སྨན་རྩིས་དྲ་བ། - བཤད་རྒྱུད།

ལེའུ་ཉེར་གཉིས་པ། གཉེན་པོ་ཆ་བྱད་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 05.09.2023
བཤད་རྒྱུད། >> ལེའུ་ཉེར་གཉིས་པ། གཉེན་པོ་ཆ་བྱད་བསྟན་པ།



ལེའུ་ཉེར་གཉིས་པ། གཉེན་པོ་ཆ་བྱད་བསྟན་པ། 

སྦྱོར་བ་སྨན་གནས་བཤད་ཟིན་ནས་བྱ་བ་གཞན་གྱིས་བར་མ་ཆོད་པ་དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །དེ་ཡང་ཀྱེ་སྟོན་པ་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས་ཞེས་གུས་པའི་ངག་གིས་མཚན་ནས་བོས་ཏེ། གོང་དུ་ནད་ཀྱི་གཉེན་པོ་ལ་སྤྱོད་ལམ་སོགས་རྣམ་པ་བཞིར་གསུངས་པའི་སྔ་མ་གསུམ་པོ་སོང་ནས། ད་ནི་ཐ་མ་ཆ་བྱད་དཔྱད་ཀྱི་གནས་ལ་ཇི་ལྟར་བསླབ་པར་བགྱི་ཞེས་འདྲི་ན་འཚོ་མཛད་སྨན་པའི་རྒྱལ་པོས་ལེགས་པར་བཤད་དུ་གསོལ་ཞེས་ཞུས་པ་ལས་ཞེས་པའོ། །དེ་ལྟར་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་ཞུས་པའི་ལན་དུ་སྟོན་པས་གསུངས་པ། དེ་ཡང་ཀྱེ་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་ཅེས་གདམས་ནས་དོན་དངོས་ནི། ནད་ལས་གསོ་བར་བྱེད་པའི་གཉེན་པོ་ཟས་སྤྱོད་སྨན་དཔྱད་བཞི་ཡོད་པའི་ཐ་མ་ཆ་བྱད་དཔྱད་ཀྱི་གནས་ཞེས་བྱ་བ་ལ་བསླབ་པར་འདོད་པ་གང་ཡིན་པ་དེས་ནི་འདི་ལྟར་ཤེས་པར་བྱ་དགོས་ཏེ། དེ་ཡང་ནད་གང་ལ་གང་འཚམ་པའི་དཔྱད་དངོས་དང༌། དེ་ལྟར་བྱེད་པའི་དཔྱད་ཀྱི་ཆ་བྱད་སྣ་ཚོགས་པ་བཤད་པའི་ཚུལ་ཏེ་རྣམ་པ་གཉིས་སུ་ཤེས་པར་བྱའོ།།

ཆ་བྱད་རྣམ་པ་སྣ་ཚོགས་པས་ལུས་ཀྱི་ཕྱི་རོལ་ནས་ནང་གི་ཟུག་རྔུ་ལ་སོགས་པའི་ནད་རྣམས་དངོས་སུ་འབྱིན་པ་དང་ཞི་བར་བྱེད་པའི་ཐབས་གང་ཡིན་པ་དེ་ནི་དཔྱད་ཅེས་བྱ་བ་ཡིན་ཏེ། ཕྱི་ནས་སྦྱར་པའི་ཆོ་ག་གཙོ་བོར་བྱས་པ་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང༌། ཡན་ལག་བརྒྱད་པར། ཟུག་རྔུ་རྣམ་པ་སྣ་ཚོགས་ཀྱིས། །ལུས་ནི་སྣ་ཚོགས་གནོད་བྱེད་པ། །འབྱིན་པའི་ཐབས་སུ་གང་འགྱུར་དག །དཔྱད་ཡིན། ཞེས་བྱ་བ་ལ་སོགས་པ་བཤད་པ་ལྟར་རོ།།

ལུས་ཀྱི་ཕྱི་ནས་སྦྱོར་བའི་དཔྱད་དེ་ལའང་འཇམ་པ་དང་རྩུབ་པ་དང་དྲག་པོ་དང་བཅས་པ་རྣམ་པ་གསུམ་མོ།། དེའི་ནང་ནས་ཀྱང་འཇམ་པོའི་དཔྱད་ལ་དུགས་ལུམས་བྱུག་པ་དང་གསུམ་ཡིན་ལ་དེ་བཞིན་དུ་རྩུབ་པའི་དཔྱད་ལའང་གཏར་བསྲེག་དབུག་པ་དང་གསུམ་དུ་ཡོད་ཅིང༌། དྲག་པོའི་དཔྱད་ལའང་འདྲལ་བ་དང་གཅོད་པ་དང་འདྲུད་པ་དང་འབྱིན་པ་དང་བཞི་སྟེ་དྲིལ་བས་རྣམ་པ་བཅུ་ཡོད་པ་ལས། དེ་དག་གང་ལ་བྱ་བའི་རྣམ་བཞག་རྒྱས་པར་མན་ངག་རྒྱུད་དང་ཕྱི་རྒྱུད་ཀྱི་སྐབས་སུ་བཤད་པར་བྱའོ།།

དཔྱད་བྱ་བ་དེའི་ཆ་བྱད་ཀྱི་རྣམ་པ་ཟུག་རྔུ་བརྟག་པའི་དཔྱད་དང༌། སྐམ་པ་དང༌། གཙགས་བུ་དང༌། ཐུར་མ་དང༌། ཕྲན་བུའི་སྡེ་སྟེ་རྣམ་པ་ལྔའོ།།

ཆ་དཔྱད་རྣམ་པ་སྡེ་ཚན་ལྔ་ཡོད་པའི་ནང་ནས་དེ་ལ་དང་པོ་ཟུག་རྔུ་བརྟག་པའི་ཆ་དཔྱད་དེ་ལའང་རྣམ་པ་བཞི་ཡོད་པ་ལས། དང་པོ་མགོ་རྨའི་རིགས་ལ་ཆ་བྱད་རྩེ་ཞབས་ལ་སྦོམ་ཕྲ་སོགས་ཀྱི་ཁྱད་པར་མེད་པའི་ཟླུམ་པོ་གྲོ་སོག་གི་མགུལ་པ་ཙམ་སྲིད་སོར་དྲུག་པ་དེ་ལ་ཁབ་མགོ་ཞེས་བྱ་སྟེ། དེས་མགོ་བོའི་རུས་པ་ཆག་གམ་མ་ཆག་བརྟག་པར་བྱའོ། །ཤ་གསེབ་ཏུ་མདེའུ་ལུས་པ་གང་ན་འདུག་བརྟག་པའི་ཆ་བྱད་ལ། ཐོག་མར་མགོ་བོ་སྲན་མ་ལྟར་ཟླུམ་པ་ཞིག་བཏང་སྟེ་བརྟག་པར་བྱ་བའོ། །དེས་མ་རྟོགས་ན་རྩེ་ཟུར་གསུམ་བྲ་བོ་འདྲ་བ་བཏང་སྟེ་བརྟག དེས་ཀྱང་མ་རྟོགས་ན་རིམ་པ་བཞིན་དུ་རྩེ་མོ་གཅིག་པ་ནས་གང་ཙམ་ཀྱོག་པ་དང༌། དེ་ལས་ཀྱང་རྩེ་མོ་གུག་པ་ཞིག་དང༌། སྦྲུལ་མགོ་གདེངས་པ་ལྟ་བུ་སྟེ་རྩེ་མོ་རིམ་གྱིས་གུག་པའི་རྩེ་མོར་མིག་ཡོད་པ་ཟངས་དུང་ཁ་འདྲ་བའི་སྦུབས་ལྡན་ཕྲ་མོ་བཏང་སྟེ་བརྟག་དེ་རྣམས་ཀྱིས་མ་རྟོགས་ན་ལག་ལེན་དུ་ཟླུམ་པོ་ཁ་དབྲག་ཡོད་པས་བརྟག་ཅིང༌། དེ་དག་ཀུན་ཀྱང་སྲིད་དུ་སོར་བཅུ་གཉིས་པ་ཕྲ་ལ་འདྲོངས་ཞིང་འཇམ་པས་གཙོ་བོར་ལུས་ཀྱི་ཡན་ལག་བཞི་ལ་གནས་པའི་ཟུག་རྔུ་རྣམས་བརྟག་ཅིང་དབྱུང་བར་བྱའོ། །ཕྲ་ཞིང་འཇམ་པ་སྲིད་དུ་སོར་བརྒྱད་ཡོད་པ་དབལ་གྲུ་བཞིར་ལྡན་པའི་རྩེ་མོར་ཁབ་མིག་དང་འདྲ་བའི་དཀར་ཁུང་ཅན་དེ་འདྲ་བས་སྐྲངས་པའི་སྟེང་དུ་བཏབ་པས་རྣག་ཏུ་སྨིན་ནམ་མ་སྨིན་བརྟག་པར་བྱ་སྟེ། སྨིན་ན་དཀར་ཁུང་དུ་རྣག་འབྱུང་ན་གཙགས་བུའམ་མེ་ཐུར་གྱིས་དབུག་ཅེས་བཤད། ཤིན་ཏུ་འཇམ་པའི་སྦུབས་ཅན་བའི་ནུ་མའི་དབྱིབས་དང་འདྲ་བ་སྲིད་དུ་སོར་གསུམ་རྩེ་མོ་ཟླུམ་པོའི་ཆ་ལ་སོར་ཕྱེད་དང༌། ཕྱིར་ལྷག་ལ་སོར་ཕྱེད་དང་བཅས་ཤིང༌། གསང་གནས་ཀྱི་རྣམ་པས་སྦོམ་མམ་མཁྱུད་དུ་སོར་ཕོ་ལ་ལྔ་སྟེ་མོ་ལ་རྩེ་དེ་བས་ཆེ་བ་མཁྱུད་ལ་སོར་དྲུག་སྟེ་མདོར་ན་ནང་དུ་མཐེ་བོང་ཤོང་བ་ཙམ་བྱས་ལ་བྱེ་བྲག་ཏུ་ནད་དེའི་ངོ་བོ་འབྲུམ་པ་ཕྱོགས་གང་ན་འདུག་བལྟ་བ་ལ་ངོས་ཕན་ཚུན་དུ་བུ་ག་སྲན་མ་བཙོས་པ་ཤོང་བ་ཙམ་གཉིས་ཡོད་པར་བྱ་ཞིང༌། འབྲུམ་པ་གང་ན་འདུག་རྟོགས་ནས་གཅོད་པའི་ལས་ལ་འཇུག་པ་དེའི་ཚེ་གཡས་གཡོན་གྱི་བུ་ག་གང་ཡང་རུང་བ་ཅིག་པ་གློ་དཀར་གྱི་རྣམ་པ་ཅན་དེ་འདྲ་བ་ལག་ལེན་ཕོ་མོ་ཁྱད་མེད་ཀྱི་སྲིད་དེ་བས་ལྡབས་ཙམ་གྱི་རིང་བ་གཉིས་པོ་ནི་རིམ་པ་ལྟར་གཞང་འབྲུམ་གང་ན་འདུག་བལྟ་བ་དང༌། མཐོང་ནས་བུ་ག་གཅིག་པོ་དེར་འབྲུམ་པ་ཚུད་པར་བྱས་ལ་ནང་ནས་དེ་དང་འཚམ་པའི་སྐྱུང་བུས་གཅོད་ཅིང་མར་བཞུས་པས་བསྲེས་པའི་ཆོ་ག་ལ་སྦྱར་བར་བྱའོ།།

མདེའུ་ལ་སོགས་པའི་ཟུག་རྔུ་འབྱིན་པར་བྱེད་པའི་ཆ་བྱད་སྐམ་པའི་སྡེ་ཚན་བསྟན་པ་ནི། སེང་གེའི་ཁ་ལྟ་བུ་སྦོམ་ལ་ཐུང་བ་དང༌། བྱ་ཀང་ཀའི་མཆུ་ལྟ་བུ་རིང་ཐུང་སོར་བཞི་ཙམ་ལ་གཙང་མཇུག་ཅན་དང༌། དེ་ལས་ཅུང་ཟད་ཐུང་ཞིང་སྦོམ་པ་བྱ་རོག་གི་མཆུ་ལྟ་བུ་རྣོ་བ་སྟེ་གསུམ་ཀའང་སྲིད་སོར་བཅོ་བརྒྱད་དང་ལྡན་ཞིང་འབྲེལ་མཚམས་གཡུང་དྲུང་རིས་ཀྱི་ལྟེ་བར་གཟེར་སྲ་ཞིང་ཟླུམ་པོར་བཏབ་པ། རྐང་བརྒྱད་གཞོགས་དབྱིབས་ཅན་མཛུབ་མོའི་སྦོམ་ཕྲ་ཙམ་གྱི་རྩ་བ་ལག་པས་འཛིན་པའི་ཕྱོགས་གཅིག་པོ་ལྕགས་ཀྱུའི་དབྱིབས་ལྡན་དང༌། ཅིག་ཤོས་ལ་ཨ་ལོང་བཏགས་པ་དེ་དང་འདྲ་བ་ནི་རིམ་པ་བཞིན་དུ་རུས་མགོ་ལ་ཟུག་པ་དང་ཤ་རྔམས་མཐུག་པོའི་གཏིང་གི་རུས་པ་ལ་ཟུག་པ་དང་ཤ་རྔམས་ཅུང་ཟད་ཡོད་པའི་རུས་པ་ལ་ཟུག་པའི་ཟུག་རྔུ་འབྱིན་པ་རྣམས་ལ་རིག་པས་དཔྱད་དེ་སྦྱར་བར་བྱའོ།། དེ་བཞིན་དུ་དབྱིབས་གཞན་སྔ་མ་དང་འདྲ་ཞིང་མཆུ་ཁོ་ན་ལ་སོར་བརྒྱད་དང་ལྡན་པ་ཐིང་རིལ་གྱི་མཆུ་དང་འདྲ་བ་ཤིན་ཏུ་ཕྲ་བས་ནི་ཤ་རྒྱུས་ཀྱི་ཁྲོད་ན་ལུས་པའི་ཟུག་རྔུ་དབྱུང་བར་བྱ་ཞིང༌། གོང་དུ་ཟུག་རྔུ་བརྟག་པའི་སྐབས་སུ་བཤད་པ་ལྟར་སྦུབས་ལྡན་སྲིད་སོར་བཅུ་གཉིས་པ་ཕྲ་ཞིང་གསང་ལ་མཁྲང་བ་ནང་ནས་ལྕགས་རྐང་ཕྲ་མོས་བསྡམས་པ་ཅུང་ཟད་མི་འདྲ་བ་བཅས་འདམ་བུའི་མཆུ་ཞེས་བྱ་སྟེ། དེ་ནི་རྨ་གཏིང་ཤིན་ཏུ་རིང་པོར་ལུས་པའི་ཟུག་རྔུ་དབྱུང་བ་ལ་སྦྱར་བ་ཡིན་ལ། སོ་ཤིན་ཏུ་ཕྲ་མོ་གཉིས་ཁ་སྦྱར་བའི་རྩ་བ་གདུ་བུས་བསྡམས་པ་ནི་ཙུ་མོ་ཏི་སྟེ་མིང་གཞན་ཚེར་བཟུང་ཞེས་པ་འཇབ་རྩེ་ཕྲ་མོ་ནི་རྩ་རོ་རྒྱུས་རོ་དང་རུས་མཛེར་སོགས་དབྱུང་བ་ལ་སྦྱར་བར་བྱའོ། །དེ་དག་ཀུན་ཀྱང་ལྕགས་བཟང་ངར་དང་ལྡན་ཞིང་འཐར་འབྱོངས་སྲ་ལ་མཛེས་པར་བྱའོ།།

ཆ་བྱད་རྣམས་ཀྱི་ནང་ནས་ཤ་ལ་སོགས་པ་འདྲལ་ཞིང་ཁྲག་དབྱུང་བར་བྱེད་པ་གཙགས་བུའི་སྡེ་ཚན་བསྟན་པ་དེ་ལ་བྱེའུ་སྤུ་གུའམ་མཆིལ་པའི་སྒྲོའི་དང་རུ་འདྲ་བ་སྲིད་སོར་དྲུག་པ་ནི་ཤ་གསེབ་ན་གནས་པའི་ཁྲག་རྩ་རྐྱང་པ་འདེབས་པ་ལ་སྦྱར་ཞིང༌། དབྱིབས་ཕལ་ཆེར་སྔ་མ་དང་འདྲ་བ་ལ་སོར་གཅིག་ཙམ་གྱིས་ལྟག་པ་ཉལ་ཐབས་ཀྱི་རྒྱབ་མདུན་གཉིས་ཀའི་རྩེ་མོ་རྣོ་བར་བྱས་པ་དང་ཅུང་ཟད་བཞེད་པ་མི་འདྲ་བ་ཅིག་གིས་སྣོད་ཀ་དང་རྩེ་ཆུང་སོགས་འཕར་རྩ་དང་འབྲེལ་བ་རྣམས་གཏར་བ་ལ་བསྔགས་ལ། རྐང་ཟླུམ་པོའི་རྐེད་དུ་ལག་པ་བཟུང་བདེ་ཞིང་མི་འགྱུར་བའི་འདབ་མ་དང་ལྡན་པའི་རྩེ་མོར་སྟ་རེ་ཁ་འདྲ་བས། རུས་སྟེང་གི་རྩ་ཀུན་ལ་གཏར་བར་བྱ་སྟེ། ཕྱི་མ་འདི་གཉིས་ཀྱི་ཚད་མ་སྨོས་ཀྱང་སྔ་མ་དང་མཐུན་པར་སྲིད་སོར་དྲུག་པ་ཉིད་བྱ་ཞིང༌། དེ་བཞིན་དུ་ཆུ་གྲི་དང་འདྲ་བས་སྐྲངས་པའི་སྟེང་ལ་ཞལ་ཞལ་བྱ་ཞིང༌། རྐང་ཟླུམ་པོ་སྲིད་སོར་བརྒྱད་ཀྱི་རྩེ་མོར་ཟོར་བའི་དབྱིབས་ཅན་གྱིས་ལྕེ་སྐྲངས་པ་གཤག་པར་བྱ་ལ། གཙགས་བུ་དང་འདྲ་བ་ལ་ཆེ་ཞིང་གྲིའི་དབལ་འདྲ་བ་བྲང་བ་ཅན་སྨྱུག་གྲི་དང་འདྲ་བ་ཅན་གྱིས་ནི་མགོ་རྨ་སླར་ཡང་འདྲ་དགོས་པ་རྣམས་ལ་སྦྱར་བར་བྱ་དགོས་ལ། ཕྱི་མ་རྒྱུད་ལས་ཀྱང༌། དང་པོ་ཆ་བྱད་རྣོ་མཉེན་ལྡན་པའི་ལྕགས། །མགར་བ་མཁས་པས་སྦུ་གུའི་སྒྲོ་འདྲའི་དབྱིབས། །རྩེ་སྒུར་ཚེས་གཉིས་ཟླ་བ་ལྟ་བུ་འམ། །ལྟག་ཉལ་སོ་དྲང་བྲང་བ་ཅན་དང་ནི། །སྟ་རེ་ཁ་འདྲ་ཀུན་ཀྱང་སྲིད་སོར་དྲུག །འཐར་འབྱོངས་ངར་ལྡན་བརྡུངས་འཐེམས་བརྡར་ལེགས་པ། །རྣོ་ཚད་གྱེན་དུ་སྤུ་གཤོག་ནུས་པ་སྟེ། །གཟེ་དང་མི་གཟེ་དེ་ལ་རག་ལས་པས། །གཙགས་ལེགས་རྟག་ཏུ་ལུས་ལ་བཅང་བར་བྱ། །ཞེས་པ་ལྟར་རོ།།

ཤ་ལ་སོགས་པ་དབུག་པའི་ཐུར་དཔྱད་ལག་ལེན་སྣ་སེལ་གྱི་ཕྲ་བ་དང་གཞན་མ་ཕལ་ཆེར་ཡང་སྲིད་སོར་དྲུག་པ་ལ་མགོ་དབྱིབས་རང་རང་ནས་བཤད་པའི་འོག་ཏུ་ལུས་ཤོང་བ་སྟེ་སྐེ་ཕྲ་མོར་བྱས་པ་དེ་ལས་རིམ་པས་ཇེ་སྦོམ་དུ་སོང་བའི་མཐར་ཐུར་ཞབས་ཆེ་ཞིང་ལྕི་ལྡིག་པའི་ཚུལ་དུ་བྱས་པའོ། །ངོ་བོ་སྦུབས་ཐུར་ཡིན་པ་ལ་རྩེ་མོ་སྦལ་པའི་མགོ་དང་འདྲ་བའི་ལྐོག་མའི་ཐད་དུ་གློ་དཀར་ཡོད་པ་དེ་ལྟ་བུས་བད་རླུང་གི་རླངས་ཁྱིམས་གསང་བ་དང༌། སྙིང་ཆུ་དང་མཆིན་ཆུ་བཙགས་པ་ལ་སྦྱར་བར་བྱའོ། །དེ་བཞིན་དུ་སྦུབས་ཐུར་གྱི་རྩེ་མོ་སྨྱུ་གུའི་ཁ་ལྟ་བུ་ཡིས་དམུ་ཆུ་གཙག་ཅིང༌། སྦུབས་ཐུར་གྱི་རྩེ་མོ་བྱིད་པོའི་མཆུ་འདྲ་བ་ཡ་མཆུ་གུག་གེ་བའི་འོག་ཏུ་མ་མཆུ་ཚུད་ཙམ་གྱི་ཁ་གདང་ངེ་བ་དེས་བྱང་ཁོག་གི་རྣག་གསང་དབྱེ་བར་བྱ་བ་ཡིན་ནོ། །རྒྱུད་ཆུང་བའི་དགོངས་པས་སྔ་མ་གཉིས་སྲིད་སོར་དྲུག་དང་ཕྱི་མ་ལ་དམིགས་བསལ་དུ་སྲིད་སོར་བཅུ་གཉིས་པའོ། །རྐང་ལ་སྦུབས་མེད་པའི་ཐུར་མ་རྩེ་མོ་ནས་ཀྱི་དབྱིབས་དང་འདྲ་བའི་ཐུར་མ་ནི་སྒལ་ཚིགས་ཀྱི་སྐྲན་འབྱིན་པ་ལ་སྦྱར་ཞིང༌། དེ་བཞིན་དུ་གློ་སྙིང་རྒྱུ་ལོང་མཁལ་མ་ལ་སོགས་པའི་སྐྲན་འབྱིན་པ་ལ་སྦུབས་མེད་ཀྱི་རྩེ་མོ་སྦལ་མགོ་ལྟ་བུ་ཟླུམ་ལ་ཅུང་ཟད་རྣོ་བ་བསྔགས་ལ། ཟངས་ཐུར་གྱི་རྩེ་མོ་བྲ་བོ་དང་འདྲ་བ་དང་ལག་ལེན་ལྕགས་ཀྱི་འབྲི་ལྕེ་གཟོང་ཁ་རྣམས་ཀྱིས་མིག་སྤྲིན་དབུག་པར་བྱ་བ་དང༌། ཐུར་ཞབས་ཕྲ་ཞིང་ལེབ་པ་སྲིད་དུ་མཐོ་གང་གི་རྩེ་མོ་སོར་གཅིག་འབྲི་ལྕེ་ལྟ་བུའི་ཁ་ཡིས་ཡན་ལག་གི་སྐྲན་དང་ཆུ་སེར་སོགས་ལ་ཅུར་འབྱིན་བྱ་བ་དང༌། རྩེ་ཞབས་སྦོམ་ཕྲ་ཁྱད་པར་མེད་པའི་རྩེ་ཕྱོགས་མདུང་རྩེའི་སོ་དབྱིབས་ལྟ་བུ་བསྲེགས་པ་ཡིས་ཡན་ལག་གི་རྣག་ཆུ་དབུག་པ་ལ་སྦྱར་བར་བྱའོ། །འདི་རྣམས་ཀྱང་རྒྱུད་ཆུང་བའི་དགོངས་པས་ཟངས་ཐུར་བྲ་བོ་མགོ་མ་གཏོགས་ཀུན་སྲིད་དུ་མཐོ་རེ་ཡིན་ཞིང༌། ཟངས་ཐུར་ནི་བརྒྱད་པ་རྩ་འགྲེལ་སོགས་ལས་ཀྱང་སྲིད་སོར་བཞིར་བཤད་དེ། དེ་ལྟར་བཤད་པའི་སྦུབས་ཡོད་མེད་ཀྱི་ཐུར་མ་ཀུན་ཀྱང་གསང་ཞིང་མཁྲང་ལ་འཇམ་པ་ཁོ་ན་ཤིས་སོ།།

གོང་དུ་བཤད་པའི་ཆ་བྱད་དེ་རྣམས་སུ་མ་ཟད་གཞན་ཡང་ཆ་བྱད་ཕྲན་བུ་སྣ་ཚོགས་པའི་སྡེ་ཚན་བསྟན་པ་ལ་རིགས་མི་འདྲ་བ་དུ་མ་ཞིག་ཡོད་པ་ལས། དེའི་ནང་ནས་སྟེའུ་ལྟ་བུའི་ཁ་ཅི་འདྲ་བ་དང༌། སྟེའུ་ཁ་ལྟ་བུའི་གདོང་ལ་སོ་མེད་ཅིང་འགྲམ་གཡས་གཡོན་གཉིས་ལ་སོ་ཡོད་པ་དང༌། བེ་ལེའི་ཁ་ལྟ་བུ་སོ་སྒོར་ཐབས་སུ་ཡོད་པ་དང༌། རྐོ་མའི་མཆུ་འདྲ་ལྟ་བུ་རྩེ་དང་གུག་པའི་གཡས་གཡོན་ཀུན་ལ་སོ་ཡོད་པ་སྟེ་བཞི་ག་ཡང་སྲིད་སོར་དྲུག་གི་ཁར་ལག་པ་བཟུང་ཤིང་གི་ཡུ་བ་ཅན་ལྕགས་བཟང་པོ་ངར་དང་ལྡན་པས་མགོ་ཆག་གི་རུས་པ་འབྲུད་པ་ལ་སྦྱར་བར་བྱའོ།། དེ་བཞིན་དུ་སོག་ལེ་ཞེང་དུ་སོར་གཉིས་པ་དང་བྱ་སླ་བ་སོ་ཤིན་ཏུ་ཞིབ་པ་སྲིད་སོར་བཅུ་དང་ལྡན་པས་རུས་པ་ཆག་པའི་ལྷག་མ་འདོན་མི་རུང་བ་རྣམས་འབྲེག་པ་དང༌། ཆན་པ་སྟེ་ཕྱམ་ཙེའི་དབྱིབས་ཅན་ཤིན་ཏུ་རྣོ་བས་རྨའི་རྩ་རྒྱུས་སོགས་གཅད་པར་བྱ་བ་དང༌། སྦུབས་ཅན་སྲིད་སོར་ལྔ་པ་སོག་ལེའི་ཁ་དང་འདྲ་བ་ལ་རྡོ་རྗེའི་འཁོར་ལོ་དང་ལྡན་པ་སྟེ་ཐོད་གསོར་གྱི་སྙིང་པོ་མེད་ཇི་ལྟ་བ་དེས་ནི་མདེའུ་དང་བཅས་པའི་རུས་པའམ་ཐོད་པ་ཀོ་ལེར་འབུགས་པའི་གསོར་དང་རྐང་ལ་སྲིད་སོར་བཅུ་པ་རྩེ་མོ་བེ་ལེའི་ཁ་འདྲ་བའི་རྩེ་ཅུང་ཟད་གུག་པ་ནི་རྣ་བ་དང་སྣ་དང་གྲེ་བའི་འབྲུམ་པ་བཅད་པ་ལ་སྦྱར་བར་བྱའོ། །མངལ་ཐུར་ཞེས་པ་སྲིད་དུ་མཐོ་གང་གི་རྩེ་མོ་གུག་པ་ལྕགས་ཀྱུའི་རྣམ་པ་ཅན་དང་ཕྱེད་པ་གཉིས་ཧ་ཅང་རྣོ་བ་མ་ཡིན་པས་མངལ་དུ་བུ་ཤི་བའི་རོ་དབྱུང་བ་དང༌། དེ་བཞིན་དུ་ཆ་བྱད་སྲིད་དུ་མཐོ་གང་གི་རྩེ་མོ་སྦྲུལ་མགོ་གདེངས་པ་ལྟར་གུག་ཀྱོང་དང་བཅས་པས་ཆུ་སོ་ན་གནས་པའི་རྡེའུ་དབྱུང་བར་བྱ་བ་དང༌། སྦོམ་ཕྲ་གྲོ་སོག་འབྲིང་ཚད་ཙམ་མཁྲང་གསང་འཇམ་པ་ལ་སྦུབས་ཅན་སྲིད་སོར་བཅུ་གཉིས་པའི་འཕྲུལ་ཐུར་གྱིས་ཆུ་འགགས་གཙག་པར་བྱ་བ་དང༌། རྩེ་ཀྱོག་སྲིད་སོར་བཅུ་པ་རང་འདྲ་བའི་ཤུབས་དང་བཅས་པས་སོ་སྲིན་བསྲེགས་པ་དང༌། སྦུབས་ཅན་སྲིད་སོར་བཅུ་པ་རྩ་བའི་བུ་ག་ལ་སོར་མོ་ལྔ་གཤིབས་ཏེ་ཤོང་ཞིང་ཕྱེད་མཚམས་ནས་རྩེ་མོ་ཁ་དབྲག་གསུམ་དུ་བྱས་པ་རིམ་པས་ཕྲ་རུ་སོང་བའི་རྩེ་མོ་བ་ནུའི་དབྱིབས་ལྟ་བུ་སྲན་མ་ཤོང་ཙམ་བྱ་བ་ནི་ཁ་དང་སྣ་བུག་གཉིས་སུ་དུ་བ་རྔུབ་པ་དང༌། སྦུབས་ཅན་སྲན་མ་ཤོང་ཙམ་སྲིད་སོར་བཅུ་པ་ཐེམ་བུ་ལྟ་བུའི་ཁ་དང་ལྡན་པས་གྲེ་བར་སྨན་གདབ་ཅིང༌། སོ་སྲིན་བསྲེག་པའི་ཆ་བྱད་ལྟ་བུ་བཅུག་པས་ལྕེ་ཆུང་བསྲེག་པ་ལ་སྦྱར་བར་བྱ་བ་དང༌། རྩ་བའི་སྦུབས་ལ་མཐེ་བོང་ཤོང་བ་ལ་རྩེའི་བུག་པར་སྲན་མ་ཤོང་ཙམ་སོར་བརྒྱད་པའམ་བཅུ་ནི་རྐེད་པ་ལས་རྩ་བ་ངོས་སུ་ཉེ་ཙམ་ན་འཁོར་ལོའི་རིམ་པ་གཉིས་དཀྲིས་པ་དེ་ནི་གཅེའུ་ཞེས་བྱ་སྟེ་འཇམ་རྩི་དང་ནི་རུ་ཧ་གཏོང་བ་ལ་བསྔགས་ཤིང༌། དེ་དང་འདྲ་བའི་ཕྲ་མོ་ནི་རྨ་བཀྲུ་བ་ལ་སྦྱར་བར་བྱའོ། །རབ་ཏུ་གླང་འོག་ཅན་གྱི་རྭ་ལས་བྱས་པའི་རྔབས་རྭ་དཔངས་སུ་སོར་ལྔ་དང་ཁ་ཞེང་ལ་སོར་གསུམ་ཡོད་པ་སོགས་ནད་དམིགས་དང་བསྟུན་པའི་རྩེ་མོ་ནུ་སོར་རམ་པདྨའི་སྙིང་པོ་ལྟ་བུའི་དབུས་སུ་བུག་པ་ཡུངས་ཀར་ཤོང་བའི་རྣམ་པས་ཆུ་སེར་དྲང་བ་དང༌། དེ་བཞིན་དུ་ཟངས་སོགས་ལས་བྱས་པའི་བུམ་པ་ལྟོ་བའི་ཁྱུད་འཁོར་ལ་སོར་ནི་བཅོ་བརྒྱད་པ་ལ་སྲིད་དུ་སོར་བཅུ་གཉིས་དང་བྱ་སླ་དེ་ལས་ཐུང་བ་ཁ་ཟླུམ་པོ་སོར་མོ་བཞི་གཤིབས་ནས་ཤོང་བ་དེ་ལྟ་བུའི་ནང་དུ་གྲོ་ག་ཤོག་བུ་སོགས་མེ་སྦར་བ་བཙུགས་པ་རླུང་ཁྲག་འཐབས་པས་གཟེར་བ་དང༌། ཕྱི་སྐྲན་མཐའ་དག་འཇུ་ཞིང་འདྲེན་པ་ལ་སྦྱར་བར་བྱ་བ་དང༌། མེ་ལོང་བཀས་པ་སོགས་ལས་བྱས་པའི་སྤུ་གྲི་ཟླ་བ་ཚེས་པ་སྟེ་ཡར་ངོའི་ཚེས་གཉིས་གསུམ་གྱི་ཟླ་བའི་དབྱིབས་ལྟ་བུ་རྣོ་ངར་དང་ལྡན་པས་མགོ་བོའི་སྐྲ་བཞར་བར་བྱ་བ་དང༌། ཡོག་གི་ཐོད་དེ་ཡོས་དཀྲུག་པའི་མགོ་ལྟ་བུ་ཕྱོགས་གཉིས་ཀའམ་སྦྲུལ་མགོ་གདེངས་པ་བཞིན་དུ་ཕྱོགས་གཅིག་ལས་མེད་ཀྱང་རུང་སྟེ་རྩེ་མོ་སོར་གཉིས་གུག་པའི་ཁ་ངོས་མཉམ་སྲིད་སོར་བཅུ་དང་ལྡན་པ་ནི་ཏེལ་པ་ཞེས་བྱ་སྟེ་དེས་འབྲས་དང་ལྷོག་པ་སོགས་གློ་བུར་སྐྲངས་པ་འགའ་ཞིག་བསྲེག་པར་བྱ་བ་དེ་ལ་མན་རྒྱུད་ནས་འབྱུང་བ་ལྟར་རྒྱུ་གསེར་ལྕགས་འཁར་བ་ཟངས་བཞི། མདུང་རྩེ་ལྟ་བུའི་དབལ་དང་ལྡན་ཞིང་ཕྲ་ལ་འཇམ་པའི་རྩེ་མོ་ནས་གང་གུག་སོར་བྱས་པ་ནི་ཤའི་ཁབ་ཅེས་བྱ་བ་ཤ་དང་པགས་པ་རལ་བ་བཙེམ་པ་ལ་སྦྱར་བ་དང༌།

དེ་ལྟར་ཟུག་རྔུ་བརྟག་པ་ལ་སོགས་པའི་ཆ་བྱད་ཀྱི་རྣམ་པ་ཇི་སྐད་བཤད་པ་རྣམས་དང༌། གཞན་ཡང་དཔྱད་ཀྱི་ཚུལ་ནད་རིགས་དང་སྨན་སོགས་ལ་གང་ལ་གང་མཁོའི་དབྱིབས་བློ་དང་ལྡན་པས་ལེགས་པར་དཔྱད་ནས་བཟོས་ཏེ་སྦྱར་བར་བྱའོ་ཞེས་གསུངས་པ་ལྟར་བྱིས་བཙས་དཔྲལ་ལྕེར་གུར་ཀུམ་གྱི་ཧྲྰིཿཐེལ་རྒྱག་པའི་ཏེལ་པ་ནང་དུ་ཧྲྰིཿཀྱོང་བརྐོས་དང་སྨན་ཐུར་དང་རྭ་ཤིང་སོགས་ལ་བསྔགས་པ་དང༌། ལྕགས་སོགས་རིན་པོ་ཆེ་གསེག་བརྡར་མིག་སྨན་འདེབས་པའི་ཐུར་མ། མིག་སྒོར་རྩ་མི་འགྱུར་བའི་གཙགས་གདན། མིག་ཏུ་སྒོ་བཞི་སོགས་ཀྱི་ཏེལ་གདན་མིག་གསུམ་ལ་སྨན་ཁྱེམ། གསོ་དཔྱད་རང་ལུགས་ཀྱི་ལུག་ཉིའི་སྒྲིབ་ཤིང་དང་སྦྲགས་རི་བོང་རྐང་གཤིབས་པའི་ཡུ་བར་ཕག་པའི་ཟེ་བ་སོགས་ཀྱི་སྨན་ཕྱགས་དང༌། རྩིང་ཞིབ་དབྱེ་བའི་སྨན་ཚགས་ཀྱི་རིམ་པ་སོགས་ཉེ་བར་མཁོ་བའི་རིམ་པ་རྣམས་སོ། །དེས་ན་འདིར་ཆ་བྱད་རྣམས་གཙོ་བོར་གསུངས་ཀྱི་དཔྱད་བྱེད་ཚུལ་ཞིབ་པར་དུམ་བུ་འོག་མ་གཉིས་སུ་ཤེས་པར་བྱའོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་གཉིས་པ་བཤད་པའི་རྒྱུད་ཀྱི་གཉེན་པོ་ཆ་བྱད་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ།། །།



མཐའ་མའི་འདོན་ཐེངས་།: 05.09.2023 ཉིན། 11:17 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།