་མཚམས་མཚམས་སུ་སྟེ་ཟས་ཞུ་སྨན་ཞུ་ཞེས་བྱ་བའི་ཚུལ་དུ་གཏོང་བ་དང༌། དབུགས་མི་བདེ་བ་དང་ལུད་པ་ལ་སོགས་པའི་ནད་ལ་ཕན་པའི་སྨན་ནི་ཁ་ཟས་ལ་མ་ལྟོས་པར་དུས་ངེས་མེད་དུ་ཙེ་གུར་ཏེ་ཐུན་ཆུང་ཆུང་ཡང་ཡང་བཏང་བ་དང༌། ཡི་ག་འཆུས་པ་ལ་སོགས་པའི་ནད་འགའ་ཞིག་ལ་ཕན་པའི་སྨན་ནི་ཕན་པའི་ཁ་ཟས་དང་བཅས་ཏེ་བསྲེས་ནས་གཏོང་བ་དང༌། སྐྱིགས་བུ་ལ་སོགས་པའི་ནད་འགའ་ཞིག་ལ་ཕན་པའི་སྨན་ནི་ཁ་ཟས་ཀྱི་སྔོན་དང་རྗེས་གཉིས་ཀར་བཏང་ནས་ཁ་ཟས་སྨན་གྱི་དབུས་སུ་མནན་པའི་ཚུལ་གྱིས་བཏང་བ་དང༌། ནམ་ཚོང་ཡན་ཆད་ཀྱི་ནད་ལ་ཕན་པའི་སྨན་འགའ་ཞིག་ནི་དགོང་ཀའི་ཁ་ཟས་མ་ཟོས་སམ་ཟོས་ཀྱང་ཞུ་ནས་མཚན་མོ་ཉལ་ཁར་གཏོང་བ་སྟེ་བཅུ་པོ་ལེགས་པར་ཤེས་པར་བྱའོ། །སྨན་པ་ཕལ་མོ་ཆེས་ནད་ཀྱི་གནས་དང་མཚན་ཉིད་ལྡང་དུས་སོགས་དང་མི་སྦྱོར་བར་ནད་ཀུན་ལ་ཁ་ཟས་དང་སྨན་ཞུ་དུས་ཁོ་ནར་གཏོང་བ་ནི་རྨོངས་པ་གཞུང་ལུགས་མི་ཤེས་པ་རྣམས་ཀྱི་ལུགས་ཡིན་ཏེ། དེ་འདྲ་བས་ནི་གཉེན་པོའི་སྨན་ནད་ཀྱི་ཐོག་ཏུ་ཇི་བཞིན་མི་འབབ་ཅིང་ཕན་པར་དཀའ་བའི་ཕྱིར་ལུགས་ངན་དེ་དོར་ལ། ཇི་སྐད་བཤད་པའི་བཏང་ཚུལ་བཅུ་པོ་དེ་ཉིད་སོ་སོར་མ་འདྲེས་ཤིང་རང་རང་གི་དུས་ལས་མ་འདས་པར་བྱས་ན་རྡེའུ་ངོས་འཛིན་དང་འདྲ་བར་གང་ལ་དམིགས་པའི་ནད་ཐོག་ཏུ་འབབ་པ་ཡིན་ནོ། །རླུང་ལ་སོགས་པའི་ནད་གང་ལའང་གསོ་དཔྱད་འབད་པས་སྦྱར་ཡང་མཆིལ་སྣབས་མང་ཞིང་ལུས་ལྕི་ལ་དང་ག་མི་བདེ་བ་དང་ཁ་ཟས་མི་འཇུ་ཞིང་བཤང་གཅིའི་རྒྱུན་སྐམ་པའམ་རླུང་གིས་ཁོང་པ་འདྲུལ་ཏེ་བཤང་གཅི་དུས་མིན་དུ་འབྱུང་བ་དང༌། ཤེད་སྟོབས་ཆུང་ཞིང་སྐད་གདངས་དམའ་བ་སྟེ། དེ་ལྟ་བུ་ནི་ད་དུང་ནད་ཀྱི་རྩེ་མ་གཞིལ་བའམ་ཁོང་དུ་མ་འདུས་པའི་རྟགས་ཡིན་ལ། ནད་གང་ཡང་ཞི་བའམ་ཁོང་དུ་འདུས་པའི་དུས་སུ་གོང་དུ་བརྗོད་པ་དེ་རྣམས་ལས་ལྡོག་པའི་རྟགས་བྱུང་བའི་ཕྱིར་ནད་མ་ཞི་བའི་བར་དུ་འབད་པས་བཅོས་དགོས་ཤིང༌། ཞི་ནས་ནི་སྨན་ལྷག་པར་མི་སྦྱར་ཏེ་ནད་གཞན་སྐྱེ་བར་འགྱུར་བ་དང༌། ནད་འགའ་ཞིག་གི་དབང་གིས་ཁོང་པར་འདུས་ན་སྟེང་འོག་གི་ལམ་ནས་སྦྱང་བར་བྱ་དགོས་སོ། །ནད་གང་ཞིག་བྱེ་བྲག་ཏུ་གསོ་བའི་ཚུལ་དེ་ལའང་རྣམ་པ་གསུམ་ཡོད་དེ། མ་ཞུ་བ་དང་བཅས་པའི་གསོ་ཚུལ་དང་ནད་རྐྱང་པ་རང་རྒྱུད་ཅན་གྱི་གསོ་ཚུལ་དང༌། འདྲེས་པ་གཞན་དབང་ཅན་གྱི་གསོ་ཚུལ་རྣམས་སུ་འབྱུང་ངོ༌།།

གསོ་ཚུལ་བྱེ་བྲག་ཏུ་བཤད་པ་ལ་གསུམ་ཡོད་པའི་དང་པོ་མ་ཞུ་བ་དང་བཅས་པ་ཞེས་བྱ་བའི་དོན་ནི་ཕོ་བའི་མེ་དྲོད་ཆུང་བས་ཟས་སྐོམ་དང་དྭངས་མ་མ་ཞུ་བ་དེ་ཉིད་རླུང་ལ་སོགས་པའི་ནད་རྣམས་དང་བསྡོམས་པ་གནོད་བྱ་བཅུ་དང་འདྲེས་པ་མ་ཞུ་བ་དང་བཅས་པ་ཞེས་བྱའོ། །དེ་བས་ན་ལུས་ཀྱི་རྩ་རྒྱུས་ཕྲ་མོ་ཡན་ཆད་ལ་ཁྱབ་ཅིང་ཞེན་པའི་ནད་དེ་རྣམས་ཁོང་དུ་བསྡུ་བ་དང༌། ནད་སྨིན་ཞིང་དྭངས་སྙིགས་དབྱེ་བ་དང༌། ལྟོ་བ་སྙི་ཞིང་དྲོད་སྐྱེད་པར་བྱེད་པའི་སྨན་གྱིས་ནད་ཀྱི་རྩེ་ལེགས་པར་བཅིལ་ལ་དེས་འདུས་ཤིང་སྨིན་པ་ལ་སོགས་པའི་རྟགས་ངེས་པ་ཅན་ཐོབ་ནས་སྟེང་འོག་གི་ལམ་གང་དང་ཉེ་བའི་གནས་ནས་འབད་པས་སྦྱང་བར་བྱའོ།། གལ་ཏེ་སྦྱང་པའི་ཆོ་ག་མ་བྱས་ཀྱང་སྟེང་འོག་གི་ལམ་ནས་རང་བྱུང་གི་ཚུལ་དུ་ལྷུག་པར་བྱུང་ན་གཅོད་པའི་སྨན་གྱིས་དགག་པར་མི་བྱ་སྟེ། དཔེར་ན་ཚད་པས་འཁྲུ་བ་ལ་སོགས་པ་དེ་ཉིད་མ་སྨིན་པར་བཀག་ན་སླར་ཡང་ཉེས་པ་ཆེན་པོ་འཕེལ་ཞིང་རྒྱས་པར་འགྱུར་བའི་ཕྱིར་རེ་ཞིག་བཏང་སྙོམས་སུ་བཞག་ལ་སྨིན་ནས་དོད་ཀྱིས་བཅད་པ་ལ་སོགས་པའི་ཆོ་ག་བརྩམ་པར་བྱའོ། །དེས་ན་སྨིན་པ་ལ་སོགས་པའི་རྟགས་དང་མི་ལྡན་པའི་སྔ་རོལ་དུ་མི་སྦྱང་སྟེ། ཅིའི་ཕྱིར་ཞེ་ན། ནད་དེ་ཉིད་ལུས་ཟུངས་རྣམས་ལ་ཞེན་ནས་གནས་པའི་ཕྱིར་ནད་མི་ཐོན་པའི་ཁར་ལུས་ཟུངས་འཇོམས་བར་བྱེད་དེ། །དཔེར་ན་མ་ལངས་པའི་ཆང་ལ་ཆུ་བླུགས་ཏེ་བསིངས་ན་ཆང་མི་འབྱུང་ཞིང་འབྲུ་ཆན་ཉིད་ཉམས་པར་བྱེད་པ་ཇི་ལྟ་བ་བཞིན་དུ་འགྱུར་བ་བསམ་པར་བྱའོ། །ནད་གང་ཞེས་བཤད་མ་ཐག་པའི་མ་ཞུ་བ་མེད་པའི་རང་རྒྱུད་ཅན་གྱི་ནད་རྐྱང་པ་རང་རང་གི་གནས་སུ་གནས་པ་དེ་ཟས་སྤྱོད་མི་འཕྲོད་པ་ལ་སོགས་པ་ནད་ཀུན་སྐྱེད་པར་བྱེད་པའི་རྒྱུ་བསྟེན་ཞིང་ལོངས་སྤྱད་པས་ཐོག་མ་ཉིད་དུ་རླུང་གི་ནད་འཇུག་ཅིང༌། དེ་ནས་རིམ་པས་ནད་གཞན་ཡང་འཇུག་པར་བྱེད་ལ་གལ་ཏེ་ནད་རྐྱང་པ་དེ་དག་དང་ཟས་སྤྱོད་ཀྱི་རྐྱེན་གཉིས་སློང་བའི་དུས་མ་འཛོམ་ན་རང་རང་གི་གནས་དེ་དང་དེར་གསོག་ཅིང་སྡོད་དུས་རིང་དུ་སྡོད་ལ་ལངས་པའི་ཤུགས་མཐར་མི་ཕྱིན། དཔེར་ན་ཕན་ཚུན་འཁྲུག་པ་བྱེད་པའི་ཚེ་ཤི་བོ་ཕྱོགས་ཏེ་ཟླ་གྲོགས་དཔུང་ཆུང་བ་དེ་ཉིད་བཞིན་བཙིར་བ་སྟེ་འཁྲུག་པ་འཕྲོ་བཅད་ཀྱང་མི་བཟློག་པར་བསྒུགས་ནས་བསྡོངས་ཟླ་གཞན་ཞིག་རྙེད་པའི་ཚེ་སླར་འཁྲུག་པ་བྱེད་པ་ལྟར་རྐྱེན་དང་མ་ཕྲད་པའི་བར་དུ་མི་ལྡང་ཞིང༌། དུས་གདོན་ཟས་སྤྱོད་ཀྱི་རྐྱེན་དང་ནམ་ཕྲད་པའི་ཚེ་རང་སྟོབས་ཀྱི་ནུས་པ་རྙེད་དེ་སོ་སོའི་གནས་ལས་ལྡང་བར་བྱེད་པ་ཡིན་ནོ། །དེ་དག་ཐོག་མར་རླུང་ཞུགས་པའི་རྒྱུས་ནད་གཞན་རྣམས་འཁྲུགས་ཤིང་བྱེར་བར་བྱེད་པ་དེའི་ཕྱིར་རླུང་འཇིག་ཅིང་མཁྲིས་པ་འཇུ་བྱེད་ཀྱི་སྟོབས་འཕེལ་བའི་ཁ་ཟས་སོགས་ཀྱིས་ནད་གང་ཡིན་པ་དེ་ཉིད་སྨིན་པར་བྱས་པས་ན་ནད་འཐོར་བར་བྱེད་པའི་རླུང་དེ་ཉིད་ཚར་གཅོད་ཅིང་བྱེར་བ་རྣམས་ཁོང་པར་བསྡུ་བ་ཡིན་ཏེ། དཔེར་ན་ཆར་པ་འབེབས་པའི་སྔ་རོལ་དུ་རླུང་གནོན་བྱེད་པ་དང་འདྲའོ། །ནད་ཁོང་དུ་འདུས་ཤིང་སྨིན་པར་གྱུར་པ་དེ་ནས་སྟོད་སྨད་གང་དང་ཉེ་བའི་ལམ་ནས་རློན་ཁྲུས་སོགས་ཀྱིས་སྦྱངས་པ་དང༌། ཡན་ལག་དང་ཤ་ལྤགས་སོགས་ཕྱིར་གནས་པའི་ནད་བསྡུ་སྨན་གྱིས་ཁོང་དུ་མ་འདུས་པའི་ཚེ་ན་རྩའི་སྒོ་ཕྱི་དང་ནང་ནས་སྦྱངས་ལ་དབྱུང་བར་བྱ་སྟེ་ཕྱི་ནས་ཁྲག་དབྱུང་བ་དང་ནང་ནས་རྩ་སྦྱོངས་ཀྱིས་གདོན་པར་བྱའོ། །ནད་གཞན་དབང་ཅན་ཞེས་པ་ནི་ནད་སྔ་མ་གཅིག་གི་སྟེང་དུ་བླ་གཉན་གྱི་ནད་གཞན་ཞིག་དང་བཅས་པའི་ནད་ལ་ཟེར་བ་ཡིན་ཏེ། དེ་ཡང་མཁྲིས་པ་ལྟ་བུའི་སྟེང་དུ་བླ་གཉན་རླུང་གི་ནད་བབས་པའི་ཚེ་རླུང་གིས་མཁྲིས་ཡུལ་ཕྲོགས་ནས་མཁྲིས་པ་རང་གི་གནས་ནས་ལངས་ནས་གནས་གཞན་རླུང་གི་སར་ཕྱིན། དེར་ཕྱིན་པ་ན་རང་གནས་སྔ་མ་ན་ཡོད་པའི་རླུང་ལ་གནོད་ཅིང་འཁྲུག་པར་བྱེད་པས་ན་དེའི་ཚེ་རླུང་དེ་སྟོབས་ཆུང་ན་རང་གནས་སྔ་མ་ན་ཡོད་པའི་མཁྲིས་པ་དེ་ཉིད་གསོས་པའི་རླུང་ཞི་བ་ན། འཐབ་གྲོགས་མེད་པར་མཁྲིས་ཡུལ་དུ་རླུང་མི་གནས་པ་ཆོས་ཉིད་ཡིན་ལ། ཕྱི་མ་རླུང་དེ་སྟོབས་ཆེ་ན་བླ་གཉན་གྱི་རླུང་དེ་ཉིད་བཅོས་པས་རླུང་གི་རང་གནས་ན་གནས་པའི་མཁྲིས་པ་དེ་བཅོས་མི་དགོས་པར་ཤུགས་ཀྱིས་འཚོ་སྟེ། ཡུལ་འཕྲོག་མཁན་གྱི་དགྲ་བོ་ཞི་བ་ན་རང་ཉིད་ཡུལ་དུ་ལོག་པས་བདེ་བ་ལྟ་བུའོ། །མདོར་བསྡུས་ཏེ་དཔེར་བརྗོད་ན་རྐུན་མོ་སྟེ་རྐུན་པོའི་བྲན་མོ་དེ་དང་མ་རྩོད་ཀྱང་དེ་བསྟེན་པའི་རྗེ་བོ་སྟོབས་ཆེ་བ་དེ་བཅོམ་ན་ཅིག་ཤོས་རྐུན་མོ་ལྟ་བུ་དེས་ལྡང་བར་མི་ནུས་པས་བཅོས་མི་དགོས་པ་བཞིན་ནོ། །འདིར་བྲན་མོ་བསྟེན་པའི་རྗེ་བོ་ཞེས་མི་འདྲ་བ་འབྱུང་ཡང་དོན་གཅིག་པར་མངོན་ནོ།།

གསོ་ཚུལ་རྣམས་ཀྱི་ནང་ནས་ཁྱད་པར་གྱི་གསོ་བའི་ཚུལ་ལ་རྣམ་པ་དགུའི་སྒོ་ནས་བཅོས་དགོས་ཏེ་གང་ཞེ་ན། ཚ་གྲང་སོགས་ནད་ཀྱི་བྱེ་བྲག་ཇི་ལྟ་བར་མ་རྟོགས་ཀྱང་འདི་ལྟ་བུ་ཞིག་ཡིན་ནམ་སྙམ་པའི་དོགས་པ་དང་བཅས་ཏེ་གདེངས་མ་ཐོབ་པའི་ནད་རྣམས་ལ་བྱི་ལ་སྟེ་ཞིམ་བུ་བྱི་བ་ལ་འཇབ་པ་ལྟ་བུའི་སད་མདའ་འོག་ནས་འབྱུང་བ་ལ་སོགས་པས་ལེགས་པར་བརྟགས་ཏེ་ངོས་ཟིན་པའི་ཚེ་གཉེན་པོ་སོ་སོས་བཅོས་པ་དང་གཅིག དེ་ལྟ་བུའི་སད་མདས་བརྟག་མི་དགོས་པར་བལྟ་རེག་དྲི་བས་ངོས་ཟིན་ནས་ངེས་པ་རྙེད་ཅིང་འཁྲུལ་མེད་ཀྱི་གདེངས་ཐོབ་ན་རིའི་སྤོ་ལ་སོགས་པའི་མཐོ་ས་ཀུན་གྱིས་མཐོང་བའི་གནས་སུ་དར་འཕྱར་བ་ལྟ་བུར་གང་དང་གང་གི་གཉེན་པོས་དངོས་སུ་བཅོས་པ་དང་གཉིས། ངོས་ཟིན་ཀྱང་གྲོགས་སྟོབས་ཀྱི་གཉེན་པོ་ནད་ཀྱི་ཐོག་ཏུ་མི་འབབ་པ་བྱུང་ན་ཐོག་མར་ནད་རང་རང་གི་ལམ་ལ་གཟུང་དགོས་ཏེ་དཔེར་ན་རྟ་ཤིན་ཏུ་རྒོད་པ་དཀྱུས་སུ་འཛུད་པ་ལྟ་བུར་སྨིན་སྡུད་དབྱེ་བའི་སྒོ་ནས་བཅོས་པ་དང་གསུམ། སྨན་པ་གཞན་གྱིས་སྔར་བཅོས་པའི་ནད་ལ་དམན་ལྷག་ལོག་པ་གསུམ་པོ་གང་ཡིན་ལེགས་པར་བརྟགས་ལ་སྐྱར་མོས་ཉ་ལེན་པ་བཞིན་དུ་མ་ནོར་བར་བཅོས་པ་དང་བཞི། ཤིན་ཏུ་སྟོབས་ཆེན་གྱི་ནད་རྣམས་ལ་སྨན་དཔྱད་ཟས་སྤྱོད་བཞི་ག་དཔུང་བསྐྱེད་ནས་ལག་གཏོད་ཀྱི་མི་ཤ་འཕྲང་དུ་ཕྲད་པ་གསོད་པ་ལྟ་བུར་བཅོས་པ་དང་ལྔ། སྟོབས་ཆུང་གི་ནད་རྣམས་ལ་སྤྱོད་ལམ་དང་ཟས་དང་སྨན་དང་དཔྱད་བཞི་པོ་སྐས་གདང་ལྟ་བུར་མས་འཛེག་གི་རིམ་པས་བཅོས་པ་དང་དྲུག ལྡན་འདུས་མ་ཡིན་པ་རྐྱང་པ་རང་རྒྱུད་ཅན་གྱི་ནད་ལ་དཔའ་བོས་དགྲ་འདུལ་བ་བཞིན་དུ་སྟེ། དགྲ་བོ་དེ་ཉིད་གཞིལ་ནས་གཞན་གང་ལའང་གནོད་མེད་ཀྱི་སྦྱོར་བས་བཅོས་པ་དང་བདུན། དེ་ལས་ལྡོག་པ་ལྡན་འདུས་ཀྱི་ནད་རྣམས་ལ་འདུ་བ་གསུམ་པོ་ཆ་སྙོམས་པ་ཁོ་ནར་གཅེས་ཏེ། ཡུལ་གྱི་གཙོ་བོས་ཕན་ཚུན་དམེ་ཤོར་གྱི་འཁྲུག་པ་འདུམ་པ་ལྟ་བུར་ཉེ་རིང་མེད་པའི་སྒོ་ནས་བཅོས་པ་དང་བརྒྱད། མདོར་ན་དེ་དག་ཀུན་ལ། གནོད་བྱ་ཡུལ་དུས་རང་བཞིན་ན་ཚོད་དང༌། ཞེས་བྱ་བ་ལ་སོགས་པའི་ཆོས་བཅུ་དང་སྦྱར་ནས་མཛོ་ཁལ་མཛོ་དང་ལུག་ཁལ་ལུག་ལ་འགེལ་བ་ལྟ་བུར་སྟོབས་ཆེ་ཆུང་གང་ལ་གང་འཚམ་པས་བཅོས་པ་སྟེ་རྣམ་པ་དགུའོ་ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་གཉིས་པ་བཤད་པའི་རྒྱུད་ཀྱི་གསོ་ཚུལ་སྤྱིར་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་བདུན་པའོ།། །།


མཐའ་མའི་འདོན་ཐེངས་།: 05.09.2023 ཉིན། 11:28 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།