སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ཉེར་དྲུག་པ། གག་ལྷོག་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 24.11.2023
མན་ངག་རྒྱུད། >> ལེའུ་ཉེར་དྲུག་པ། གག་ལྷོག་བཅོས་པ།




ལེའུ་ཉེར་དྲུག་པ།  གག་ལྷོག་བཅོས་པ། 

རྒྱུ་གཟེར་གྱི་ལེའུ་གསུངས་པའི་རྗེས་དེ་མ་ཐག་དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ལ། དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །གག་ལྷོག་གི་རིམས་ལ་རྒྱུ་དང་རྐྱེན་དང་དབྱེ་བ་དང་དེའི་རྟགས་དང་བཅོས་པའི་ཐབས་སོགས་ཅི་འདྲ་ཡོད་ཀྱང་བདག་ཅག་རྣམས་ལ་བཤད་དུ་གསོལ་ཞེས་དེ་སྐད་དུ་ཞུས་པའི་དོན་ལ་ལན་གསུངས་པ།

རྒྱུ་ནི་འགྲོ་བའི་ལུས་ལ་ལྷན་སྐྱེས་སུ་ཁྲག་ལ་གནས་པའི་དུག་ཅན་གྱི་སྲིན་བུ་བདུན་ཡོད་དེ་མདོག་ཟངས་ལྟར་དམར་ཞིང་དབྱིབས་མོ་ཁབ་ལྟར་ཟླུམ་ལ་ཕྲ་བ་ལ་བལྟས་པས་མི་མངོན་པ་སྟོབས་སྐད་ཅིག་མ་ཙམ་ལ་མགོ་ནས་རྐང་མཐིལ་བར་ཁྱབ་རྒྱུ་ནུས་པ། རྐྱེན་གྱིས་མ་བསྒྱུར་ན་སྒྱུ་རྩལ་སོགས་སྟོབས་སྐྱེད་ཀྱི་གྲོགས་བྱེད་ལ་བསྒྱུར་ན་ལུས་ཟུངས་ཟོས་པས་གནོད་པར་བྱེད་དོ། །

དེ་ལ་རྐྱེན་ནི་རླུང་མཁྲིས་བད་ཀན་ལྡན་འདུས་སྐྱེད་བྱེད་ཀྱི་རྐྱེན་གག་ལྷོག་རང་བཞིན་གྱིས་གནས་པའི་ཡུལ་དང་སྟོན་སོས་སོགས་ནམ་ཟླའི་དུས་དང་མངར་བ་སོགས་ཟས་དང་ཐབ་གཞོབ་སོགས་སྤྱོད་ལམ་དང་སྡེ་བརྒྱད་དང་གཉན་སོགས་གདོན་རྐྱེན་གྱིས་ཁྲག་སྲིན་དེ་དག་ཁྲོས་ཤིང་འཁྲུགས་པར་བྱས་ནས་ལུས་ཟུངས་ཟོས་པས་ཤིན་ཏུ་གཉན་པའི་ནད་དུ་འབྱུང་ལ་དེའི་ཕྱིར་དཀར་མངར་གྱིས་སྲིན་སྟོབས་བསྐྱེད་པས་གནོད་ཅིང་དུག་གི་རིགས་ནུས་པ་རྣོ་བས་སྲིན་བུ་འཇོམས་པ་ཡིན་ནོ། །

དབྱེ་བ་ཕྱེ་བ་བབས་སའི་དབང་གི་མིང་གིས་ཐ་དད་དུ་ཡོད་དེ་མགོ་ལ་བབས་པ་ན་ཀླད་གཟེར་ཞེས་བྱ་ཞིང༌། གྲེ་བར་བབས་ན་གག་པ་དང༌། རོ་སྟོད་ལ་བབས་ན་གཟེར་ཐུང་ཞེས་བྱ་བ་ཡིན་ཏེ། ཕོ་བར་བབས་པས་ཕོ་ལོག་གམ་གཉན་གླང་དང༌། རྒྱུ་མར་བབས་ན་རྒྱུ་གཟེར་ལ། ལྤགས་ལ་བབས་ན་མེ་དབལ་དང༌། ཚིགས་ལ་བབས་ན་རྨེན་བུ་སྐྱེད་པ་དང༌། ཉྭ་ལ་བབས་ན་ཉྭ་ལོག་དང༌། ཤར་བབས་པ་ལྷོག་པར་བཤད། ཤ་རུས་དང་རྩར་བེམ་ལ་འདྲུལ་བའི་ཕྱིར་འབྲས་ཞེས་སུ་བྱ་བ་རྣམས་མིང་གི་རྣམ་གྲངས་སོགས་གཉན་ནད་ཀྱི་རིགས་ཇི་སྙེད་ཅིག་འབྱུང་མོད་དེ། འོན་ཀྱང་དེ་དག་ཐམས་ཅད་རྒྱུད་འདི་རུ་གག་པ་དང་ལྷོག་པ་གཉིས་སུ་བསྡུས་པས་ལྷོག་པའི་དབྱེ་བ་ལ་འབྱུང་བ་དང་ནད་གཞི་དང་རིགས་ཀྱི་དབྱེ་བ་གསུམ་ལས་འབྱུང་བས་དབྱེ་ན་ས་དང་མེ་དང་ཆུ་དང་རླུང་དང་བཞི། ནད་གཞིའི་སྒོ་ནས་དབྱེ་ན་དཀར་པོ་དང་ནག་པོ་ཁྲ་བོ་དང་གསུམ་རིགས་ཀྱིས་དབྱེ་བ་ན་རྒོད་དང་ཡང་རྒོད་དང་ཡམ་བུ་དང་ཡུ་མོ་ཞེས་བྱ་བ་བཞི་རུ་བཤད་དོ། །གག་པ་ལ་དབྱེ་ན་ཕོ་དང་མོ་དང་བུ་དང་གཉན་གག་བཞི་འོང་ངོ༌། །

དེ་རྣམས་ངོས་འཛིན་བརྟག་པའི་ཐབས་ལ་ཡང་སྤྱི་དང་བྱེ་བྲག་ཏུ་ཕྱེ་བ་གཉིས་ལས་དེ་ནང་ནས་སྤྱི་རུ་བཤད་པ་དེ་ལའང་ངོས་བཟུང་བ་ཕྱི་དང་ནང་དང་གསང་བ་གསུམ་ཡོད་དེ། ཕྱི་རྟགས་ནི་སྐྲངས་པོའི་དབྱིབས་འབྲུམ་པ་དང་ཆུ་བུར་འདྲ་བ་དང༌། ཉ་དང་སྦྲུལ་དང་སྡོམ་དང་སྡིག་པ་དང་རྟ་བླ་དང་སྦལ་པ་དང་ལྕོང་མོ་དང༌། བུད་མེད་ན་ཆུང་མའི་ནུ་མ་ལྟར་དུ་སྐྲངས་ལ་མཐོང་ན་ཉམ་ང་ལ་འཇིགས་ཤིང་ཁ་དོག་ནི་དམར་རམ་ཡང་ན་ནག་པའམ་སྨུག་པོ་དང་ཁྲ་བོར་སྐྲངས་པ་དང༌། ན་ལུགས་ལ་ཕྲུམ་སེར་ཁྱེར་བ་སྟེ་གྲང་ཤུམ་དང་ཚིགས་གཞི་ན་བ་དང་མགོ་ན་ལ་ཁ་ཁ་ཞིང་ཤེས་པ་འཕྱོ་ལ་ལུས་འདར་ཞིང་སྙིང་མི་དགའོ། །ནང་གི་རྟགས་ལ་ཡང་རྩ་དང་ཆུ་དང་རེག་བྱ་དང་རྒྱུན་སྲང་དང་བཞི་ལས་རྩ་ནི་ཁ་ལ་རྒྱུག་ཅིང་གཏིང་ན་གྲིམས་ལ་ཁོང་ན་འདར་བ་དང༌། ཆུ་མདོག་ནག་པོ་རླངས་པ་འཐིབས་ལ་ཀུ་ཡ་འཁྲུགས་ནས་ལྡོག་མི་ཐུབ་ཡང་འོང་སྲིད་དོ། །རེག་བྱ་སྐྲངས་པ་དེར་རེག་ཀྱང་ཚོར་བ་མེད་པའམ་ཡང་ན་རེག་མི་ཐུབ་པའི་བཟོད་པ་ཆུང་ལ་དྲོད་ཤིན་ཏུ་ཚ་བའམ་ཡང་ན་ཤིན་ཏུ་གྲང་བར་འགྱུར། རྒྱུན་སྲང་ངམ་རྒྱུ་སྐྲངས་ནི་བརྟག་པ་རབ་སོགས་སྤྲིན་ཏེ་སོག་པའི་མེ་ལོང་གི་སྟེང་ཁ་འཁོར་སྐྲངས། འབྲིང་འབྱིལ་པ་སྟེ་སྤུ་བྱི་བ་དང༌། ཐ་མ་བ་སྤུ་ལོག་ཅིང་ཨན་སྟོང་ཚིགས་པ་དང་པོའི་འགྲམ་གཉིས་འཕར་ལ་སྒལ་པ་སོག་འདབ་དང་མཆན་ཁུང་དུ་དམར་ཐིག་འབྱུང༌། གསང་རྟགས་ནི་ནག་པོ་མུ་ཟིའམ་བྱང་ལུགས་ལ་གུ་གུལ་དང་ཤུ་དག་གླ་རྩི་གསུམ་བཏང་བས་དངངས་པ་དང་འདར་ན་ཡིན་ནོ། །

བྱེ་བྲག་གི་རྟགས་ལ་ལྷོག་པ་དང་གག་པ་གཉིས་ཀྱི་ལྷོག་པའི་རྟགས་ལ་ས་ལྷོག་སྐྲངས་པོ་བརྟན་ལ་སྲ་ཞིང་སྐྲངས་པོའི་མདོག་དང་ཐོར་པའི་མགོ་བོ་ནག་པོར་འོང་བ་དང༌། མེ་ལྷོག་ལ་མདོག་དམར་ཚ་མཆེད་པ་སྐྱེན་ཞིང་མེས་ཚིག་པ་དང་འདྲ་བར་འོང༌། ཆུ་ལྷོག་ནི་འཇམ་ལ་བསིལ་བ་ཆུ་བུར་རྒྱག་ཅིང་ཆུ་སེར་འཛགརླུང་ལྷོག་ནི་མདོག་སྐྱ་སོབ་ལ་སྐྲངས་པོ་མི་བརྟན་འཕར་ཞིབ་བྱེད། དཀར་པོ་ནི་ཟུག་ཆུང་ལ་རྩ་ཆུ་དང་ཕྱི་ཡུལ་གྲང་བར་འོང༌། ནག་པོ་ཟུག་ཆེ་ལ་རྩ་ཆུ་དང་ཕྱི་ཡུལ་ཚ་བ་དང༌། ཁྲ་བོ་ནི་རྟགས་དེ་རྣམས་འདྲེས་ལ་ཟུག་གཟེར་ལྡང་དུབ་ཀྱང་བྱེད། ལྷོག་རྒོད་ནི་འབྲོས་པ་སྐྱེན་ལ་ནད་དྲག་ཅིང་སྐྲངས་པ་ཡང་སྐྱེན། ཡང་རྒོད་ནི་ཁོང་དུ་འཆོར་བ་སྐྱེན་ལ་འཁོར་ལ་ཁྲོའོ།  ། ཡམ་བུ་ནི་སྐྲངས་པ་འབར་འབུར་ཀུན་ལ་ཡམས་ཐབས་སུ་འོང༌། གྲང་གཉན་ཡུ་མོ་ནི་སྲ་ལ་བརྟན་ནད་ཟུག་ཆུང་བའམ་ཡང་ན་ཐོར་པ་སྙི་ལ་འདོལ་ཞིང་འགུལ་པའོ། །དེའི་མིང་དུ་ལ་ལ་ལྷོག་པ་གཉིད་པོ་ཞེས་སུ་འདོགས་སོ། །གག་པའི་ངོས་བཟུང་བའི་སྤྱི་རྟགས་སུ་ལྕེ་སྟེང་ལ་བད་ཀན་མཐུག་ཅིང་ལྕེ་དང་མཆུ་དང་འགྲམ་པ་དང་རྐན་གྱི་ཕུགས་ལ་ཐོར་པ་ཆགས་ཤིང་གྲེ་བའི་སྐད་འགགས་ལ་ཟས་དང་སྐོམ་མི་ཐར་རོ། །ཁྱད་པར་ཕོ་གག་ནི་ཐོར་པ་ཆེ་ལ་སྐྱ་ཆོལ་བ་སྐར་ཆེན་ཤར་བ་འདྲ་བ་དང༌། མོ་གག་ནི་དམར་ལ་རྒྱ་ཆེ་བ་དབྱིབས་རྒྱ་ཕོར་ཏེ་ཕོར་པ་ཁ་སྦུབ་པ་ལྟ་བུ་འབྱུང་བ་ཡིན་ཏེ། བུ་གག་ནི་དཀར་ཡལ་ལེ་བ་ཞོ་ཆལ་གཏོར་བ་འདྲ་བར་འོང༌། གཉན་གག་ནི་རལ་གྲི་སྣ་མ་ཞེས་པ་བརྡ་རྙིང་སྟེ་རལ་གྲི་སོ་གཉིས་པའི་གཞུང་འདྲ་བ་ཉ་རྒྱབ་ཡོད་པ་སྔོ་བྲང་ངེ་བའམ་རུས་སྦལ་རྒྱབ་ལྟར་འབར་འབུར་དང་གྲོ་ཤིག་གེ་བ་དང་ཁྲོ་བོའི་མིག་དང་འདྲ་བ་སྟེ་སེ་འབུ་རེ་བ་དང་གང་ལྟར་རུང་མིག་གིས་བལྟ་བ་ལ་མ་ཐོགས་པའམ་དེ་མ་ཐུབ་ན་ཕྱིའི་རྟགས་བལྟ་རེག་དྲི་བ་བྱས་ལ་ངོས་བཟུང་ངོ༌། །

བཅོས་པའི་ཐབས་ལ་ཡང་ལྷོག་པ་དང་གག་པ་གཉིས་སུ་ཡོད་པ་ལས། ཟས་དང་སྤྱོད་ལམ་དང་བསད་པ་དང་སྦྱང་བ་བཞི་ནི་སྤྱི་རུ་རྒྱུག་ཅིང་ཁྱད་པར་དུ་ལྷོག་པ་ལ་བྱུག་པ་དང་བསྲེག་པས་བཅོས། བྱེར་བ་དང་ཞུད་འབྲོས་དང་འཁྱམས་པ་དང་ཆུ་སེར་ནག་པོ་ལོག་པ་མནན་ནོ།  ། གག་པ་ལ་ཞི་བ་དང་བཞུ་བ་དང་བཅས་པ་གསུམ་གྱི་སྒོ་ནས་བཅོས་པ་དང༌། ཡར་རྫོང་ཀླད་པ་དང་མར་རྫོང་སྙིང་ལ་ཤོར་བའམ་བབས་སའི་ལོག་གནོན་ཀྱང་ཞེས་སོ། །དང་པོ་ཁ་ཟས་ནི་དཀར་དང་མངར་དང་རུལ་སྐྱུར་གྱི་རིགས་སྤང་ཞིང་ཕྱེ་ཚོད་དང་ཡོས་དྲལ་གྱི་ཐུག་པ་དང་ཆུ་གྲོག་སྟེ་བསྐོལ་གྲང་ལ་རྩམ་པ་མདོག་འགྱུར་ཙམ་བཏབ་པ་རྣམས་བསྟེན་པར་བྱའོ། །སྤྱོད་ལམ་ནི་ཆགས་པ་སྤྱོད་པ་ཉིན་པར་གཉིད་ལོག་པ་དྲག་ཤུལ་གྱི་ལས་དང་རྟ་ཞོན་པ་སེམས་ཁྲོ་བ་དང་འཚིག་པ་ཆུ་བརྒལ་བ་མི་རུང་ངམ་གཞན་གྱིས་མི་སྡུག་པའི་སྤྱོད་ལམ་གྱི་རིགས་སྤང་ངོ༌། །བསད་པའི་ཐབས་ལ་རྣམ་པ་གསུམ་སྟེ་མཐུན་པ་སྨན་གྱི་སྒོ་ནས་བསད་པ་དང་མི་མཐུན་པ་གཉེན་པོའི་སྒོ་ནས་བསད་པར་བྱ་བ་དང༌། ནུས་པ་སྔགས་ཀྱི་སྒོ་ནས་བསད་པ་དང་རྣམ་པ་གསུམ་མོ། །

དེ་ཡང་མཐུན་པ་སྨན་གྱིས་བསད་པ་ནི་གླ་རྩི་དང་ཅུ་གུར་ལི་ཤི་སུག་སྨེལ་ཛཱ་ཏི་ཀ་ཀོ་ལ་སྟེ། བཟང་དྲུག་གུ་གུལ་ནག་པོ་དང་ཚ་བ་ཆེ་ན་ག་བུར་དང་གི་ཝཾ་དང་ཙནྡན་དཀར་པོ་བསྣན་པ་དང༌། གྲང་བ་ཆེ་ན་ཤུ་དག་དང་ཤིང་ཀུན་གང་འོས་བསྣན་པར་བྱ། ཡང་ན་ཨ་བྱག་དང༌། སྟག་ཤ་དང༌། གུ་གུལ་ནག་པོ། གླ་རྩི་དང་ཤུ་དག་དང་ཨུ་རུ་ར་རྣམས་སྦྱར་ལ་བཏང་ངོ༌། །

མི་མཐུན་པ་གཉེན་པོས་བསད་པའི་ཐབས་ལ་རྐྱང་སྦྱོར་དང༌། གཙོ་འཁོར་སྦྲགས་པ་དང་མང་སྦྱོར་ཆེན་མོ་དང་གསུམ་ལས་དང་པོ་རྐྱང་སྦྱོར་ལ་ཡང་སྔོན་འགྲོ་དང་བསྡུ་བ་དང་བསད་པ་དང་ལོག་གནོན་དང་བཞིའི་སྔོན་འགྲོའི་རྫས་བཞི་ནི་རྨིགས་པའི་ཤ་ནས་ཙམ་གྱིས་ཆུ་མི་གནོད་སྲིན་གནོན། ནས་དཀར་འབྲུ་གསུམ་གྱིས་རྩམ་པ་མི་འགག་རླུང་གནོན་སྐྱི་འབྲུ་གཅིག་གིས་མཁྲིས་པ་སེལ་ལ་ཆང་མི་གནོད། རྒྱ་གཡེར་གཅིག་གིས་རྩ་ཁ་འབྱེད་ལ་བད་ཀན་གནོན་ནད་ལོག་མི་འོང་བས་དེ་བཞི་ཆུ་དང་སྦྱར་ལ་བཏང་བས་རླུང་མཁྲིས་བད་ཀན་སོགས་ཉེས་པའི་ཁ་གནོན་གོང་དུ་བཤད་པའི་ཆུ་མི་གནོད་པ་སོགས་ཡོན་ཏན་བརྒྱད་དང་ལྡན་ནོ། །བསྡུ་བ་ལ་བུར་དཀར་ཆང་དང་སྦྱར་བ་ཕུལ་གང་བཏང་བས་རླུང་གནོད་ཅིང་བྱེར་བ་སྡུད་ལ་གཉེན་པོས་སླར་གསོད་པ་སླའོ།  ། བསད་པ་ལ་སྨན་དང་སྦྱར་ཚད་དང་བཏང་བའི་ཐབས་གསུམ་ལས་སྨན་ནི་ཕྱི་འཛིན་དང་ནང་འཛིན་དང་གསང་འཛིན་གསུམ་གྱི་ཕྱི་འཛིན་བོང་དུག་པའམ་ར་དུག་པ་སྟེ་མེ་ཏོག་སྔོ་ནག་དེའི་རྩ་བ་དུས་སུ་བརྐོས་པ་ནི་དགུན་དུས་བརྐོས་པ་དང༌། ནང་འཛིན་ནི་རྩ་བ་ལ་མགོ་དགུ་དང་མགོ་བདུན་པ་དང་ལྔ་པ་དང་གསུམ་པ་སྟེ་ཡ་ཡོད་པ་ཡིན་ལ། གསང་འཛིན་ནི་འབྲས་བུ་ས་ལ་བྲུལ་བ་དེ་ལོ་གཅིག་ལ་སྐྱེས་པའི་རྩ་བ་མཐེབ་རྡོག་འདྲ་བའོ། །བརྐོ་དུས་དེ་རྣམས་ལ་རྨ་མེད་པར་བྱས་ལ་ཞག་བདུན་མེའི་སྤྲིན་ཏེ་དུ་བ་ལ་བདུག་གོ། །སྦྱར་ཐབས་ནི་འཛིན་པ་གང་རུང་ནས་རྡོག་འབྲིང་པོ་ཙམ་གཅིགཀ་ར་དེའི་ཕྱེད་བརྡར་བའི་ཕྱེ་མ་དང་སྦྱར་བ་ལོ་བརྒྱད་ཁྱེའུ་འམ། དགེ་སློང་གི་དྲི་ཆུར་སྦྱར་རོ། །བཏང་བའི་ཐབས་ལ་མ་སོད་ཀྱི་བར་དུ་བསྐྱར་ཞིང་བཏང་བས་སྨན་རེ་སོང་པ་དང་རྔུལ་དབྱུང་ཞིང་སོད་པའི་རྟགས་ནི་ལུས་དང་ལྕེ་སྦྲིད་ཅིང་སོར་མོ་རེངས་པ་དང་ནད་ཀྱི་ཟུག་ཆོགས་ལ་སྐྲངས་པོ་ཆོམས་ཤིང་རྔུལ་ཆུར་ལྡབ་ཀྱི་འབྱུང་བ་ཡིན། འཛིན་པའི་སྨན་ལྷག་པའི་དུག་རོ་སེལ་བའམ་སྨན་ནད་ཚུར་ལོག་པ་གནོན་པ་ནི་མིང་པོ་བདུན་གྱི་སྲིང་གཅིག་མ་སྟེ་བྲག་སྐྱ་ཧ་བོ་དགུན་དུས་རྩ་བ་དང་དབྱར་མེ་ཏོག་སྦྱོར་བ་སྟེ་དབྱར་དགུན་དུས་དང་བསྟུན་པའི་ཐུན་རེ་བོད་ཚྭ་སྟེ་བུལ་ཏོག་དང་སྦྱར་བས་སྨན་ལོག་རྣམས་འཇོམས་ཤིང་སོད་པའི་རྟགས་མེད་ཀྱང་དུག་སྨན་ལན་གསུམ་བཏང་བའི་རྗེས་ཀྱི་དུས་དེར་ཧ་བོ་དང་བུལ་སྦྱར་བ་དེ་རེ་རེ་གཏོང་བ་ངེས་པར་གཅེས་སོ། །དེ་ཡང་རྐྱང་པའི་སྦྱོར་བ་འདི་ལ་དམན་པ་དང༌། ལྷག་པ་དང༌། ལོག་པ་གསུམ་དུ་འགྱུར་ཏེ་གང་ཞེ་ན་དམན་པ་ནི་ནད་མ་སོད་པར་སྨན་ནུས་ཟད་པ་དཔེར་ན་གཡག་རྒོད་དེ་འབྲོང་གཤོར་དུས་རྟ་ཆད་པ་དང་འདྲ་བ་དང༌། སྦྱོར་བ་ལོག་པ་ནི་ནད་མེད་པར་སྨན་བཏང་བ་དཔེར་ན་གཡག་མེད་པར་རྟ་རྒྱུག་པ་དང་འདྲའོ། །དེ་བཞིན་དུ་ལྷག་པ་ནི་ནད་དེ་སོད་ཀྱང་སྨན་བཏང་བས་སྨན་ནད་ལྡང་བ་དཔེར་ན་གཡག་སོད་ཀྱང་བང་ལྷག་པས་ཕུགས་རྟ་ལ་གནོད་པ་དང་འདྲ་བས་རྒྱུ་མཚན་དེ་ཕྱིར་ན་འདི་ལ་མཁས་པས་དམན་ལྷག་ལོག་སྐྱོན་མེད་པར་གཟབ་པར་རིགས་ཏེ་ཉེན་ཆེའོ། །གཙོ་འཁོར་བཅས་པའི་སྦྱོར་བ་ལ་གཉེན་པོ་ཡོད་པ་དང་མེད་པ་གཉིས་ལས། མེད་པ་ལ་འཛིན་པ་དང་ཤུ་དག་དང་ར་ཐུག་གི་སྦྲེ་ཞེས་མཚན་མར་ཆགས་པའི་དྲེག་པ་དང་མིའི་དཔྱི་རུས་ཀྱི་ཐལ་བ་དང་བཞི་སྦྱར་ཏེ་ཐུན་ཚད་ནད་དང་སྦྱར་བ་དྲི་ཆུར་སྦྱངས་ལ་བཏང་ཞིང་གོས་ཀྱིས་བྱིབས་པའི་རྔུལ་དབྱུང་ལ་སྨན་ནད་བྱུང་ན་ནད་དེ་སོད་པ་ཡིན་ཞིང་མ་སོད་ན་བསྐྱར་ཞིང་སོད་པའི་རྟགས་བྱུང་ན་ལོག་གནོན་གོང་བཤད་ལྟར་གཅེས་ལ་ལན་ཁ་ཤས་ནས་ཀྱང་སོད་རྟགས་མེད་ན་འཆི་བ་ཡིན་ཅིང༌། གཙོ་བོ་དང་འཁོར་གྱི་གཉེན་པོར་བཅས་པའི་སྦྱོར་བ་ལ་བཙན་དུག་དང་ཨ་རུ་ར་དང་གླ་རྩི་དང་མུ་ཟི་དང་གུ་གུལ་ནག་པོ་རྣམས་ཐུན་བཞི་བཞི། ཅུ་གུར་ལི་ཤི་སུག་སྨེལ་ཀ་ཀོ་ལ་ཛཱ་ཏི་སྟེ་བཟང་དྲུག་ཐུན་རེ་རེ་དང༌། རུ་རྟ་དང་ཤིང་ཀུན་ཤུ་དག་ནག་པོ་གསུམ་ཡང་ཐུན་བཞི་བཞི་རྣམས་སྡོམ་གཙང་ངམ་ལོ་བརྒྱད་དྲི་ཆུར་སྦྱར་བའི་རིལ་བུ་ཆེ་ཆུང་སྲན་མ་ཙམ་བྱ་བ་དང༌། དེ་སྟེང་དངུལ་ཆུ་སྟར་བུས་བཤིག་པ་བསྣན་ན་གཉན་གང་ལ་ཡང་མཆོག་ཏུ་ཤིས་པ་ཡིན་ཏེ་ཆུ་སེར་སྐེམ་པ་དང་རྣག་མི་འབྱུང་ལ་གསོ་དཀའ་བའི་ནད་སེལ་ཞིང་འདི་ནི་ཨུ་རྒྱན་པའི་དངུལ་ཆུ་བཅུ་བཞི་པ་དང་ཁྱད་པར་ཆེར་མེད་ཅིང་ནད་མ་སོད་ཀྱི་བར་དུ་བཏང་ཞིང་རྔུལ་དུ་དབྱུང་ངོ༌། །མང་སྦྱོར་ནི་ཚེ་གཅིག་ལ་ལུས་གཉིས་བླངས་པའི་སྲོག་ཆགས་ཀྱི་རིགས་ཀྱི་ཤ་ཇི་སྙེད་མཆིས་ཀྱང་འདིར་ཀླུ་གཉན་གྱི་གཉེན་པོ་ལྕོང་མོ་སྦལ་པར་སོང་བའི་མཇུག་མ་ཡོད་པའི་ཤས་གཙོ་བྱས་གདུག་པ་ཅན་ཞེས་སྡིག་པ། སྡོམ། རྟ་བླ། སེ་སྦུར། སྦྲུལ། རྨིགས་པ། ཕག་པ། བྱ་མ་བྱི། ཕ་ཝང༌། སྲེ་མོ། རྟེ་ལོ། བྱ་རྒོད། འུག་པ། པུ་ཤུད། ཉ། བྱ་རོགམི་རྟ་ཁྱི་སོགས་ཀྱི་ཤ་རྣམས་གང་འཛོམ་དང༌། གླ་རྩི་དང་གུ་གུལ་དང་མུ་ཟི་ནག་པོ་ལ་སོགས་པ་དང༌། རྡོ་ནི་ཏི་ཚ་དངུལ་རྡོ། བ་ནུ། སྦལ་རྒྱབ་ཕོ་སྦལ་སོགས་དང༌། རྩི་ནི་ཅུ་གང་གུར་ཀུམ་ཛཱ་ཏི་ཀ་ཀོ་ལ་ལི་ཤི་སུག་སྨེལ་ཤིང་ཀུན་སོགས་རྩི་སྨན་དང༌། སྔོ་སྨན་ནི་མིང་ཅན་སེར་ནགསྟག་ཤབྱ་རྒོད་སྤོས། མྱང་རྩི་སྤྲས། བྱི་རུགརྩད། སྤང་སྤོས། ཕུར་ནག་སོགས་སྔོའི་དྲི་དུགས་ཅན་གྱི་སྨན་སྣ་ཚོགས་དང༌། སེང་ལྡེང༌། གླ་བ། གཡེར་མ། སྐྱེར་པ། མཛོ་མོ། བྱི་ཚེར་ལ་སོགས་ཚེར་མ་ཅན་རྣམས་དང༌། བཙན་དུག་ལ་སོགས་བོང་ང་རིགས་ལྔ་འམ་དྲུགཐང་ཕྲོམ་དཀར་ནགཐར་ནུ། དུར་བྱིད། རེ་ལྕགའོལ་མོ་སེ་ལ་སོགས་དུག་སྣ་ཚོགས་ཚད་རྣམས་ཚད་དུ་སྦྱར་བ་ནི་དུག་སྨན་ཆ་གཅིག་ཚེར་སྨན་ཆ་གཉིས། ཤ་སྨན་ཆ་གསུམ། དྲི་སྨན་ཆ་བཞི། དངུལ་ཆུ་རྒོད་བཏུལ་ཞོ་གང་རྣམས་སྦྱར་ཏེ་རྩི་བཞིན་བཏགས་པར་བྱས་ལ་དགེ་སློང་ངམ་ལོ་བརྒྱད་དྲི་ཆུས་སྦྲུས་པའི་རིལ་བུ་དེ་བྱ་ཁྱུང་དུ་བསྐྱེད་གཤམ་གྱི་སྔགས་ཁྲི་བཟླས་པའི་དབང་བསྐུར་བས་གཉན་ནད་ཀྱི་རིགས་མ་ལུས་པ་དང་གཞན་ཡང་ནད་རིགས་ཀུན་ལ་འགྲོ་ཞིང་ཁྱད་པར་གག་པ་དང་ལྷོག་པ་འཇོམས་པའི་གཙོ་བོའམ་གཉེན་པོ་ཡིན་ནོ། །

ནུས་པའི་སྔགས་ཀྱིས་བསད་པར་བྱ་བ་ནི་རང་ཉིད་ལྕགས་ཀྱི་བྱ་ཁྱུང་དུ་བསྒོམས་ཏེ་སྔགས་ཀྱི་ཆུ་བླུད་ཅིང་སྐྲངས་ཀྱི་མཐའ་ནས་ཀྱང་བརྡེག་དགོས་པའི་སྔགས། ཨོཾ་ནག་པོ་ཀཱ་ལ་རཀྵ་རྦད་རྦད་སོད་སོད། ཕྱུངས་ཕྱུངས་སྤུ་གྲི་ཟངས་ཟངས། ལྕགས་ཀྱི་སྡེར་མོས་གནོད་བྱེད་འབྱུང་པོའི་སྙིང་ལ་ཟོ། ནཱ་ག་བྱི་ར་ཡ་སོད། ནཱ་ག་བྱི་མ་ལིང་སོད། ཅེས་ངག་བྱིན་རླབས་སོགས་གསང་སྔགས་སྤྱི་གཞུང་ལྟར་བྱས་ལ་སྨྲ་བ་བཅད་དེ་བཟླས་པའི་ཕན་ཡོན་ནི་སློབ་དཔོན་ཨཱརྱ་དེ་ཝས་ནོར་བུ་དང་སྔགས་སྨན་གྱི་ཡོན་ཏན་ནི་བསམ་གྱིས་མི་ཁྱབ་བོ་ཞེས་གསུངས་པ་ལྟར་གཉན་རྣམས་གསོད་པར་འགྱུར་ཡང་མེ་ལྷོག་དང་རླུང་ལྷོག་ལ་སྔགས་ཆུ་བྱུག་པ་ལས་ཕུ་མི་གདབ་བོ། །

ཐ་མ་རོ་དབྱུང་བ་ལ་རྒྱལ་པོ་ཐར་ནུ་བློན་པོ་ཆུ་རྩ་དྲི་ཆུ་བཅས་ཀྱིས་སྦྱང་ལ། དེས་བཤལ་ཐེབས་ན་ལྕག་ཆུ་བསྐོལ་གྱི་ལྕག་གིས་བྲབ་ལ་ནད་དག་བར་སྦྱང༌། ཡང་ན་གཉན་བཤལ་ཆེན་པོ་འམ་ཅུ་གང་གུར་ཀུམ་ལི་ཤི་ཛཱ་ཏི་སུག་སྨེལ་ཀ་ཀོ་ལ་སྟེ་བཟང་དྲུགགླ་རྩི་གུ་གུལ་ནག་པོ་ཤུ་དག་ནག་པོ། མུ་ཟི་ནག་པོ། སྟག་ཤ་ནག་པོ་དང༌། ཤ་ཆེན་ཏེ་མི་ཤ་དང༌། ལྷོག་དུག་པ། ཐར་ནུ། ཆུ་རྩ། དུག་པུཥྤ་སྟེ་ར་དུག་མེ་ཏོགགསེར་གྱི་མེ་ཏོག་དང༌། ཧོང་ལེན་དང༌། གི་ཝཾ་རྣམས་དྲི་ཆུར་སྦྱར་བས་གསོད་པ་དང་སྦྱོང་བ་ཆིག་ཆོད་བྱེད་པ་ཡིན།

དེ་ནས་ཁྱད་པར་དུ་ལྷོག་པ་བཅོས་པ་བྱུག་པ་ལ་འཛིན་པ་དང་མུ་ཟི་དང་སྔོ་སྟག་ཤ་བ་ནག་པོ་དང་གླ་རྩི་དང་གུ་གུལ་ནག་པོ་གཉན་དུག་སྟེ་འདི་སྐབས་ཐང་ཕྲོམ་ནག་པོ་རྣམས་ཀྱིས་ལྷོག་པ་གསོད། མགར་བའི་སོ་ཐོག་དང༌། ཀྱི་ལྕེ་དཀར་པོ་དང་བྲག་སྤོས་པ་ཆུ་རྩ་དང་སྤྲུ་མ་ནག་པོའི་རྩ་བ། ཁྱི་དང་སྤྱང་ཀི་མི་རྣམས་ཀྱི་བྲུན་གྱིས་སྐྲངས་པ་འཇོམས། རའི་རྨོང་སྤུའམ་རྭ་བསྲེགས་པའི་གཞོབ་དང༌། དུད་པ་བྱ་བལ་ཏེ་ཆུ་བལ་ལྗང་ཁུ། བྱ་བྲུན་ནི་ཁྱིམ་བྱའི་བྲུན་ཏེ། བྲག་ཞུན་དང་ཤུ་དག་དང་དྲི་ཆུ་གསུམ་ཀུན་གྱི་གྲོགས་ཡིན་པས་བསྲེས་པ་ཞིབ་ལ་སླ་བ་སྔོན་མ་མ་སྐམ་པར་ཡང་ཡང་བྱུག་དགོས་ཏེ། དེ་ཡང་སྐྲངས་ཚད་མི་བཤིག་པ་ནི་སྐྲངས་པའི་དཀྱིལ་ནས་མི་བྱུག་པར་མཐའ་ནས་བྱུག་པ་དང་བྲོས་ན་ནོན་པ་གཅེས་ཏེ་སྐྲངས་སྣ་ཉྭ་སྣ་རྩ་སྣ་ནས་བྱུག་ཅིང་སྐྲངས་སྣ་མ་ནོན་ན་ཤོག་བུའམ་སྤུ་ནན་ནམ་ཕྱིང་པ་སོགས་དེ་དག་གང་རིགས་ལ་བག་ཕྱེ་དང་སྤྱིན་ཆུ་བྱུགས་པས་མནན་པར་བྱའོ། །བྱུག་པ་དང་ཁོང་སྨན་གཉིས་ཀྱིས་མ་སོད་ན་གང་བྱུང་གི་སྟེང་མེས་བསྲེགས་ལ་ལུང་པའི་མདོ་སྒོ་བགག་པ་ནི་རྐང་པར་བྱུང་ན་སྙིང་རྩ་མིག་དམར་ལག་པར་བྱུང་ན་ཨ་སོ། མགོ་ལ་བྱུང་ན་རྩེ་ཆུང་དང་ཚངས་བུག་དང་གཞན་གར་བྲོས་ཀྱང་བསྲེགརི་བོའི་རྩེ་ལ་མེ་རྒྱ་གདབ་པ་ནི་ཁོང་དུ་ཤོར་རམ་ལུས་སྦུབས་སུ་བྱུང་ན་སྤྱི་གཙུག་དང་རྩ་ཕྲང་རྒྱས་པར་སྡོམ་ན་དཀར་ནག་མཚམས་ཚིགས་པ་དྲུག་པ་སྲིན་ལག་བཞིའི་རྩེ་སོག་པའི་མེ་ལོང་གཉིས་རྐང་ལག་གི་མཐིལ་བཞི་རྣམས་བསྲེག་པ་ལ་མེ་རྒྱས་གདབ་པོ་ཞེས་དང་སྐྲངས་པོ་གང་བྱུང་གི་ཐ་མ་ནས་སོར་རེ་བར་མཚམས་བྱས་ཏེལ་བས་དམག་གིས་བསྐོར་བ་ལྟར་བསྲེག་པ་དང༌། སྟེང་དུ་ཞེས་འབྲུམ་དང་སྐྲངས་པའི་དབྱིབས། ཉ་སྦྲུལ་གྱི་མཇུག་མ་དང་རྟ་བླའི་རྐང་པ་སྡིག་པའི་རྭ་སྦལ་པའི་རྒྱབ་ལྕོང་མོའི་མགོ་ན་ཆུང་གི་ནུ་མ་ལྟ་བུའི་དཀྱིལ་རྣམས་ལ་གནམ་ལྕགས་དབབ་པ་སྟེ་ལྕགས་ཀྱི་ཏེལ་བས་བསྲེག་པ་བཞིས་བཅོས་ཤིང་ཁྱད་པར་སྐྲངས་གང་ཆེའི་སྟེང་དུ་འབུར་པོར་ཡོད་ན་རྒྱ་གྲམ་དུ་བསྲེག་པ་དང་བསྲེགས་པའི་རྗེས་ལ་ཁོང་སྨན་དང་བྱུག་པ་གཉིས་ཀྱང་བསྟུན་ལ་བསད་པས་ནད་དེ་ཐུབ་པའི་རྟགས་སུ་སྐྲངས་དེ་བྲི་ལ་ཟུག་གཟེར་རྣམས་ཆོགས་པ་འམ་ཡང་ན་སྐྲངས་པོ་དེ་རྣག་ཏུ་ཁུགས་ན་འཚོ་བ་ཡིན་པས་རྣག་ཏུ་ཁུགས་ནས་སྨིན་མ་སྨིན་གསང་ས་དབུག་ཐབས་སོགས་ཡན་ལག་གི་ལེའུ་བཞིན་དུ་བཅོས་པ་དང༌། ནད་ལོག་པ་བྱེར་བ་དང་ཞུད་པ་དང་འཁྱམས་དང་ཆུ་སེར་ལོག་པ་བཞི་ལས། བྱེར་བ་ལ་ཡང་རྩ་དང་ཤ་དང་སྐྱི་དང་རྣག་བྱེར་བ་བཞིའི་རྩ་བྱེར་འཕར་རྩ་ལ་མེ་བཙའ་དང་ཁྲག་རྩ་ལ་གཏར་ག་གང་ཉེར་བྱེད་ཅིང་རྩ་སྦྱོང་ཕྱི་རྒྱུད་ལྟར་གྱིས་དགུགཤ་བྱེར་ལ་ཁྲ་བོ་ནག་པོའི་ཆས་ཀྱིས་ཡན་ལག་སྐབས་ཀྱི་རྨ་བཅོས་ལྟར་དགུགསྐྱི་ལ་བྱེར་བའམ་ལྤགས་ལ་བྱེར་བ་སྐམ་རྩིས་དགུག་སྟེ་སྐྱི་བུད་ན་སྙེ་ནག་མ་དང༌། ཕ་བ་དགོ་དགོ་དང༌། ཆུ་བལ་ལྗང་གུ་རྣམས་མར་དཀར་དང་སྦྱར་བ་བྱུགརྨ་ཁ་ཆེ་ན་སུག་པ་ཆུ་མ་རྩི་དྲེས་ཐག་རྙིང་པ་ཀ་ར་སྒོག་པའི་ཐལ་བ་མར་དཀར་བཅས་པའམ་ཡན་ལག་ལེའུའི་སྐམ་རྩི་གང་རིགས་བྱུགརྣག་བྱེར་ལ་ཁྲུས་ནན་དེབ་དང་ཆིངས་སོགས་ཀྱང་ཡན་ལག་གི་རྨ་བཅོས་ལྟར་གྱིས་དགུགཞུད་པ་ལ་གདོན་བཅོས་ཞོ་དང་སྦང་མ་སྦྱར་བས་བསླང་བའམ་ཡང་ན་སྦང་མ་བྱུགས་ལ་ཕྱེས་བྲན་ལ་བདུགའཁྱམས་པ་ནི་དོན་ལ་འཁྱམས་ན་རྩ་དྲག་ཅིང་དབུགས་རྔམ་པ་རྒོད་པ་འབྱུང་བས་དོན་གང་ལ་འཁྱམས་དེའི་རྩ་མེ་བཙས་འབྲོས་པའི་འཕྲང་བཅད་ལ་ཁོང་དུ་ཤོར་བའི་རྩ་ལ་མེ་གདབ་བུར་ཆང་བཏང་བས་བསྡུས་ལ་གཉེན་པོ་བོང་ང་ནག་པོའི་ཕྱེ་མས་བསད་དོ། །སྣོད་དྲུག་ཏུ་འཁྱམས་ན་དང་ག་མི་བདེ་ལ་འཁྲུ་ཞིང་སྐྱུག་པར་བྱེད་པས་དེ་ལ་སྤྱི་བཅོས་སྐབས་ཀྱི་སྟེང་གར་བབས་དེའི་གཉེན་པོ་བསྣན་པའི་བཤལ་གྱིས་སྦྱང་བ་ལོག་ནོན་གྱི་དམ་པ་ཡིན་ནོ། །ཆུ་སེར་ནག་པོར་ལོག་པ་ན་སྨྱོ་ཞིང་འབོག་པར་བྱེད་ལ་མིག་ལྡོག་ཅིང་སྣ་ནས་ཀྱང་ཆུ་སེར་དང་ཁྲག་འཛག་ན་ཕྱི་རྒྱུད་ལྟར་གྱི་སྣ་བཤལ་བཏང་ཞིང༌། ག་བུར་རྒྱལ་བློན་སྦྱར་ལ་ཚིགས་པ་དྲུག་པ་དང་བདུན་པ་དཀར་ནག་མཚམས་རྣམས་སུ་བསྲེག་པར་བྱ་ཞིང༌། དེ་ལ་ཡང་སྐྱེད་མེད་ན་ལས་ཀྱི་འཆི་བ་ཡིན་ནོ། །

གག་པའི་བཅོས་ཐབས་ལ་ཞི་བ་དང་བཞུ་བ་དང་བཅད་པ་གསུམ་ནི་ཞི་བ་ལ་རྒྱ་ཚྭ་བཙོད་དང་འཛིན་པ་ཕོ་ཚོས་ཏེ་རྒྱ་སྐྱེགས་རྣམས་ཀྱི་ཕྱེ་མ་གདབ། བཞུ་བར་བྱ་བ་ལ་ཚ་ལ་དང་རྒྱ་ཚྭ་དང་སེར་མཚུར་དང་ནག་མཚུར་གཉིས་སོགས་ཀྱི་ཕྱེ་མ་གདབ། བཅད་པ་ལ་རྒྱ་ཚྭ་དང་རུ་རྟ་དང་ཤུ་དག་གསུམ་གྱི་ཕྱེ་མ་གདབ་ཅིང་དེས་མ་ཆོད་ན་ཀྱོང་བུས་བཞར་བའི་རྗེས་ལྕགས་ཀྱི་ཏེལ་པས་བསྲེགགག་པ་ནི་གཉན་ཚད་གྲེ་བར་བབས་ནས་འགགས་པར་བྱེད་པའི་ཕྱིར་འདི་ལ་དཔྱད་མཆོག་གོང་གི་རོ་དབྱུང་བའི་སྦྱོང་སྨན་ཆེན་མོ་དེ་འདྲ་བ་གཞན་ན་མེད་པས་དེས་སྦྱོང༌། ནད་ལོག་ནས་ཡར་རྫོང་ཀླད་པ་ལ་ཤོར་བ་ཡིན་ན་སྣ་ནས་ཆུ་སེར་དྲི་མི་ཞིམ་པ་འཛག་ཅིང་བླ་འཆོལ་མང་དུ་སྨྲ་བས་དེ་ལ་ཕྱི་རྒྱུད་ཀྱི་སྣ་བཤལ་བཏང་ལ་ཆུ་སེར་རྣམས་སྦྱང་ངོ༌། །མར་རྫོང་སྙིང་ལ་ཤོར་བ་ན་ཤེས་པ་སྨྱོ་ཞིང་ལྕེ་གཞུང་ནག་པོ་ལ་སོང་ན་ག་བུར་རྒྱལ་བློན་ཕྱི་རྒྱུད་ལྟར་སྦྱར་ཞིང༌། དེ་ལ་ཡང་སྐྱེད་མེད་ན་ཚེ་ཟད་པ་ཡིན་པས་འཚོ་འཆིའི་སྒོ་ནས་སྤང་བར་བྱའོ་ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་གག་ལྷོག་བཅོས་པའི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའོ།། །།


 

མཐའ་མའི་འདོན་ཐེངས་།: 24.11.2023 ཉིན། 11:42 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།