སྨན་རྩིས་དྲ་བ། - བཤད་རྒྱུད།

ལེའུ་ཉེར་དྲུག་པ། སྤང་བླང་མུ་བཞིའི་སྒོ་ནས་བརྟག་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 22.08.2011
བཤད་རྒྱུད། >> ལེའུ་ཉེར་དྲུག་པ། སྤང་བླང་མུ་བཞིའི་སྒོ་ནས་བརྟག་པ།

གསུམ་པ་སྤང་བླང་མུ་བཞིའི་སྒོ་ནས་བརྟག་པ་ལ་གསུམ། ཉན་པར་གདམས་ཤིང་མདོར་བསྟན་པ། རྒྱས་པར་བཤད་པ། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་པ་ནས་སྤང་བ་བཞི་ཞེས་པའི་བར་གྱིས་བསྟན་ཏེ། ངན་གཡོ་སྐྱོན་ཅན་ལྟ་བུའི་སྒོ་ནས་བརྟག་པའི་ཐབས་བཤད་ཟིན་མ་ཐག་པ་དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །དེའང་ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག་དང་ངས་བཤད་པར་བྱའོ། །ཞེས་གདམས་ནས། བརྟག་ཐབས་གསུམ་པ་སྤང་བླང་མུ་བཞིའི་སྒོ་ནས་བརྟག་པ་དེ་ལ་ནི་ནད་པ་གང་ཞིག་གསོ་སླ་བ་དང་གསོ་དཀའ་བ་དང་གསོ་བ་ཙམ་དང་སྤང་བར་བྱ་བ་སྟེ་རྣམ་པ་བཞིའི་སྒོ་ནས་འཆད་དོ། །གཉིས་པ་རྒྱས་པར་བཤད་པ་ལ་བཞི་ལས། དང་པོ་གསོ་སླ་བ་ལའང་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། གསོ་སླ་ཞེས་པ་ནས་གསོ་སླ་བ་ཞེས་པའི་བར་གྱིས་བསྟན་ཏེ། སྤང་བླང་མུ་བཞིའི་ནང་ནས་དང་པོ་གསོ་སླ་བ་དེ་ལ་ཡང་ནི་ཡན་ལག་དུ་མ་དང་ལྡན་པའི་སྒོ་ནས་གསོ་སླ་བ་དང༌། གང་ཟག་ནད་པའི་སྒོ་ནས་གསོ་སླ་བ་དང༌། དེ་ལ་གནས་པའི་སྒོ་ནས་གསོ་སླ་བའོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་ལས། དང་པོ་ཡན་ལག་གི་སྒོ་ནས་གསོ་སླ་བ་དེ་ལའང་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་དོ། །དང་པོ་ནི། ཡན་ལག་ཅེས་པ་ནས་རྣམ་པ་གསུམ་ཞེས་པའི་བར་གྱིས་བསྟན་ཏེ། ཡན་ལག་དུ་མ་དང་ལྡན་པའི་སྒོ་ནས་གསོ་སླ་བ་དེ་ལ་ཡང་ནི་སྨན་པ་དང༌། སྨན་དང༌། ནད་གཡོག་གི་ཡན་ལག་སྟེ་རྣམ་པ་གསུམ་དང་ལྡན་པའོ།།

གཉིས་པ་རྒྱས་པར་བཤད་པ་ལ་གསུམ་ལས། དང་པོ་སྨན་པའི་ཡན་ལག་བཤད་པ་ལའང་གཉིས་ཏེ། སྤྱི་དོན་དང༌། ཚིག་དོན་ནོ། །དང་པོ་ནི། སྙིང་པོ་བསྡུས་པའི་འགྲེལ་པ་མཁན་པོ་ཁ་ཅིག་ན་རེ། སྨན་པ་མཁས་སྟེགས་ཞེས་བྱ་བ་ནི། འགྲེལ་པ་ལས་ཀྱང༌། སྟེགས་ནི་རང་གི་མཁན་པོ་ལུང་གི་དོན་ཤེས་པ་ལས་ཞེས་གསུངས་ཏེ་བཏེགས་སུ་བཀལ་མོད་ཀྱི། འོན་ཀྱང་དེ་ནི་འཐད་པར་མ་མཐོང་སྟེ་ཅི་སྟེ་ཞེ་ན། སྟེགས་ལ་འཛེགས་པས་མཐོ་བར་མངོན་པ་ནི་འཐད་མོད་ཀྱི། སྟེགས་ཉིད་རྐང་པའི་འོག་ཏུ་འབྱུང་བའི་ཕྱིར་རོ། །འོ་ན་ཇི་ལྟར་ཞེ་ན། དོན་གྱིས་སྨན་པ་མཁས་པ་བསྟེན་ཞེས་བྱ་བར་འབྱུང་སྟེ། གཞུང་ལ་ནི་བཅོས་པར་མི་ནུས་སོ། །ཞེས་དང༌། ཡང་ཁ་ཅིག་ན་རེ། དེ་ལ་དང་པོ་སྨན་པ་མཁས་སྟེགས་ཞེས་པ་མཁས་པ་རེ་རེ་གཉིས་གཉིས་མ་ཡིན་ཏེ། གཅིག་ལས་གཅིག་མཁས་པའི་སློབ་དཔོན་མང་པོའི་སྟེགས་ལ་འཛེགས་པ་སྟེ་ཞེས་དང༌། ཡང་ཁ་ཅིག་ན་རེ། མཁས་སྟེགས་ནི་མཁས་པ་བརྒྱུད་པའི་མན་ངག་ཅན་ནོ། །དེ་མ་གོ་བར་མཁས་བསྟེན་ཞེས་འཆོས་པའང་ཡོད་མོད་དེ་སྔ་མ་འཆུན་ཆེའོ། །ཞེས་སོགས་སྣ་ཚོགས་སུ་སྨྲ་བ་དག་མཐོང་ངོ༌། །དེ་ལ་དང་པོ་མཁས་བསྟེན་ཞེས་གཞུང་འཆོས་པར་མི་རིགས་ཏེ། སློབ་དཔོན་གྱི་རང་འགྲེལ་ཉིད་ལས་ཀྱང༌། དེ་ལ་ཡོན་ཏན་རྣམ་པ་བཞི་དང་ལྡན་ན་སྨན་པ་ཡིན་ཏེ། དེ་དག་གང་ཞེ་ན། སྨན་པ་ཆེན་པོ་མཁས་ཤིང་ལུགས་ཆེ་བ་ཀུན་གྱི་སྟེགས་སུ་གྱུར་པ་ཡིན། སྨན་དཔྱད་ཀྱི་གཙུག་ལག་ལས་བཤད་པའི་དཔྱད་ཀྱི་ལུང་ལེགས་པར་ལོབས་པ་ཡིན། སྨན་སྦྱར་ཞིང་བཏང་བའི་ལས་སུ་བྱ་བ་རྣམས་མཐོང་བ་དང༌། སྙོམས་ལས་དང་ལེ་ལོ་མི་བྱེད་པར་བརྩོན་པ་ཡིན། ཕྱིའི་བཀྲུ་བཤལ་དང་སྨན་སྦྱར་བ་ལ་སོགས་པ་ལ་གཙང་སྦྲ་ཆེ་ཞིང་ནང་གི་འདོད་ཆེན་མེད་ལ་སྙིང་རྗེ་ཡོད་པའི་གཙང་སྦྲ་དང་ལྡན་པ་འདི་ནི་སྨན་པའི་ཡོན་ཏན་ནོ། །ཞེས་བཤད་པའི་ཕྱིར་དང༌། སྟེགས་ཡིན་ན་རྐང་པའི་སྟེགས་ཡིན་པས་ཀྱང་མ་ཁྱབ་སྟེ། ཡོན་ཏན་གྱིས་མངོན་པར་མཐོ་བ་ལྟ་བུའི་ཡོན་ཏན་ནི་སྟེགས་ཡིན་ལ་དེ་རྐང་སྟེགས་སུ་མི་རུང་བའི་ཕྱིར། ཟླ་ཟེར་ལས། དེ་ལ་སྨན་པའི་ཡན་ལག་བཞི་ནི་མཁས་པ་སྟེ་ལས་རྣམས་ལ་བྱང་བའོ། །སྟེགས་ནི་རང་གི་མཁན་པོ་ལུང་གི་དོན་ཤེས་པ་ལས་བསྟན་བཅོས་ཀྱི་གཞུང་གི་དོན་ཤེས་ཤིང་ཁོང་དུ་ཆུད་པ་གང་ཡིན་པ་དེ་ནི། སྨན་པ་མཁས་སྟེགས་གཞུང་དོན་ཤེས། །ཞེས་བྱ་བ་ཡིན་ཏེ། ལུང་བརྒྱུད་པ་ལ་བསྟན་བཅོས་རྟོགས་པ་ཐོབ་པའོ། །ལས་རྣམས་མཐོང་ཞིང་ཞེས་བྱ་བ་ནི་གང་གི་གསོ་བའི་མཚན་ཉིད་ཅན་གྱི་ལས་མང་པོ་མཐོང་བ་དེ་ནི་ལས་རྣམས་མཐོང་ཞིང་ཞེས་བྱ་སྟེ། ལན་མང་པོར་ནད་པ་གསོས་ཤིང་ལས་གོམས་པར་གྱུར་པའོ།།

གཙང་བ་ཞེས་བྱ་བ་ནི་ལུས་དང་ངག་དང་ཡིད་ཀྱི་བྱ་བ་རྣམས་ལ་སྡིག་པའི་དྲི་མས་མ་གོས་པའོ། །ཞེས་བཤད་པའི་སྟེགས་ནི་མཁས་པར་གྱུར་པ་ལ་དགོངས་ཤིང༌། གཙང་བ་ཞེས་པའང་དེ་ལྟ་བུའི་སྐྱེ་བོ་དེང་སང་གི་སྨན་པ་ལ་མི་སྲིད་པས་ཤས་ཆུང་བ་ལ་བྱའོ། །ཞེས་ཟེར་བའང་རང་ཉིད་ཀྱིས་དོན་མ་གོ་བ་ཡིན་ཏེ་སྒོ་གསུམ་གྱི་བྱ་བ་ཞེས་པ་མི་དགེ་བ་བཅུ་དང་མ་འདྲེས་པ་ཞེས་པའི་དོན་ཡིན་མོད། རང་རྒྱུད་ལ་སྡིག་པའི་དྲི་མེད་པ་ཞེས་བརྗོད་རྒྱུ་ག་ལ་ཡིན། དེ་བས་ན་ཕྱོགས་སྔའི་ནམ་མ་ལངས་པ་ནས་དགག་པའི་ཉི་མ་འཆར་བ་འདི་འདྲ་གང་ཡིན་སོམས་ཤིག སློབ་དཔོན་མཁས་པ་མང་པོའི་སྟེགས་ལ་འཛེག་པ་ཞེས་བྱ་བ་ནི་ནམ་ཡང་རིགས་པ་མ་ཡིན་ཏེ། སློབ་དཔོན་མཁས་པ་མང་པོའི་སྟེགས་ལ་འཛེགས་པས་མཐའ་གཅིག་ཏུ་མཁས་པར་མི་འགྲུར་ཞིང༌། ཡང་ན་སློབ་དཔོན་མང་པོའི་སྟེགས་སམ་ཁྲིའི་སྟེང་དུ་འཛེགས་པས་ཀྱང་མཁས་པར་མ་ངེས་ལ། རྣམ་པ་གཉིས་སུ་ན་སློབ་དཔོན་རྣམས་སློབ་མའི་སྟེགས་སུ་ཐལ་བའི་ཕྱིར་དང༌། དོན་དུ་སྙེག་པའི་དགོས་པ་ཡང་མི་སྣང་ངོ༌། །མཁས་སྟེགས་ནི་མཁས་པ་བརྒྱུད་པའི་མན་ངག་ཅན་ནོ། །ཞེས་པ་ཡང༌། རྒྱུད་ཆུང་བར། གསོ་སླ་སྨན་པ་མཁས་བརྒྱུད་ཅན། །གཞུང་ཤེས་ལས་མཐོང་ངང་རྒྱུད་བཟང༌། །ཞེས་གསུངས་པ་དང་ཆ་མཐུན་ཙམ་ཡིན་ཡང་དོན་དངོས་བསྟན་མ་ཡིན་ཏེ། མན་ངག་ཤེས་པ་ནི་གཞུང་དོན་ཤེས་པའི་ཁོངས་སུ་འདུས་པའི་ཕྱིར་རོ། །དེ་ན་ཙ་ར་ཀ་ལས། སྨན་པ་བློ་ལྡན་ཤེས་རབ་ཅན། །རང་གི་ཡོན་ཏན་ཕུན་སུམ་ཚོགས། །སྙིང་རྗེའི་སེམས་ཀྱིས་བརླན་པ་ནི། །སྨན་པ་ཀུན་གྱི་སྤྱི་རྒྱན་ཡིན་ཞེས་གསུངས་པའི་དོན་ཏོ། །གང་ལའང་བློ་གྲོས་ཆགས་ཐོགས་མི་མངའ་བའི་ཤེས་རབ་མཁས་སྟེགས་ཏེ། དེ་དང་ལྡན་པ་ནི་འཛེགས་པའོ། །རང་གི་ཡོན་ཏན་ཕུན་སུམ་ཚོགས་པ་ནི་གཞུང་དོན་ཤེས་ཤིང་ལས་རྣམས་མཐོང་བའོ། །སྙིང་རྗེའི་སེམས་ཀྱིས་བརླན་པ་ནི་གཙང་བའི་དོན་ཡིན་ནོ། །ཡན་ལག་བཞི་པོ་དེ་དག་རེ་རེ་ལའང་ནང་ཚེགས་ཀྱི་དབྱེ་བ་བཞི་བཞིར་དོན་གྱིས་ཐོབ་མོད། འོན་ཀྱང་སྔ་རབས་པ་འགའ་ཞིག་གིས་དོན་མ་ཡིན་པ་རྒྱ་ཆེར་བཤད་པའང་སྣང་བས་སྤང་བླང་ཤེས་པར་བྱའོ། །གཉིས་པ་ཚིག་གི་དོན་ནི། སྨན་པ་ཞེས་པ་ནས་མཐོང་ཞིང་གཙང་ཞེས་པའི་བར་གྱིས་བསྟན་ཏེ། སྨན་པ་གང་ཞིག་མཁས་པའི་སྟེགས་བུ་ལྟ་བུ་བློ་གྲོས་དང་སྦྱངས་པ་དང་སྙན་གྲགས་དང་ཀུན་གྱིས་བཀུར་བ་དང་བཞི་ལ་འཛེགས་པས་རིག་པའི་གནས་ལྔ་སྤྱི་དང་ཁྱད་པར་དུ་གསོ་བ་རིག་པས་མངོན་པར་མཐོ་བ་དང༌། རྒྱུད་དང་བསྟན་བཅོས་དང་ལུང་དང་མན་ངག་བཞིའི་སྒོ་ནས་གཞུང་གི་དོན་མཐའ་དག་ཤེས་པ་དང༌། བརྟག་པ་དང་སྨན་དང་དཔྱད་དང་ཟས་སྤྱོད་བསླབ་པ་དང་བཞིའི་ལས་རྣམས་མ་ལུས་པ་སློབ་དཔོན་གྱིས་ཉམས་སུ་ལེན་པ་མཐོང་བ་དེ་ཇི་ལྟ་བ་བཞིན་དུ་རང་གིས་གོམས་པ་དང༌། རིགས་ངན་ཞིང་འཚོལ་བ་དང་ནད་པའི་ནོར་ལ་བརྣབ་སེམས་ཀྱི་བློ་དང༌། ཕྱོགས་རིགས་ཅན་གྱི་སྙིང་རྗེ་དང༌། སྨན་དཔྱད་ལ་སླ་ཐབས་ཀྱི་ཆོ་ག་ཁྲག་འཁྲུགས་ཡིད་དུ་མི་འོང་བ་བྱེད་པའི་སྐྱོན་རྣམས་དང་བྲལ་བས་གཙང་བ་སྟེ། དེ་ལྟར་ན་སྨན་པའི་ཡན་ལག་བཅུ་དྲུག་པོ་འདི་དག་དང་ལྡན་ན་ནད་གང་ཡང་གསོ་སླ་བ་ཡིན་ཏེ། སྨན་པ་ནི་གསོ་བར་བྱེད་པའི་གཙོ་བོ་ཡིན་པས་སོ། །དེ་ལྟར་ཡང་སྨན་གྱི་ལུང་ལས། སྦྱོར་ཞིང་རབ་འབྱོར་སྟོན་པས་ན། འདིར་ནི་སྨན་པ་གཙོ་བོ་ཡིན། །ཞེས་དང༌། བསྡུས་པ་ལས། སྨན་པའི་ཡན་ལག་མེད་ཡན་ལག །ཡོན་ཏན་ལྡན་ཡང་དོན་མེད་ཡིན། །དེ་ཡི་ཡོན་ཏན་ལྡན་ཡན་ལག །མ་ཚང་ན་ཡང་ནད་པ་འཚོ། །དེ་བས་གསོ་དཔྱད་ལ་དེ་ཉིད། །རྒྱུ་ཡི་གཙོ་བོ་ཡིན་ཞེས་བྱ། །ཞེས་བཤད་པའི་ཕྱིར་རོ།།

གཉིས་པ་སྨན་གྱི་སྒོ་ནས་གསོ་སླ་བ་ལ་གཉིས། །སྤྱི་དོན་དང༌། ཚིག་དོན་ནོ། །དང་པོ་ནི། སློབ་དཔོན་གྱི་རང་འགྲེལ་ནས། སྨན་སྣ་ཚོགས་སོ་སོ་བརྐ་སྐམ་པ་ལ་སོགས་པ་སོ་སོའི་ཆོ་ག་བཞིན་བྱས་པར་གྱུར་པ་དང༌། སྨན་སྣ་རེ་རེ་ཡང་མཐུ་སྟོབས་ལ་སོགས་པའི་ཡོན་ཏན་དང་ལྡན་པ་དང༌། སྨན་སྐྱེ་བའི་ཚེ་ན་ཆར་པ་ཆེན་པོའམ་ཐན་པ་ཆེན་པོའམ་ཉི་ལྷགས་དང་གྲིབ་མས་ཧ་ཅང་གནོད་པར་མ་གྱུར་ཞིང༌། ས་བཟང་པོ་ནས་སྐྱེས་པ་སོ་སོར་སྨིན་པར་ལྡན་པ་དག་ནད་དམིགས་ཐ་དད་པ་དང་འཕྲོད་པའི་སྨན་དམིགས་སུ་ཕན་པ་དང་ལྡན་པ་དང་འདི་བཞི་ནི་སྨན་གྱི་ཡོན་ཏན་ཡིན་ནོ། །ཞེས་དང༌། ཟླ་ཟེར་ལས། སྨན་ནི་ཆོ་ག་མང་པོ་དང༌། །ཡོན་ཏན་མང་ལྡན་ཕུན་ཚོགས་འཕྲོད། །ཅེས་བྱ་བ་ཡིན་ཏེ། དེ་ལ་སྨན་གང་ལ་ཆོ་ག་མང་པོ་ཡོད་པ་དེ་ནི་ཆོ་ག་མང་པོ་སྟེ་བཅུད་དབྱུང་ཟིང་བསྐོལ་བ་དང་ཕྱེ་མ་ལ་སོགས་པར་བྱས་པས་ནད་རྣམས་སེལ་ནུས་པ་སྟེ། ལན་ཚྭ་ལྟར་ཆོ་ག་གཅིག་ཡོད་པ་ནི་མ་ཡིན་ཏེ། དེ་ནི་ཁ་ཅིག་སུའི་ནང་དུ་དགོས་པ་བྱེད་པ་ཡིན་ནོ། །ཡོན་ཏན་མང་ལྡན་ཞེས་བྱ་བ་ནི་སེམས་ཅན་སྲེད་པ་ཐ་དད་ལ་ལྕི་བ་དང་རྟུལ་བ་ལ་སོགས་པའི་ཡོན་ཏན་མང་པོ་ཡོད་པ་དེ་ནི་ཡོན་ཏན་མང་ལྡན་ནོ། །ཡང་ན་ནད་དུ་མ་དག་གི་ཚོགས་རྣམས་སེལ་བའི་ནུས་པ་དང་ལྡན་པའོ། །ཕུན་སུམ་ཚོགས་པ་ནི་ཕུན་སུམ་ཚོགས་པའི་ཡོན་ཏན་དང་ལྡན་པ་ཡིན་གྱི། ཡོན་ཏན་མ་ཚང་བར་གྱུར་བ་མ་ཡིན་པ་སྟེ། ས་གཞི་བཟང་པོ་ལས་སྐྱེས་པ་ལ་སོགས་པའོ། །དེ་ཡང་གཞུང་ལས། ས་ཕྱོགས་ཆ་མཉམ་བསྔགས་པ་ནི། །གཞི་མཉམ་ས་བཟང་གཙང་བ་དང༌། །དུར་ཁྲོད་མཆོད་རྟེན་ཉེ་འཁོར་དང༌། །གཡང་ས་གྲོག་ཁར་རྣམས་སྤངས་པའོ། །ཞེས་བཤད་པའི་ས་གཞི་བཟང་པོ་ལས་སྐྱེས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའོ། །ཡང་ན་ལེགས་པར་སྨིན་ཞིང་སྦྱངས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའོ། །འཕྲོད་པ་ནི་སྦྱིན་པར་འོས་པ་སྟེ་གང་ལ་གང་འཕྲོད་ཅིང་འོས་པ་དེ་དེ་ལ་སྦྱར་བའོ། །དེའང་ནད་དང་ཡུལ་ཕྱོགས་དང་དུས་དང་གནོད་པ་དང་གནོད་པར་བྱ་བ་དང་ལུས་དང་ན་ཚོད་དང་སྟོབས་ལ་སོགས་པ་ཤེས་པར་བྱས་ནས་སྦྱར་ཞིང་སྟེར་བ་དག་ནད་པ་དང་ནད་ཀྱི་ཚོད་ལས་དཔགས་ཏེ་འཕྲོད་ཅིང་འོས་པ་དང་ཕན་པར་གྱུར་པའོ། །ཞེས་བཤད་དེ། ཚུལ་འདི་ལྟ་བུ་མ་རྟོགས་ཀྱང་སྙིང་པོ་བསྡུས་པའི་འགྲེལ་བྱེད་པ་ཁ་ཅིག་ན་རེ། རྒྱུ་དང་རྩ་དང་སྦྱར་པ་དང༌། །བྱིན་གྱིས་བརླབས་པའི་ཆོ་ག་བཞི། །སྐྱེས་པ་རྐྱེན་བྲལ་དུས་སུ་སྨིན། །ཡན་ལག་མ་ཉམས་ཡོན་ཏན་བཞི། །རྣམ་གྲངས་ངོ་བོ་བོངས་ཚོད་དང༌། །འདུལ་བའི་ཐབས་དང་ཕུན་ཚོགས་བཞི། །ཁམས་དང་གནོད་པ་ཡུལ་ལ་སོགས། །རྫས་ཀྱི་རང་བཞིན་འཕྲོད་པ་བཞི། །སྨན་གྱི་རང་བཞིན་བཅུ་དྲུག་འདི། །བར་སྐབས་ཚིགས་སུ་བཅད་པ་ཡིན། །ཞེས་སྨྲ་བ་ནི་རྣམ་པར་འཁྱམས་པའོ།།

ཡང་སྔ་རབས་པ་རྣམས་ན་རེ། སྨན་གྱི་ཡན་ལག་བཞི་ནི། སྨན་གཅིག་ལ་ཁུ་བ་ཕྱེ་མ་རིལ་བུ་ལྡེ་གུ་སྨན་མར་ལ་སོགས་པའི་ཆོ་ག་མང་དུ་སྦྱར་དུ་བཏུབ་ན་ཁ་སྤོས་ཀྱིན་བཏང་བས་ནད་པ་སུན་མི་འབྱིན་ལ་ནད་སྟེང་དུ་རྣོ་བར་འགྱུར་བ་དང༌། སྨན་གཅིག་ལ་ཡོན་ཏན་བཅུ་བདུན་སོགས་མང་དུ་ལྡན་པ་ན་ལྡན་འདུས་ལ་སོགས་གང་ཡང་སེལ་ནུས་པ་དང༌། སྐྱེ་སར་སྐྱེས་ཤིང་དུས་སུ་བཏུས་པ་སྐམ་གསེད་ལེགས་པ་སོ་མ་མ་རྙིངས་པ་བཞི་ཕུན་སུམ་ཚོགས་པ་རོ་ནུས་པ་ཞུ་རྗེས་གསུམ་འཕྲོད་པར་སྦྱར་བ་དང་བཞི་ལྡན་པའི་སྨན་ཡོད་ན་ནུས་པ་ཆེ་བ་ཞིག་འོང་བས་གསོ་སླ་བ་སྟེ། སྨན་ཨ་རུ་ར་ལྟ་བུ་ལ་ཡན་ལག་དེ་རྣམས་ལྡན་པ་ཡིན་ཞེས་གསུངས་སོ། །ཞེས་བཤད་པ་རྣམས་གཞུང་དོན་དང་མཐུན་མོད། འོན་ཀྱང་ཨ་རུ་ར་གཅིག་པོ་ལ་དེ་རྣམས་ཚང་ཞེས་པ་ནི་རང་བཟོ་འབའ་ཞིག་ཡིན་ཏེ། འཕྲོད་པར་སྦྱར་བ་སོགས་སྨན་སྣ་གཅིག་ལ་མི་རུང་བ་དང༌། ཨ་རུ་ར་རྣམ་རྒྱལ་ཙམ་གཏོགས་ཀུན་ལ་ཡོན་ཏན་བཅུ་བདུན་སོགས་ཚོགས་སུ་མི་རུང་བའི་ཕྱིར་འཐད་པར་མ་མཐོང་ངོ༌། །གཉིས་པ་ཚིག་གི་དོན་ནི། སྨན་ནི་ཞེས་པ་ནས་སྦྱར་བའོ་ཞེས་པའི་བར་གྱིས་བསྟན་ཏེ། ནད་གང་དག་ལ་གཏོང་བར་འོས་པའི་སྨན་དེ་ལ་ནི་ཐང་ཕྱེ་ལ་སོགས་པའི་ཆོ་ག་མི་འདྲ་བ་མང་པོ་སྦྱར་དུ་རུང་བ་དང༌། ལྕི་སྣུམ་ལ་སོགས་ཡོན་ཏན་མང་དུ་ལྡན་པ་དང༌། སྐྱེ་སར་སྐྱེས་པ་སོགས་སྨན་གྱི་རང་བཞིན་ཕུན་སུམ་ཚོགས་ཤིང༌། རོ་ནུས་སོགས་ཁམས་དང་འཕྲོད་པར་སྦྱར་བ་སྟེ། སྨན་ཉིད་ལའང་ཡན་ལག་བཅུ་དྲུག་དང་ལྡན་ན་གསོ་སླ་བའི་རྒྱུའོ། །གསུམ་པ་ནད་གཡོག་གི་སྒོ་ནས་གསོ་སླ་བ་ལའང་གཉིས་ཏེ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི་ཁ་ཅིག་ན་རེ། ཉེ་འབྲེལ་ཉམ་ཐག་མགོན་མེད་དང༌། །སྨན་པའི་ཡུལ་ལ་སྙིང་བརྩེ་བཞི། །སྡིག་སྤོང་དྲི་འདོར་ཟས་སྦྱོར་དང༌། །ཁྲུས་ལ་སོགས་པའི་གཙང་སྦྲ་བཞི། །ནད་པ་སྨན་པ་རིམ་གྲོ་བ། །ཉེ་འཁོར་བསམས་ཤེས་སྒྲིན་པ་བཞི། །བློ་ལྡན་གྲོས་བྱང་ཐབས་ལ་མཁས། །བག་དང་བློ་གྲོས་ལྡན་པ་བཞི། །ནད་གཡོག་རང་བཞིན་བཅུ་དྲུག་ནི། །བར་སྐབས་ཚིགས་སུ་བཅད་པ་ཡིན། །ཞེས་པའི་ཚིག་ཕལ་ཆེར་དོན་དང་མ་འབྱོར་ཞིང༌། གཞུང་འགྲེལ་རྣམས་དང་འགལ་ཏེ། ཇི་སྐད་དུ་སློབ་དཔོན་གྱིས། ནད་གཡོག་གི་ཡོན་ཏན་ཡང་རྣམ་པ་བཞི་སྟེ། ནད་པ་ལ་བྱམས་པ་དང༌། ཕྱི་ནང་གི་གཙང་སྦྲ་ཆེ་བ་དང༌། བསྙེལ་མདོངས་ཡོད་ཅིང་བཤོར་ལ་བརྩོན་པ་དང༌། ནད་པའི་ནད་ཀྱི་ཚུལ་ལས་ཁ་ཟས་ལ་སོགས་པ་རུང་མི་རུང་གི་ཆོ་ག་སྨན་པས་བསྟན་པ་བཞིན་མི་བརྗེད་མི་འཁྲུལ་ཞིང་རྒྱུས་ལོབས་པའོ། །ཞེས་དང༌། ཟླ་ཟེར་ལས། ནད་གཡོག་གི་ཡོན་ཏན་ཡང་རྣམ་པ་བཞི་སྟེ། ནང་གཡོག་རྗེས་བརྩེ་གཙང་སྦྲ་ཅན། །སྒྲིན་ཞིང་བློ་དང་ལྡན་པ་ཡིན། །ཞེས་བྱ་བ་ཡིན་ཏེ། རྗེས་སུ་བརྩེ་བ་ཞེས་བྱ་བ་ནི་ནད་པ་ལ་བྱམས་ཤིང་དད་པའོ། །གཙང་སྦྲ་ཅན་ནི་ལུས་དང་ངག་དང་ཡིད་ཀྱིས་ལས་ངན་པས་མ་གོས་པའོ། །སྒྲིན་པ་ནི་བྱ་བ་ཐམས་ཅད་ལ་བཤོར་ཞིང་བརྩོན་པའོ། །བློ་དང་ལྡན་པ་ནི། བློ་གྲོས་ཁྱད་པར་ཅན་ཡོད་པ་སྟེ་མཁས་ཤིང་བྱང་བ་ཞེས་བྱ་བའི་དོན་ཏོ། །ཞེས་བཤད་པའི་ཕྱིར་རོ། །གཉིས་པ་ཚིག་གི་དོན་ནི། ནད་གཡོག་ཅེས་པ་ནས་གསོ་བ་སླ་ཞེས་པའི་བར་གྱིས་བསྟན་ཏེ། ནད་པ་དང་འབྲེལ་བའི་ནད་གཡོག་དེ་ཡང་ནད་པའི་བཟའ་བཏུང་སོགས་དུས་ལས་མི་ཡོལ་བར་སྟེར་བ་ལ་སྒྲིན་ཞིང་བརྩོན་པ་དང༌། ནད་པ་སོགས་ཉམ་ཐག་པར་ལྷག་པར་བརྩེ་བ་དང༌། ཟས་སྤྱོད་སོགས་བྱ་བ་ཀུན་ལ་ལུས་ངག་ཡིད་གསུམ་གཙང་སྦྲ་ཆེ་བ་དང༌། སྨན་པས་གང་བསླབས་པ་ཀུན་ཤེས་པའི་བློ་གྲོས་ཆེན་པོ་དང་ལྡན་པ་སྟེ། དེ་ལྟར་སྨན་པ་དང༌། སྨན་དང༌། ནད་གཡོག་ཡན་ལག་རགས་པའི་དབང་དུ་བྱས་ན་བཅུ་གཉིས་དང༌། ཞིབ་ཏུ་བཞི་བཅུ་རྩ་བརྒྱད་དང་ལྡན་ན། གསོ་བ་སླའོ་ཞེས་བྱ་བའི་དོན་ཏོ།།

གཉིས་པ་ནད་པའི་སྒོ་ནས་གསོ་སླ་བ་ལ་གཉིས་ཏེ། སྤྱི་དོན་དང༌། ཚིག་དོན་ནོ། དང་པོ་ནི། སློབ་དཔོན་གྱིས། ནད་པ་ཕྱུག་ཅིང་བསྒོ་བ་ཉན། །ཤེས་པར་ནུས་ཤིང་སྙིང་སྟོབས་ལྡན། །སྨན་ཀུན་བཟོད་པར་ནུས་པའི་ལུས། །སྐྱིད་པོ་གཞོན་ཞིང་བདག་ཉིད་དུལ། །ཞེས་དང༌། རང་འགྲེལ་ལས། ནད་པའང་ཡོན་ཏན་བཞི་དང་ལྡན་ན་ནད་གསོར་རུང་སྟེ་གསོ་བའི་ཡོ་བྱད་འབྱོར་ཏེ་ཕྱུག་པ་དང༌། སྨན་པའི་དཔྱད་ཉན་ཞིང་བཀལ་བློ་བདེ་བ་དང༌། ནད་པ་རང་གི་ནད་གང་དང་གང་དུ་ན་བ་ཤེས་པ་དང༌། སྨན་དང་དཔྱད་བྱས་ན་ཕོག་རྨྱ་ཆེ་ཞིང་སྟོབས་དང་ལྡན་པ་བཞིའོ། །དེ་ལྟར་སྨན་དཔྱད་ཀྱི་ཡན་ལག་བཅུ་དྲུག་པོ་འདི་དག་དང་ལྡན་ན་ནད་གསོ་བ་ལ་སོགས་པ་དང་རྒས་སྲན་ཆེ་ཞིང་ཚེ་རིང་བར་བྱ་བ་ལ་སོགས་ཀུན་ཀྱང་བྱར་རུང་ངོ༌། །སྨན་པས་ནད་པ་ཞིག་གསོ་ན་ནད་གསོར་རུང་བའི་ནད་པ་ནི་ན་ཚོད་དར་ལ་བབ་པ་དང་སྨན་དཔྱད་ཀྱི་ཆོ་ག་ཐམས་ཅད་ལ་ཕོག་རྨྱ་ནུས་ཤིང་བཟོད་པ་དང༌། རྣམ་པ་འདི་གཉིས་སུ་ལྡན་པའི་མི་སྨན་གྱི་ཆོ་ག་དང་ཁ་ཟས་མི་འཕྲོད་པ་བསྲུང་ཞིང་དབང་པོ་ཞི་ཞིང་ཐུབ་པར་བསྲུང་ནུས་པ་འདི་ལྟ་བུའི་ནད་པ་ནི་གསོ་སླ་བ་ཡིན་ནོ། །ཞེས་དང༌། ཟླ་ཟེར་ལས། ནད་པའི་ཡོན་ཏན་ཡང་རྣམ་པ་བཞི་སྟེ། །ཞེས་དང༌། ཕྱུག་པ་ནི་ནོར་དང་ལྡན་པའོ། །བསྒོ་བ་ཉན་པ་ནི་སྨན་པའི་དབང་དུ་གྱུར་ཅིང་བསྒོ་བ་ཉན་པའོ། །ཤེས་པར་ནུས་ཞེས་བྱ་བ་ནི་ཅི་ལས་གྱུར་པའི་ནད་ཀྱི་གཞི་ལ་སོགས་པ་ཤེས་པར་ནུས་པ་སྟེ། ན་བའི་ཟས་དང་སྤྱོད་པ་ལ་སོགས་པ་སྨན་པ་ལ་བརྡ་སྤྲད་པར་ནུས་ཤིང༌། ཟས་དང་སྤྱོད་པས་ཇི་ལྟར་གྱུར་པའི་ལོ་རྒྱུས་སྟོན་པར་ནུས་པའོ། །སྙིང་སྟོབས་དང་ལྡན་པ་ནི་སྨན་དང་དཔྱད་ཀྱི་བྱ་བ་ལ་སེམས་ཞུམ་པ་མེད་ཅིང་ཕོག་རྨྱ་ཆེ་ལ་བློ་བརྟན་པའོ། །ཞེས་དང༌། དེ་ལ་སྨན་ཀུན་བཟོད་པར་ནུས་པའི་ལུས་ཞེས་བྱ་བ་ནི། གང་གིས་སྨན་ཐམས་ཅད་བཟོད་ཅིང་བསྟེན་པར་ནུས་པ་སྟེ། རྣོ་བ་དང་བར་མ་དང་འཇམ་པའི་ཚུལ་ཡུལ་སྣ་ཚོགས་ནས་སྐྱེས་པ་དང༌། ཞི་བར་བྱ་བ་དང༌། དེ་བཞིན་དུ་སྦྱང་བ་དང༌། དུག་དང་ལན་ཚྭ་ལ་སོགས་པ་བསྟེན་པར་བཟོད་པའོ། །སྐྱེས་བུ་ཞེས་སྨོས་པས་ནི་བུད་མེད་མ་ཡིན་པ་སྟེ། གང་གི་ཚེ་བུད་མེད་དག་རྟག་ཏུ་སྡར་ཞིང་བློ་དང་མི་ལྡན་པ་ཡིན་པས་ཇི་སྐད་བཤད་པའི་ནད་པའི་ཡོན་ཏན་དང་མི་ལྡན་པ་ཡིན་ལ། དེ་ནི་ཤིན་ཏུ་གཞོན་ཤ་ཅན་ཡིན་པས་སྨན་རྣོན་པོ་བསྟེན་པར་མི་བཟོད་པ་ཡིན་ནོ། །གཞོན་ཞིང་ཞེས་བྱ་བ་ནི་ལང་ཚོ་ལ་གནས་ཤིང་གཞོན་པ་ཉིད་ཅེས་བྱ་བའི་དོན་ཏོ། །བདག་ཉིད་དུལ་ཞེས་བྱ་བ་ནི་རྐང་ཞིང་ཆགས་པ་མ་ཡིན་པ་སྟེ། གང་གིས་ཡུལ་ལ་མངོན་པར་འདོད་པ་སྤངས་པས་བདག་ཉིད་དུལ་བའོ། །ཞེས་བཤད་མོད་ནའང༌། ནད་པའི་ཡན་ལག་ནི་རགས་པའི་དབང་དུ་བྱས་ཀྱང་དངོས་བསྟན་ལ་ཕྱུག་པ་དང༌། བསྒོ་བ་ཉན་པ་དང༌། ཤེས་པར་ནུས་པ་དང༌། སྙིང་སྟོབས་དང་ལྡན་པ། སྨན་བཟོད་པའི་ལུས་དང༌། སྐྱེས་བུ་ཡིན་པ་དང༌། གཞོན་པ་དང༌། བདག་ཉིད་དུལ་བ་སྟ་བརྒྱད་དུ་སྨོས་པའི་ཕྱིར་རོ།།

དེས་ན་འགའ་ཞིག་ན་རེ། མཆོད་གནས་ལོངས་སྤྱོད་ཉེ་བའི་འཁོར། །གྲོས་དང་ལྡན་པས་ཕྱུག་པ་བཞི། །སྨན་དང་དཔྱད་དང་སྤྱོད་ལམ་དང༌། །ཟས་སོགས་དགག་སྒྲུབ་བསྒོ་ཉན་བཞི། །ནད་ཀྱི་རྒྱུ་རྐྱེན་ཕན་གནོད་དང༌། །འཕེལ་འགྲིབ་དུས་སྐབས་ཤེས་པ་བཞི། །སྨན་དཔྱད་ལོངས་སྤྱོད་དུས་ཡུན་ལ། །ཞུམ་པ་མེད་པའི་སྙིང་སྟོབས་བཞི། །ནད་པའི་རང་བཞིན་བཅུ་དྲུག་འདི། །བར་སྐབས་ཚིགས་སུ་བཅད་པ་ཡིན། །ཞེས་ཟེར་བ་འདི་ཡང་ཅལ་སྒྲོག་ཙམ་དུ་ངེས་སོ། །གཉིས་པ་ཚིག་གི་དོན་ནི། གང་ཟག་ཅེས་པ་ནས་གསོ་སླའི་ཡུལ་ཞེས་པའི་བར་གྱིས་བསྟན་ཏེ། གང་ཟག་པ་དང་བཅས་པའི་ནད་པ་དེའང་བུད་མེད་ལས་ཟློག་པའི་སྐྱེས་བུ་ཡིན་པ་དང༌། རྒན་བྱིས་ལས་གཞན་པའི་ལང་ཚོ་གཞོན་ཞིང་དར་བ་དང༌། རང་བཞིན་བཟང་ཞིང་དུལ་བ་དང༌། ལོངས་སྤྱོད་དང་ནད་ཡུན་སོགས་ལ་ཞུམ་པ་མེད་པའི་སྙིང་སྟོབས་དང་ལྡན་ཞིང་དཔའ་བ་དང༌། ཞི་སྤྱང་དང་འཇམ་རྩུབ་སོགས་ཀྱི་སྨན་དཔྱད་ཀུན་བཟོད་པར་ནུས་པའི་ལུས་དང་ལྡན་པ་དང༌། ནོར་རྫས་ཕྱུག་ཅིང་གཏོང་ཕོད་ཆེ་བ་དང༌། སྨན་པ་སོགས་ཀྱིས་ཕན་པའི་གྲོས་ཇི་ལྟར་བསྒོ་བ་བཞིན་ཉན་ལ་གཅེས་པར་འཛིན་པ་དང༌། ནད་ཀྱི་རྒྱུ་རྐྱེན་ཞུགས་ཚུལ་སོགས་ཤེས་པར་ནུས་པ་དང༌། སྨན་པས་ཇི་ལྟར་དྲིས་པའི་ལན་དུ་ནད་རྟགས་སློང་རྐྱེན་སོགས་ཟློས་པ་སྟེ་སྨྲ་བ་ལ་མཁས་པའང་གསོ་སླ་བའི་ཡུལ་ཡིན་ནོ། །མདོར་ན་ཡན་ལག་བདུན་པ་ལས། གསོ་བྱ་ང་རྒྱལ་ཁྲོ་གཏུམ་མེད། །སྨན་པས་བསྒོ་བའི་བཀའ་ཉན་ཞིང༌། །དཀོན་ཅོག་གསུམ་ལ་སེམས་དད་པ། །རང་གི་སྤྱོད་ལམ་རྩ་བ་ཡིན། །ཞེས་བཤད་པ་ལྟར་ལྡན་ན་གསོ་སླའོ། །གསུམ་པ་ནད་ཀྱི་སྒོ་ནས་སླ་བ་ལ་གཉིས། སྤྱི་དོན་དང༌། ཚིག་དོན་ནོ། །དང་པོ་ནི། མདོ་སྡེ་གསེར་འོད་དམ་པ་ལས། རོ་ཡི་ཁམས་དང་ཁྲག་དང་ཤ། རུས་པ་རྣམས་དང་ཀླད་རྒྱས་སུ། །ནད་ནི་འདི་དག་ཞུགས་པའི་ཚེ། །གསོར་རུང་མི་རུང་ཤེས་པར་བྱ། །ཞེས་བཤད་པ་ལྟར་བརྟགས་ཤིང་དཔྱད་ནས་ཤེས་པར་བྱ་དགོས་ལ། ཟླ་ཟེར་ལས། གནད་དུ་མ་སོང་ཞེས་བྱ་བ་ནི་གནད་ལ་མི་གནས་པ་སྟེ་གནད་ནི་མགོ་དང་སྙིང་ག་དང་འདོམས་ལ་སོགས་པ་སྟེ། དེ་རྣམས་སུ་མ་སོང་ཞིང་སྙིང་ག་དང་ལྐོག་མ་ལ་སོགས་པར་ཤས་ཆེར་གནོད་མི་ནུས་པའོ། །རྒྱུ་སྔར་ཚུལ་མཚན་ཉིད་ཆུང་དང་ཞེས་བྱ་བ་ནི་རྒྱུ་དང་སྔར་ཚུལ་དང་མཚན་ཉིད་དག་ནི་རྒྱུ་སྔར་ཚུལ་མཚན་ཉིད་ཅེས་བྱ་སྟེ། རྒྱུ་དང་སྔར་གྱི་ཚུལ་དང་མཚན་ཉིད་དེ་དག་ཆུང་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལ་རྒྱུ་ནི་ནད་ཀྱི་གཞིའོ། །སྔར་གྱི་ཚུལ་ནི་སྔར་དང་པོ་བྱུང་བའི་ཚུལ་ལོ། །མཚན་ཉིད་ནི་རྟགས་ཀྱི་ཚུལ་ཏེ། དེ་དག་ཆུང་བ་གང་ཡིན་པ་དེ་ནི་གསོ་སླ་བ་ཡིན་ནོ། །གནོད་པ་མེད་ཅེས་བྱ་བ་ནི་གང་ལ་འཚེ་ཞིང་གནོད་པ་མེད་པ་དེ་ནི་གནོད་པ་མེད་ཅེས་བྱ་སྟེ། འདི་ལྟར་སྔར་ནད་གཅིག་སྐྱེས་པ་ལ་དེའི་འོག་ཏུ་གང་ནད་གཞན་དག་བླ་གཉན་དུ་བྱུང་བ་ནི་དེའི་མཚན་ཉིད་མ་ཡིན་ཞིང་གཙོ་བོ་མ་ཡིན་ལ། རང་གི་མཚན་ཉིད་ཇི་ལྟ་བ་བཞིན་མ་ཡིན་ཏེ། ནད་སྔ་མ་དེས་སེལ་བར་བྱེད་པ་ལ་གནོད་པར་བྱེད་པ་ཡིན་ནོ། །དེ་ཡང་ལུང་ལས། ནད་ཀྱི་སྟེང་དུ་ནད་གང་ཞིག ཕྱི་དུས་དག་ཏུ་བྱུང་བ་ནི། །གསོ་བ་དག་ལ་གེགས་བྱེད་པ། །དེ་ནི་གནོད་པ་ཞེས་བཤད་དོ། །ཞེས་འབྱུང་བ་ཡིན་ཏེ། དེ་མེད་པ་ལ་གནོད་པ་མེད་པ་ཞེས་བྱའོ། །གནོད་བྱ་ཡུལ་དུས་རང་བཞིན་རྣམས་མཚུངས་མིན་ཞེས་བྱ་བ་ལ། གནོད་བྱ་དང་ཡུལ་དང་དུས་དང་རང་བཞིན་རྣམས་ནི་གནོད་བྱ་ཡུལ་དུས་རང་བཞིན་རྣམས་ཞེས་བྱ་སྟེ། གང་གི་དེ་རྣམས་མཚུངས་པ་མ་ཡིན་པ་ནི་མཚུངས་མིན་ནོ། །དེ་ལ་དེ་རྣམས་མཚུངས་པ་མ་ཡིན་པ་ནི་དཔེར་ན། གནོད་པར་བྱ་བ་རྐང་དང་ཚིལ་ལ་སོགས་པ་དང་ཤིན་ཏུ་བརླན་ཆེ་བའི་ཡུལ་དང༌། གྲང་བའི་དུས་དང༌། ནད་པ་རླུང་གི་རང་བཞིན་དེ་ལ་མཁྲིས་པ་འཁྲུགས་པར་གྱུར་ན་གསོ་སླ་བ་ཡིན་ནོ། །གནོད་པར་བྱ་བ་མཚུངས་པ་མ་ཡིན་པ་ནི། དཔེར་ན་བད་ཀན་གྱི་མཚན་ཉིད་གྲང་བས་ཁྲག་དྲོ་བ་ལ་གནོད་པ་ཡིན་ནོ། །ཡུལ་མཚུངས་པ་མ་ཡིན་པ་ནི། དཔེར་ན་བརླན་ཅན་ཤིང་རྩི་མོད་པའི་ཡུལ་དུ་མཁྲིས་པ་སྐྱེས་པའོ། །དུས་མཚུངས་པ་མ་ཡིན་པ་ནི། དཔེར་ན་སྟོན་ཀའི་དུས་སུ་བད་ཀན་སྐྱེས་པའོ། །རང་བཞིན་མཚུངས་པ་མ་ཡིན་པ་ནི། དཔེར་ན་མཁྲིས་པའི་རང་བཞིན་ཅན་ལ་བད་ཀན་གྱི་ནད་སྐྱེས་པ་ལྟ་བུའོ། །འདིར་དྲིས་པ་གནོད་བྱ་དང་ཡུལ་དང་དུས་དང་རང་བཞིན་རྣམས་མཚུངས་པ་མ་ཡིན་པ་ནི་གསོ་བར་དཀའ་བའམ་སྤང་བར་བྱ་བ་ཡིན་གྱི། གསོ་སླ་བ་མ་ཡིན་ཏེ་སྒོ་དུ་མ་ནས་གསོ་སླ་བ་ཙམ་དགོས་པའི་ཕྱིར། འདི་ལྟར་གནོད་བྱ་ལ་སོགས་པ་འདྲ་བ་མ་ཡིན་པ་དག་ལ་ཕན་ཚུན་གསོ་བའི་རྩོམ་པ་གཞན་དང་གཞན་དག་བྱ་དགོས་ཀྱི། སྒོ་གཅིག་ནས་གསོ་སླ་བ་ནི་གསོ་སླ་བ་ཡིན་ནོ་ཞེ་ན། དེའི་ལན་བརྗོད་པར་བྱ་སྟེ། གནོད་བྱ་བ་ལ་སོགས་པ་མཚུངས་པ་ནི་རང་བཞིན་སྟོབས་དང་ལྡན་པ་ཡིན་ཞིང༌། རྩོམ་པ་ཆེ་བས་གསོ་དཀའ་བའི་ནད་ཉིད་འབྱུང་བས་དེ་གསོ་སླ་བ་མ་ཡིན་ནོ། །ལ་ལར་ནི་གནོད་བྱ་ལ་སོགས་པ་མཚུངས་སུ་ཟིན་ཀྱང་གསོ་སླ་བ་དག་ནི་ཡོད་དོ། །དེའང་གཞུང་ལས། རིམས་ལ་ཡུལ་དུས་མཚུངས་པ་དང༌། །གཅིན་འགགས་གནོད་བྱ་མཉམ་པ་དང༌། ཁྲག་གི་སྐྲན་ནི་རྙིང་བ་ཉིད། །གསོ་བ་སླ་བའི་རྒྱུ་ཉིད་ཡིན། །ཞེས་བཤད་པ་ཡིན་ནོ། །ཡན་ལག་ཕུན་ཚོགས་ཞེས་བྱ་བ་ནི་སྨན་པ་ལ་སོགས་པ་ཡན་ལག་བཞི་ཕུན་སུམ་ཚོགས་པ་ནི་འབྱོར་བར་གྱུར་པ་སྟེ། ཡན་ལག་བཞི་པོ་དེ་ཡོངས་སུ་རྫོགས་པར་གྱུར་ན་ནད་གསོ་སླ་བར་འགྱུར་བའོ། །གཟའ་ནི་རྗེས་སུ་མཐུན་པ་དང༌། །ཞེས་བྱ་བ་ལ་གཟའ་ནི་ཉི་མ་ལ་སོགས་པ་སྟེ། དེ་དག་རྗེས་སུ་མཐུན་པ་ཞེས་བྱ་བ་སྐར་མའི་ཁྱིམ་རྗེས་སུ་མཐུན་པ་ན་གནས་ཤིང༌། གནས་བཟང་པོ་ན་གནས་པར་གྱུར་ནའང་ནད་གསོ་སླ་བ་ཡིན་ནོ། །ཉེས་པ་ལམ་གཅིག་ཅེས་བྱ་བ་ནི་ཉེས་པ་དང་ལམ་གཉིས་གཅིག་པ་དང་ལྡན་པ་ནི་ཉེས་པ་ལམ་གཅིག་སྟེ། ཉེས་པ་ནི་རླུང་ལ་སོགས་པའོ། །ལམ་ནི་གསུམ་སྟེ་འོག་ནས་བཤད་པའི་ཡན་ལག་གམ་ཡལ་ག་ལ་སོགས་པ་ནི་ཕྱི་དང་ནང་དང་བར་གྱི་དབྱེ་བས་སོ། །དེས་ན་གང་རླུང་ལ་སོགས་པའི་ནང་ནས་གང་ཡང་རུང་བ་གཅིག་ལས་སྐྱེས་ཀྱི་གཉིས་སམ་གསུམ་ལས་མ་སྐྱེས་པ་དང༌། དེ་བཞིན་དུ་ཕྱི་རོལ་ལམ་ནང་ངམ་བར་མ་སྟེ་ལམ་གཅིག་ལས་སྐྱེས་པ་སྟེ་གསོ་སླ་བ་ཡིན་ནོ། །གསར་པ་ཞེས་བྱ་བ་ནི་ནད་མ་རྙིངས་པ་སྟེ་སྐྱེས་ནས་རིང་པོ་མ་ལོན་པ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་ལོ་གཅིག་ཡན་ཆད་འདས་པའི་ནད་ནི་གསོ་དཀའ་བ་ཡིན་ནོ། །ཞེས་བཤད་ལ། འདིའི་གཟའ་ནི་རྗེས་སུ་མཐུན་པ་དང༌། ཞེས་པ་ལ། རང་འགྲེལ་ལས། མི་དེ་བཙས་པའི་ཚེའི་བླ་སྐར་གང་ཡིན་པ་དང་གཟའ་གང་ཡིན་པ་དང་སྦྱར་ཏེ་ཐོག་མར་ནད་ཀྱིས་བཏབ་པའི་ཉི་མ་དང་སྦྱར་ན་བཙས་པའི་སྐར་མ་ལ་གནོད་པར་མ་གྱུར་པ་དང༌། ཞེས་གསུངས་པས་གཟའ་དང་སྐར་མའི་ཁམས་ཀྱི་མ་བུ་དགྲ་གྲོགས་དང་སྨན་པ་དང༌། ནད་པ་ནད་གཡོག་གི་སྲོག་ལུས་དབང་ཐང་རླུང་རྟ་སོགས་མཐུན་བསྡེབས་སུ་གྱུར་པའང་གསོ་སླ་བའི་ཡན་ལག་ཏུ་གཏོགས་པས་ན་འདི་དག་བརྩི་ཤེས་པའང་ཤིན་ཏུ་གཅེས་མོད། འོན་ཀྱང་དེ་ལྟ་བུ་ཤེས་པའི་སྨན་པ་ནི་ཁོ་བོའི་རྣ་བའི་ལམ་དུ་ཡང་མ་སོན་ན་དངོས་སུ་ལྟ་སྨོས་ཀྱང་ཅི་དགོས། དེ་བས་ན་རྗེས་འཇུག་བློ་ལྡན་རྣམས་ཀྱིས་རྟོགས་ཤིང་ཤེས་པའི་སླད་དུ་དེ་དག་བརྩི་ཚུལ་ཁོ་བོས་ལོགས་སུ་བཤད་པར་བྱའོ།།

གཉིས་པ་ཚིག་གི་དོན་ནི། ནད་ཀྱི་སྒོ་ནས་ཞེས་པ་ནས་སླ་ཞེས་བྱ་ཞེས་པའི་བར་གྱིས་བསྟན་ཏེ། གང་ལ་ནད་ཀྱི་སྒོ་ནས་སྒོ་ནས་གསོ་བ་སླ་ཞེས་བྱ་བ་ནི། ནད་ཀྱི་རྒྱུའམ་ནད་གཞི་དང༌། ནད་དེ་སྔར་ཇི་ལྟར་ལྡང་བའི་ཚུལ་དང༌། མཚན་ཉིད་དམ་ནད་རྟགས་རྣམས་ཆུང་བ་དང༌། དྭངས་མ་ལ་སོགས་པའི་གནོད་བྱ་དང༌། ངད་ཅན་གྲང་བ་ལ་སོགས་པའི་ཡུལ་དང༌། དབྱར་ལ་སོགས་པའི་དུས་དང༌། རླུང་གི་མི་ལ་སོགས་པའི་རང་བཞིན་རྣམས་མི་མཚུངས་པ་སྟེ། དཔེར་ན་རུས་པའི་གནས་སུ་མཁྲིས་པ་བབས་པ་དང༌། ངད་ཅན་གྲང་བའི་ཡུལ་དུ་མཁྲིས་པ་སྐྱེས་པ་དང༌། དབྱར་དང་དགོང་ཐོ་རངས་མཁྲིས་པ་ལྡང་བ་དང༌། རླུང་གི་རང་བཞིན་ཅན་གྱི་མི་ལ་མཁྲིས་པའི་ནད་ཀྱིས་བཏབ་པ་ལྟ་བུ་ཐམས་ཅད་འཇོམས་པའམ་གཅིག་གཉིས་ཙམ་ཚོགས་ནའང་གསོ་སླ་བ་ཡིན་ལ། ནད་གང་དང་གང་གིས་བཏབ་པ་དེའི་སྟེང་དུ་བླ་གཉན་གྱི་ནད་གཞན་གྱི་གནོད་པ་མེད་པ་དང༌། ཕྱི་དང་ནང་དང་བར་ཏེ་ལམ་གསུམ་པོ་གང་ཡང་རུང་བ་གཅིག་ལས་སྐྱེས་པ་དང༌། ནད་གཞི་གསུམ་པོ་ཕན་ཚུན་ལྡན་དུས་སུ་མ་གྱུར་པའི་རྐྱང་བ་དང༌། ནད་མ་རྙིངས་པའི་གསར་པ་སྟེ། དེ་དག་རྣམས་དང་ལྡན་པའི་ནད་རྣམས་གསོ་བར་སླ་བ་ཡིན་ནོ་ཞེས་སྤྱིར་བཏང་བའོ། །དམིགས་བསལ་ནི། འོན་ཀྱང་ཞེས་པའི་སྒྲས་སྔ་མ་དག་ཏུ་མ་ཟད་ནད་འགའ་ཞིག་ལ་ཡུལ་དུས་མཚུངས་ཤིང་གནོད་བྱ་མཉམ་པ་དང༌། རྙིང་བ་གསོ་སླ་བ་དག་ཀྱང་ཡོད་དེ། གང་ཞེ་ན། རིམས་ལྟ་བུ་ལ་ཡུལ་སྐམ་ས་ཚ་གདུང་ཆེ་སར་སྐྱེས་པ་དང༌། དུས་སྟོན་ཀ་དང་ཉིན་གུང་མཚན་གུང་ལྡང་བ་དག་གཅིག་ཏུ་ཚོགས་ཤིང་མཚུངས་པ་དང༌། ཆུ་འགགས་ཀྱི་ནད་ལ་གནོད་བྱ་བཤང་གཅི་གཉིས་མཉམ་པ་དང༌། ཁྲག་གི་སྐྲན་ཡུན་རིང་རྙིང་བར་གྱུར་པ་ཉིད་གསོ་བར་སླ་ཞེས་བྱའོ། །ཅིའི་ཕྱིར་ཞེ་ན། རིམས་ལ་ཡུལ་དུས་མཚུངས་པ་ནི་རང་བཞིན་གྱིས་སྨིན་ཞིང་རི་ཐང་མཚམས་ཤས་ཆུང་བ་སྟེ་རྐྱང་བར་གྱུར་པ་དང༌། ཆུ་འགགས་ལ་བཤང་གཅི་མཉམ་དུ་འགགས་ན་བཤང་བ་བསངས་པས་གཅི་བ་ཤུགས་ལས་གྲོལ་བ་དང༌། ཁྲག་སྐྲན་རྙིང་ན་སྨིན་བྱེད་དང་བཞུ་མི་དགོས་པར་སྦྱངས་པས་སེལ་ནུས་པ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ།།

གཉིས་པ་གསོ་དཀའ་བའི་ནད་བཤད་པ་ལ་གཉིས་ཏེ། སྤྱི་དོན་དང༌། ཚིག་དོན་ནོ། །དང་པོ་ནི། ཟླ་ཟེར་ལས། ནད་ནི་མཚོན་སོགས་ཀྱིས་གདབ་ཅིང༌། །གསོ་བར་དཀའ་ཞིང་དེ་ལས་འདྲེས། །ཞེས་བྱ་བ་ཡིན་ཏེ། ནད་གང་མཚོན་ལ་སོགས་པས་བསྒྲུབ་ཅིང་གདབ་དགོས་པ་དེ་ནི་གསོ་དཀའ་ཞིང་བཟློག་པར་དཀའ་བ་ཡིན་པས་ཐབས་མང་པོ་དང་ཡུན་རིང་པོས་གསོ་དགོས་པ་ཡིན་ནོ། །དེ་ཡང་གཞུང་ལས། གསོ་དཀའ་བ་ལ་དཀའ་བ་དང༌། །ཐབས་མང་ཡུན་ནི་རིང་བོས་སོ། །ཞེས་བཤད་པ་ཡིན་ནོ། །སོགས་པའི་སྒྲས་ནི་ནས་ཚིག་འཁུས་པའི་ཐལ་བས་བསྐུ་བ་དང༌། མེ་གདབ་པ་དང་དུག་གིས་བསྐུ་བ་ལ་སོགས་པ་བསྡུའོ། །དེ་ལས་འདྲེས་ཞེས་བྱ་བ་ལ། དེ་ལས་ཞེས་བྱ་བ་ནི་སྔར་བཤད་པའི་གསོར་རུང་བའི་མཚན་མ་ལས་ནད་གང་འདྲེས་པ་ཞིག་བྱུང་ན་དེའང་གསོ་བར་དཀའ་བ་ཡིན་ནོ། །དེ་ལ་དེ་ལས་འདྲེས་པའི་མཚན་ཉིད་ནི་སྔར་བཤད་པའི་གསོ་སླ་བའི་མཚན་ཉིད་ལས་འདྲེས་ཤིང་གཉིས་སམ་གསུམ་ཚོགས་པར་གནས་པ་སྟེ། དཔེར་ན་གཞོན་པ་ན་ན་ཡང་བདག་ཉིད་མ་དུལ་བ་དང༌། དབང་པོ་དུལ་བ་ཡིན་ཡང་ནད་གནད་ཀྱི་གནས་སུ་སོང་བ་དང༌། སྨན་ཐམས་ཅད་བཟོད་པར་ནུས་པའི་ལུས་དང་ལྡན་ཡང་རྒས་པ་དང༌། གལ་ཏེ་གཞོན་དུ་ཟིན་ཡང་སྨན་ཐམས་ཅད་བཟོད་པར་མི་ནུས་པའོ། །དེ་ལྟར་ན་ཕྱོགས་འདིས་ཐམས་ཅད་ལ་འགྲེ་བར་བྱའོ། །ཞེས་གསལ་བར་བཤད་དོ། །གཉིས་པ་ཚིག་དོན་ནི། གསོ་དཀའ་ཞེས་པ་ནས་དགོས་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། གང་ཞིག་གསོ་དཀའ་བའི་ནད་ཅེས་བྱ་བ་ནི་གོང་དུ་སྨོས་པའི་ཡན་ལག་དང་ནད་པ་དང་ནད་ཀྱི་སྒོ་ནས་གསོ་སླ་བའི་ཆ་ཤས་དེ་དག་གི་འགའ་ཞིག་ཡོན་ཀྱང་ཕལ་ཆེར་མེད་པའམ་ལ་ལ་ཡོད་ཅིང་འཛོམས་ཡང་ལ་ལ་མ་འཛོམས་པས་ན་གསོ་སླ་བ་དང་སླ་བ་མ་ཡིན་པ་ཕན་ཚུན་ཁྲག་འཁྲུགས་སུ་འདྲེས་པ་སྟེ། དཔེར་ན་ནད་པ་དང་ནད་ཀྱི་སྒོ་ནས་གསོ་སླ་བའི་མཚན་ཉིད་ཡོད་དུ་ཟིན་ཀྱང་སྨན་པའི་ཡན་ལག་མ་ཚང་བ་དང༌། སྨན་པ་མཁས་སུ་ཟིན་ཀྱང་ནད་པ་དང་ནད་ཀྱི་སྒོ་ནས་གསོ་སླ་བ་ལས་བཟློག་པ་ལྟ་བུ་སོགས་དང་ལྡན་པས་སྨན་དཔྱད་རིམ་གྲོ་ལ་སོགས་པ་ཐབས་མང་པོའི་སྒོ་ནས་ཡུན་རིང་དུ་ངང་གིས་གསོ་དགོས་པ་དེ་ལྟ་བུ་ནི་གསོ་དཀའ་བ་ཞེས་བྱའོ། །གསུམ་པ་གསོ་བ་ཙམ་བཤད་པ་ལ་གཉིས་ཏེ། སྤྱི་དོན་དང༌། ཚིག་དོན་ནོ། །དང་པོ་ནི། ཟླ་ཟེར་ལས། ཚེ་ཡི་ལྷག་མ་ལུས་ཕྱིར་འཚོ། །གོ་བཟློག་པ་ལ་གོམས་པ་ཉིད། །ཅེས་བྱ་བ་ཡིན་ཏེ། ཕྱིན་ཅི་ལོག་རྣམ་པ་མང་པོས་བསྒྲུབ་པར་བྱ་བའི་གསོ་བའི་ཐབས་དང་མི་མཐུན་པར་གྱུར་ལ། ཚེའི་ལྷག་མ་ནི་མ་ཟད་པས་ནད་ཀྱིས་གསོད་པར་མི་ནུས་པ་དག་ལ་ནི་ཁ་ཟས་དང་སྤྱོད་ལམ་ཕན་པ་དག་གིས་རེ་ཞིག་གསོ་ཞིང་འཚོ་བ་ཙམ་དུ་བྱའི་དེ་ཡོངས་སུ་སྤང་བར་ནི་མི་བྱའོ། །འདི་དང་ཡོངས་སུ་སྤང་བར་བྱ་བའི་ནད་ཀྱི་ཁྱད་པར་ནི་འདི་ཙམ་ཞིག་ཡོད་དེ། འདི་ལ་ནི་ཚེའི་ལྷག་མ་ཙམ་ཞིག་ཡོད་པས་རེ་ཞིག་སྤང་བར་བྱ་བ་མ་ཡིན་གྱི། མཚན་ཉིད་གཞན་ཐམས་ཅད་ཕལ་ཆེར་མཐུན་པ་ཡིན་ནོ། །གོ་བཟློག་ཅེས་པས་ནི་གང་ཞིག་གོ་བཟློག་པ་ཡིན་ཞེ་ན་འདས་མ་ཐག་པའི་རང་བཞིན་གསོ་སླ་བ་ལས་གོ་བཟློག་པའོ། །གོམས་པ་ནི་ཡང་ནས་ཡང་དུ་བྱས་ཤིང་གྲུབ་པ་སྟེ། དེ་བས་ན་ཕན་པའི་ཁ་ཟས་དང་སྤྱོད་ལམ་གྱིས་གསོ་བར་བྱའོ། །དེ་ཡང་གསོ་བས་བདེ་བ་ཅུང་ཟད་ཅིག་སྐྱེད་ཅིང༌། ཡང་རྒྱུ་ཅུང་ཟད་ཀྱིས་ནི་འཕེལ་བར་འགྱུར་རོ། །ཞེས་དང༌། བསྡུས་པ་ལས། བདེ་བ་ཅུང་ཟད་བསྐྱེད་ནས་ནི། །ཅུང་ཟད་རྒྱུས་ནི་འཕེལ་འགྱུར་ཞིང༌། །ནད་ཀྱི་ལྷག་མ་མེད་མི་འགྱུར། །ལས་སྐྱེས་ཚེ་ནི་ངེས་པ་ཡིན། །ལྷུང་བ་ལས་ནི་འཇུས་པ་བཞིན། །ནད་ལ་ཕན་པས་གཟུང་བར་བྱ། །ཞེས་བཤད་དོ། །འོ་ན་ཚེའི་ལྷག་མ་ལུས་པ་དེ་གང་གིས་ཤེས་ཤེ་ན། ནད་ཀྱི་མཚན་ཉིད་དང་ལུས་ཟུངས་དང་ན་ཚོད་དང་མངོན་སུམ་རྗེས་དཔག་གི་སྒོ་ནས་ཀྱང་ཤེས་མོད།  འོན་ཀྱང་རྣམ་འགྲེལ་ལས། གནས་གསུམ་པར་ནི་འཕོ་བ་ན། །བསྟན་བཅོས་ལེན་པ་རིགས་ལྡན་ཡིན། །ཞེས་འབྱུང་བ་ལྟར་གཡུལ་ལས་རྣམ་པར་རྒྱལ་བའི་རྒྱུད་ལས། ཚེས་དང་མཁའ་མེ་བཞི་བཅུ་ལྔ།  དྲུག་ཅུའི་དུས་ཀྱི་ཆུ་ཚོད་རྣམས། །དང་པོ་གཉིས་གསུམ་བཞི་པ་སྟེ། །བརྒྱ་ཉི་ཤུ་དང་བརྒྱ་བརྒྱད་ཅུ། །ཐ་མ་དྲུག་ཅུར་ཤེས་པར་བྱ། རང་གི་སྐྱེས་པའི་ཆུ་ཚོད་ལ། །ཉི་ཤུ་ལྷག་མ་བརྒྱ་ཡིས་བསྒྱུར། །དེ་ལ་དགུ་བཅུས་བགོས་ཐོབ་པས། །ཚེ་ཚད་རྣམས་ལ་རིམ་བཞིན་དབྲི། །ལྷག་མ་ལུས་ཅན་ཚེ་ཚད་དེ། །འཆི་བ་བསླུས་པ་སྣོན་པར་གསལ། །ཞེས་བཤད་པ་ལྟར་རི་མོས་ཀྱང་རགས་པར་རྟོགས་ཤིང༌། ཞིབ་ཏུ་དེའི་འགྲེལ་པ་མཆོག་དགའ་དཔལ་སྒྲོན་སོགས་དང༌། རྟེན་འབྲེལ་བཅུ་གཉིས་ཀྱི་མདོ་དང༌། འཇམ་དཔལ་གྱི་རྩིས་ལུགས་སོགས་ལས་རྟོགས་པར་བྱའོ། །གཉིས་པ་ཚིག་གི་དོན་ནི། དེ་ལས་ཞེས་པ་ནས་གསོ་བ་ཙམ་ཞེས་པའི་བར་གྱིས་བསྟན་ཏེ། བཤད་མ་ཐག་པའི་གསོ་སླ་བ་དང་དཀའ་བ་དེ་ལས་གོ་བཟློག་པར་གྱུར་ནས་གསོ་བར་མི་ནུས་པ་དེ་ལྟ་བུ་ལ་སྔར་ནས་མང་དུ་གོམས་པའི་ཁ་ཟས་དང་སྤྱོད་ལམ་ཅམ་གྱིས་ཕན་པར་བྱ་བ་ཉིད་ཡིན་ཏེ། ཅིའི་ཕྱིར་ཞེ་ན། དེ་ནི་ནད་དེ་ཉིད་ཀྱིས་གཏོང་བར་བྱེད་པ་མ་ཡིན་ཡང་ལས་ཀྱིས་འཕོངས་པའི་ཚེའི་ལྷག་མ་ཙམ་ལུས་ནས་རེ་ཞིག་མི་འཆི་བ་ཡིན་པའི་ཕྱིར། འདི་ལྟ་བུ་ལ་ནི་གསོ་བ་ཙམ་ཞེས་བྱ་སྟེ་གསོ་བའི་ཚུལ་ལྟར་བྱེད་པའོ། །བཞི་པ་སྤང་བར་བྱ་བ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། དང་པོ་ནི། སྤང་བར་བྱ་ལ་ཞེས་སོགས་རྐང་པ་གཅིག་སྟེ་ནད་པ་གང་ཞིག་སྨན་པས་སྤང་བར་བྱ་བའང་ཡོད་པས་དེ་ལ་གསོ་བའི་ཐབས་ཡོད་ཀྱང་སྤང་བར་བྱ་བ་དང༌། གསོ་ཐབས་མེད་པས་སྤང་བར་བྱ་བ་ཞེས་རྣམ་པ་གཉིས་སོ།།

གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། དང་པོ་ལ་སྤྱི་དོན་དང༌། ཚིག་དོན་ནོ། །དང་པོ་ནི། ཟླ་ཟེར་ལས། ནད་པ་བཅོས་པའི་ཐབས་ཡོད་པ་དག་ཀྱང་སྤང་བར་བྱ་བ་བཤད་པ་ནི། སྨན་པ་རྒྱལ་པོ་ལ་སྡང་དང༌། །དེ་དང་མི་མཛའ་སྡང་བ་དང༌། །ཡོ་བྱད་མི་འབྱོར་བྲེལ་བ་དང༌། །ཉན་དུ་མི་བཏུབ་ཚེ་ཟད་དང༌། །གཏུམ་ཞིང་མྱ་ངན་ལ་མནན་འཇིགས། །བྱས་པ་མི་གཟོ་སྨན་བརྙས་སྤང༌། །ཞེས་བྱ་བ་ཡིན་ཏེ། ནད་པ་དེ་ལྟ་བུ་ནི་གསོར་རུང་ཡང་སྤང་བར་བྱའོ། །སྨན་པ་རྒྱལ་པོ་ལྡང་ཞིང་ཞེས་བྱ་བ་ནི་སྨན་པ་དག་དང་རྒྱལ་པོ་སྟེ་ས་བདག་ལ་སྡང་བ་དང༌། དེ་བཞིན་དུ་དེ་དང་མི་མཛའ་བ་དང༌། ཞེས་བྱ་བ་སྨན་པ་དང་རྒྱལ་པོ་གང་ལ་སྡང་ཞིང་མི་མཛའ་བ་དེ་ཡང་སྤང་བར་བྱའོ། །སྡང་བ་དང་ཞེས་བྱ་བ་ནི་བདག་ཉིད་ལ་སྡང་ཞིང་དགྲར་བྱེད་པའོ། །ཡོ་བྱད་མི་འབྱོར་ཞེས་བྱ་བ་ནི་ཡོ་བྱད་མ་ཚང་བ་ཞེས་བྱ་བ་སྟེ་གསོ་བའི་ཡན་ལག་དང་མི་ལྡན་པའོ། །བྲེལ་བ་ནི་བྱ་བ་མང་བ་སྟེ་བྱ་བ་གཞན་ལ་བལྟོས་ཤིང་ལས་གཞན་ལ་སེམས་ཞེན་པའོ། །ཉན་དུ་མི་བཏུབ་པ་ནི་སྨན་པས་བསྒོ་བ་བཞིན་མི་བྱེད་པ་གང་ཡིན་པ་དེའང་སྤང་བར་བྱའོ། །ཚེ་ཟད་པ་ནི་འཚོ་བ་ཡོངས་སུ་ཟད་པའོ། །གཏུམ་པ་ནི་འཕྲལ་དུ་གནོད་པ་བྱེད་ཅིང་གདུག་པའི་བློ་ཅན་ནོ། །མྱ་ངན་ལ་མནན་པ་ནི་ཆུང་མ་ལ་སོགས་པ་ཤི་བ་ལས་བྱུང་བའི་མྱ་ངན་གྱིས་གཟིར་བའོ། །འཇིགས་པ་ནི་འཇིགས་པ་དང་བཅས་པའོ། །བྱས་པ་མི་གཟོ་བ་ནི་གང་ལ་ཕན་པ་བྱས་སུ་ཟིན་ཀྱང་གནོད་པར་བྱེད་པའོ། །སྨན་པ་ལ་བརྙས་པ་ནི་བདག་ཉིད་སྨན་པ་མ་ཡིན་དུ་ཟིན་ཀྱང་སྨན་པ་ལྟ་བུར་འཆོས་ཤིང་རྨོངས་པས་རང་གར་སྨན་དཔྱད་བྱེད་པ་སྟེ་དེའང་སྤང་བར་བྱའོ། །ཞེས་དང༌། གཞན་ཡང༌། སྨན་པ་སྨན་དང་ཁ་ཟས་དང༌། །བླ་མ་མཛའ་བཤེས་ལ་ལྡང་གང༌། །འདི་དག་ཐམས་ཅད་གཤིན་རྗེ་ཡི། །དབང་གྱུར་ཡིན་པས་སྤང་བར་བྱ། །ཞེས་དང༌། འཇམ་དཔལ་གསུང་གི་འགྲེལ་པར། དཔྱད་ཀྱིས་འཇིགས་ཤིང་སྨན་སུན་ཁྱེར། །སྡུག་བསྔལ་མི་བཟོད་ཁ་མི་ཐུབ། །སྨན་པས་བསྟན་པ་མི་ཉན་པར། །ཚོད་ཡིད་རང་གར་བྱེད་པ་དང༌། །ཞེས་དང༌། ཆོས་སྤྱོད་མངོན་རྟོགས་ལས། སྲོག་གཅོད་གོང་ན་སྡིག་གཞན་མེད། །འཁོར་བའི་གནས་སུ་ཡུན་རིང་འགྱུར། སྲོག་གཅོད་པ་ཡིན་རྣམ་སྨིན་གྱིས། །བསྐལ་པ་བྱེ་བ་བརྒྱ་རྣམས་སུ། །རང་གི་སྲོག་ཀྱང་གཅོད་པར་འགྱུར། །ཞེས་བདག་ཉིད་ལ་སྡ་བའི་དོན་དང༌། སྐྱེ་བོ་གསོ་ཐིགས་སུ། ཤིན་ཏུ་བླུན་པ་ལ་ལ་དག །འཆི་བའི་རྣམ་པ་མཐོང་ན་ཡང༌། །བྱ་བ་མང་པོ་རྩོམ་བྱེད་ནི། །བདུད་ཀྱིས་བསླུས་པར་རིག་པར་བྱ། །ཞེས་པ་ལྟ་བུས་འབྲེལ་བ་དང༌། འཇམ་དཔལ་གསུང་འགྲེལ་ལས། དེ་ནས་སྐྱེས་བུ་ནད་པ་ཡིས། །བྱམས་པའི་གཏམ་དང་སྨན་པའི་ངག །གལ་ཏེ་ཉན་པར་མི་བྱེད་ན། །རྒྱུ་རྩལ་བྲལ་བའི་སྐྱེས་བུ་བཞིན། །ཕྱི་ནས་ཐབས་མེད་ཉིད་དུ་འགྱུར། །ཞེས་དང༌། དེ་ཉིད་ལས། ཟུག་རྔུ་བསྡུས་པས་རང་རྒྱུད་ངན། །ཞེས་དང༌། བྱས་པ་དྲིན་དུ་མི་གཟོ་བ། །དེ་ནི་ཆོམ་རྐུན་ཆེན་པོ་ཡིན། །ཞེས་དང༌། དྲིས་ལན་རིན་ཅེན་འཕྲེང་བར། གླེན་པའི་སྐྱོན་ནི་གང་ཞེ་ན། །ཀུན་གནོད་བྱས་པ་མི་གཟོ་བའོ། །ཞེས་དང༌། ཙ་ར་ཀ་ལས། སྨན་པ་མཁས་པ་གཞན་དག་ལ། །གསོ་བའི་ལས་ལ་མ་གོམས་ཏེ། །ང་ཡིས་གསོ་བ་མི་ཤེས་ཞེས། །སྐྱོན་ནི་ཡང་དང་ཡང་དུ་སྨྲ། །ཞེས་སྨན་པ་ལ་བརྙས་པར་བྱེད་པ་སོགས་ཏེ་བཤད་མ་ཐག་པ་དེ་རྣམས་དང་ལྡན་པའི་ནད་པ་ནི་གསོ་ཐབས་ཡོད་ཀྱང་སྤང་བར་བྱའོ། །ཞེས་སྟོན་མོད། འོན་ཀྱང་འབྱོར་བ་མི་ལྡན་པ་དང་ཚེ་ཟད་པ་དང་མྱ་ངན་ལ་མནན་པ་ཞེས་བྱ་བ་གསུམ་ནི་གསོ་ཐབས་ཡོད་ཀྱང་སྤང་བར་བྱ་བའི་ཁུངས་སུ་རུང་བསམ་མི་སྣང་སྟེ། མྱ་ངན་ནད་འཕངས་སྡུག་ལ་ནུས་ཕན་གདགས། །ཞེས་དང༌། འཕོངས་པ་ནད་དང་མྱ་ངན་གཟིར། །ཅི་ནུས་བར་ནི་ཕན་གདགས་བྱ། །ཞེས་སོགས་མྱ་ངན་ཅན་དང་དབུལ་ཕོངས་རྣམས་ལ་ཕན་གདགས་པར་བཤད་པ་དང༌། ཚེ་ཟད་པ་ནི། སྲོག་གཅོད་ནད་དགུས་དེ་ལུས་བཟུང་བ་སྤང༌། །ཞེས་གསོ་ཐབས་མེད་པར་བཤད་པའི་ཕྱིར་རོ། །དེས་ན་འདི་དང་བརྒྱད་པ་རྩ་འགྲེལ་རྣམས་མཐུན་པར་འབྱུང་བས་མ་དག་པའང་མ་ཡིན་ཞིང༌། སྐྱེ་བོའི་བརྗོད་གླེང་ངན་པ་འབྱུང་ཞེས་པའི་ཚིག་གིས་ཀྱང་འགལ་བ་སྤོང་མི་ནུས་ལ། ཁོ་བོས་ནི་མངོན་སུམ་དུ་བསྙོན་པར་མ་ནུས་པས་རྒྱ་དཔེ་ཉིད་ལ་སྐྱོན་ཡོད་པར་སེམས་སོ། །དེའང་རྩོམ་པ་པོ་ཉིད་ལ་འཁྲུལ་པ་མངའ་བ་མ་ཡིན་ཡང་ཡི་གེ་པ་རྣམས་ཀྱི་ཉེས་པ་སྟེ་བོད་པའི་ཡིག་མཁན་ལྟ་བུའོ།།

གཉིས་པ་ཚིག་གི་དོན་ནི། རྒྱལ་པོ་ཞེས་པ་ནས་བཤད་པ་ཡིན་ཞེས་པའི་བར་གྱིས་བསྟན་ཏེ། ནད་པ་གང་ཞིག་ཆོས་ཀྱི་རྒྱལ་པོ་དང་དགེ་བའི་བཤེས་གཉེན་དང་འགྲོ་བ་སེམས་ཅན་རྣམས་ལ་ལྡང་བ་དང་སྨན་པས་སྔར་ཕན་བཏགས་བསམ་པའི་སྒོ་ནས་བྱས་པ་མི་གཟོ་ཞིང༌། ལུས་ངག་གི་སྒོ་ནས་བརྙས་པར་བྱེད་པ་དང༌། ནད་འཆོས་པའི་ལོང་མེད་པར་བྲེལ་བ་དང༌། སྨན་དཔྱད་རིམ་གྲོ་སོགས་བྱེད་པའི་འབྱོར་བ་མི་ལྡན་པ་དང༌། སྨན་པ་ལ་སོགས་པས་ཕན་པའི་བསླབ་བྱ་ལ་ཉན་པར་མི་བཏུབ་པ་དང༌། ཚེ་ཟད་ཅིང་རྟག་ཏུ་མྱ་ངན་ལ་མནན་པ་དང༌། ཐུབ་པའི་བསྟན་པ་སྤྱི་དང་བྱེ་བྲག་རྣམས་བཤིག་པའི་ལས་ལ་འཇུག་པ་ལ་སོགས་པ་ཀུན་ལ་ནི་སྐྱེ་བོ་གཞན་གྱི་ཡ་ག་སྟེ་བརྗོད་པ་ངན་པ་འབྱུང་བའི་ཕྱིར་དང༌། རང་ཉིད་ལའང་ཉེས་བྱས་ལ་སོགས་པ་འབྱུང་བ་དག་ཀྱང་ཡོད་པས་ན་དེ་རྣམས་ལ་སྨན་པས་གསོ་ཐབས་ཡོད་མོད་ཀྱང་ཐབས་མཁས་ཀྱིས་སྤང་བར་བཤད་པ་ཡིན་ནོ། །ཞེས་པའོ། །གཉིས་པ་གསོ་ཐབས་མེད་ནས་སྤང་བ་ལ་གཉིས། སྤྱི་དོན་དང༌། ཚིག་དོན་ནོ། །དང་པོ་ནི། ཟླ་ཟེར་ལས། བཅོས་པའི་ཐབས་མེད་ཉིད་དུ་གྱུར། །ཤིན་ཏུ་ཕྱིན་ཅི་ལོག་པར་གནས། །འདོད་དང་རྨོངས་དང་ཁྲོ་བར་བྱེད། །འཆི་ལྟས་སྡང་ཞིང་དབང་པོ་ཉམས། །ཞེས་བྱ་བ་ཡིན་ཏེ་གང་ལ་བཅོས་ཤིང་གསོ་བའི་ཐབས་མེད་པར་གྱུར་པ་དེ་ནི་བཅོས་པའི་ཐབས་མེད་པ་སྟེ། སྤང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །བཅོས་པའི་ཐབས་མེད་པ་དེ་གང་ཞིག་ཡིན་ཞེ་ན། གང་ཤིན་ཏུ་ཕྱིན་ཅི་ལོག་ལ་གནས་ཞེས་བྱ་བ་ཡིན་ཏེ། ནད་གང་གསོ་བ་ཙམ་གྱི་ཚུལ་ལས་ཀྱང་ཕྱིན་ཅི་ལོག་པར་གནས་པ་སྟེ། བྱ་བའི་ལས་ཀྱི་ལམ་ཐམས་ཅད་ལས་འདས་ཤིང་ནད་རྐང་དང་ཁུ་ཆུ་ལ་སོགས་པ་ལུས་ཟུངས་ཤིན་ཏུ་གཏིང་རིང་བར་ཞེན་པ་གནད་དང༌། ཚིགས་ཀྱི་ནང་དུ་ཞེན་པ་དེ་ནི་བཅོས་པའི་ཐབས་མེད་ཅིང་གསོ་བར་མི་ནུས་པ་ཡིན་ནོ། །དེ་བཞིན་དུ་འདོད་པ་ལ་སོགས་པ་བྱེད་པ་ཡང་གསོར་མི་རུང་བ་ཉིད་དེ་འདོད་པ་ནི་ཡུལ་རྣམས་ལ་ལྷག་པར་ཆགས་ཤིང་ཞེན་པའོ། །རྨོངས་པ་ནི་སེམས་དང་བྲལ་ཞིང་དྲན་པ་ཉམས་ལ་མི་ཤེས་པར་གྱུར་པའོ། །ཁྲོས་པ་ནི་གནས་དང་མལ་ལ་སོགས་པ་གང་དུའང་མི་དགའ་ཞིང་སེམས་ལྡོག་པའོ། །བྱེད་པ་ཞེས་བྱ་བ་ནི་གང་དེ་དག་ལྟར་བྱེད་པ་དེ་ཡང་བཅོས་པའི་ཐབས་མེད་པ་ཡིན་ནོ། །དེ་བཞིན་དུ་འཆི་ལྟས་སྣང་ཞིང་དབང་པོ་ཉམས་པ་ཡང་སྤང་བར་བྱ་བ་ཡིན་ནོ། །དེ་ལ་འཆི་ལྟས་སྣང་བ་ནི་འཆི་བའི་མཚན་མ་སྣང་བའོ། །དབང་པོ་ཉམས་པ་ནི་མིག་ལ་སོགས་པའི་དབང་པོ་ཉམས་ཤིང་དབང་པོ་འགགས་པར་བྱེད་པའི་ནད་ཀྱང་བཅོས་པའི་ཐབས་མེད་པ་ཡིན་ཏེ་མྱུར་དུ་དབང་པོ་འཇོམས་པ་ཡིན་ནོ། །དེ་ལྟར་ན་དང་པོར་ནད་ཡོངས་སུ་བརྟགས་ལ་གསོ་བ་བརྩམ་པར་བྱའི། གཞན་དུ་ན་སྨན་པའི་རང་གི་དོན་ལ་སོགས་པ་ངེས་པར་ཉམས་པར་འགྱུར་རོ། །དེའང་གཞུང་ལས། དང་པོར་འདི་ལྟར་ནད་བརྟགས་ལ། །དེ་ནས་ལས་ནི་བརྩམ་བྱ་ཡི། །གཞན་དུ་རང་དོན་རིག་པ་དང༌། །གྲགས་པ་ཉམས་པ་ཉིད་འཐོབ་འགྱུར། །ཞེས་བཤད་དོ།།

གཉིས་པ་ཚིག་གི་དོན་ནི། གསོ་ཐབས་ཞེས་པ་ནས་ཞེས་གསུངས་སོ་ཞེས་པའི་བར་གྱིས་བསྟན་ཏེ། བྱ་རོག་ལྟ་སྟངས་ཀྱི་རིགས་པས་སྐྱེ་བོའི་ཡ་ག་ངན་པ་འབྱུང་བའི་ཕྱིར། ཞེས་པ་འདིར་ཡང་བླང་སྟེ། གསོ་ཐབས་མེད་པས་སྤང་བར་བྱ་བ་ནི། །ཞེས་འབྲེལ་ལོ། །དེའང་ཇི་ལྟ་བུ་ཞེ་ན། ནད་གང་ཞིག་སྨན་པས་གསོ་བ་ཙམ་ལས་ཀྱང་ཤིན་ཏུ་ཕྱིན་ཅི་ལོག་ཏུ་གྱུར་པ་དང༌། འཇིག་ལྟས་ཀྱི་སྐབས་སུ་བཤད་པའི་ཉེ་བ་དང་ཤིན་ཏུ་ཉེ་བའི་འཆི་ལྟས་སྣང་བ་དང༌། རྩ་རྒྱུད་དུ། འཚོ་བ་གསུམ་ཟད་འདུ་བ་གཤེད་དུ་བབས། །ཞེས་སོགས་གསུངས་པའི་སྲོག་གཅོད་ཀྱི་ནད་དགུ་པོ་གང་ཡང་རུང་བས་ནད་ཟད་འདུ་བ་གཤེད་དུ་བབས་ཞེས་སོགས་གསུངས་པའི་སྲོག་གཅོད་ཀྱི་ནད་དགུ་པོ་གང་ཡང་རུང་བས་ནད་པ་དེའི་ལུས་ལ་དམ་དུ་བཟུང་བ་རྣམས་ནི་གསོ་ཐབས་མེད་པས་སྤང་བར་བྱ་བ་ཡིན་ཏེ། དེ་ལྟ་བུའི་སྐབས་སུ་སངས་རྒྱས་སྟོང་གི་ཐུགས་རྗེས་ཀྱང་འཚོ་བའི་ཐབས་སུ་འགྱུར་བ་མ་ཡིན་ཞེས་བྱ་བའི་དོན་ཏོ། །ཞེས་གསུངས་སོ། །གསུམ་པ་ལེའུའི་མཚན་ནི། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་གཉིས་པ་བཤད་པའི་རྒྱུད་ཀྱི་སྤང་བླང་མུ་བཞིའི་སྒོ་ནས་བརྟག་པའི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའོ། །ཞེས་པ་སྟེ་གནས་དགུ་པ་ངོས་བཟུང་རྟགས་ཀྱི་གནས་ལེགས་པར་བཤད་ཟིན་ཏོ། །

འདིར་སྨྲས་པ། ཕྲ་རགས་ནད་ཀྱི་རྣམ་པ་ཇི་སྙེད་ཀུན། །མ་འདྲེས་རྟགས་ཅན་རྡེའུ་ངོས་འཛིན་ལྟར། རྟོགས་བྱེད་དཔྱད་གསུམ་རིག་པས་མཛེས་པ་འདི། །སྨན་པ་རྣམས་ཀྱི་དྲི་མེད་མིག་གཅིག་ཡིན། །དེང་སང་འདི་ན་ནད་དང་བརྟག་ཐབས་སོགས། །གཞལ་བྱ་འཇལ་བྱེད་མིག་དང་བྲལ་བ་འགའ། །ངོས་འཛིན་འཁར་བ་གྱ་ཚོམ་འཛུགས་བཞིན་དུ། །སྨན་དཔྱད་ལམ་ལ་གོམ་པ་འབྱོར་བ་མང༌། །དེ་འདྲས་རང་ཉིད་ངན་འགྲོའི་གཡང་ས་ལ། །འཕེན་པར་བྱེད་འདི་བསམས་ན་གསོ་རིག་གི །བསྟན་པ་ཞེས་བྱའི་མིང་ཙམ་ག་ལ་ཡོད། །འདི་ཅི་ཡིད་སྲུབས་ལོངས་སྤྱོད་རྨད་དུ་བྱུང༌། །འོན་ཀྱང་ཕྱེ་ལེབ་མེ་ལ་འཕྱོང་ལ་སོགས། །རྣམ་བཀྲ་ལས་ཀྱི་བགྲོད་པ་སུ་ཡིས་བཟློག །དེ་ཕྱིར་ཁོ་བོའི་རྗེས་སུ་སློབ་འདོད་རྣམས། །ཐོག་མ་ཉིད་དུ་བརྟག་ཐབས་འདི་ཟུངས་ཤིག །ཅེས་བྱ་བ་ཡང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །།

 

མཐའ་མའི་འདོན་ཐེངས་།: 22.08.2011 ཉིན། 12:06 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།