སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ཉེར་གསུམ་པ། རིམས་ཀྱི་ཚ་བ་བལ་ནད་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 24.11.2023
མན་ངག་རྒྱུད། >> ལེའུ་ཉེར་གསུམ་པ། རིམས་ཀྱི་ཚ་བ་བལ་ནད་བཅོས་པ།




ལེའུ་ཉེར་གསུམ་པ།  རིམས་ཀྱི་ཚ་བ་བལ་ནད་བཅོས་པ། 

དེ་མ་ཁད་དེ་ནས་སླར་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་ཞེས་བོད་ཚིག་གི་སྣ་དྲངས་ནས་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས། རིམས་ཞེས་བྱ་བའི་ནད་ནི་རྒྱུ་དང་རྐྱེན་གང་འདྲ་ཞིག་ལས་བྱུང་དེའི་ངོ་བོ་དང་རྒྱུ་མཚན་ཅི་ལ་བརྟེན་པ་ནས་མིང་དུ་བཏགས་པ་དང༌། རིམས་དེ་ལ་དབྱེ་བའི་ནད་ཀྱི་རིགས་ནི་དུ་ཞིག་མཆིས་ཤིང༌། དེའི་མངོན་པའི་ཚུལ་དང་མི་འགྱུར་བའི་རྟགས་ནི་ཇི་ལྟར་དུ་འོང༌། དེ་ལ་བཅོས་པའི་ཐབས་ལ་རྣམ་པ་དུ་ཡིས་བཅོས་སོགས་ལུས་ཅན་གྱི་ཚེ་སྲོག་འཚོ་བར་མཛད་པའི་སྨན་པའི་རྒྱལ་པོས་བདག་ཅག་རྣམས་ལ་བཤད་དུ་གསོལ་ཞེས་ཞུས་པ་ལས། དྲང་སྲོང་རིག་པའི་ཡེ་ཤེས་དེས་སྤྱི་དོན་བདུན་གྱི་སྒོ་ནས་འདི་སྐད་ཅེས་གསུངས་སོ། །ཀྱེ་ཞེས་ནན་གྱིས་ཚུར་ཡང་བོས་ནས་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས།

རིམས་ཞེས་བྱ་བའི་ནད་འདི་འབྱུང་བའི་རྒྱུ་རྐྱེན་ནི་སྤྱིར་བསྟན་པའི་རྣམ་གཞག་རྒྱས་པ་བཻ་ཌཱུར་དཀར་པོ་མ་བུ་ལས་བཤད་པ་ལྟར་གྱི་ལྔ་བརྒྱ་པ་ཕྲག་བཅུའི་དུས་ཀྱི་ཐ་མ་ཞེས་རིམ་གྱིས་དམན་པའི་གོ་བ་དེ་སྨད་ཆར་གྱུར་ཙ་ན་མི་རྣམས་རང་བདེ་འདོད་པའི་དབང་གིས་དམ་པའི་ལམ་ལས་ལོག་པ་བཤད་རྒྱུད་དུ་བཤད་པ་ལྟར་གྱི་མི་དགེ་བ་བཅུ་སོགས་སྤྱོད་ཅིང་ཁྱད་པར་དུ་བསྟན་པ་ལ་སྤྱིར་མདོ་སྔགས་གཉིས་ལས་སྔགས་གསར་རྙིང་ལ་བཞུགས་པའི་སྔགས་པ་རྣམས་ནི་རྡོ་རྗེའི་ཐེག་པར་བཞུགས་པའི་དམ་ཚིག་གཅིག་ཡིན་པ་ལ་བླང་དོར་ནོར་ནས་གཅིག་གིས་གཅིག་ནང་ཁུལ་དུ་སྲོག་གམ་ཐ་ནའང་ལུས་ལ་གནོད་པའི་དམེ་སོགས་དང༌། མདོ་བཞུགས་ཀྱི་དགེ་འདུན་བཙུན་པ་རྣམས་ནི་སོ་ཐར་ཀྱི་སྡོམ་པ་དང་ཐོས་བསམ་དོན་དུ་མི་གཉེར་བར་རང་རང་གི་ལྟ་གྲུབ་སོགས་ཕྱོགས་སྡེ་དང་ཕྲན་ཚེགས་ཁམས་ཚན་སོགས་ཆུང་ངུ་ཡང་བདག་ཏུ་བཟུང་ནས་འཁྲུག་པར་བྱེད། འཕགས་ཡུལ་དུ་མུ་སྟེགས་པ་དང་བོད་དུ་ཆ་མཐུན་རྟོག་ལྡན་དང་མཆོད་གནས་སྡེ་གཉིས་ཀྱི་བནྡེ་དང་བོན་པོ་སོགས་ཀྱང་མངོན་སྤྱོད་འདོད་པ་རྣམས་ནི་བསྟན་ལ་གནོད་ཅིང་ཞིང་བཅུར་མ་ལྟོས་པར་རང་སྣང་ཕྲ་མོར་དྲག་པོའི་ལས་བསྐུལ་བའི་ཟོར་ཁ་འཕེན། སྐྱེ་བོ་རྣམས་ནི་དཀོན་མཆོག་དང་ལྷ་འདྲེ་དཔངས་བཙུགས་ཀྱི་མནའ་བོར་ནས་ཟ་གནས་ཁྱད་པར་ཅན་དང་ལྷ་འདྲེ་ཀླུ་གཉན་གནས་སར་དཀར་དམར་གྱི་ཐབ་གཞོབ་དང་བཤན་དམར་ཞེས་སྲོག་གཅོད་ཤ་ཁྲག་འབགས་བཙོག་གི་ལས་བྱེད་པ་དར་བ་དེའི་དུས་སྲིད་པ་སྐྱེ་འཇིག་ལ་དབང་བའི་མ་མོ་དང་རྫུ་འཕྲུལ་གྱིས་ནམ་མཁའ་ལ་འགྲོ་བ་ཀུན་འཁྲུགས་ཏེ་རིམས་གཙོར་གྱུར་གྱི་ནད་ཀྱི་ཁ་རླངས་མདོག་སེར་པོ་དམར་པོ་ནག་པོ་རྣམས་བཏང་བས་སྤྲིན་པ་ལྟར་དུ་ཆགས་པ་ལས་བསོད་ནམས་དམན་པའི་འགྲོ་བ་ལ་ཕོག་སྟེ་སེར་པོ་ལས་བལ་ནད་དང་ཆམ་པ་དམར་པོ་ལས་རྒྱུ་གཟེར། ནག་པོ་ལས་གག་ལྷོག་དང་འབྲུམ་ནག་སོགས་དུས་སྙིགས་མ་ལ་མིང་གྲངས་ཀྱིས་མི་ལང་བ་འབྱུང་ལ། གཞན་ཡང་རྐྱེན་ལྟ་བུ་ནི་དབྱར་དགུན་སྟོན་དཔྱིད་དེ་ནམ་ཟླ་དུས་བཞིའི་འབྱུང་བ་བཤད་རྒྱུད་དུ་གསུངས་པ་ལྟར་ལས་དམན་ལྷག་ལོག་པ་དང་སྤྱོད་ལམ་དྲག་ཤུལ་བྱས་པའི་རིགས་དང་ནད་དེས་ན་ནས་ཡུན་སོང་བའི་ནད་དྲི་དང་འབྱུང་པོའི་དུགས་ཀྱི་གཟེར་འཕོག་པ་དང་རྒྱུད་ལ་ཞེ་སྡང་དྲག་པོ་སྐྱེས་པས་ཁྲོ་བ་དང་གཏི་མུག་ཅན་སེམས་ཞུམ་པའི་དབང་གིས་འཇིགས་སྐྲག་དང་ཡིད་གཅུགས་སོགས་དང་བྲལ་བས་མྱ་ངན་གྱིས་སེམས་གདུངས་པ་དང་ཡུལ་སོགས་ལ་འདོད་པར་ཆགས་པ་གོང་གི་ཞེ་སྡང་གཏི་མུག་སོགས་དུག་གསུམ་དང་སྦྱར་བའི་བཤད་པ་ཡོད་ཀྱང་འདིར་དེ་ལྟར་དོར་ཏེ་མྱ་ངན་འདོད་ཅེས་པ་ཀླུང་གུད་པའི་མྱ་ངན་འདོད་པའི་རྐྱེན་དང་ཁ་ཟས་བསིལ་དྲོད་འགྲངས་ལྟོགས་སོགས་མ་སྙོམས་ཤིང་ལུས་ཁམས་དང་མི་མཐུན་པ་བསྟེན་པའི་དབང་གིས་འབྱུང་བ་འཁྲུགས་པའི་རིམས་སུ་འགྱུར་རོ། །

རྒྱུ་རྐྱེན་དེ་ཡིས་ལུས་ཀྱི་མཁྲིས་པའི་མེ་དྲོད་བླང་ཞིང་ཆེར་སྐྱེད་པ་ནི་རིམས་ཀྱི་ངོ་བོ་ཡིན་ལ་དེ་ཡང་ལུས་ལ་འབབ་དུས་ཐོག་མར་སྐྱི་ལ་གནས་པའི་རྔུལ་ལ་བབས་དེ་ནས་བད་ཀན་མཁྲིས་པ་རླུང་གསུམ་ལ་རིམ་པས་འབབ་ཅིང་ཐོག་མར་ནི་མིག་རྣ་བ་སྣ་ཁ་ཆུ་སོ་བཤང་ལམ་སྟེ་སྤྱི་དང༌། ཕལ་ཆེར་སྣ་ཁོ་ན་ནས་ཞུགས་པ་ནང་གི་འཇུག་སྒོ་ཤ་ལྤགས་རྩ་རུས་དོན་སྣོད་དྲུག་ཏུ་རིམ་པས་འཇུག་པ་འམ་ནད་དེའི་དྲི་མ་དངོས་དང་ནད་ཡོད་ས་ནས་དུ་བ་རླུང་སོགས་དྲིས་ཕོག་ན་ཡམས་ཐབས་སུ་རིམ་གྱིས་གཅིག་ནས་གཅིག་ལ་འགོས་པའི་ཕྱིར་ན་རིམས་ཞེས་བྱ་བའི་རྒྱུ་མཚན་དང་འབྲེལ་བའི་མིང་དུ་བཏགས་པ་ཡིན་ལ།

དེ་ལ་དབྱེ་བ་བལ་ནད་དང་འབྲུམ་བུ་དང་རྒྱུ་གཟེར་དང་གག་ལྷོག་དང་ཆམ་པའི་རིམས་དང་རྣམ་པ་ལྔ་ཡོད་པས་དེ་ལ་ཞེས་བྱ་བ་ནི་ངེས་པར་བཟུང་བའི་དོན་ཏེ་དེ་ཡང་གོང་དུ་བཤད་པ་ལྔ་པོ་དེ་ལས་ཕྱི་མ་བཞི་པོ་ནི་འོག་ཏུ་སོ་སོའི་ལེའུར་སྟོན་ལ། བལ་ནད་འདི་ལ་དབྱེ་བ་རྣམ་པ་གསུམ་ཡོད་པ་ཡིན་ཏེ། དེ་ཡང་བབས་པའི་གནས་དང་སྦྱར་ཏེ་དབྱེ་བ་དང་རིམ་པའི་དུས་དང་སྦྱར་ཏེ་དབྱེ་བ་དང་ནད་གཞི་གང་ཡིན་གྱི་རིགས་དང་སྦྱར་ཏེ་དབྱེ་བ་དང་གསུམ་ལས་དེ་ལ་ཡང་འབབ་པ་དང་རིམ་པ་དུས་གཉིས་རྟགས་ཀྱི་སྐབས་སུ་བཤད་ཅིང་ནད་གཞི་རླུང་དང་མཁྲིས་པ་དང་བད་ཀན་དང་འདུས་པ་དང་གཉན་གྱི་རིམས་ཞེས་བྱ་སྟེ་རྣམ་པ་ལྔ་རུ་བཤད་པ་ལས་འདར་བུ་དང་ཡེར་བུ་གཉིས་རླུང་གི་རིམས་ཡིན་པ་སྟེ་ལེ་བརྒན་དང་ཀླད་གཟེར་ཞེས་བྱ་བ་མཁྲིས་པའི་རིམས་དང་རྨོངས་བུ་དང་ལྐུགས་པ་བད་ཀན་གྱི་རིམས་སུ་བཤད་པ་དང་འདུས་པའི་རིམས་ལ་དབྱེ་བ་རྒྱུན་གྱི་རིམས་དང་རྟག་པའི་རིམས་དང་ཉིན་གཅིག་པ་དང་ཉིན་གསུམ་པ་དང་ཉིན་བཞི་པ་སྟེ་རྣམ་པ་ལྔ། མཁྲིས་པ་རྩར་རྒྱུག་བའི་རིམས་དང་ཀླད་གཟེར་དང་རིམས་མྱོན་པ་ཏྲེ་ཏྲེ་ཧོས་སུ་བཏགས་པ་དང་གསུམ་པོ་དེ་ནི་དོན་དང་མཐུན་པར་གཉན་རིམས་ཡིན་ཡང་མིང་གི་རྣམ་གྲངས་སུ་བཏགས་པ་ཡིན།

དེ་རྣམས་ངོས་ཟིན་པའི་རྟགས་ལ་སྤྱི་དང་བྱེ་བྲག་ཏུ་ཕྱེ་བ་རྣམ་པ་གཉིས་ལས་སྤྱི་ལའང་མ་སྨིན་པ་དང་རྒྱས་པ་དང་སྟོངས་པ་དང་གསུམ་གྱི་དང་པོ་མ་སྨིན་པའི་རིམས་ཀྱི་མངོན་པའི་ཚུལ་ནི་ཕྲུམ་སེར་ཏེ་གྲང་ཤུམ་ཡུན་རིང་ལ་མགོ་དང་རྐང་ལག་གི་ཚིགས་གཞི་ན་བ་དང་ལུས་བྱིང་ལྕི་ལ་སྒྱིད་སྐྱུར་ཏེ་བྱ་བ་མི་འདོད་ཅིང་རྨི་ལམ་ཟ་ཟི་མང་བ་དང་གཡལ་མང་ཞིང་རྣ་བ་ཡང་འཐིབས་ལ་ཤེས་པ་མྱོས་ཏེ་གང་ཡང་མི་རྟོགས་པ་དང༌། ཉི་མ་འདོད་ནས་སྙེག་ཅིང་ཁྱད་པར་དུ་དུས་སྲོད་ལ་ན་བ་དང་ཁ་ཁ་ལ་མགོ་བོ་ན་ཞིང་ཟས་ཀྱི་དང་ག་འགགས་པ་དང༌། རྩ་རྒྱུད་ནི་ཕྲ་ལ་མགྱོགས་པ་དེ་ཡང་སྐད་ཅིག་ལ་གཡོ་ཞིང་ཆུ་མདོག་རྙོག་མ་ཅན་འོང༌། བར་དུ་རིམས་རྒྱས་པ་ན་ལུས་ལྕི་ལ་རྔུལ་གྱི་དྲི་མ་མནམ་པ་དང་མིག་གི་མདངས་དམར་སེར་ལ་ལྕེ་མཆུ་དང་སོ་ལ་དྲེག་ཆགས་པ་དང༌། མགོ་ན་ཞིང་ཁ་སྐོམ་དད་ཆེ་ལ་ཤེས་པ་མྱོག་པའམ་གཏང་ཞན་པ་སྟེ་གཡུང་བ་དང༌། དྲི་ཆུ་མདོག་དམར་ལ་དྲི་མ་དུགས་པ་ལ་ཀུ་ཡ་མཐུག་པ་དང༌། རྩ་རྒྱུད་རྣམས་ཕྲ་ལ་གྲིམ་ཞིང་མྱུར་དུ་འཕར་བ་འོང༌། ཐ་མར་ཞུ་འཁྱགས་ཀྱི་མཚམས་ལ་སླེབས་ནས་སྟོངས་པའི་རྟགས་སུ་དཔྱི་མགོ་དང་རྐེད་པ་དང་རུས་རྐང་རྣམས་ཁྱད་པར་དུ་ན་ཞིང་ལུས་རྔུལ་ལ་གཉིད་ཆུང་ཞིང་མགོ་བོ་འཐོམ་ལ་རྣ་བ་འུར་བ་དང་ལྕེ་ནི་མདོག་དམར་ལ་རྩུབ་ཅིང་སྐམ་ལ་སྟོང་སྐྱུགས་བྱེད་པ་དང་གཏམ་གྱི་སྨྲ་བ་འཆལ་ལ་སྐབས་སུ་འདར་ཞིང་ཕྱིའི་ཤ་དྲོད་ཆེའོ། །

བྱེ་བྲག་ཏུ་ཕྱེ་བའི་རྟགས་ལ་ནི་རྣམ་པ་གསུམ་ཡོད་དེ། དེ་ལ་དང་པོ་བབས་པ་གནས་ཀྱི་སྒོ་ནས་བརྟག་པ་ནི་ཐོག་མར་སྐྱི་དང་བ་སྤུར་འབབ་པ་ཡིན་ཏེ་ཤེད་ཆུང་ལ་བྱ་བ་བྱེད་སྙིང་མི་འདོད་པར་སྒྱིད་པ་སྐྱུར་ཞིང་ལུས་བརྩེ་ལ་བ་སྤུ་རྣམས་ལྡང་བ་དང་དེ་ནས་པགས་པ་ལ་བབས་ཏེ་ཕྲུམ་སེར་ཏེ་གྲང་ཤུམ་གྱིས་ཁྱེར་ཞིང་མགོ་དང་ཡན་ལག་གི་རྐང་དང་ཚིགས་གཞི་ན་ཞིང་ཉི་མ་ལ་དགའ་བས་སྙེག་པ་སྟེ་བསྲོ་འདོད་དོ། །དེ་ནས་རྩ་ལ་བབས་ཏེ་རྩ་ཚད་སྐྱེས་པས་རྩ་འཁྲུག་ཅིང་ཤེས་པ་བྱིང་ལ་ཁ་སྐོམ་དད་ཆེ་བ་ཁ་ཁ་ཞིང་ཆུ་མདོག་དམར་ལ་རྙོག་པའོ། །དེ་ནས་ཤ་ལ་བབས་ཏེ་མགོ་བོ་འཐོམ་པ་དང་ལུས་ལྕི་ཞིང་ཤ་དྲོད་ཚ་ལ་བསིལ་བ་འདོད་ཅིང་ཤེས་པ་ཉོག་གོ། །དེ་ནས་སྣོད་དུ་བབས་ཏེ་ཟས་ཀྱི་དང་ག་འགག་ཅིང་དྲི་མ་འཁྲུ་བའམ་ཡང་ན་སྐམ་ཞིང་ལྕེ་ལ་བད་ཀན་ཆགས། དེ་ནས་དོན་ལྔ་ལ་བབས་ཏེ་རྩ་དང་ཆུ་གཉིས་ལ་ཚ་བ་སྐྱེ་ཞིང་ལྕེ་སྐམ་ལ་ཟ་ཟིའི་གཏམ་སྨྲ་ལ་ཁ་སྐོམ་དད་ཆེའོ། །དེ་ནས་གཞུག་ཏུ་རུས་པ་ལ་བབས་པའི་རྟགས་སུ་སྣ་བུག་དང་ཁ་དང་ལྕེ་སྐམ་ལ་སོ་དྲེག་ཆགས་པ་དང་རྩ་སྟོངས་ཤིང་རྣ་བ་འོན་ལ་ཤེས་པ་ཉོག་པ་རྣམས་འབྱུང༌།

རིམ་པ་དུས་ཀྱི་སྒོ་ནས་བརྟག་པར་བྱ་བ་ནི། དང་པོའི་ཞག་གསུམ་ཚ་གྲང་འདྲེས་པ་བད་ཀན་དང་རླུང་གི་དུས་ཡིན་ཏེ། ཚ་བ་མགོ་ལ་བབས་པས་མགོ་བོ་ན་ཞིང་ཡན་ལག་གི་ཉྭ་དང་ཚིགས་གཞི་ན་ཞིང་ཕྲུམ་སེར་ཏེ་གྲང་ཤུམ་གྱིས་ཁྱེར་བ་དང་གཡལ་མང་ཞིང་སྒྱིད་པ་སྐྱུར་བ་སྟེ་བྱ་བ་དང་ཟས་ཟ་མི་འདོད་ལ་ཟས་ཀྱང་སྐྱུག་པ་བྱེད་ཅིང་ཉི་མ་ལ་དགའ་བའི་སྙེག་སྟེ་ཚ་བ་མ་སྨིན་པར་ཚ་བ་དང་བད་རླུང་ཚ་གྲང་འདྲེས་པ་དྭངས་སྙིགས་དབྱེ་བའི་དུས་ཡིན་ནོ། །དེ་ནས་ཞག་གསུམ་ནི་མཁྲིས་པའི་དུས་ཡིན་ཏེ་མཁྲིས་ཚད་ཆུ་དྲོན་ལྟར་གནས་པས་ཚ་བ་དབང་པོ་རྣམས་ཀྱི་སྒོར་བབས་པས་ཁ་ཁ་ལ་ལྕེ་ལ་བད་ཀན་ཆེ་ཞིང་སོ་དང་མཆུ་ལ་དྲེག་པ་ཆགས་པ་དང་སྣ་སྐམ་ཞིང་རྣ་བ་མི་གསང་བ་སྟེ་སྨྲ་བ་མི་ཚོར་ཞིང་མིག་རྣག་ཆེ་བ་སྟེ་མིག་སྐྱག་ཆེ་བ་དང་དྲི་ཆུ་དམར་ལ་རྩ་གྲིམས་ཤིང་ཆུ་ལྟར་ཆས་བྲིད་ཅིང་སྐོམ་པའི་དུས་ཡིན་ནོ། །དེ་ནས་ཞག་གསུམ་ནི་ཁྲག་གི་དུས་ཏེ་ཁྲག་ལ་བབས་ནས་ཚད་པ་རྐྱང་པར་སོང་བས་རྩ་དང་ཆུའི་ཚ་བ་རྣམས་གོང་བས་ཀྱང་ཆེ་བས་ལྕེ་སྐམ་ཞིང་ཁ་སྐོམ་དད་ཆེ་ལ་རྔུལ་གྱི་དྲི་མ་མནམ་ཞིང་ལུས་ལྕི་བ་འབྱུང་བས་ཚ་བ་དགྲ་ལྟར་དུ་བསད་པའི་དུས་ཡིན་ནོ། །དེ་ནས་ཞག་གསུམ་དོན་ལ་རླུང་ཁྲག་འཐབ་པའི་དུས་ཡིན་ཏེ་ཚད་པ་དོན་ལ་བབས་པའི་རྟགས་བླ་འཆོལ་སྨྲ་བ་དང་དྲན་པ་མི་གསལ་ཞིང་ཚབས་ཆེ་ན་སྲོག་རྩར་འཆོར་ཏེ་ཤེད་ཆུང་ལ་རྩ་བྱིང་བ་དང་ངོ་ནག་ཅིང་ལྕེ་སྐམ་ལ་རྩུབ་པ་དང༌། ཡང་ན་སྨྱོ་བ་འམ་སྨན་ཚ་དྲགས་ན་རྫོང་ལ་འབྲོས་པ་སོགས་འབྱུང་བས་ཏེ་ནད་ཀྱི་རིམ་པ་ལ་ལྟོས་པའི་སྤྱོད་ཚུལ་དེ་ལྟར་བསིལ་འཇམ་གྱིས་གཉེན་ལྟར་བསྟེན་དུས་ཡིན་ནོ། །དེ་ནས་ཞག་གསུམ་ནི་རི་དང་ཐང་གི་མཚམས་ཀྱི་དུས་རུས་པ་ལ་བབས་པས་དཔྱི་རྐེད་དང་རུས་རྐང་རྣམས་ན་ལ་ཤེད་ཆུང་ཞིང་གདོང་སྐྱ་ལ་མགོ་བོ་འཐོམ་པ་དང་རྣ་བ་འུར་ལ་གཉིད་ཆུང་ཞིང་ལུས་རྔུལ་འབྱུང་ལ་རླུང་ཤས་ཆེ་བས་རླུང་སྣ་གླན་པའི་བུ་ལྟར་དུ་གསོ་བའི་དུས་ཡིན་ནོ། །

ནད་གཞིའི་རིགས་ཀྱི་སྒོ་ནས་བརྟག་པ་ལ་ནི། དང་པོ་རླུང་གི་རིམས་ནི་བརླ་དང་རྐེད་པ་ན་ཞིང་མགོ་ལུས་དང་ཡན་ལག་མ་ལུས་ཀུན་ཏུ་བརྡུངས་པ་སྙམ་བྱེད་ཅིང་གཡལ་མང་ཞིང་མགོ་འཁོར་ལ་རྣ་བ་ནས་སྒྲ་དང་བཅས་ཏེ་གཉིད་ཡེར་ལ་མུར་འགྲམ་དང་མགོ་བོ་ཟུག་ཅིང་གཟེར་བ་དང་ལུས་ཀྱི་བ་སྤུ་ལྡང་ཞིང་པགས་པ་བརྩེ་ལ་རྔུལ་མི་འབྱུང་བ་དང་རྐང་ལག་དང༌། མགོ་བོ་འདར་ཞིང་བླ་འཆོལ་སྨྲ་བ་དང་ཁ་ཟས་མི་འཇུ་ཞིང་བཤང་གཅི་བསྲི་བ་སྟེ་ཡང་ཡང་མི་འབྱུང་བར་ཐོན་དཀའ་བ་ཡིན་ཞིང་ཁྱད་པར་འདར་བུ་ལ་ཕྲུམ་སེར་ཏེ་གྲང་ཤུམ་བྱེད་ཅིང་ཡུན་རིང་དུ་འདར་བ་དང་ཡེར་བུ་ལ་ཉིན་མཚན་གཉིད་མེད་ཅིང་རྩ་རྒྱུད་གཡོ་ཞིང་འབྲོས་པའི་ཚུལ་སྟོན། རླུང་རིམས་གང་ཡང་བབས་ས་རུས་པ་ཡིན་པས་རུས་ཀུན་ན་ལ་བར་དུ་རྒྱས་པ་དོན་ལྔ་ཡིན་ལ་ལྕེ་སྐམ་ཞིང་ཟ་ཟི་མང་བ་དང་ཐ་མར་སྲོག་རྩར་ལམ་དོན་པའི་སྨྱོ་བའམ་འབྲོས་པ་སོགས་བྱེད་དོ། །

མཁྲིས་རིམས་ནི་བསིལ་བ་འདོད་ཅིང་མགོ་ན་ལ་ཁ་ཁ་ཞིང་ལུས་ཚ་ལ་འཁྲུ་ཞིང་བཤང་བ་དང་གཅིན་དང་པགས་པ་དང་མིག་རྣམས་སེར་བ་དང་རྔུལ་འབྱུང་ཞིང་དྲི་མནམ་ལ་རིག་པ་བཟི་བ་ལྟར་མྱོས་ཤིང་ཁ་སྐོམ་དད་ཆེ་བ་དང་ལུད་པ་ཁྲག་དང་བཅས་པ་དང་ཁ་ལ་ཐོར་པ་འོང༌། ཁྱད་པར་དུ་ལེ་བརྒན་ནི་སྟོད་གཟེར་ལ་ལུད་པ་དམར་བ་དང་སྣ་ཁྲག་འཛག་ཅིང་ཚད་པའི་རྟགས་གཞན་པས་ཆེ་བ་ཡིན། ཀླད་གཟེར་ནི་ཚ་བ་རྒྱས་ལ་མགོ་ཟུག་ཆེ་ཞིང་མུ་འགྲམ་གྱི་རྩ་དང་ལྟག་རྩ་གཉིས་འཁྱུག་ཅིང་མཚོག་མ་ལྕི་བ་དང་མཁྲིས་རིམས་ཀྱི་དང་པོ་བབས་ས་རྩ་ཡིན་པས་རྩ་དང་ཆུ་ཚ་ལ་རྩ་རྒྱས་ཤིང་རྩ་རྣམས་འཁྱུག་པ་དང་བར་དུ་རྒྱས་པར་བྱེད་པའི་ས་ནི་ཁྲག་ཡིན་པས་དྲི་ཆུ་དམར་ལ་རོ་སྟོད་ཚ་ཞིང་སྣ་ཁྲག་འོང༌། ཐ་མ་ནི་ཕལ་ཆེ་བར་ཕོ་བར་ལམ་དོན་པས་མཁྲིས་པ་འཇུ་བྱེད་ཀྱིས་ཕོ་བའི་མེ་དྲོད་ཕྱིར་བཏོན་ཏེ་ལྕེ་སྐམ་ལ་མཆུ་ཐུང་བ་དང་ཁ་སྐམ་ཞིང་སོ་དྲེག་ཆགས་ལ་དང་ག་མི་བདེ་ཞིང་སྟོང་སྐྱུགས་བྱེད་པའོ། །

བད་རིམས་ནི་རིག་པ་བཟི་བ་ལྟར་མྱོས་ཤིང་ཚ་བ་རྣམས་དལ་བུས་སྐྱེ་བ་དང་སྐྱུག་ཅིང་མཆིལ་མ་དང་ལུད་པ་མང་བ་དང་ལུས་སྙོམ་པ་སྟེ་གཡེལ་བ་འམ་དོན་བརྗེད་ངེས་ཀྱིས་གང་ཡང་བྱེད་སྙིང་མི་འདོད་པར་ལྕི་ཞིང་གཉིད་ཆེ་ལ་དང་ག་འགགས་པ་དང་བཤང་བ་དང་གཅིན་དང༌། ལྕེ་དང་སེན་མོ་དང་པགས་པའི་མདོག་རྣམས་དཀར་བ་དང༌། ཁྱད་པར་རྨོང་བུ་ལ་ནི་རིག་པ་རྨོངས་པར་འབྱུང་བས་ཟ་ཟི་དང་ཉག་ཉོག་མང་ཞིང་གང་བྱས་དྲན་པ་མི་གསལ་ལ་ཤེས་པ་བྱིང་བྱིང་དུ་འཐིབས་པ་ཡིན། ལྐུགས་པ་ནི་མི་ངོ་མི་ཤེས་པ་དང་སྨྲ་བ་ལྐུགས་ཤིང་དྲི་ཆེན་དང་དྲི་ཆུ་སིལ་ཁང་སོགས་སུ་མི་འཁྱོལ་བར་མལ་དུ་འཆོར། བད་རིམས་ལ་དང་པོ་བབས་པའི་ས་ནི་དང་ག་ཡིན་ཏེ་ཁ་མངལ་བ་སྟེ་རོ་མི་ཚོར་ཞིང་ཟས་མི་འཇུ་ལ་དང་ག་འགག བར་དུ་རྒྱས་པ་ལ་ཡུལ་ཤ་དང་ཀླད་པ་གཉིས་ཏེ་ཤར་རྒྱས་ན་ལུས་ལྕི་ལ་རིག་པ་བཟི་བ་ལྟར་མྱོས་པ་དང་ཀླད་པར་རྒྱས་ན་སྨྲ་བ་ལྐུགས་པར་འགྱུར་བ་ཡིན་ཐ་མར་འཆོར་བའི་ས་མཁལ་མར་ལམ་དོན་པས་ཆུ་སྲི་བ་སྟེ་འཚག་དཀའ་ཞིང་མཁལ་རྐེད་ན་ལ་རྣ་བ་འོན།

འདུས་རིམས་ཀྱི་རྟགས་ལ་སྤྱི་དང་བྱེ་བྲག་ཏུ་ཕྱེ་བ་གཉིས་ལས་ཕྱི་རྟགས་ལའང་དང་པོ་བར་དང་ཐ་མ་གསུམ་གྱི་འདུས་རིམས་ཐོག་མ་ནི་དྭངས་མར་བབས་པ་ཡིན་པའི་ཕྱིར་དྭངས་མ་དེ་བད་ཀན་དང་མཁྲིས་པ་གཉིས་ཀྱི་གནས་ཡིན་པས་བད་ཀན་ཤས་ཆེ་ན་མ་སྨིན་པའི་རྟགས་མི་གསལ། དེ་འོག་ཏུ་མ་ཞུ་བའམ་སྨུག་པོ་ལྟ་བུར་སྣང་བ་ཡང་དེ་དང་མ་ནོར་པ་གཅེས་ཤིང་མཁྲིས་ཤས་ཆེ་ན་མ་སྨིན་པའི་རྟགས་འགའ་གསལ་ཞིང་དེ་འོག་ཏུ་མཁྲིས་པའི་ནད་ལྟ་བུར་མིག་དང་ཆུ་སེར་བས་མཁྲིས་ནད་དང་མ་ནོར་བ་དགོས། བར་དུ་རྒྱས་པའི་དུས་སེམས་རྨུགས་པ་སྟེ་མི་གསལ་ལ་རྣ་བ་འོན་ཞིང་གཉིད་ལོག་པའི་དུས་ན་ཟ་ཟི་དང་བླ་འཆོལ་འབྱུང་བ་དང་ལུད་པའི་མདོག་དམར་སེར་དང་དཀར་པོ་འབྱར་བག་ཏུ་ལུ་ཞིང་རྐང་དང་རྐེད་པ་དང་རུས་ཚིགས་རྣམས་མ་ལུས་པ་ན་བ་དང་གྲེ་བ་ཚ་ལ་འཛེར་ཞིང་སྦྲིད་པ་དང་སྣ་ཆུ་མང་བ་དང་མིག་དམར་ལ་རྩིབ་ལོགས་ན་ཞིང་ཁ་སྐོམ་དད་ཆེ་བ་དང་ཚ་བ་རེས་ཆེ་རེས་ཆུང་ཞིང་བཤང་བ་རེས་འཁྲུ་རེས་སྐམ། གཅིན་རེས་མང་རེས་ཉུང་དེ་བཞིན་རྔུལ་ཀྱང་རེས་མང་རེས་ཉུང་བ་དང་གཉིད་རེས་ཆེ་རེས་ཆུང་བ་སྟེ་མི་སྙོམས་པ་དང་ཐོར་པའམ་འབྲུམ་ཕྲན་མདོག་དམར་ནག་འབྱུང་བ་ཡང་སྲིད་ཅིང་དྭངས་མ་ཁྲག་ལ་སོགས་པའི་ལུས་ཟུངས་ཀུན་ལ་གནས་ཕྱིར་ནད་ཀྱི་རྟགས་མི་འདྲ་བ་སྣ་ཚོགས་པར་ཅིར་ཡང་སྲིད། ངོས་བཟུང་པ་དང་སྨིན་པ་དང་བསད་པ་དང་འབྱང་བ་སོགས་དཀའ་ལ་ས་དང་འདྲ་བས་ལྕི་བ་ཡིན་ཞིང་འོན་ཀྱང་ངེས་ཤེས་ནི་རྣ་བ་མི་གསང་ལ་ཟ་ཟིས་ཤེས་སོ། །ཐ་མར་ལུས་ཀྱི་ཟུངས་ཞུ་བས་མཁྲིས་ཤས་ཆེ་ན་རྔུལ་མང་དུ་འབྱུང་བ་དང་རླུང་ཤས་ཆེ་ན་སྨྲ་བ་མང་ལ་ཕྱིའི་རྩ་འདར་བ་ཡང་སྲིད་ཅིང་སྟོང་སྐྱུགས་འོང་བད་ཀན་ཤས་ཆེ་ན་ལུས་ཀྱི་དྲོད་གྲང་ཞིང་རུལ་སུངས་ཀྱི་རྣམ་པའི་ཧམ་པ་མདོག་སྔོ་སྐྱ་འམ་མགོ་དང་རྐང་ན་བ་འབྱུང་ཞིང་དེ་དག་རྣམས་སུ་ནི་རི་ཐང་གི་མཚམས་སུ་ཕེབས་པའི་རྟགས་ཡིན། ཞག་གྲངས་ནི་དྭངས་མ་ནས་ལུས་ཟུངས་བདུན་རིམ་པར་ཁྱབ་པའི་དབང་གིས་ལུས་ཟུངས་རེ་རེ་ལ་ཞག་གསུམ་རེ་བབས་པས་དྭངས་མའི་ཞག་གསུམ་བཅད་པའི་ཞག་བཅོ་བརྒྱད་དང་དྭངས་མའི་ཞག་ཀྱང་རྟོགས་ན་ཉི་ཤུ་གཅིག་འདས་ནས་མཇུག་གཞན་ལ་མ་འཁྱོགས་ཚེ་ཕལ་ཆེར་འཚོ་བ་དང་འཆི་བའི་ཤན་ཕྱེད་དོ། །བྱེ་བྲག་རྟགས་ལ་རྒྱུན་རིམས་ནི་དྭངས་མར་བབས་པས་ན་བད་མཁྲིས་དང་ལྡན་པའི་ནད་ཀྱི་རྟགས་འབྱུང་བ་ཡང་སྲིད་ཅིང་ཁྲག་ལ་བབས་པ་ན་རྟག་པའི་རིམས་ཞེས་བྱ་བ་ཡིན་ཏེ་རོ་སྟོད་གཟེར་ལ་ཕོ་མཆིན་མི་བདེ་ཞིང་སྣ་ཁྲག་འཛག་པ་དང་གློ་མང་ཞིང་ལུད་པ་ལ་མི་གཙང་བ་སྟེ། ཁྲག་རྣག་འདྲེས་པ་འོང་ཞིང་མིག་ཆུ་དམར་བ་དང་ཞག་གཅིག་ལའང་ཚ་བའི་ཟུག་གཟེར་ལན་གཉིས་ཙམ་ལྡང༌། ཤ་ལ་བབས་པ་ན་རིམས་ཉིན་གཅིག་པ་ཞེས་བྱ་སྟེ་ལུས་ལ་རྔུལ་མང་ལ་ཤ་དྲོད་ཆེ་ཞིང་ལུས་དང་ཤེས་པ་ལྕི་བ་དང་ཚ་བའི་ནད་ཟུག་ཉིན་རེ་ལ་ལན་རེ་ལྡང༌། ཚིལ་ལ་བབས་པ་ན་རིམས་ཉིན་གསུམ་པའི་རིམས་ཡིན་ཏེ། ཁྱད་པར་དུ་གཉིད་ཆེ་ལ་ལུས་པོ་ཤིན་ཏུ་ལྕི་ཞིང་རླུང་མཁྲིས་གཉིས་ཤས་ཆེ་ན་དང་པོ་མགོ་ལ་འབབ་པ་དང་བད་མཁྲིས་གཉིས་ཤས་ཆེ་ན་སྐེ་དང་ཕྲག་པར་འབབ་པ་དང་རླུང་དང་བད་ཀན་ཤས་ཆེ་ན་རྐེད་པར་འབབ་ཅིང་ཉིན་རེ་བདེ་བ་ལ་ཉིན་གཉིས་རེ་བསྟུད་ནས་ནའོ། རུས་ལ་བབས་པ་ན་ཉིན་བཞི་པའི་རིམས་ཡིན་པས་ཁྱད་པར་རྐེད་པ་དང་ཡན་ལག་གི་རྐང་དང་རུས་པ་ཚིགས་གཞི་ན་བ་དང༌། ཀླད་པར་བབས་པའི་ཚེ་མགོ་འཁོར་ལ་ཆམ་པས་འདེབས་ཤིང་སྟོབས་ཆེ་ན་ཁ་ཡོ་ལ་མིག་སླེ་བ་སྟེ་གདང་ཟུམ་མེད་པ་གཟའ་ཕོག་པ་དང་མཚུངས་པའོ། །བད་ཀན་ཤས་ཆེ་ན་བྱིན་པ་ན་བར་བྱེད་ཅིང་རླུང་ཤས་ཆེ་ན་ཁྱད་པར་དུ་ཀླད་པ་ན་བ་དང་ཞག་གཉིས་བདེ་ལ་ཞག་རེ་ལ་ན་སྟེ་རེ་མོས་བྱེད་དོ། །

གཉན་རིམས་ནི་ཕྱིའི་གདོན་ཁྲོས་པའི་དུག་ནང་དུ་ཁྲག་སྲིན་ལ་འཕོས་པའི་དུག་རླངས་ལས་གཉན་རིམས་ཞེས་ཀྱང་བྱ་མཁྲིས་ཚད་རྩ་རུ་རྒྱུག་པས་མཁྲིས་པ་རྩར་རྒྱུག་ཅེས་ཀྱང་བྱ་བ་དང༌། གཞན་ཡང་རྒྱ་ནད་མིག་སེར་དང་རིམས་མྱོན་ཏྲེ་ཏྲེ་སོགས་མིང་མང་ཞིང་ནད་འདི་འབྱུང་བའི་རྐྱེན་ནི་ཀླུ་བདུད་བཤོས་པའི་བུ་དང༌། སྔོན་དབང་ཕྱུག་གིས་སྦྱིན་སྲེག་བྱས་པའི་རྔུལ་གྱི་ཐིགས་པ་མེ་ནང་དུ་སོང་བ་ལས་སྐྱེས་པའི་སྲིད་པའི་མ་མོ་བདུན་གཙོ་ཆེར་རི་རབ་དང་ཉེ་བ་ཀཻ་ལ་ཤའི་གླིང་དུ་གནས་པར་གྲགས། ཡང་ན་དཔལ་ལྡན་རེ་མ་ཏྰི་སྟེ་སུམ་ཅུ་རྩ་གསུམ་གྱི་གནས་འདིའི་བྱང་ཤར་ཕྱོགས་ན་མུ་ལེ་དིང་གི་རྒྱ་མཚོ་ཆེན་པོར་ཡོངས་འདུའི་ཤིང་ལ་བརྟེན་ནས་སྨན་མོའི་གཟུགས་སུ་གནས་པ་ལ་བྱང་སྨན་ཞེས་བྱ་བ་དེ་གཉིས་དང་གཞན་ཡང་དམུ་བདུད་ནི་སྡེ་བརྒྱད་ཀྱི་དམུ་དང་བདུད་གཉིས་བསྡོངས་པའི་སྲས་ཏེ་དེ་རྣམས་ཀྱིས་རྐྱེན་བྱས་ནས་ངོ་བོ་ནི་མཁྲིས་ཚད་དང་ལྷན་ཅིག་འཕེལ་བ་དེ་རྣམས་ཕྱི་རོལ་གྱི་རྔུལ་གྱི་སྒོར་ཞུགས་ཏེ་ནང་དུ་མཆིན་པ་དང་མཁྲིས་པ་སྟེ་དོན་སྣོད་གཉིས་ལ་བབས་པས་ཁྲག་མཁྲིས་འདྲེས་པ་རང་སར་རླུང་གིས་བསྐྱེད་པས་མི་གནས་པར་རྩ་དང་མིག་ཀུན་ཏུ་རྒྱུག་སྟེ་ཡར་ལ་མགོ་དང་ཀླད་པར་ཞུགས་ནས་བད་ཀན་གྱི་ཡུལ་ཀྱང་འཕྲོག མར་ལ་མཁལ་མ་དང་རྒྱུངས་པར་ཞུགས་ནས་ཆུ་ཡུལ་ཀྱང་འཕྲོག དོན་ལ་གློ་བ་དང་སྙིང་ལ་ཞུགས་ནས་རླུང་གི་ཡུལ་ཀྱང་འཕྲོག ཕོ་ལོང་དང་རྒྱུ་མ་སྟེ་སྣོད་དུ་ཞུགས་ནས་མཁྲིས་པའི་ཡུལ་ཀྱང་འཕྲོག ཤ་ལྤགས་ཀྱི་ཕྱིར་ཤོར་ན་སྟོབས་དང་ཁ་དོག་ཀྱང་འཕྲོག མཇུག་ཏུ་མཁྲིས་པའི་གནས་ས་རླུང་གིས་སྤྱད་པར་བྱས་ནས་རང་གནས་ཀྱང་སྲོག་རྩར་འཆོར་བའམ་ཤོར་བས་འཚོ་བ་ཉུང་ངོ༌། །དེའི་རྟགས་ལ་ལུས་གྲང་ཤུམ་བྱེད་ཅིང་རྒྱུ་བསམ་བློ་ཞན་པ་དང་རྩ་ནི་སྟོང་ལ་མྱུར་ཞིང་དྲི་ཆུའི་མདོག་སེར་ལ་ཉོག་པ་དང་མགོ་དང་ཡན་ལག་གི་ཚིགས་གཞི་ན་ཞིང་ཟ་ཟི་འོང༌། བར་དུ་ནད་རྒྱས་ན་ཆུ་ནི་མདོག་མར་ནག་འདྲ་སྟེ་ལྦུ་བ་ཆུང་ལ་རས་དང་བལ་འདབ་བཅུག་ན་སེར་པོར་འགྲོ་བ་དང་མིག་སྤྲིན་དང་ལྕེ་འོག་དང་མུར་གོང་རྣམས་ཀྱི་ཤ་མདངས་སེར་བ་དང་ཁ་ཁ་ལ་ལུས་ཀྱི་ཤ་དྲོད་ཚ་ཞིང་གཉིད་ཆུང་ལ་དང་ག་འགགས་པ་དང་སེན་མོ་དང་སོ་རྙིལ་དང་ལྕེ་དང་མཆུ་བཞིའི་མདོག་དཀར་ལ་མཁུར་ཚོས་སེར་པོར་འོང་བ་དང་མགོ་གཟེར་ཞིང་ལྕེ་དང་མཆུ་གཉིས་འགས་ཤིང་སོ་ལ་དྲེག་པ་ཆགས་པ་དང་མཆིན་པ་དང་མཁྲིས་པའི་སྟེང་དུ་འདྲིལ་བ་ན་མནན་ན་མི་བཟོད་ཅིང་ནད་ཀྱི་དྲི་དུགས་ཤིང་སྟོབས་དང་གཟི་མདངས་རྣམས་འཆོར་ཞིང་སྨིན་པའི་ལོང་མེད་པར་ཞག་བདུན་ནམ་དགུའི་དུས་ན་འཆི་བར་འགྱུར་ཀྱང༌། བླུན་པོ་འགའ་ཞིག་ནི་སྨིན་བྱེད་ཀྱི་དུས་ནམ་བྱུང་བར་ལ་སྒུག་སྡོད་བྱེད་ཀྱང་དེ་ལྟར་བྱས་པས་རྩ་སྤུན་པ་སྟེ་ཕྲ་ལ་མྱུར་ཞིང་ཤེས་པ་ཡང་ལ་ལུས་ཀྱི་སྟོབས་ཤོར་བ་དང་ཕྱིའི་དྲོད་ཆུང་ལ་པགས་པའི་མདོག་གསེར་ལྟར་དུ་སེར་བར་སོང་ན་དུས་ལས་འདས་པ་སྟེ་རང་གནས་སྲོག་རྩར་སླེབ་པས་དེ་ལ་བཟློག་པའི་ཐབས་མེད་པར་འཆི་བར་འགྱུར་བས་དེའི་ཕྱིར་ནམ་སྨིན་པའི་དུས་ན་གསོ་བར་བྱ་ར་བསྒྲིམས་ཞེས་གདམས་སོ། །ཁྱད་པར་དུ་གཉན་རིམས་མགོར་བྲོས་ན་ཀླད་གཟེར་དང་སྣ་ཁྲག་འཛག་ཅིང་གློ་བར་བབས་ན་རོ་སྟོད་གཟེར་ལ་ལུད་པ་སེར་བར་འོང༌། མཁལ་མར་བབས་ན་མཁལ་རྐེད་ན་ཞིང་དྲི་ཆུ་སྡོམ་པ་དང་ཕོ་བར་བབས་པ་ན་ཁ་ཁ་ལ་མཁྲིས་པ་སྐྱུག་ཅིང༌། རྒྱུ་མར་བབས་པ་ན་ཟུག་ཆེ་ལ་ཚན་ཅན་དུ་འཁྲུ་བ་སོགས་འབྱུང་བས་དེ་དག་རྣམས་ནི་མི་འགྱུར་བར་འཁྲུལ་མེད་ཀྱི་ནད་རྟགས་ཡིན་ནོ། །

དེ་རྣམས་བཅོས་པའི་ཐབས་ལ་སྤྱི་དང་བྱེ་བྲག་ཏུ་ཕྱེ་བ་གཉིས་ལས་སྤྱི་བཅོས་ལ་མ་སྨིན་བའི་དུས་སུ་ཕྱི་རྒྱུད་ལྟར་གྱི་མ་ནུ་བཞི་ཐང་ངམ་ཡང་ན་ཁྲག་མཁྲིས་ཆེ་ན་སླེ་ཏྲེས་ཨ་བར་སྐྱུར་གསུམ་ཏིག་ཏ་སྟེ་ལྔ་ཐང་གིས་སྨིན་པར་བྱ་བ་དང༌། ཟས་དང་སྤྱོད་ལམ་གཉིས་བསིལ་དྲོད་ཆ་སྙོམས་པར་བཅོས། རྒྱས་པར་ནི་གོང་གི་ཚ་བ་མ་སྨིན་པ་དང་སྤྱི་བཅོས་ཀྱི་ལེའུར་བལྟ། བར་དུ་སྨིན་པ་དང་རྒྱས་པའི་དུས་ཏིག་ཏ་དང་གསེར་གྱི་མེ་ཏོག་དེ་བ་དང་པར་པ་ཏ་དང་ལི་ག་དུར་ཨ་རུ་ར་བཅས་པའི་ཐང་བཏང་ལ་རྔུལ་མང་དུ་དབྱུང༌། ཚ་བ་སྟོབས་ཆེ་ན་དེ་བཏང་བའི་སྟེང་དུ་ག་བུར་དང༌། གི་ཝཾ་དང་ཅུ་གང་དང་གུར་ཀུམ་དང་བོང་དཀར་རྒྱ་གར་གྱི་ཏིག་ཏ་རྣམས་དང་ཀ་ར་སྦྱར་ལ་གོང་གི་ཐང་གིས་དབུལ་ཞིང་སྨན་དེ་ཞུ་བ་དང་རྔུལ་དབྱུང་བ་འདིར་མ་ཟད་རིམས་ཚད་ཀུན་ལ་ཤིས་ཤིང༌། དེ་ཡང་སྐྱེད་ཆུང་ཞིང་མིག་ཆུ་སེར་བ་ན་བཤལ་གྱིས་སྦྱང་དགོས་པ་ནི་ཨ་བར་སྐྱུར་ཏེ་འབྲས་བུ་གསུམ་དང་དུར་བྱིད་དང་པི་པི་ལིང་ནཱ་ག་གེ་སར་དང་སྦྲང་རྩི་ཀ་ར་རྣམས་སྦྱར་བས་རིམས་ཚད་ཀུན་ཏེ་གསར་རྙིང་མེད་པ་འབྱང་ཞིང་སེལ་བར་བྱེད་པས་ཆུ་བསྐོལ་གྲང་གི་ལྕག་བྲབས་ལ་ནད་དག་པའི་རྗེས་བསིལ་གྱིས་བཅད་ཅིང་ཟས་དང་སྤྱོད་ལམ་གཉིས་ནི་རྒྱས་པའི་ཚད་པ་སྤྱི་དང་འདྲ་རུང་དེ་ལ་ཁྱད་པར་དུ་ཕྱེ་བ་རིམས་སོ་ཅོག་ལ་ཞོ་གནོད་པ་ཡིན་ཏེ། དེ་ཡང་ཞག་བཅུ་གསུམ་འདས་ནས་འོ་མ་བདུད་རྩི་དང་མཚུངས་སོ། །ཐ་མ་རི་ཐང་མཚམས་སུ་བུར་ཞོ་བསྐུ་མཉེ་རུས་ཐང་སོགས་རླུང་བཅོས་འཇམ་པོ་འཕྲོད་མི་འཕྲོད་སད་མདའ་བཏང་ལ་ཁ་ཟས་གློད་ཅིང་ཚད་པའི་གཞུག་གདོན་པའི་ཐབས་སྔར་བཤད་པའི་རི་ཐང་མཚམས་ཀྱི་ལེའུ་ལྟར་ཤེས་པར་བྱ། བིག་པན་ཏེ་ས་སྨན་ངོ་བོ་དང་སྲད་དཀར་དང་སྙ་ལོ་དང་ཀྱི་ལྕེ་བཞི། ཚ་བ་སྟོབས་ཆེ་ན་ཀྱི་ལྕེ་མང་བ་ཆུང་ན་བིག་པན་མང་བ་སོགས་སྟོབས་དང་སྦྱར་ལ་དུ་བ་མ་ཤོར་བར་བསྲེགས། དེའི་ཐལ་བར་མགོ་ན་ན་ཨ་རུ་ཟུར་ལྔ་པ་འཇིགས་མེད་སྡེབ། སྣ་ཁྲག་འཛག་ན་མཚེ་བསྲེགས་པའི་ཐལ་བ་སྡེབ། གློ་ལུ་བ་ལ་རྒྱ་སྐྱེགས་ཀྱི་ཐལ་བ་སྡེབ། རྩིབ་ལོགས་གཟེར་ན་མ་ནུ་པ་ཏྲའི་ཐལ་བ་དང་སྡེབ། མིག་དང་ཆུ་སེར་ན་ཤོ་མའི་རྩ་བའི་ཐལ་བ་སྡེབ། ཚིགས་བཞི་ལ་བབས་ན་རྟ་ལྤགས་ཀྱི་ཐལ་བ་སྡེབ། དྲི་མ་འགགས་པ་ན་སུག་པའི་ཐལ་བ་སྡེབ། ཆུ་སྲི་བ་སྟེ་འཚག་དཀའ་བ་ལ་གཟེ་མའི་ཐལ་བ་དང་སྡེབ་པ་དེ་དག རླུང་གི་རིམས་ལ་སྲེ་ལོང་སོག་ཡུ་གཞུག་ཆུང་སྟེ་རུས་བཅུད་གསུམ་གང་རུང་གི་ཁུ་བས་ཕུལ་ལ་བཏང་བ་དང་རི་ཐང་མཚམས་ཀྱི་དུས་སུ་ཆང་ཁྱོར་བ་རེས་དབུལ་ཞིང་ཆང་འཐུངས་ལ་གཉིད་ལོག་ན་ག་བུར་ནག་པོ་ཞེས་བྱ་བ་ཡིན་པས་རླུང་དང་ལྡན་པའི་རིམས་རིགས་ཀུན་ལ་བསྔགས་པ་ཡིན་ཏེ། ཁྱད་པར་དུ་རི་ཐང་མཚམས་ཀྱི་བདུད་རྩི་ལྟ་བུ་ཡིན་ཅིང༌། མ་སྨིན་པ་དང་རི་ཐང་མཚམས་གཉིས་ནི་རིམས་ལ་གཅེས་པ་དེའི་ཕྱིར་མཁས་པས་འདི་གཉིས་ཀྱི་དུས་སུ་སྒྲིམས་ལ་ཤིན་ཏུ་གཟབ་པས་བཅོས་པར་བྱའོ། །

བྱེ་བྲག་ཏུ་བཅོས་པའི་ཐབས་ལ་རྣམ་པ་གསུམ་ཡོད་པ་ལས་བབས་པའི་གནས་དང་སྦྱར་ལ་བཅོས་པ་ནི་བ་སྤུར་བབས་པའི་དུས་ལྟོ་བ་སྒུག་པ་དང་ནང་ནུབ་ཆུ་བསྐོལ་བཏང་ཞིང་སྤང་བྱ་ཁ་ཟས་ནི་བསིལ་བའི་ཕྱོགས་མི་བཏང་སྟེ་བཏང་ན་སྨིན་པར་དཀའ་བར་འགྱུར་ཞིང་བསིལ་ཐང་དང་ཕྱེ་མ་སོགས་མི་བསྟེན་ཏེ་བསྟེན་ན་ཚ་བ་རྙོགས་པར་འགྱུར་བ་དང༌། སྣུམ་དང་བཅུད་ཀྱི་རིགས་མི་བཏང་ལ་དེས་ན་ཚ་བ་རུས་ལ་ཞེན་པར་འགྱུར་རོ། །དེ་ནས་ལྤགས་ལ་བབས་ན་ཕྱི་རྒྱུད་ཀྱི་མ་ནུ་བཞི་ཐང་བཏང་བ་དང༌། ཚ་བ་ཆེ་ན་ཨ་བར་སྐྱུར་ཏེ་འབྲས་གསུམ་སླེ་ཏྲེས་བཅས་ཀྱི་ཐང་བཏང་ལ་འདི་དུས་ལ་མི་བསྲེག་ཅིང་དེས་ན་ཚ་བ་ཁོང་དུ་འཆོར་ཞིང་དྲོད་བཅུད་མི་བསྟེན་བསྟེན་ན་རྩི་ལྟར་ཞེན་པར་འགྱུར་བ་དང༌། བསིལ་སྦྱོར་གྱི་ཕྱེ་མ་མི་བསྟེན་ཏེ་བསྟེན་ན་ཚ་བ་སྐྱེ་བའམ་ལམ་འགག་ཅིང༌། ཁྱད་པར་དུ་སྟོད་སྨད་གང་ཡང་གཏར་ག་གདབ་པ་དང་བཤལ་དང་བསིལ་བཅུད་ཀྱི་རིགས་སྤང་ཞིང་ཚ་བའི་ནད་ལ་བྱ་འཆོར་བས་རྔུལ་ཡང་མི་དབྱུང་ངོ༌། །དེ་ནས་རྩར་བབས་ན་ཅུ་གུར་ལི་ཤི་ཛཱ་ཏི་སུག་སྨེལ་ཀ་ཀོ་ལ་སྟེ་བཟང་དྲུག་དང་བ་ཤ་ཀ་ག་དུར་དང་ཀ་ར་རྣམས་སྦྱར་བ་བཏང་ཞིང་ཟས་སྐོམ་གཉིས་བསིལ་དུ་བསྟེན་པ་དང༌། འདི་དུས་ལ་ཐང་བཏང་ན་དང་ག་འགགས་པས་སྤང་ཞིང་སྣུམ་བཅུད་བཏང་ན་གབ་པར་འགྱུར་ལ་བསྲེགས་ན་ཚ་བ་འདྲེགས་པ་དང་ཆང་སོགས་སྐྱུར་ཤོར་ན་ངན་ཁྲག་རྩར་ཞེན་པས་གསོ་བ་དཀའོ། །ཤར་བབ་ན་གི་ཝཾ་དང་བསིལ་ཅུ་གུར་སྟེང་སྟོད་ལ་ལི་ཤི་སྨད་ལ་སུག་སྨེལ་ཏེ་གསུམ་དང་ཨ་རུ་ར་ཀ་ར་རྣམས་སྦྱར་བའི་བསིལ་ལ་འཇམ་པས་ཕྱེ་མ་བསྟེན་ཞིང་མེ་བཙས་གར་ཡང་བསྲེགས་ན་གཟེར་འདེབས་ཤིང་སྟོད་སྨད་གང་ཡང་གཏར་ན་རྗེས་མི་ཆོད་ཅིང་འདི་འདུས་ལ་རྔུལ་དུ་གདོན་པ་ཤིས་པ་ཡིན་ཞིང་ཐང་བཏང་ན་རྩར་ཞེན་ལ་བཅུད་ཤོར་ན་མེ་རུ་འབར་བར་འགྱུར་བ་དང༌། ག་བུར་གྱི་རིགས་བསིལ་བ་མི་བཏང་ལ་བཏང་ན་རླུང་འཁྲུགས་ལ་ཚ་བ་འཐོར་རོ། །སྣོད་ལ་བབ་ན་བྱི་ཚེར་དང་ཏིག་ཏ་དང་གསེར་གྱི་མེ་ཏོག་དང་བོང་ང་དཀར་པོ་དང༌། ལི་ག་དུར་དང་དུག་མོ་ཉུང་རྣམས་ཀ་ར་དང་སྦྱར་བ་བཏང་ཞིང་རྔུལ་དབྱུང་བ་དང་ཐང་གཏོང་བ་དང༌། བསྲེག་པ་དང་དྲོད་བཅུད་ཀྱི་རིགས་ཤིན་ཏུ་གནོད་པས་སྤང་བར་བྱ་ཞིང་སྣོད་དུ་བབས་པ་ཆེ་ན། ཕྱི་རྒྱུད་ཀྱི་ལྕུམ་རྩ་དང་ཨ་རུ་མཆུ་སྙུང་ཆ་མཉམ་སྟེ་ཉི་དགའ་ཤིང་མངར་རྒྱམ་ཚྭ་དང་པི་པི་ལིང་ཞེས་པ་དེ་དང་ཡང་ན་ལྕུམ་རྩ་དང་དུར་བྱིད་ཨ་རུའི་ཐང་བཤལ་སོགས་བསྔགས་པ་ཡིན། དོན་ལ་བབ་ན་ཚ་བ་རབ་འབྲིང་བྱེ་བྲག་གིས་རབ་ལ་ག་བུར་འབྲིང་ལ་ཙནྡན་དཀར་པོ་མཐར་གི་ཝཾ་གིས་གཙོ་བྱས་ལ་ཅུ་གུར་ལི་ཤི་སྟེ་བསིལ་གསུམ་དང་ལི་ག་དུར་དང་ཏིག་ཏ་དང་བོང་ང་དཀར་པོ་ཧོང་ལེན་བཅས་ཀ་ར་དང་སྦྱར་བའི་ཕྱེ་མ་གང་རིགས་བསྟུད་ལ་བཏང་བ་དང༌། རླུང་དང་མཁྲིས་པ་དང་བད་ཀན་དང་ཁྲག་གི་ཤས་ཆེ་བ་ལ་གོ་རིམས་བཞིན་དུ་མེ་དང་སྦྱོང་དང་རྔུལ་དང་གཏར་ག་གང་རུང་ཅུང་ཟད་བསྟེན་པར་བྱ་ཞིང་རྔུལ་གྱི་རྗེས་སུ་གྲང་ན་རླུང་འཁྲུགས་ལ་བཅུད་སྔས་ན་ཚ་བར་ལྡོག་གོ། །རུས་པར་བབས་ན་སྲེ་ལོང་བུ་རམ་དང༌། ཞོ་དང་ཤ་ཚོ་བའི་ཁུ་བས་བསད་ཅིང་དེ་ལྟར་གྱི་ཟས་ཀྱིས་རླུང་གི་ངོ་གླན་ལ་བསིལ་སྨན་གྱིས་ཚད་པའི་གཞུག་གདོན་པ་ཤིས་ཤིང་དེ་མིན་བསིལ་དྲགས་པ་དང་ཟས་ཡེན་ལ་གཏད་ན་ཟུངས་འཛད་ཅིང་ལ་བརྒལ་བར་འགྱུར་ཞིང་རླུང་འཕེལ་ན་ཤ་མར་གསར་འཇམ་གྱི་རིགས་རིམ་གྱིས་བྲིད་ལ་བཏང་ནས། ཚིགས་པ་དྲུག་པ་དང་བདུན་པ་བསྲེག་གོ །

རིམ་པ་དུས་དང་སྦྱར་ཏེ་བཅོས་པར་བྱ་བ་ནི་བད་ཀན་གྱི་དུས་སུ་ཨ་བར་སྐྱུར་ཏེ་འབྲས་བུ་གསུམ་དང་ཕྱི་རྒྱུད་ནས་བཤད་པའི་མ་ནུ་བཞི། སླར་ཡང་སླེ་ཏྲེས་དང་བྱི་ཚེར་དང་རྒྱ་གར་ཏིག་ཏ་བཅས་པའི་ཐང་དྲོ་འཇམ་བསྟེན་ཞིང་རྔུལ་དབྱུང་ལ་ཚ་བའི་ཁ་བྲིད་ནས་གཉེན་ལྟར་བསྟེན་ནོ། །མཁྲིས་པའི་དུས་ལ་རྒྱ་གར་གྱི་ཏིག་ཏ་དང་གསེར་གྱི་མེ་ཏོག་དང་ཨ་རུ་ར་བཅས་པའི་བསྡུས་གྲང་གི་ཐང་བཏང་བར་བྱ་བ་དང༌། བཟང་པོ་ཅུ་གང་གུར་ཀུམ་ལི་ཤི་ཛཱ་ཏི་སུག་སྨེལ་ཀ་ཀོ་ལ་སྟེ་དྲུག་དང་གསེར་གྱི་མེ་ཏོག་བ་ཤ་ཀ་དང་ག་དུར་ཀ་ར་རྣམས་སྦྱར་བའི་ཕྱེ་མ་བསྟེན་ཞིང་མགོ་བོ་ན་ན་དཔྲལ་བའི་རྩ་ཁ་ཕྱེ་ཙམ་གཏར་བ་དང་ཆུ་ལྕག་བྱས་པས་ཚ་བ་སེལ་ལ་སྐྲ་མི་འབྱི། ཁྲག་གི་དུས་ལ་ག་བུར་དང་ཙནྡན་དཀར་པོ་གི་ཝཾ་དང་ཅུ་གུར་ལི་ཤི་སྟེ་བསིལ་གསུམ་དང་ལི་ག་དུར་དང་ཀ་ར་རྣམས་ཀྱི་ཕྱེ་མ་བསྟུད་ལ་ཁྲག་མཁྲིས་སྟོབས་ཆེ་ན་ཅུང་ཟད་ཙམ་སྟོད་སྨད་གང་རུང་ལ་གཏར་ཞིང་ཕྱི་རྒྱུད་ལྟར་སྒོས་བཤལ་ཐར་ནུ་ལྔ་པས་སྦྱང་བ་དང་བྱིང་འཐིབས་བྱེད་ན་རྔུལ་འདོན་ཞིང་ཟས་དང་སྤྱོད་ལམ་བསིལ་དུ་བསྟེན་ནོ། །རླུང་ཁྲག་འཐབས་པའི་དུས་ལ་ཛཱ་ཏི་དང་སྙིང་ཞོ་ཤ་བིག་པན་ངོ་བོའི་ཐལ་བ་དང་བུར་དཀར་རྣམས་སྦྱར་ལ་བཏང་བ་དང་ག་བུར་དང་ཅུ་གང་བོང་ང་དཀར་པོ་སྟེ་རྒྱལ་བློན་གསུམ་སྦྱར་བ་དང་ལྟག་པ་སྤྲད། དྲན་པ་མེད་པ་དང་སྨྲ་འཆལ་ཞིང་དྲུང་གི་མི་ལ་འཛིན་ནམ་ནམ་མཁའ་ལ་ལག་པས་འཛིན་པ་ལྟར་སྣོམ་པ་དེ་སྙབ། ཟས་ཐུར་བསྙོད་ཀྱིས་བྱིན་ན་ཁྱེམ་བུ་སྟེ་ཐུར་མ་སོས་འཛིན་པ་དང་མིག་རྩ་གྲུང་ན་ག་བུར་དང་དེ་ལས་ཅུ་གང་ལོག་པོས་མང་བ་གཉིས་ཆང་དང་སྦྱར་བ་བཏང་ཞིང་གོས་དྲོན་པོས་བྱིབས་ལ་རྔུལ་འདོན། མ་ཐོན་ན་སྔོ་སྣེའུའི་རླངས་ལུམས་བྱ་རྔུལ་ཐོན་ན་ག་བུར་ཐེབས་པ་ཡིན་པས་ནང་པར་རླུང་སྐྱེས་སམ་ཚད་པར་ལོག་གམ་གཉིས་ཀ་ཆོམས་སམ་བལྟ། བཅོས་སྐྱེད་མེད་ན་བསྐྱར་ནས་བཏང་ཞིང་རླུང་སྐྱེས་ན་བུར་ཆང༌། ཚད་པ་སྐྱེས་ན་བསིལ་སྦྱོར་གྱི་ཕྱེ་མ་བཏང་ལ་ཚིགས་པ་དྲུག་པ་བསྲེག་ཁ་ཟས་ནི་ཉིན་གུང་ལ་བསིལ་སྔ་དགོངས་དྲོད་སྤེལ་ལ་བཏང་ཞིང་ནང་ནུབ་སྒོག་སྐྱའི་ཆབ་མིག་བསྔགས་ཤིང༌། དེས་ཀྱང་སྐྱེད་ཆུང་ན་ཨ་སོ་གཏར་ལ་རྒྱལ་བློན་ག་བུར་ཅུ་གང་བོང་དཀར་ཏེ་གསུམ་ཛཱ་ཏི་དང་ཀ་ར་རྣམས་སྦྱར་ལ་གཏང་བར་བྱ་ཞིང་ཞག་བཅུ་གསུམ་ཕན་ཆད་ལ་ཚ་བའི་རི་ཐང་མཚམས་ཡིན་པས་ཆང་གསར་པ་དང་ཤ་ཚོ་བའི་ཁུ་བ་བུ་རམ་ཞོ་དང་སྲེ་ལོང་གི་ཐང་རྣམས་རིམ་གྱིས་སད་མདས་ངོ་གླན་ཏེ་ཆ་ཡིས་བྲིད་ལ་ཐ་མ་གློད་ཅིང་སྐྱུ་རུ་ར་དང་ཙནྡན་དཀར་པོ་དང་ག་བུར་དང་བིག་པན་གྱི་ཐལ་བ་རྣམས་ཀ་ར་དང་སྦྱར་བས་ཚད་པའི་ལྷག་སྐམ་པའི་ཕྱིར་བསྲིངས་ལ་བཏང་ངོ༌། །ཚ་བ་ཐོན་ནས་ལུས་ལ་གང་འཕྲོད་པའི་ཟས་ཀྱིས་རིམ་པར་གསོའོ། །

ནད་གཞིའི་རིགས་དང་སྦྱར་ཏེ་བཅོས་པར་བྱ་བ་ནི་རླུང་གི་རིམས་ལ་དང་པོ་བུ་རམ་དང་གོ་སྙོད་ཀྱི་ཐང་དང་སྲེ་ལོང་སོག་ཡུ། གཞུག་ཆུང་སྟེ་རུས་བཅུད་གསུམ་དང་སླེ་ཏྲེས་ཆིག་ཐང་དང་བྱི་ཚེར་དང་ལི་ག་དུར་དང་སླེ་ཏྲེས་དང་སྒ་སྐྱའི་ཐང་རྣམས་བཏང་ཞིང་སྨིན་ནས་ཅུ་གང་གུར་ཀུམ་ལི་ཤི་སུག་སྨེལ་ཀ་ཀོ་ལ་ཛཱ་ཏི་སྟེ་བཟང་དྲུག་དང་སླེ་ཏྲེས་དང་བིག་པན་ངོ་བོའི་ཐལ་བ་དང་ཀ་རའི་ཕྱེ་མ་རྣམས་རུས་པའི་ཁུ་བས་ཕུལ་ལ་བཏང་ཞིང་སྟོད་སྨད་གང་ཡང་གཏར་བ་དང་བཤལ་གྱི་རིགས་དང་ག་བུར་སོགས་བསིལ་སྦྱོར་འདི་ལ་ཉེ་མི་རུང་ཞིང་བ་ལང་ར་སོགས་བསིལ་བའི་ཤ་གསར་པ་དང་མར་གསར་པ་དང་ཡོས་ཀྱི་ཆག་ཚེའི་ཐུག་པ་བསྟེན་ཞིང་ཚབ་ཆུང་བའི་ཚེ་ན་ཞག་དགུ་ལོན་པ་དང༌། འདར་བུའི་རིམས་ལ་ལྟག་ཁུང༌། ཡེར་བུའི་རིམས་ལ་ཨན་སྟོང་དང་པོ་བསྲེག་ཅིང་དེས་མ་ཐུབ་པར་སྲོག་རྩར་ལམ་དོན་ནས་སྨྱོ་བ་ན་ཛཱ་ཏི་དང་གུ་གུལ་དང་རུ་རྟ་དང་ཨ་ག་རུ་སྒོག་ཐལ་དང་བུར་དཀར་རྣམས་སྦྱར་ལ་རུས་པའི་ཁུ་བས་དབུལ་བ་དང་རུས་བཅུད་སྲེ་ལོང་སོག་ཡུ་གཞུག་ཆུང་སྟེ་གསུམ་གྱི་ཁུ་བར་ཛཱ་ཏི་བཏབ་ལ་བཏང་མ་ཐུབ་ན་གཞུག་ཆུང་ལྔའམ་བདུན་ཆང་ལ་བསྡུས་ཁུར་ག་བུར་དང་ཅུ་གང་སྦྱོར་བ་བྱས་པ་བཏང་ལ་ཚིགས་པ་དྲུག་པ་དང་བདུན་པ་དང་ཨན་སྟོང་དང་པོ་དང་ལྟག་པའི་སྡུད་སྒོ་རྣམས་བསྲེག་ཅིང་དེ་ལྟར་བཅོས་པས་ཀྱང་མ་ཐུབ་པར་སྲོག་རླུང་ལོག་སྟེ་རྩ་སྤུན་ལ་རྔམ་པ་བརྩེག་ན་འཆི་བ་ཡིན་ཞིང་སྨན་གྱི་སྣ་ལོན་པས་དྲན་པ་གསལ་ལ་རྩ་ཤེད་དེ་སྔོན་ལས་རྒྱས་པ་དང་ཆུ་དངས་ལ་ལྕེ་རློན་ཞིང་རྐང་པའི་དྲོད་ཀྱང་རྙེད་ཅིང་སྣབས་སྐམས་ལ་འགོགས་པ་སླ་ཞིང་རྣ་བ་གསང་ན་འཚོ།

མཁྲིས་པའི་རིམས་ལ་དང་པོ་ཏིག་ཏ་དང་བྱི་ཚེར་གྱི་ཐང་དང་བྱི་ཚེར་དང་ལི་ག་དུར་དང་རྩ་མཁྲིས་དང་སྐྲ་བཟང་དང་ཡང་ན་ཨ་རུ་ར་དང་ག་དུར་ཏིག་ཏ་དང་སྐྲ་བཟང་རྣམས་ཀྱི་ཐང་བཏང་ཞིང༌། སྨིན་པ་ནས་ག་བུར་དང་གི་ཝཾ་དང་ཙནྡན་དཀར་པོ་གསུམ་ཚད་པའི་སྟོབས་དང་སྦྱར་ལ་ཅུ་གུར་ལི་ཤི་སྟེ་བསིལ་གསུམ་དང་ལི་ག་དུར་ཏིག་ཏ་དང་དུག་མོ་ཉུང་གསེར་གྱི་མེ་ཏོག་བོང་ང་དཀར་པོ་ཧོང་ལེན་དང་བ་ཤ་ཀ་དང་ཀ་ར་རྣམས་སྦྱར་བ་བཏང་ཞིང་ཚ་བ་ཆེ་ལ་ཁྱད་པར་དུ་མིག་དང་ཆུ་སེར་ལ་ཨ་བར་སྐྱུར་ཏེ་འབྲས་བུ་གསུམ་དང་ལྕུམ་རྩ་དང་དུར་བྱིད་བཅས་ཀྱི་ཐང་བཤལ་བྱ་བ་དང་ཁྱད་པར་དུ་མཁྲིས་རིམས་ལེ་བརྒན་སྣ་ཁྲག་འཛག་པ་ལ་ཙནྡན་དམར་པོ་དང་མཚེའི་ཐལ་བ་དོམ་མཁྲིས་རྣམས་སྦྱར་ལ་བཏང་ཞིང་སྨིན་མ་གཉིས་ཀྱི་བར་དུ་སྤྲ་བ་ལྔས་བསྡམ། གློ་ལུ་ཞིང་སྟོད་གཟེར་ལ་ལུད་པ་དམར་བ་ན་ཙནྡན་དཀར་པོ་དང་གུར་ཀུམ་དང་ཅུ་གང་དང་རྒྱ་སྐྱེགས་ཀྱི་ཤིང་གི་ཐལ་བ་དང་ཀ་ར་རྣམས་སྦྱར་བྱས་ལ་ཚོས་ཀྱི་ཁུ་བས་ཕུལ་ལ་བཏང་ཞིང་གློ་བའི་རྩ་དྲུག་འགོ་ཅུང་ཟད་གཏར་བ་དང་། ཀླད་པ་གཟེར་བ་ན་མུར་འགྲམ་གྱི་འཁྱུག་རྩ་བསྲེག་ཅིང་དཔྲལ་བའི་རྩ་ལ་ཡང་ཁྲག་རླངས་ཐོན་ཙམ་དུ་གཏར་བ་དང་གླ་རྩི་དང་སྤང་སྤོས་དང་ཕུར་མོང་གི་ཐལ་བ་ཨ་རུ་ར་ཤུག་པ་དང་སྤང་རྒྱན་དཀར་པོ་རྣམས་ཀ་ར་དང་སྦྱར་བཏང་མཚོག་མའི་སྟེང་སྲེག་ཅིང་ཐ་མ་ཕོ་བར་ལམ་དོན་ན་ཨ་རུ་མཆུ་སྙུང་དུར་བྱིད་ལྕུམ་རྩ་བཅས་པའི་ཐང་བཤལ་བྱ། དེ་རྗེས་ལ་ཛཱ་ཏི་དང་ཤིང་ཀུན་དང་ཀ་ཀོ་ལ་རྣམས་བུ་རམ་གྱི་ཆང་གིས་ཕུལ་ནས་བཏང་ལ་ཤ་ཚོ་བའི་ཁུ་བ་དང་ཆང་འཇམ་ཀྱང་བསྟེན་དགོས་ཤིང་དེ་ལྟར་དུ་མ་བཅོས་ན་ཕོ་བའི་མེ་ཤི་ནས་ཁ་ཟས་མི་འཇུ་ཞིང་སྟོང་སྐྱུགས་བྱེད་པ་བྱུང་ན་འཆི་བར་འགྱུར་ལ་གོང་བཞིན་དུ་སྣ་ལོན་པའི་རྟགས་ཚང་ན་འཚོ་བར་ངེས་སོ། །

བད་ཀན་གྱི་རིམས་ལ་དང་པོ་ཕྱི་རྒྱུད་ལྟར་མ་ནུ་བཞི་བྱི་ཚེར་དང་ལི་ག་དུར་དང་བ་ཤ་ཀ་དང་སྒ་སྐྱ་དང་གླ་སྒང་དང་པར་པ་ཏ་བཅས་པའི་སྨིན་ཐང་བཏང་ལ་ཟས་མེད་པར་སྨྱུང་བར་བྱ་ཞིང་ནང་ནུབ་ཏུ་ཆུ་བསྐོལ་བཏུང་བ་དང་སྨིན་ནས་ཅུ་གུར་ལི་ཤི་ཛཱ་ཏི་སུག་སྨེལ་ཀ་ཀོ་ལ་སྟེ་བཟང་དྲུག་དང་ཏིག་ཏ་དང་འབྲས་བུ་ཨ་བར་སྐྱུར་གསུམ་ཨུཏྤལ་དཀར་པོ་དང་ལི་ག་དུར་ཀ་ར་རྣམས་སྦྱར་ལ་བཏང་བ་དང༌། ཨ་བར་སྐྱུར་ཏེ་འབྲས་བུ་གསུམ་དང་ཏིག་ཏ་ལི་ག་དུར་རྣམས་ཀྱི་བསྡུས་ཐང་དྲོན་མོ་བཏང་ལ་རྔུལ་མང་དུ་དབྱུང༌། རྔུལ་དེས་ཀྱང་འབྱུང་བ་སྟེ་དག་པ་དཀའ་ཞིང་ཚ་བ་མི་ཆག་ན་ལྕུམ་རྩ་དུར་བྱིད་ཨ་རུ་སྐྱེར་ཤུན་གྱི་ཐང་བཤལ་གྱིས་སྦྱངས། ཁྱད་པར་དུ་རྨོངས་བུའི་རིགས་ལ་ར་དཀར་པོའི་རྭ་རུ་བསྲེགས་པའི་གཞོབ་དང་བལ་གྱི་ཚིའི་ཁུ་བར་སྦྱར་བ་ལུས་ཀུན་ལ་བྱུགས་ལ་ག་བུར་དང་ཅུ་གང་བོང་དཀར་ཏེ་རྒྱལ་བློན་གསུམ་ཁོང་དུ་བཏང་ལ་དེ་ཞུ་བ་ནས་བ་སྤུར་རྔུལ་དུ་དབྱུང་བ་དང་བླ་འཆོལ་མང་དུ་སྨྲ་ན་ལྟག་པའི་སྐྲ་མཚམས་བསྲེག་ཅིང་སྐྱུགས་སུ་བྱུང་ན་ཚིགས་པ་དང་པོ་བསྲེག ཁ་ལྐུགས་ན་ག་བུར་ཅུ་གང་བོང་ང་དཀར་པོ་སྟེ་རྒྱལ་བློན་གསུམ་པ་དང་ཛཱ་ཏི་སྦྱར་བ་བཏང་ལ་རྐང་པའི་མཐིལ་དང་མཐེ་བོའི་སྙིང་མེས་བསྲོ་བ་དང་དེ་རྗེས་སུ་ལྕེ་འོག་གི་རྩ་ལ་གཏར་བར་བྱ་ཞིང༌། མཁལ་མར་ལམ་དོན་ན་གཟེ་མ་དང་པི་པི་ལིང་བུ་རམ་བཅས་བསྡུས་པའི་ཐང་དྲོན་མོས་མཁལ་མའི་རླུང་སྣ་གླན་དགོས་ཤིང་དེ་ལྟར་དུ་མ་བཅོས་ན་མཁལ་མའི་ཟུངས་ཉམས་ཏེ་རྐང་པའི་དྲོད་ཉམས་ཤིང་དབུགས་ཐུང་ལ་སྣ་ནས་ཆུ་འོང་བ་དང་བླ་རྩ་བྲོས་པ་ན་མི་ཐུབ་པར་འཆི་བར་ངེས་སོ། །རླུང་གི་སྣ་ལོན་པ་གོང་གི་རྟགས་དྲན་པ་གསལ་བ་དང་རྐང་དྲོད་ཆེ་ལ་དབུགས་རིང་ཞིང་སྣ་ཆུ་ཆད་མཆུ་དང་ལྕེ་རློན་བླ་རྩ་བརྟན་པ་སོགས་ཚང་ན་འཚོ་བ་ཡིན་ནོ། །

འདུས་པའི་རིམས་ཀྱི་བཅོས་ཐབས་ལ་སྤྱི་དང་བྱེ་བྲག་གཉིས་ལས་སྤྱི་བཅོས་དེ་ལ་འང་སྨིན་པ་དང་ཞི་བར་བྱ་བ་དང་གསོ་བ་གསུམ་དུ་ཡོད་དོ། །དང་པོ་སྨིན་བྱེད་དེ་ཡང་དྭངས་མ་ལ་འདུས་རིམས་བབས་པས་ཕོ་བའི་དྲོད་ཉམས་ཏེ་དྭངས་མ་རྒྱུ་བའི་རྩ་ལམ་རྣམས་འགགས་པའི་ཕྱིར་ཞག་ཅི་རིགས་བར་སྨྱུང་བར་བྱ་ལ་ནང་ནུབ་ཆུ་བསྐོལ་བཏུང་བ་དང་འབྲས་སམ་ཡང་ན་ཡོས་ཀྱི་ཐུག་པ་སྒ་དང་གོ་སྙོད་འུ་སུའི་སྤོད་དང་བཅས་པའི་ཚ་བ་བཏང༌། བཅའ་སྒ་དང་བྱི་ཚེར་དང་པར་པ་ཏ་གསུམ་ལ་གླ་སྒང་བསྡེབས་ཏེ་བསྐོལ་བའི་ཐང་རྩེ་འཇམ་པ་དང་ཡང་ན་སླེ་ཏྲེས་དང་གླ་སྒང་དང་རྩ་མཁྲིས་དང་སྒ་སྐྱའི་ཐང་བཏང་ཞིང་ཁྱད་པར་བད་རླུང་ཤས་ཆེ་ན་ཕྱི་རྒྱུད་ལྟར་གྱི་མ་ནུ་བཞི་ཐང་བཏང་དགོས་པ་ཡིན་ཏེ་ཁྲག་དང་མཁྲིས་ཤས་ཆེ་ནཨ་བར་སྐྱུར་ཏེ་འབྲས་བུ་གསུམ་གྱི་ཐང་བཏང་ལ་ཟས་དང་སྤྱོད་ལམ་ཤིན་ཏུ་ཚ་དྲགས་པ་དང་དེ་བཞིན་གྲང་བ་གཉིས་སྤང་ལ་དྲོ་འཇམ་བསྟེན་པས་དེའི་སྨིན་པའི་རྟགས་ལ་རྔུལ་གཡོས་ཤིང་ཕྲུམ་སེར་ཏེ་གྲང་ཤུམ་སངས་ན་དེ་འོག་གམ་དེ་རྗེས་བར་དུ་ཞི་བར་བྱེད་པའི་སྒོ་ནས་བཅོས་བྱ་དགོས་ཏེ། དེ་ཡང་ནི་བཅོས་པའི་དུས་ལ་གསར་པ་དང་རྙིང་པ་གཉིས་སུ་ངེས་པར་བྱས་ལ་གསར་དུས་དེ་ལ་ཡང་རླུང་མཁྲིས་བད་ཀན་གསུམ་སྟེ་ཉེས་པའི་སྟོབས་ཀྱིས་བཅོས་པ་དང་ཚ་བའི་སྟོབས་ཆེ་ཆུང་དང་སྦྱར་ནས་བཅོས་པ་གཉིས་ལས་ཉེས་པའི་སྟོབས་དང་སྦྱར་ཏེ་བཅོས་པར་རླུང་དང་མཁྲིས་པ་བད་ཀན་གསུམ་ལས་གང་ཤས་ཆེ་བ་དེ་སྔོན་ལ་ཞི་བར་བྱ་ལ། ཆ་མཉམ་ན་བད་ཀན་དང་མཁྲིས་པ་རླུང་གསུམ་རིམ་པས་བཅོས་དགོས་པ་རླུང་ལ་སླེ་ཏྲེས་དང་མཁྲིས་པ་ལ་ཨ་རུ་ར་བད་ཀན་ལ་པི་པི་ལིང་རྣམས་ཀྱི་ཆིག་ཐང་བཏང་བ་དང་འདུ་བ་དེ་དག་གསུམ་ཆ་མཉམ་པ་ལ་ཨ་བར་སྐྱུར་ཏེ་འབྲས་བུ་གསུམ་གྱི་ཐང་བསྟེན་ཞིང་ཟས་སྤྱོད་དང་སྨན་དཔྱད་གཉིས་ཚ་བ་ཞི་ཡང་དེའི་གཉེན་པོར་སྦྱར་ཏེ་གང་ལ་གང་འཚམ་རིག་པས་དཔྱོད་དགོས་སོ། །ཚ་བའི་སྟོབས་ཆེ་ཆུང་དང་སྦྱར་ཏེ་བཅོས་པར་བྱ་བ་ནི་ཡུལ་ཚག་དུགས་དུས་སྟོན་དཔྱིད་ན་ཚོད་དར་མ་སོགས་ཡིན་མིན་དང་ནད་ཀྱི་ཁམས་ཟས་སྤྱོད་སོགས་རྒྱས་པ་གོང་དུ་བཤད་པ་ལྟར་གྱིས་ཚད་པའི་སྟོབས་ལ་ཆེ་བ་དང་ཆུང་བ་གཉིས་སུ་འགྱུར་བའི་ཕྱིར་སྟོབས་ཆེ་བར་སྨིན་པའི་དུས་བསྒུགས་ནས་བསྡད་པའི་ལོང་མེད་པས་ཞག་གཅིག་རིང་སྨྱུང་བར་བྱས་ལ་དེའི་ནང་པར་བ་ལང་རི་དྭགས་ཀྱི་གསར་པའི་ཤ་སྦྱིན་ཞིང་དེའི་ནང་པར་གསེར་གྱི་ཕུད་བུའི་སྐྱུགས་ཀྱི་དྲང་བ་དང་སྐྱུགས་བྱས་པའི་ནང་པར་ཧོང་ལེན་དང་དུར་བྱིད་ཀྱི་བཤལ་གྱིས་སྦྱང་བ་དེས་ཕོ་བའི་བད་ཀན་དང་མཁྲིས་པ་བསལ་བར་བྱས་ལ། ག་བུར་དང་ཅུ་གང་བོང་ང་དཀར་པོ་སྟེ་རྒྱལ་བློན་གསུམ་མམ་གི་ཝཾ་གུར་ཀུམ་བསྣན་པས་ལྔ་པ་དོམ་མཁྲིས་གླ་རྩི་བསྣན་པས་བདུན་པའམ་རིན་ཆེན་ཞགས་པ་ཞེས་ཕྱི་རྒྱུད་ནས་བཤད་པའི་ག་བུར་བཅུ་བཞི་པ་ལུས་ཟུངས་བཟང་ངན་དང་ཚ་སྟོབས་ཆེ་ཆུང་སོགས་སྦྱར་ལ་སྐབས་སྐབས་སུ་སྨན་བཏང་སྟེ་ཞུ་བའི་རྗེས་ལ་ཚད་པའི་ལམ་རྔུལ་དུ་གདོན་ཏེ་བསལ་བ་དང༌། སྣོད་ཀྱི་ཚད་པ་ཆེ་བ་ན་མངར་བའི་སྨན་ཏེ་རྒུན་འབྲུམ་དང་དུར་བྱིད་ཀྱིས་སྦྱང་བ་དང་སྟོད་དུ་གཟེར་ཞིང་ལུད་པ་དམར་སེར་སྲིད་ན་ནད་དམིགས་ཀྱི་རྩ་གནས་སྦྱར་ལ་གཏར་དགོས་ཀྱང་ཚ་བའི་རླངས་པ་གདོན་ཙམ་ལས་ཁྲག་བོང་ཆེར་མི་རུང་ཞིང་སྟོབས་ཆུང་ལ་བྱ་ཀྲྀ་ཞེས་པ་སྟག་ཚེར་དང་སྐྱེར་པ་དང་པ་ཏོ་ལ་སྟེ་རྒྱ་ཁུར་དང་ཧོང་ལེན་དང་སྒྲོན་མེ་ཤིང་དང་གླ་སྒང་དང་ཨ་བར་སྐྱུར་ཏེ་འབྲས་བུ་གསུམ་བཅས་བསྐོལ་བའི་གྲངས་ཐང་བཏང་རྗེས་ཕྱི་རྒྱུད་ཀྱི་གཙོ་བོ་བརྒྱད་པ་ལ་གླ་སྒང་དང་པར་པ་ཏ་དང་དུག་མོ་ཉུང་པ་ཏོ་ལ་སྟེ་རྒྱ་ཁུར་དང་རྩ་མཁྲིས་རྣམས་བསྣན་ལ་བཏང་བ་དང་། ཟླ་བ་གཅིག་ཕར་འདས་པའི་རིམས་རྙིང་པའི་ཚ་བ་རྣམས་ལ་སླེ་ཏྲེས་དང་པི་པི་ལིང་དང་ཨ་བར་སྐྱུར་ཏེ་འབྲས་བུ་གསུམ་གྱི་ཐང་མང་དུ་བཏང་རྗེས་ཕྱི་རྒྱུད་ཀྱི་ག་བུར་ཉི་ཤུ་རྩ་ལྔ་སྦྱར་ལ་སྐབས་སུ་རྔུལ་དབྱུང་བ་དང་མིག་དང་ཆུ་མདོག་སེར་ན་སྤྱི་བཅོས་སྐབས། སྐྱེད་ཆུང་མིག་རྩ་སེར་ན་བཤལ་གྱིས་སྦྱངས། །ཞེས་པའི་སྦྱོར་བས་སྦྱང་བ་དང་བཤང་བ་དང་གཅིན་དང་ཕྱེན་ནམ་འོག་རླུང་འགགས་པ་ལ་བྱ་ཀྲྀ་སྟེ་སྟག་ཚེར་དང་གཟེ་མ་འོ་མ་བུ་རམ་རྙིང་པ་རྣམས་བསྐོལ་བ་ཕན་པ་དང༌། མདོག་སྔོ་ཞིང་ཤ་སྐམ་ལ་དང་ག་བདེ་བ་ན་ཚ་བ་ཕྱི་རུ་བྱེར་བ་ཡིན་པས་ན་ཆུ་ལྕག་གིས་བྲབ་ན་ཕན་ཞིང༌། རྩ་འཁྲིད་ཅིང་ན་ལ་འཕྲེང་བ་སྟེ་རྒྱགས་ལ་ལྕི་སྙམ་བྱེད་ན་གང་བབས་ལ་ཅུང་ཟད་གཏར་བ་དང༌། ཚིགས་གཞི་དང་རུས་པ་ན་ཞིང་སྐྲངས་ན་བདུད་རྩི་ལྔའམ་བསིལ་ཆུའི་ལུམས་བྱ་བ་དང༌། རིམས་ཀྱི་རྗེས་སྣའི་རྩ་བ་སྐྲངས་པ་ན་གང་ཉེ་བ་གཏར་ཞིང་གུར་ཀུམ་དང་ཀ་ར་མར་གསར་དང་སྦྱར་བའི་སྣ་སྨན་བཏང་བ་དང་བྲག་ཞུན་དང་སྟག་ཤ་ནག་པོ་དང་ཧོང་ལེན་རྣམས་དྲི་ཆུས་ཁུ་བ་བྱས་པ་བྱུག ཀོ་ལེར་ན་ཞིང་གཟེར་བ་ན་ཚན་དཀར་བསྲོས་པའི་དུགས་བྱ་བ་དང༌། ཤེད་མེད་ཅིང་སྨད་ཀྱི་ཚད་པ་སྐྱེས་པ་ན་ནི་རུ་ཧ་བར་པའི་སྟེང་ལྕུམ་རྩ་དང་འོ་མའི་སྨད་འདྲེན་བཏང་བ་དང༌། ཟུངས་ཟད་ཅིང་གཉིད་མེད་ལ་རོ་སྨད་དྲོད་དང་བྲལ་ན་ཕྱི་རྒྱུད་སླེ་འཇམ་གྱི་འཇམ་རྩི་བྱ་ཞིང་ལུས་ཀྱི་སྟོབས་མེད་ཅིང་གཏིང་གི་ཚད་པ་མ་ཐོན་པར་རླུང་སྐྱེས་ན་ཕྱི་རྒྱུད་ཀྱི་ཏིག་ཏའི་སྨན་མར་སྦྲང་རྩི་དང་སྦྱར་ལ་བསྟེན། མདོར་ན་ཚ་བ་དེ་ནད་དང་ཟུངས་ཀུན་ལ་འབྲེལ་པའི་ཕྱིར་ཐོར་བུའི་ནད་སྣ་ཚོགས་མ་ངེས་པ་དུ་མ་འབྱུང་སྲིད་པས་ན་ཚ་བ་སྤྱི་དང་ཕན་ཚུན་གཤམ་དུ་བརྗོད་པ་ལྟར་འཕྲུལ་ཤེས་པར་བྱས་ཏེ་ནད་སྣ་རྣམས་བསལ་བ་དང་ཐ་མ་ཚད་པ་ཟད་རླུང་སྐྱེ་བའི་རི་ཐང་གི་མཚམས་སུ་ཟུངས་གསོ་བར་བྱ་དགོས་ཏེ་འདུས་པའི་རིམས་ཡིན་པའི་ཕྱིར་ངེས་མེད་དུ་འཁྲུལ་སོ་ཆེ་བས་ལེགས་པར་བརྟགས་ནས་ཁ་ཟས་རྣམས་རིམ་གྱིས་གློད་པ་ལས་འདྲར་སྣང་བློ་བྲིད་ཀྱི་འཕྲང་ལ་མ་ཤོར་བ་ཤིན་ཏུ་གཅེས་སོ། །དེ་ནས་འདུས་པའི་རིམས་བྱེ་བྲག་ཏུ་གསོ་བ་ནི་རྒྱུན་རིམས་ལ་པ་ཏོ་ལ་སྟེ་རྒྱ་ཁུར་དང་དུག་མོ་ཉུང་ཧོང་ལེན་གསུམ་པའི་ཐང་བཏང་ཞིང་ཁྱད་པར་དུ་བད་ཀན་ཤས་ཆེ་ན་སྒྲེག་ཅིང་སྐྱུག་པ་དང་མི་འཇུ་བར་ཡི་ག་འགགས་པ་ན་སོ་ཆ་དང་རྒྱམ་ཚྭའི་སྐྱུགས་ཀྱིས་དྲངས་པ་དང༌། མཁྲིས་པར་བབས་པས་མིག་དང་ཆུ་སེར་ན་དུར་བྱིད་རྒུན་འབྲུམ་ཕྱི་རྒྱུད་ཨིནྡྲ་བཞི་ཐང་བཅས་ཀྱི་བཤལ་གྱིས་སྦྱང༌། སྲིན་ཁྲོས་པའི་ཕོ་བར་ཟུག་ཆེ་བ་ལ་གོ་བྱེ་ཞེས་མ་ནུ་ཁྲག་ཅན་དང་བུ་རམ་རིལ་བུ་སྦྱར་བས་བསད་ཅིང་རྟག་པའི་རིམས་ལ་ཧོང་ལེན་དང་རྒྱ་ཁུར་གླ་སྒང་བ་སྤྲུ་གནྡྷ་པ་ཏྲ་སྟེ་སྣ་ལྔ་པ་སྦྱར་ལ་གར་བབས་ཀྱི་རྩ་ལ་ཅི་རན་པར་རིགས་པས་གཏར་ཞིང་ཉིན་གཅིག་པ་ལ་གླ་སྒང་དང་པ་ཏོ་ལ་སྟེ་རྒྱ་ཁུར་དང་འབྲས་བུ་ཨ་བར་སྐྱུར་གསུམ་ནིམ་པ་དུག་ཉུང་རྒུན་འབྲུམ་བཅས་བརྒྱད་པ་བཏང་བ་དང་གཙོ་བོ་ལ་རྔུལ་མང་དུ་དབྱུང་ཞིང་ཆུ་བཅག་བྱའོ། །ཉིན་གསུམ་པ་ལ་བཅའ་སྒ་ཙནྡན་དཀར་པོ་ཏིག་ཏ་སླེ་ཏྲེས་བཅས་བཞི་ཐང་བཏང་བ་དང་བྱི་རུག་སྤོས་དཀར་ཡུང་སྐྱེར་བྲག་ཞུན་དུག་ཉུང་བོང་ང་འབྲས་བུ་ཨ་བར་སྐྱུར་གསུམ་རྣམས་ཏེ་བཅུ་པ་སྦྲང་དང་སྦྱར་ལ་བྱིན། ཉིན་བཞི་པ་ལ་སླེ་ཏྲེས་གླ་སྒང་སྐྱུ་རུ་སྟེ་གསུམ་ཐང་བཏང་ཞིང་སླེ་ཏྲེས་དང་བྲག་ཞུན་སྦྱར་བ་བྱུགས་ལ་མཁན་པ་ཆུ་དྲོན་མོར་སྦངས་པས་བྲན་ཞིང་རུ་རྟ་དང་ཨ་རུ་དང་འོ་མའི་འཇམ་རྩི་བྱ་བ་དང་ཚིགས་པ་ཁ་བྱེ་ན་ཟུག་གཟེར་གང་ཆེ་སར་བསྲེག །ཀླད་པར་བབས་པ་ན་ཕྱི་རྒྱུད་འབྲི་ཏ་ས་འཛིན་ལྔ་པའི་སྣ་བཤལ་བཏང་བའམ་ཆུ་ཚན་ནམ་ལུས་ཀུན་ལ་གླ་རིལ་གང་རིགས་ཀྱི་དུགས་བྱ་བ་དང་ནང་རྩ་ནས་ཕྱི་རྒྱུད་ལྟར་སྦྱང་ཞིང་རྗེས་ལ་ཕྱི་རྒྱུད་ལྟར་རྩ་བ་ལྔ་དང་འབྲས་བུ་གསུམ་པོའི་སྨན་མར་སྦྱར་ཞིང་ཀུན་ལ་པ་ཏོ་ལ་གོང་བཤད་ལྟར་དང་པུ་ཙེ་ཤེལ་ཏེ་ཧོང་ལེན་དང་གླ་སྒང་དང་ཤིང་མངར་དང་ཨ་རུ་ར་དང་ལྔ་བཅས་པའི་པ་ཏོ་ལ་ལྔ་པ་འདིའི་ཐང་ངམ་ཕྱེ་མ་གང་རིགས་ཕན། རིམས་གང་ཡང་ཅི་བྱས་ཀྱང་ད་དུང་ཚ་བ་མི་ཆག་ན་འཚོ་དཀའ་བ་ཡིན་པས་ལག་པའི་མཁྲིས་རྩ་གཤའ་རིངས་དང་ཕྲན་བུ་ལ་ལན་འགའ་གཏར་བར་བྱ་དགོས་ཏེ་དེ་ཡང་ཤ་ལ་བབས་པའི་རིམས་ཉིན་གཅིག་པ་གཏར་ན་རྗེས་མི་ཆོད་པར་བྱེར་འགྲོ་བས་མི་གཏར་ཞིང༌། གཞན་བཞི་པོའི་རྒྱུན་རིམས་ནི་དྭངས་མར་བབས་པས་དྭངས་མ་བད་མཁྲིས་ཀྱི་ཡུལ་ཡིན་པས་གཤའ་རིངས་རང་རྩ་དང་རྟག་པའི་རིམས་ཁྲག་ལ་བབས་པས་ཁྲག་རྩ་རུ་ཐུང་ལ་སོགས་གང་རྒྱས་དང་ཉིན་གསུམ་པ་ཚིལ་ལ་བབ་པས་ནད་རྟགས་དང་བསྟུན་ལ་མགོ་བོའི་རང་རྩ་གསེར་མདུང་དང༌། ཉིན་བཞི་པ་རུས་ལ་བབས་པས་རུས་པའི་ཚ་བ་མཁལ་མའི་རྩ་ལ་བྱིན་གཞུག་རང་རྩ་ཡིན་པ་དེ་རྣམས་གཏར་བས་རིམས་ཀྱི་ཚ་བ་རྩད་ནས་འདོན་ཅིང་དེ་ཀུན་ལ་རི་ཐང་གི་མཚམས་སུ་གཟབ་པ་གཅེས་སོ། །

གཉན་རིམས་བཅོས་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས་ལས། སྤྱི་བཅོས་ལ་ཡང་དང་པོ་རྩའི་འབྲོས་པའི་འཕྲང་བསྡམ་པ་དང༌། གཉིས་པ་གཉེན་པོ་གང་འཕྲོད་སྦྱར་བས་བསད་པ་དང༌། གསུམ་པས་ནད་ཀྱི་རོ་དབྱུང་བ་དང༌། བཞི་པས་ནད་ལྷག་བསལ་བ་བཞི་ལས། དང་པོ་རྩའི་འབྲོས་པའི་འཕྲང་བསྡམ་པ་ནི། མི་དོམ་གྱི་མཁྲིས་པ་གླ་རྩི་དང༌། བོང་ང་དཀར་པོ་རྒུ་དྲུས་དང་མཚན་ཉིད་ཚང་བར་བསྒྲུབས་པའི་བདུད་རྩི་ཆོས་སྨན་ནམ་དགེ་སློང་ངམ་སྔགས་པ་མཚན་ཉིད་ལྡན་པའི་དྲི་ཆེན་དང་བྲག་ཞུན་ཡུང་བ་རྣམས་བྱིས་པ་ལོ་བརྒྱད་ཀྱི་དྲི་ཆུ་ལ་སྦྱངས་ལ་ཁོང་དུ་བཏང༌། སྨིན་བྱེད་ཀྱི་ཐང་ཕྱི་རྒྱུད་ནས་བཤད་པའི་གཟེར་ཤས་ཆེ་ན་གཟེར་ཐང་གསུམ་པ་འཁྲུགས་སྐབས་ལྟར་དང༌། རླུང་ཆེ་ན་མ་ནུ་བཞི་ཐང༌། ཁྲག་མཁྲིས་པ་ཤས་ཆེ་ན་སླེ་ཏྲེས་བཞི་ཐང་རྣམས་གང་རིགས་དང་ལྟག་པ་སྤྲད་པར་ཤིས་ཤིང༌། ལྟག་པའི་སྡུད་སྒོ་དང་མཚོག་མ་དང་ཚིགས་པ་དྲུག་པ་དང་བཅུ་གསུམ་པ་དང་ནང་ལོང་གི་འཕར་རྩ་གཉིས་རྣམས་སྤྲ་བ་བཞི་ལྔས་བསྣན་དགོས་ཏེ། དེས་ནི་རྩའི་འབྲོས་པའི་འཕྲང་རྣམས་འགེག་པར་བྱེད་དོ། །གཉེན་པོའི་སྨན་འཛིམ་པ་བཙན་དུག་དཀར་པོ་ཆ་གཅིག་བོང་ང་ནི་ནག་པོ་ལ་བྱ་བས་དེའི་མེ་ཏོག་ཆ་གཉིས་དང་ལྷོག་དུག་པ་ཆ་གསུམ་དང་ཨ་རུ་ཆ་བཞི་སྐྱེས་དར་མའི་ཤ་ཆེན་ཆ་ལྔ་ཆས་བསྐྱེད་པ་ཡིན་ཏེ་དྲི་ཆུས་རིལ་བུ་སྲན་མ་ཙམ་བྱས་ལ་ཐེངས་འགའ་བཏང་བས་ལུས་ལྕི་ཞིང་རྔུལ་ལ་ཕྱི་ཚད་ཆེ་ན་གཉན་དེ་གསོད་པའི་རྟགས་ཡིན་པས་གཟེར་བཤལ་འཁྲུགས་ཚད་གཟེར་ཐུང་སྐབས་ཀྱི་གཉེན་པོ་ལྔ་སྦྱོར་རམ་ཆེན་མོས་རོ་དབྱུང་ཞིང་མ་ཐེབས་ན་བསྐྱར་ལ་སླར་སྦྱང་བ་དང༌། བསྐྱར་ཡང་མི་འཇུག་ན་སྲོག་གི་རླུང་ཉམས་ཏེ་འཆི་བ་ཡིན་ལ། ལེགས་པར་འཁྲུ་ཞིང་མདོག་སེར་ལ་དྲི་ཆེན་ནད་ཀྱི་རོ་ཐོན་པའི་རྟགས་ཡིན་ཅིང་མཁྲིས་པ་ཐོན་ཆུང་ལ་མིག་སེར་ན་བསྐྱར་ལ་བཏང་ཞིང་འབྱོངས་པ་ན་མིག་སྤྲིན་དེ་འཕྲལ་ལ་མདོག་དཀར་པོར་འགྲོ་ཞིང༌། ཕྱེ་མ་ལ་གི་ཝཾ་དང་གུར་ཀུམ་དང་དུག་མོ་ཉུང་ཧོང་ལེན་དང་ཏིག་ཏ་དང་སྐྱེར་ཤུན་དང་བོང་ང་དཀར་པོ་ཀྱི་ལྕེ་དང་གུ་གུལ་ནག་པོ་དང་ལྕུམ་རྩ་དང་སྒྲོ་པུཥྤ་སྟེ་སྒྲོ་བ་ཤིང་གི་མེ་ཏོག་རྣམས་ཞིབ་ཏུ་བཏགས་ལ་དུས་གུང་གཉིས་དགོངས་ཞོགས་བཞིར་ཆུས་ཕུལ་ནས་བཏང་ན་ཚད་པའི་ལྷག་འཇོམས་ཤིང་ནད་དེ་ཚ་བ་ཡིན་ཡང་ག་བུར་ནི་སྲོག་རླུང་དུ་ལྡོག་པའི་ཕྱིར་སྤང་བར་བྱ་ཞིང་གཉན་མ་གསོད་པར་སྟོད་སྨད་གང་ཡང་གཏར་བ་དང་དཀར་གྱི་རིགས་དང་མངར་རྣམས་སྤང་བ་དང་འབྲས་ཐུག་དང་ཡོས་ཐུག་པ་བསྐོལ་གྲང་དང་ཆུ་ལ་རྩམ་པ་ཕྲན་བུ་བཏབ་པའི་ཆུ་གྲོག་རྣམས་བཏང་ཞིང་།

བྱེ་བྲག་ཏུ་གར་བབས་ལ་ནད་ཀྱི་དམིགས་ལེགས་པར་རྟགས་ལ་མགོར་བབས་ན་དོམ་མཁྲིས་དང་གངས་ཐིགས་དང་གི་ཝཾ་དང་ཨ་བྱག་དང་བོང་ང་དཀར་པོ་ཀ་ར་རྣམས་སྦྱར་ལ་བཏང་ཞིང་མཚོག་མ་དང་ལྟག་པའི་སྡུད་སྒོ་མུར་འགྲམ་གཉིས་སོགས་མེས་མནན་པ་དང༌། སྣ་ཁྲག་འཛག་པ་ན་གུར་ཀུམ་དང་དོམ་མཁྲིས་དང་མཚེའི་ཐལ་བ་དང་སྙ་ལོ་དང་སྲད་དཀར་བ་དང་ཀྱི་ལྕེ་བ་རྡོ་དྲེག་སེར་པོ་དང་ཀ་ར་རྣམས་སྦྱར་ལ་བཏང༌། གློར་བབས་ན་ཙནྡན་དཀར་པོ་དང་གུར་ཀུམ་དང་ཅུ་གང་དང་སྐྱེར་ཤུན་དང་ཤིང་མངར་དང་བོང་ང་དཀར་པོ་དང་ཀ་ར་རྣམས་སྦྱར་བ་བཏང་ལ་དྲུག་འགོ་དང་སྣོད་ཀ་གཉིས་གཏར། མཁལ་མར་བབས་ན་གླ་རྩི་དང་གུར་ཀུམ་དང་སུག་སྨེལ་དང་སྐྱེར་ཤུན་དང་བྲག་ཞུན་དང་ཉི་དགའ་སྟེ་ལྕམ་པ་དང་ཨ་རུ་ར་ཤུག་པ་ཚེར་མ་ན་རྣམས་སྦྱར་ལ་བཏང་ཞིང་ཚིགས་པ་བཅུ་བཞི་པ་དང་དེ་ནས་གཡས་གཡོན་ཚོན་རེ་ཕུན་རེ་གཞལ་བའི་རྩ་ནག་གཉིས་བཅས་བསྲེག ཕོ་བར་བབས་པ་ལ་སྤྱི་དང་ཁྱད་པར་བ་གཉིས་ལས་སྤྱི་རུ་ཕོ་བར་བབས་པའི་རིམས་ཀྱི་རིགས་རྣམས་ལ་ཕག་རིལ་བསྲེགས་པའི་ཐལ་བ་དང་དོམ་མཁྲིས་སྦྱར་བ་བསྔགས་ཤིང༌། གླ་རྩི་དང་དུག་མོ་ཉུང་བཙོད་དང་ལི་ག་དུར་དོམ་མཁྲིས་དང་བོང་ང་དཀར་པོ་སྐྱེར་པའི་བར་ཤུན་རྣམས་སྦྱར་ཞིང༌། ཁྱད་པར་མིག་སེར་བ་སོགས་གཉན་རང་ཧ་ཅང་ཤས་ཆེ་བའི་རྟགས་བྱུང་ན་བསད་པའི་རྗེས་ལ་གོང་བཤད་ལྟར་གཟེར་བཤལ་ལྔ་སྦྱོར་རམ་ཆེན་མོས་སྦྱངས་ལ་ཕག་རིལ་དང༌། སྲད་དཀར་དང་ཧོང་ལེན་དང་སྔོ་དེ་བ་དང་བཞི་ཁྱོར་བ་རེ་རེ་སོ་སོར་མ་འདྲེས་པར་བསྲེགས་པའི་ཐལ་བ་བ་དམར་ཟལ་གྱི་བ་ཆུས་འདམ་ཐགས་སུ་བྱས་པའི་ཕྱེ་མ་རྣམས་ཀ་རས་ཁ་གླན་པ་རིམས་དང་ཚད་པ་ཀུན་ལ་བསྔགས་ཤིང་ཁྱད་པར་འདུས་རིམས་ཀྱི་རིམས་སྨྱོན་པ་ཏྲེ་ཏྲེ་ཧོ་སོགས་གཉན་གྱི་རིམས་ཕོ་བར་བབས་པའི་བདུད་རྩི་ལྟ་བུ་ཡིན་ཞིང་མཁྲིས་པའི་ཡུལ་རླུང་གིས་ཕྲོགས་པ་ལ་ཁ་རུ་ཚྭ་ཛཱ་ཏི་བཅས་པའི་ཐང་དང་བུ་རམ་གྱི་ཆང་བསྡེབས་ལ་བཏང་ཞིང་ཕག་རིལ་དུ་བ་མ་ཤོར་བར་བསྲེགས་པ་ལ་ག་བུར་ནག་པོ་ཞེས་པ་དེ་ཆང་དུ་སྦྱར་བ་བསྔགས་ཤིང་མ་ཞུ་བས་རྒྱུ་བྱས་སྒྲེག་ཅིང་སྐྱུག་པ་དང་ཟས་མི་འཇུ་བ་ལ་ཕྱི་རྒྱུད་ཐང་ལེ་ལྟར་གྱི་རྒྱམ་ཚྭ་བཞི་ཐང་བཏང་ཞིང་ཨ་རུ་ལྕུམ་རྩ་པི་ལིང་གསེར་མེའི་ཐང་གི་བཤལ་བྱ་ལ། རྒྱུ་མར་བབས་པ་ན་དང་པོ་ཐར་ནུ་ཆུ་རྩ་རེ་ལྕག་ཨ་རུ་དུག་ཉུང་རྣམས་ཀྱི་བཤལ་བཏང་ལ། དེ་རྗེས་གཉེན་པོ་ཐོག་གིས་བསད་པའི་རུས་པ་དང་རྒུ་དྲུས་དང་གླ་རྩི་དང་ཆོས་སྨན་ནི་བདུད་རྩི་སྨན་སྒྲུབ་ཚུལ་བཞིན་དུ་བྱས་པའི་ཆོས་སྨན་བྱུང་ན་དང་ཚབ་ཏུ་ས་ལུགས་སོགས་ཀྱི་བདུད་རྩི་རིལ་བུའང་ཚད་ལྡན་བྱུང་ན་རུང་ཞིང་མཁས་བཙུན་བཟང་གསུམ་འཛོམ་པའི་བླ་མའི་དྲི་ཆེན་གྱིས་ཀྱང་རུང་བར་བཤད་པ་གང་རུང་དང་བོང་ང་དཀར་པོ་དང་ཆུ་རྩ་རྣམས་དྲི་ཆུར་སྦྱར་ལ་བཏང་བར་བྱ་ཞིང་རིམས་ཚད་ལ་དང་པོ་མ་སྨིན་པར་སྔ་སྔོན་ཆུད་པར་མགྲོན་ལ་སྙན་གསན་འབེབས་པ་ལྟར་བྱ། བར་དུ་ཚ་བ་སྨིན་ཞིང་རྒྱས་པའི་ཚེ་གཞི་བཟུང་བའམ་མགྲོན་ལ་གཞི་གནོན་པ་ལྟར་བཅོས་ཤིང༌། ཐ་མར་གཞུག་རྒྱན་ཐོར་བུའི་ནད་སེལ་བ་མགྲོན་ལ་ཞབས་ཏོག་བྱེད་པ་ལྟར་དགོས་པས་དེའི་ཕྱིར་ན་ཐོར་བུའི་ནད་ཀྱི་བསལ་བའི་ཐབས་གཅེས་པས་དེ་རྣམས་ནི་རིགས་པས་ཚ་བ་སྤྱི་བཅོས་ཀྱི་བླ་གཉན་ཐོར་བུ་བསལ་བ་དང་ཕན་ཚུན་གར་དགོས་མཉམ་པོར་ལོངས་སྤྱོད་པའམ་སྔ་ཕྱི་འཕྲུལ་ཏེ་བྱ་བ་བྱེད་པ་ལྟར་བཅོས་པར་བྱའོ་ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་རིམས་ཀྱི་ཚ་བ་བལ་ནད་དངོས་སུ་སྨོས་པའི་རིགས་རྣམས་བཅོས་པའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ།། །།


མཐའ་མའི་འདོན་ཐེངས་།: 24.11.2023 ཉིན། 11:35 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།