སྨན་རྩིས་དྲ་བ། - བཤད་རྒྱུད།

ལེའུ་ཉི་ཤུ་བ། སྨན་གྱི་ནུས་པ་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 17.08.2011
བཤད་རྒྱུད། >> ལེའུ་ཉི་ཤུ་པ། སྨན་གྱི་ནུས་པ་བསྟན་པ།



ལེའུ་ཉི་ཤུ་པ། སྨན་གྱི་ནུས་པ་བསྟན་པ། 

ལེའུ་བཅུ་དགུ་པ་བཤད་ཟིན་པའི་རྗེས་ཐོག་དེ་མ་ཐག་དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །དེ་ཡང་ཀྱེ་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་ཅེས་གདམས་སོ། །འདི་ལྟར་སྨན་རྣམས་ཀྱི་ནུས་པ་བཤད་པ་དེ་ལའང་རོའི་དབང་དུ་བྱས་པའི་ནུས་པ་དང་རྫས་རང་རང་གི་ངོ་བོའི་དབང་དུ་བྱེད་པའི་ནུས་པ་གཉིས་ཏེ། མིང་གི་རྣམ་གྲངས་ནུས་པ་སྤྱིར་བཤད་པ་དང༌། བྱེ་བྲག་ཏུ་བཤད་པ་ཞེས་སུ་བྱ་བར་ཡང་གསུངས་པ་ཡིན་ནོ། །ནུས་པ་ལ་སྤྱི་བྱེ་བྲག་གཉིས་ཀྱི་དང་པོ་སྤྱིར་བཤད་པ་དང༌། རོའི་དབང་དུ་བྱས་པའི་ནུས་པ་བཤད་པ་དེ་ལའང་ནང་གསེས་ཀྱི་ནུས་པ་སྤྱི་དང་བྱེ་བྲག་སྟོབས་དང་ཡོན་ཏན་གསུམ་དུ་བཤད་པར་བྱའོ།།

སྨན་གྱི་ནུས་སྟོབས་ཡོན་ཏན་གསུམ་གྱི་ནང་ཚན་ནུས་པ་ཞེས་བྱ་བ་ནི་ལྕི་བ་དང་སྣུམ་པ་དང་བསིལ་བ་དང་རྟུལ་བ་སྟེ་རྩ་བའི་ནུས་པ་བཞི་དང༌། དེ་ལས་གོ་ལྡོག་པ་ཡང་བ་དང་རྩུབ་པ་དང་ཚ་བ་དང་རྣོ་བ་སྟེ་རྣམ་པ་བརྒྱད་དོ། །དེའི་ནང་ནས་དང་པོའི་ནུས་པ་ལྕི་སྣུམ་བསིལ་རྟུལ་བཞི་པོས་རིམ་པ་བཞིན་དུ་ལྕི་སྣུམ་གཉིས་ཀྱིས་རླུང་དང༌། བསིལ་རྟུལ་གཉིས་ཀྱིས་མཁྲིས་པ་སེལ་བ་ཡིན་ལ། འོག་མ་ཡང་རྩུབ་ཚ་རྣོ་བཞིས་བད་ཀན་སེལ་བར་བྱེད་དོ། །དེ་བཞིན་དུ་ཡང་རྩུབ་བསིལ་བའི་ནུས་པ་གསུམ་གྱིས་རླུང་སྐྱེད་ཅིང༌། ཚ་རྣོ་སྣུམ་པ་གསུམ་གྱིས་མཁྲིས་པ་སྐྱེད་པར་བྱེད་ལ། ལྕི་བ་སྣུམ་པ་བསིལ་བ་རྟུལ་བ་བཞིས་བད་ཀན་སྐྱེད་པར་བྱེད་པ་ཡིན་ནོ། །དེ་ལྟ་བས་ན་འཆད་འགྱུར་གྱི་ཡོན་ཏན་མ་ལུས་པ་ཀུན་གྱི་སྙིང་པོར་གྱུར་པ་དང༌། གཞན་ལས་ཕུལ་དུ་བྱུང་བའི་ནུས་པའི་ཁྱད་པར་དང་ལྡན་པ་ཉིད་ཀྱི་དབང་གིས་མིང་གི་རྣམ་གྲངས་མཐུ་ཞེས་འཇིག་རྟེན་དང་བསྟན་བཅོས་གཉིས་པར་ནུས་པ་ཆེས་ལྷག་པར་བརྗོད་པ་བཞིན་ནོ།།

གངས་ཅན་ཞེས་བྱ་བ་སྲིབས་རི་དང༌། འབིགས་བྱེད་ཅེས་པ་གདགས་རི་སྟེ་དེ་གཉིས་གོ་རིམ་བཞིན་དུ་སྔ་མ་ནི་ཟླ་བའི་སྟོབས་བསིལ་བ་དང༌། ཕྱི་མ་ནི་ཉི་མའི་སྟོབས་དྲོད་ཀྱི་རང་བཞིན་ཅན་དུ་གནས་པ་ལས་དེ་གཉིས་སུ་རང་རང་གི་ནུས་པ་དང་མཚུངས་པའི་སྨན་སྐྱེས་ཤིང༌། སྐམ་སྲེག་སོགས་རང་རང་དང་མཚུངས་པ་རྣམས་བསིལ་དྲོད་ཀྱི་སྟོབས་ཕུལ་དུ་བྱུང་བ་དང་ལྡན་པ་ཡིན་པས་ན་སྟོབས་ཞེས་བྱ་བའི་མིང་ཐོབ་བོ། །དེ་དག་ལ་སོགས་པ་ཚ་བའི་སྟོབས་དང་ལྡན་པའི་སྨན་རྣམས་ཀྱིས་གྲང་བའི་ནད་རྣམས་སེལ་བར་བྱེད་ཅིང༌། བསིལ་བའི་སྟོབས་དང་ལྡན་པའི་སྨན་རྣམས་ཀྱིས་ནི་ཚ་བའི་ནད་རྣམས་སེལ་བར་བྱེད་པ་ཡིན་ནོ།།

ནད་ཀྱི་མཚན་ཉིད་ཉི་ཤུ་འཇོམས་པའི་ཡོན་ཏན་ནི་རྩུབ་པ་ལས་ལྡོག་པའི་འཇམ་པ་དང༌། ཡང་བ་ལས་ལྡོག་པའི་ལྕི་བ་དང༌། གྲང་བ་ལས་ལྡོག་པའི་དྲོ་བ་དང་ཕྲ་བ་ཞེས་སྐྱ་བ་ལས་ལྡོག་པའི་སྣུམ་པ་དང༌། གཡོ་བ་ལས་ལྡོག་པའི་བརྟན་པ་དང༌། སྣུམ་ལ་དྲོ་བ་ལས་ལྡོག་པའི་གྲང་བ་དང༌། རྣོ་བ་ལས་ལྡོག་པའི་རྟུལ་བ་དང༌། ཚ་བ་ལས་ལྡོག་པའི་བསིལ་བ་དང༌། སྲ་བ་ལས་ལྡོག་པའི་མཉེན་པ་དང༌། དྲི་མནམ་བཞིན་གར་བ་ལས་ལྡོག་པའི་སླ་བ་དང༌། གཤེར་བའམ་སླ་བ་དང་འཁྲུ་བ་ལས་ལྡོག་པའི་སྐམ་པ་དང༌། སྣུམ་པ་ལས་ལྡོག་པའི་སྐྱ་བ་དང༌། བསིལ་བ་ལས་ལྡོག་པའི་ཚ་བ་དང༌། ལྕི་བ་ལས་ལྡོག་པའི་ཡང་བ་དང༌། རྟུལ་བ་ལས་ལྡོག་པའི་རྣོ་བ་དང༌། འཇམ་པ་དང་འབྱར་བག་ལས་ལྡོག་པའི་རྩུབ་པ་དང༌། བརྟན་པ་ལས་གོ་ལྡོག་པའི་གཡོ་བ་སྟེ་བཅུ་དང་ཉག་མ་བདུན་པོ་འདི་ཉིད་ཀྱིས་རླུང་ནད་ཀྱི་མཚན་ཉིད་ནི། རླུང་ལ་རྩུབ་ཡང་གྲང་ཕྲ་སྲ་གཡོ་དྲུག མཁྲིས་པར་སྣུམ་རྣོ་ཚ་ཡང་དྲི་མནམ་འཁྲུ་གཤེར་བདུན་པོ་བད་ཀན་ལ་སྣུམ་བསིལ་ལྕི་རྟུལ་འཇམ་བརྟན་འབྱར་བག་ཅན་བདུན་ཏེ་ཉི་ཤུ་པོ་རླུང་མཁྲིས་ཀྱི་ཡང་བ་གཉིས་ལ་གཉེན་པོ་ལྕི་བ་གཅིག བད་མཁྲིས་ཀྱི་སྣུམ་པ་གཉིས་ལ་གཉེན་པོ་སྐྱ་བ་བད་ཀན་གྱི་འཇམ་པ་འབྱར་བག་གཉིས་ལ་གཉེན་པོ་རྩུབ་པ་རྣམས་ཀྱིས་འཇོམས་པ་དེའི་ཕྱིར། སྨན་གྱི་ཡོན་ཏན་བཅུ་བདུན་ཞེས་སུ་རྩོད་པ་དང་བྲལ་བའི་རྒྱུད་འདིར་ལེགས་པར་བཤད་པ་ཡིན་ནོ།།

གོང་དུ་བཤད་མ་ཐག་པའི་ནུས་པ་བརྒྱད་སྟོབས་གཉིས་ཏེ་ཡོན་ཏན་བཅུ་བདུན་པོ་དེ་དག་ཕལ་ཆེར་ནི་རོ་མངར་སྐྱུར་ལན་ཚྭ་ཁ་ཚ་བསྐ་བ་སྟེ་དྲུག་ལས་རྗེས་སུ་འབྱུང་བ་ཡིན་ཏེ། རོ་དེ་ནི་ས་ཆུ་ལ་སོགས་པའི་འབྱུང་བ་རྣམས་ལ་བརྟེན་ནས་བྱུང་བ་དེའི་ཕྱིར་ན་ལྕི་སྣུམ་བསིལ་རྟུལ་ལ་སོགས་པ་ནུས་པ་ཐམས་ཅད་རོ་དྲུག་པོ་དེ་ལས་འབྱུང་བ་ཡིན་པས་ལན་ཚྭ་དང་བསྐ་བ་དང་མངར་བ་རྣམ་གསུམ་ནི་རིམ་པ་བཞིན་དུ་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་དག་ལྕི་བ་ཡིན་ཞིང༌། དེ་བཞིན་ལན་ཚྭ་སྐྱུར་མངར་གསུམ་ནི་ཕྱི་མ་ཕྱི་མ་སྣུམ་པ་ཡིན་ལ། བསྐ་ཁ་མངར་བ་གསུམ་ཡང་རིམ་པ་བཞིན་བསིལ་བ་ཡིན་པ་དང༌། ཁ་བསྐ་མངར་བ་རྣམས་ནི་རིམ་པ་ལྟར་རྟུལ་བ་དང༌། སྐྱུར་ཚ་ཁ་བ་རྣམ་པ་གསུམ་ནི་གོ་རིམ་ལྟར་ཡང་ལ་རྩུབ་པ་དང༌། ཚ་སྐྱུར་ལན་ཚྭ་རྣམ་པ་གསུམ་ནི་ཚ་ལ་རྣོ་བའི་གོ་རིམ་དང་ལྡན་པ་ཡིན་ནོ། །རོ་མངར་བ་ལྟ་བུའི་ཞུ་རྗེས་ཀྱང་མངར་བར་ཞུ། ནུས་པ་ཡང་ལྕི་རྟུལ་བསིལ་སླ་སྣུམ་བརྟན་སོགས་རོ་ནུས་ཞུ་རྗེས་མཐུན་པ་མ་བཅོས་པའི་རོ་གང་ཡང་ཡོད་པ་དེ་སྟོབས་ཅན་ཡིན་ལ། གལ་ཏེ་རོ་ནུས་ཞུ་རྗེས་མཉམ་དུ་ཟིན་ཀྱང་ནུས་པ་སོ་སོའི་རྟེན་འབྱུང་བ་ལྔ་ཤས་ཆེ་ཆུང་གི་སྟོབས་དང་མཐུས་མི་འདྲ་བ་ཡོད་དེ་རང་བཞིན་གྱི་སྨན་སོ་སོའི་རོ་ལས་ནུས་པ་དང་ཞུ་རྗེས་ཀྱིས་གཞན་དུ་གྱུར་པ་དང༌། ཐང་ཕྱེ་ལ་སོགས་པ་སྦྱར་བའི་དབང་དུ་གྱུར་པ་ལས་ནད་གང་སེལ་བའི་སྟོབས་མི་འདྲ་བ་སྣ་ཚོགས་སུ་འབྱུང་བར་འགྱུར་བ་སྟེ་དེའི་ཕྱིར་དེ་དག་རྣམས་མི་མཐུན་ན་གང་མི་མཐུན་པ་དེའི་འོག་མས་གོང་མ་རོ་ལས་ནུས་པ་ལས་ཞུ་རྗེས་དེ་ལས་སྦྱར་བ་ལ་སོགས་པས་རིམ་གྱི་ཟིལ་གྱིས་གནོན་པར་འགྱུར་བ་ཡིན་ནོ། །རྒྱུ་མཚན་དེ་ལྟ་བས་ན་དེ་གསུམ་ག་གོང་དུ་སྨོས་པ་ལྟར་ཐམས་ཅད་མཐུན་པ་ཞིག་བྱུང་ན་རོ་ཡིས་ལས་བྱེད་པ་ཞེས་བྱ་ལ། རོ་བཞིན་གྱི་ལས་མི་བྱེད་དེ་རོའི་དབང་དུ་བྱས་ན་མཁྲིས་པར་ལྕེ་མྱང་རྒྱ་ཚྭ་ལྟ་བུ་གནོད་པར་འདུག་སྙམ་པ་ཞིག་ཀྱང་མི་གནོད་པར་ཞུ་རྗེས་ཀྱི་ལས་གཙོ་བོར་བྱེད་ཅིང་ཕན་པ་འབྱུང་བ་ཡིན་ནོ། །དེ་ཡང་དཔེར་ན་རོའི་དབང་བྱས་ན་ཀ་རཉྫ་ལྟ་བུས་བད་རླུང་སྐྱེད་ཀྱང་དེ་ལས་གོ་ལྡོག་པའི་ངོ་བོའི་ནུས་པ་དྲོ་བས་བད་རླུང་སེལ་བ་བཞིན་གྱི་ལས་བྱེད་པ་ཡིན་པས་དེས་ན་ཐང་ཕྱེ་སོགས་སྦྱོར་བ་ཐམས་ཅད་ལ་རོས་ལས་བྱེད་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས། དེ་བཞིན་དུ་ནུས་པས་ལས་བྱེད་པ་རྣམས་ནུས་པར་བསྡེབས། ཞུ་རྗེས་ཀྱིས་ལས་བྱེད་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་ཏེ་སྦྱར་དགོས་པས་སླད་ནས་སྨན་པ་རྣམས་ཀྱིས་དེ་ལྟ་བུའི་སྦྱོར་ཚུལ་མ་ཤེས་ན་མན་ངག་རྒྱུད་ལས་ལུས་ཀྱི་སྤྱི་བོ་ནས་རྐང་མཐིལ་བར་གྱི་ནད་རེ་ལ་སྨན་གྱི་སྦྱོར་བ་རེ་གསུངས་སྣང་བས་དེ་ཉིད་ལའང་བློ་ཤིན་ཏུ་ཞིབ་པར་སྦྱངས་ཏེ་ཤེས་པར་བྱ་དགོས་པ་ཡིན་ནོ།།

སྨན་གྱི་ངོ་བོ་རྫས་རེ་རེའི་ནུས་པ་ཞིབ་ཏུ་བསྟན་པ་ལ་ནི་རིན་པོ་ཆེའི་སྨན་དང་སའི་སྨན་དང་རྡོའི་སྨན་དང་ཤིང་གི་སྨན་དང་རྩིའི་སྨན་དང་ཐང་སྨན་དང་སྔོ་སྨན་དང་སྲོག་ཆགས་ཀྱི་སྨན་དང་བཅས་ཏེ་དབྱེ་བ་རྣམ་པ་སྤྱིར་བཏང་བརྒྱད་དུ་བཤད་ཅིང་ཚྭ་དང་བཅས་དགུར་འདོད་པ་ཡིན་ནོ།།

དེ་ལ་དང་པོ་རིན་པོ་ཆེའི་སྨན་གྱི་ནུས་པ་ནི། གསེར་ལ་སྤྱིར་མིང་སུམ་ཅུ་སོ་གཉིས་སོགས་བཤད་ཀྱང་རྒྱུད་འདིར་ནི་གཅིག་ཏུ་འཛིན་ལ། འོན་ཀྱང་རིགས་ཀྱིས་དབྱེ་ན་དམར་པོ་དང་སེར་པོ་གཉིས་ལས། དང་པོ་ནི་བྱ་མེ་ཟན་ནམ་ཚེ་རིང་གིས་འཛམ་བུ་ཆུ་བོའི་གསེར་རྒྱ་མཚོའི་འགྲམ་དུ་ཆགས་པ་ཟོས་ནས་རྒྱ་ནག་དང་ཧོར་གྱི་ཡུལ་དུ་བྲུན་བཏང་བ་ལས་བྱུང་བ་ཁ་དོག་དམར་པོ་དྲིལ་བུ་སོགས་བཅོས་ན་གསུང་ཤིན་ཏུ་སྙན་པ་འབྱུང་བ་ཞིག་དང༌། གཞན་ཡང་ཟངས་དམར་གཡའ་ཆགས་པ་ལྟ་བུ་ཛྷྱེ་ཁྱིམ་ཟེར་བ་བཙན་དུག་གི་ཆུ་བྱུགས་ན་འཇའ་ཚོན་འཕྲོ་བ་དུག་བརྟག་པའི་མཆོག་ཏུ་གྱུར་པ་དང་གཉིས། གསེར་སེར་པོ་ལའང་མཆོག་དམན་གཉིས་ལས་མཆོག་ས་ལེ་སྦྲམ་དང༌། ཕལ་པ་སིལ་མ་ལ་སེར་པོ་དམར་མདངས་ཅན་དང༌། སེར་རྐྱང་སྔོ་མདངས་ཅན་དཀར་ཤས་ཆེ་བ་བཅས་རིམ་གྱིས་མཆོག་དམན་ལས་འཁྲུལ་སོ་ཆུང་ཞིང༌། འོན་ཀྱང་བརྟག་པ་རྣམ་པ་གསུམ་སོགས་བཤད་པ་ལྟར་གསེར་དང་གསེར་མིན་དབྱེ་བ་ཕྱེད་དགོས་ལ། གཞན་ཡང་བཟོས་པའི་གསེར་དམན་པ་ནི་དུ་མ་འབྱུང་ལ། དེ་རྣམས་རོ་བསྐ་ཞུ་རྗེས་བསིལ་ཞིང་ནུས་པ་ནི་ཡན་ལག་བརྒྱད་པ་ལས་ཀྱང༌། པདྨའི་འདབ་མར་ཆུ་བཞིན་དུ། གསེར་གྱི་ཡན་ལག་ལ་མི་ཆགས། །ཚེ་ཡང་རིང་དུ་འཕེལ་བར་འགྱུར། །ཞེས་དང༌། ཟླ་ཟེར་ལས། གང་གི་ཕྱིར་གསེར་འཐུངས་པར་གྱུར་པས་དུག་ཟོས་པའི་ཡན་ལག་རྣམས་ལ་དུག་དེ་ཆགས་ཤིང་ཞེན་པར་མི་འགྱུར་ཏེ། དཔེར་ན་པདྨའི་འདབ་མར་ཆུ་ཆགས་པར་མི་འགྱུར་བ་དེ་བཞིན་དུ་དུག་ཆགས་པར་མི་འགྱུར་བ་དང༌། དེ་བཞིན་དུ་གསེར་འཐུངས་པར་གྱུར་པ་དག་ནི་ཚེ་རིང་ཞིང་འཕེལ་བར་འགྱུར་བ་ཉིད་ཀྱང་ཐོབ་པར་འགྱུར་རོ་ཞེས་དང༌། སྦྱར་དུག་ལའང་ཆོག་འདི་ཞེས་སོགས་བཤད་པ་ལྟར་ཚེ་རིང་ཞིང་རྒས་དཀའ་སྲ་བ་དང་དབྱིག་དུག་ཀླུ་གདོན་རྣམས་སེལ། དངུལ་ལ་སྤྱིར་མིང་བཅུ་ཙམ་བཤད་ཀྱང་འདིར་གཅིག་སྟེ་དེའང་དངུལ་རྡོར་གྲགས་པ་བཞུས་པ་ལས་འབྱུང་ཡང་ངོ་བོ་ལ་ར་དངུལ་ལུག་དངུལ་གཉིས་སུ་འདོད། འོན་ཀྱང་དེང་སང་གི་དངུལ་དུ་དབྱེ་ན་ཧོར་དངུལ་ཤིང་ཁ། རྒྱ་དངུལ་འོ་མ་ཁ། རྒྱ་གར་བལ་མོན་གྱི་ཏྲཾ་ཀ རྒྱ་སེར་གྱི་འདྲ་མེན་སོགས་ར་དངུལ། ཁམས་དངུལ་ཞོ་ཁ་མ། ལྕགས་དང་བཤའ་དཀར་ཞ་ཉེ་ཟངས་སོགས་ལས་འོང་བ་རྣམས་ལུག་དངུལ། གཞན་ཡང་ཤིང་དང་ས་ལས་འབྱུང་བར་བཤད་པ་རྣམས་རོ་དང་ཞུ་རྗེས་གསེར་དང་མཚུངས་པ་རྣམས་ཀྱི་ནུས་པས་ཆུ་སེར་གྱི་ནད་དང་རྣག་ཁྲག་རྣམས་སྐེམ། ཟངས་ལ་སྤྱིར་མིང་བཅུ་གཉིས་ཙམ་བཤད་ཀྱང་འདིར་གཅིག་སྟེ། དེའང་མཆོག་རང་བྱུང་གི་ཟངས་དང༌། རྡོ་བཞུས་པ་ལས་བྱུང་བའི་མདོག་དམར་ནག་གྱོང་བ་ལྕགས་ཟངས། དམར་ལ་མཉེན་པ་གསེར་ཟངས་སོགས་ནི་རོ་མངར་ཞུ་རྗེས་བསིལ་བའི་ནུས་པ་དང་ལྡན་པ་རྣམས་ཀྱིས་རྣག་སྐེམ་ཞིང་གློ་བ་དང་མཆིན་པའི་ཚ་བ་སེལ། ལྕགས་ལ་སྤྱིར་མིང་དགུ་ཙམ་བཤད་ཀྱང་འདིར་གཅིག དེའང་ལྕགས་རྡོ་ཁབ་ལེན་མདུང་རྩེ་སྲོག་ཆགས་ལས་འབྱུང་བ་སོགས་དཀར་ནག་རིགས་བཞི་ཙམ་འོང་ཡང་འཁྲུལ་གཞི་ཆུང་བས་མ་སྨོས་ལ། དེ་དག་རྣམས་ནི་རོ་སྐྱུར་ཞིང་ཞུ་རྗེས་བསིལ་བའི་ནུས་པས་མཆིན་དུག་དང་མིག་ནད་སྐྱ་རྦབ་རྣམས་སེལ་ལ། དེ་ལྟར་གསེར་དངུལ་ཟངས་ལྕགས་བཞི་ནི་བཞུ་བའི་ཁམས་ཞེས་བྱ་བའི་སྡེ་ཚན་ནོ། །གཡུ་ལ་སྤྱི་དང་འདི་གཉིས་ཀར་མིང་གཅིག་སྟེ་ངོ་བོ་ལ་མཆོག་དང་ཕལ་པ་གཉིས་ལས་སྔོ་ཞིང་དཀར་ལ་བཀྲག་མདངས་ཆེ་བ་དྲུག་དཀར། སྔོ་ཞིང་དམར་མདངས་ཆེ་བ་སྣུམ་པ་དྲུག་དམར། དྲུག་དཀར་དམར་དེ་གཉིས་ཀ་ཟིལ་གྱིས་ནོན་པའི་གཡུ་སྤྱང་གསུམ་མཆོག་དང༌། ཕལ་པ་ནི་དྲུག་མར་འདྲ་བའི་བར་གཡུ་དྲུག་དཀར་འདྲ་བ་གཡུ་སྔོན། ཕྱིས་འབྱུང་བའི་རྒྱ་གཡུ་ལ་སོགས་པས་དུག་དང་མཆིན་པའི་ཚ་བ་མ་ལུས་སེལ། གཡུ་དང་རྡོ་ཤེལ་གྱི་རིགས་ལས་བྱུང་བ་རྣམས་ལ་མི་བཞུ་བའི་ཁམས་ཞེས་བྱའོ། །མུ་ཏིག་ལ་སྤྱིར་མིང་བདུན་འདིར་གཅིག་སྟེ། དེ་ཡང་རཀྟ་མུཀྟི་ཀཿ ནི་མུ་ཏིག་དམར་པོ་སྟེ་སངས་རྒྱས་སྲོག་ཆགས་དམར་པོར་འཁྲུངས་པ་ལས་བྱུང་བའི་མུ་ཏིག་དམར་པོ་ཞེས་བྱ་སྟེ་རིན་པོ་ཆེའི་མཆོག་ཏུ་གྲགས་པར་བཤད་པ་དང༌། གནྫ་མུ་ཏིག་ནི་ཆེ་ཆུང་ལུང་ཐང་ཙམ་དཀར་བའི་མདངས་ཅན་གླང་པོ་ཆེ་མཆོག་གི་སྤྱི་བོའམ་མཆེ་བའི་ནང་ནས་ཐོན་པ་དང༌། ཝ་ལུ་མུ་ཏིག་སྔོ་མདངས་ཅན་རྒྱ་གར་ལྷོ་ཕྱོགས་ཀྱི་ནགས་ཁྲོད་ཤིང་དུ་ཡའི་འདབ་མ་ལ་ཆར་བབས་པ་ལས་འབྱུང་བ་དང༌། རམ་པ་མུ་ཏིག་ནི་ཅུང་ཟད་ལྗང་ཉམས་ཅན་ཆེ་ཆུང་སྲན་མ་ཙམ་པ་རྒྱ་གར་ཤར་ཕྱོགས་ཀྱི་གླིང་ཕྲན་ཞིག་གི་ཤིང་ཀེ་ལའི་འདབ་མ་ལ་ཆར་བབས་པ་ལས་འབྱུང་བར་བཤད་པ་དང༌། སྨད་མུ་ཏིག་ནི་དམར་མདངས་ཡོད་པ་ནུབ་ཕྱོགས་ཧོར་ཡུལ་གྱི་སྦྲུལ་འགའ་ཞིག་གི་ཀླད་པ་ལས་འབྱུང་བ་དང༌། ཤིང་པི་ཀ་མུ་ཏིག་ཏུ་གྲགས་པ་ནི་ཆེ་ཆུང་ངེས་མེད་ཅུང་ཟད་སེར་མདངས་ཡོད་པ་སིངྒ་ལའི་རྒྱ་མཚོར་གནས་པའི་སྲོག་ཆགས་ཉ་ཕྱིས་འདྲ་བའི་སྤང་རྩི་ཞེས་པའི་ལྟོ་བ་ལས་བྱུང་བའི་རིགས་དང་རྒྱ་མུ་ཏིག་དཀར་ཉམས་ཅན་ཨ་མདོའམ་འདོལ་ཁ་ཞེས་སྔོ་ཉམས་ཅན་དང་སྲོ་མ་རྒྱ་དཀར་ནག་གི་སྦྱར་ཐིག་ཆུ་མུ་ཏིག་དང་བཅས་པ་དེ་རྣམས་མཆོག་དམན་གོ་རིམ་བཞིན་གྱི་མིག་མེད་ལ་ཕོ། ཤུན་པ་མང་ཞིང་ཁོང་སྟོང་འབྱུང་བ་མོར་འདོད་པ་དེ་གཉིས་ཀྱི་ནུས་པས་ཀླད་པ་འཛག་པ་གཅོད་ཅིང་དུག་ནད་སེལ། ཉ་ཕྱིས་ལ་སྤྱིར་མིང་གསུམ་འདིར་གཅིག་ནི་འཁྲུལ་སོ་ཆུང་ཞིང་ནུས་པ་མུ་ཏིག་དང་ཁྱད་པར་མེད་དོ། །དུང་ལ་སྤྱིར་མིང་ལྔ་འདིར་གཅིག་སྟེ་དེའང་མཆོག་དང་ཕལ་པ་གཉིས་ལས་དུང་ནས་དུང་དུ་སྐྱེ་བ་ལྔ་བར་མ་ཆོད་པར་བླངས་པ་གཡས་འཁྱིལ་ཁ་དོག་ཀུནྡ་ལྟར་དཀར་བ་དང༌། མདོག་དམར་གཟི་དུང་གཉིས་མཆོག་ཡིན་ཞིང་ཕལ་པ་གཡོན་འཁྱིལ་ཡོངས་གྲགས་དང༌། ཚེར་མ་ཅན་བཞིའི་ནུས་པ་བཟང་ངན་རིམ་བཞིན་འབྱུང་བས་རྣག་སྐེམ་ཞིང་འགྱིང་འབིགས་པ་དང་རུས་ཚད་རྣམས་སེལ་མིག་ལ་ཕན། བྱུ་རུ་ལ་སྤྱིར་མིང་གསུམ་འདིར་གཅིག་སྟེ་རྒྱ་མཚོའི་འགྲམ་གྱི་བྲག་དང་བྱེ་མ་ལ་སྐྱེ་བ་ཤིང་གི་རིགས་ཅན་ཡིན་པར་རྡོ་རྗེ་མཁའ་འགྲོ་སོགས་ལས་བཤད་པ་དེ་དག་ཁ་དོག་གི་དབྱེ་བས་རྩེ་དམར་པོ་དང་རྩ་བ་དཀར་པོ་འོང་བ་ཡོངས་གྲགས་དང༌། ནག་པོ་སོགས་གསུམ་དུ་ཡོད་ཀྱང་སྐབས་འདིར་བསྔགས་པ་ནི་དམར་པོ་དེས་མཆིན་ཚད་དང་རྩ་ཚད་དུག་ཚད་རྣམས་སེལ། མུ་མེན་ལ་སྤྱིར་མིང་བཞི་འདིར་གཅིག་སྟེ་ངོ་བོ་རྡོ་རིགས་སྔོན་པོ་ལ་གསེར་བཙག་ཡོད་པ་གསེར་མུ་མེན། གསེར་མེད་པ་རྡོ་མུ་མེན་ཏེ་མཆོག་དམན་གཉིས་ཀྱིས་དུག་དང་ཆུ་སེར་ལས་གྱུར་པའི་མཛེ་ནད་སོགས་སེལ་ལ། དེས་མཚོན་པའི་རིན་པོ་ཆེའི་རིགས་ནི་མཐའ་ཀླས་ཤིང་དེ་དག་གི་ངོས་འཛིན་དཔྱད་དོན་རྣམས་ལས་བཤད་པ་ལྟར་དང༌། དེ་བས་ཀྱང་མཆོག་ནི་དེ་བཞིན་གཤེགས་པའི་རིང་བསྲེལ་ཏེ་དེ་ལའང་རིགས་བཞི། ཉན་ཐོས་སོགས་དང་བཅས་སྤྲོས་པ་མཐའ་ཀླས་ཤིང་དེ་རྣམས་ཀྱི་ནུས་པ་དང་ཕན་ཡོན་སོ་སོ་རིན་ཆེན་རིལ་བུ་ལག་ལེན་ཚད་དང་ལྡན་ན་ཀླུའི་ནོར་བུ་ལྟ་བུ་ནད་རྣམས་མི་སེལ་བ་མེད་ཅིང༌། ཞི་བྱེད་ཀུན་གྱི་ལོག་གནོན་དུ་གྱུར་པ་ཡིན་ནའང་དུག་འདོན་སོགས་ཀྱི་ལག་ལེན་ཚད་དུ་མ་ལྡན་ན་ལྟས་ངན་ཁ་དགུ་མིག་དགུ་ཡིན་པས་ཉེས་དམིགས་ཀྱང་མཐའ་ཀླས་པ་བཤད་ཅིང༌། དུས་དབང་གིས་ཡོ་བྱད་འཛོམ་དུ་སྲིད་ཀྱང་བློན་ཆེན་མགར་གྱིས་དར་ཟབ་མེར་བསྲེགས་ལྟར་ལས་འབྲས་བུ་ཇི་ལྟར་བཤད་པ་བཞིན་མི་འབྱུང་པ་སོགས་ནས་རྒྱས་པར་བཤད་ཀྱང་དགོས་པ་ཆུང་ལ་ཁྱད་པར་སྐབས་འདིར་དེ་ཙམ་མོ།།

རྡོའི་སྨན་རྣམས་ཀྱི་ནུས་པ་བསྟན་པར་བྱ་བ་ནི། སྨུག་པོ་སྦལ་རྒྱབ་ལ་སྤྱི་དང་འདིར་མིང་གཅིག་སྟེ་དེའང་སྨུག་ལ་མཁྲེགས་ཤིང་ལྗིད་ལྕི་བ་སྦལ་པའི་རྒྱབ་ལྟར་ལ་མཆོག་ནི་མཆོད་རྟེན་གྱི་རིས་ཀྱི་འབྲུམ་པ་ཆེ་བ་དང༌། དམན་པ་འབྲུམ་པ་ཆུང་བ་དེ་གཉིས་ཕོ་སྦལ་དང༌། མོ་སྦལ་མཆོག་པདྨའི་རིས་ཡོད་པའི་འབྲུམ་པ་མེད་པ་དང༌། དམན་པ་འབྲུམ་པ་སོགས་གང་ཡང་མེད་པ་རྣམས་ནང་གསེས་སུ་ཕྱེ་བ་དེ་གཉིས་ཀྱིས་ཆུ་སེར་འཕུལ་འདྲེན་སྐེམ་ཞིང་ལྷ་བ་འཛིན་པ་དང་རུས་པ་ཆག་པ་རྣམས་སྦྱོར་ཞིང་ཀླད་པའང་སྡོམ། དཀར་པོ་སྦལ་རྒྱབ་ལ་སྤྱི་དང་འདིར་མིང་གཅིག་ནི་མཁྲེགས་ཤིང་ལྕི་ལ་རྡོའི་སྣ་རིང་བ་འབྲུམ་ཅན་མཆོད་རྟེན་རིས་ཕོ་དང༌། མོ་པདྨ་རིས་ཏེ་དེ་གཉིས་སོ་སོ་ལའང་མཆོག་དམན་དབྱེ་ན་གོང་བཞིན་དུ་འགྱུར་བ་དང༌། དཀར་པོ་ཆིག་ཐུབ་དང༌། སྨུག་པོ་ཆིག་ཐུབ་ལ་སྤྱིར་མིང་གཅིག་དང་འདི་སྐབས་སུ་མདུང་རྩེ་དེ་ལ་ཨ་བ་ཞེས་པ་དང་གསུམ་སྟེ། དེའང་མཆོག་འཁྱག་པ་འཇིབས་པ་འདྲ་བ་འཇམ་ཞིང་འབོལ་ལ་སྣ་རིང་བ་བཅག་ན་རྒྱ་ཁབ་གཤིབས་པ་ལྟར་རྣོ་ངར་དང་ལྡན་པ་དེ་ཉིད་མདོག་གི་དབྱེ་བས་དཀར་པོ་ཆིག་ཐུབ་དང་སྨུག་པོ་ཆིག་ཐུབ་ཏུ་གྲགས་པ་ལ་མཆོག་དམན་ཀྱང་འོང་བ་དང༌། ཁ་ཅིག་སྨུག་པོ་ཆིག་ཐུབ་ཅེས་རྡོ་ག་བུར་རམ་དྲི་ལྡན་དུ་གྲགས་པར་སྤྱིར་མིང་བཞི་འདིར་གཉིས་ཏེ་དེའང་དབྱིབས་གཡམ་པ་ལྟ་བུ་མདོག་སྨུག་ནག་དྲི་ཆེ་བ་དང༌། དེ་དང་འདྲ་བའི་མདོག་དཀར་དེ་དཀར་པོ་ཆིག་ཐུབ་ཏུའང་བཞེད་པ་སྣང་བ་ལ་སོགས་པ་རྣམས་སྨུག་པོ་སྦལ་རྒྱབ་དེ་དང་ནུས་པ་འདྲ། དེ་ལྟར་བཤད་པའི་སྦལ་རྒྱབ་གཉིས་དང་མདུང་རྩེ་གཉིས་ལ་རྡོའི་རྒྱལ་པོ་སྡེ་བཞིར་རྗེ་ཟུར་མཁར་བ་བཞེད་མོད་ཀྱང་བྱང་ལུགས་ལག་ལེན་ཕྱི་རྒྱུད་ནས་གསུངས་པའི་སྦལ་རྒྱབ་གཉིས་ཀྱི་སྟེང་གངས་ཐིག་དང་ཅོང་ཞི་ལ་བཞེད་པ་ངོ་བོ་གཉིས་ཀ་མཁས་པའི་གསུང་དུ་སོང་བས་རུང་བ་ཞིག་ཡིན་ནམ་སྙམ་ནའང་མདུང་རྩེ་ཆིག་ཐུབ་ལ་བཞེད་གཤིས་སྦལ་རྒྱབ་དང་མདུང་རྩེ་ནུས་པ་གཅིག་པའི་སྐྱོན་གྱིས་ཕྱི་མ་ལག་ལེན་དུ་ལེགས་སོ། །གངས་ཐིགས་ལ་སྤྱི་དང་འདིར་མིང་གཅིག་དེའང་རིགས་ཀྱི་དབྱེ་ན་མོ་ཅོང་གི་རིགས་དཀར་ཞིང་སོབ་པ་མཉེན་ལ་འབོལ་བ་ཞིག་དང༌། རིལ་མོ་སྲན་མ་ཙམ་མཁྲེགས་ལ་དཀར་ལ་འབྱུང་བ་གཉིས་ཀྱིས་དེ་བཞིན་དུ་མཆིན་པའི་ཚ་བ་སེལ། ཁབ་ལེན་ལ་སྤྱིར་མིང་བཞི་འདིར་གཅིག་ནི་རིགས་བཞི་སྟེ། འགུགས་བྱེད་གཅོད་བྱེད་འབིགས་བྱེད་སྐོར་བྱེད་དེ་བཞི་ལའང་མཆོག་འབྲིང་དམན་གསུམ་ལས་མཆོག་རི་རབ་ཀྱི་ལྷོར་ཁབ་ལེན་གྱི་བྲག་སེང་གེ་ལྟ་བུ་ཡོད་པའི་དབང་གིས་ལོགས་ཁྱིམ་སོགས་ལྕགས་རྣམས་ཀྱི་ཁ་ཕྱོགས་བྱང་དུ་གཏོད་པ་དང༌། འབྲིང་རྒྱ་ནག་སོགས་ནས་འབྱུང་བ་ཁབ་བཅུ་ཙམ་སྦྲེལ་ནས་ལེན་ཐུབ་པ་དང༌། ཕལ་པ་ནི་རྡོ་སྨུག་ནག་ཁ་བ་ལ་སོགས་པའི་ལྕགས་རིགས་ལེན་ཐུབ་ཙམ་པ་བཅས་ཀྱིས་ཁོང་པ་སོགས་ལ་མདེའུ་སོང་བ་རྣམས་འབྱིན་ཞིང་ཀླད་པ་དང་རུས་པའི་རྩ་ནད་ཀྱང་སེལ། བེ་སྣབས་ལ་སྤྱི་དང་འདིར་མིང་གཅིག་ནི་མདོག་གི་དབྱེ་བས་རིགས་སེར་སྐྱ་དང་སེར་སྨུག་གཉིས་ཀྱིས་རུས་པ་སྦྱོར་ཞིང་རྨེན་པ་གཅོད་པ་དང་ཤའུ་སྐྱེད། མཉྫིར་ལ་སྤྱི་དང་འདིར་མིང་གཅིག་སྟེ། དེ་ཡང་ཟུར་མཁར་བ་རྡོ་ནག་མཁྲེགས་ཤིང་དངུལ་ཆུ་འཆིངས་པར་དགོས་པ་དེ་ཉིད་ལ་བཞེད། གོང་སྨན་པ་དང་སྐྱེམས་པ་ཚེ་དབང་མདོག་མཆིན་པ་འདྲ་བའི་འོད་འཚེར་བ་ཞིག་ལའང་བཞེད་ཀྱང༌། ངོ་བོ་ནི་མདོག་མ་ངེས་པར་ལུག་གི་རྭ་འདྲ་བ་དང༌། དགའ་འཁྱིལ་གྱི་རི་མོ་ལྟ་བུའམ་ཕོ་སྐོར་གྱི་དབྱིབས་ཅན་རྩིང་བ་ལ་ཕོ། ཞིབ་ཅིང་འཇམ་པ་ལ་མོ། འབྲིང་བར་མ་ནིང་དུ་འཛིན་པ་དེ་དག་གིས་རུས་པའི་ཚད་པ་རྣམས་སེལ་བར་བྱེད། ཕག་མགོ་ལ་སྤྱི་དང་འདིར་མིང་གཅིག་དེའང་འདྲ་བ་རྒྱུ་མཚན་དུ་བྱས་པའི་བཏགས་མིང་སྟེ་ཕག་མགོའི་དབྱིབས་ཅན་མདོག་དམར་སེར་སུལ་རིས་ཡོད་པ་དེས་རུས་པ་ཉམས་པ་རྣམས་གསོ་ཞིང་ཆུ་སེར་འདྲེན། བྱེའུ་མགོ་ལ་སྤྱི་དང་འདིར་མིང་གཅིག་དེའང་ཆེ་ཆུང་དང་འཇམ་རྩུབ་ཀྱི་དབྱེ་བས་བྱེ་མགོ་ནི་ནས་ཟན་གྱི་མགོ་འདྲ་བ་ཁ་དོག་དཀར་སྔོ་འཇམ་ལ་ཆུང་བ་དེ་མཆོག་དང༌། དམན་པ་དམར་སྐྱ་ཆེ་ལ་རྩུབ་ཅིང་ཁྲའི་མགོ་འདྲ་བ་གཉིས་ཀྱི་གོང་མ་ཕག་མགོ་དེ་བཞིན་དུ་ཤའུ་སྐྱེད་པར་བྱེད་པ་དང༌། གསེར་རྡོ་ལ་སྤྱིར་མིང་གསུམ་འདིར་བྱང་ཁོག་དང་མིག་ནད་དུས་ཀྱི་ཏ་བྱ་དང་གཉིས་ཏེ། དེའང་དབྱིབས་ངེས་མེད་ཕྱི་བལྟས་སྨུག་པོ་སེར་ཉམས་ཅན་བཅག་ཁ་གསེར་ལྟར་འཚེར་བ་དེ་ཡིན་པ་དང༌། དངུལ་རྡོ་ལ་སྤྱིར་མིང་གསུམ་འདིར་གཅིག དེའང་དབྱིབས་ངེས་མེད་ཕྱི་བལྟས་སྨུག་ལ་ནང་ནས་དངུལ་མདོག་འཚེར་ཞིང་བཞུས་ན་དངུལ་འབྱུང་བ་དེ་གཉིས་ཀྱིས་ཆུ་སེར་རྣམས་འདྲེན་པར་བྱེད། སྟང་ཟིལ་ལ་སྤྱིར་མིང་བཞི་འདིར་གཅིག་སྟེ་རྡོ་ཁ་དོག་ནག་པོ་བཅག་ན་རྒྱ་ཁབ་གཤིབས་པ་ལྟ་བུ་འོད་ཟེར་འཕྲོ་ཞིང༌། དེ་ཡང་ནག་པའི་ཚད་ནི་རྡོ་བུང་བ་ཞེས་བཅོམ་ལྡན་འདས་ཀྱི་དབུ་སྐྲ་དང་མཚུངས་པར་བཤད་པ་དེ་དང༌། གསེར་ཟིལ་ལ་སྤྱི་དང་འདིར་མིང་གཅིག་དེའང་གསེར་རྡོ་འདྲ་བ་དབྱིབས་སྣ་ཚོགས་འབོལ་བ་འོད་སྣ་རིང་བ་རྒྱ་ཁབ་གཤིབས་པ་ལྟར་འཕྲོ་བ་དེ་དང༌། དངུལ་ཟིལ་ལ་སྤྱི་དང་འདིར་མིང་གཅིག དེའང་དབྱིབས་སྣ་ཚོགས་དངུལ་རྡོ་ལས་འབོལ་ཞིང་ལྗང་བ་འོད་སྣ་རྒྱ་ཁབ་གཤིབས་པ་ལྟར་རིང་བ་དེ་དང་བཅས་པ་གསུམ་གྱིས་རུས་མདོག་འབྱིན་ནོ། །གྲུ་བཞི་ལ་སྤྱིར་མིང་བདུན་འདིར་ཕ་ཝང་ལོང་བུ་དང༌། ཕ་ཝང་ཆོ་ལོང་བཅས་གསུམ་སྟེ་དེའང་མིང་གིས་དོན་སྟོན་པ་དེ་ཉིད་ལ་ཁ་དོག་གི་དབྱེ་བས་དཀར་ནག་གམ་སེར་སྨུག་གཉིས་སུ་བཞེད་པའི་ནང་གསེས་ཀྱི་ནུས་པ་དཀར་པོའམ་སེར་པོས་མིག་ལ་ཕན་ཞིང༌། ནག་པོའམ་སྨུག་པོས་ཁྱི་དུག་ལ་ཕན་སྟེང་གདོན་བསྲུང་སྤྱི་ནུས་ཀྱིས་ཀླད་པ་གསོ་ཞིང་ཆུ་སེར་འདྲེན། ཅོག་ལ་མའམ་རྒྱ་མཚལ་ལ་སྤྱི་མིང་གཅིག་འདིར་དཀར་པོ་ལ་མཚལ་དཀར་དང་གཉིས། དེའང་རང་གྲུབ་དང་དངུལ་ལྡོང་རོས་སོགས་ལ་བཟོས་པར་ཡང་བཞེད་ཅིང་ངོ་བོ་ཁ་དོག་དམར་ནག་རྒྱ་ཁབ་གཤིབས་པ་ལྟར་འོད་ཟེར་འཕྲོ་བ་དཀར་ནག་གཉིས་ཀྱིས་རྩ་དང་ལྷ་བ་རྣམས་འཛིན། དཀར་པོས་འབྲུམ་བུའི་ཚ་བ་སེལ། རྡོ་ཀླད་ལ་སྤྱི་དང་འདིར་མིང་གཅིག དེའང་འདྲ་བ་རྒྱུ་མཚན་དུ་བྱས་པའི་བཏགས་མིང་སྟེ་ཁ་དོག་དཀར་གྲོ་འབྲུམ་པ་ཡོད་པའི་ཀླད་པ་འདྲ་བ་དེས་ཀླད་པ་སྡོམ་ཞིང་ཤའུའང་གསོ། ལི་གྲི་ལ་སྤྱིར་མིང་དྲུག་འདིར་གཅིག་སྟེ། དེའང་རྡོ་ལས་བྱུང་བ་རྩུབ་པ་ཞིག་དང༌། ས་ལས་བྱུང་བ་འཇམ་པ། ཤིང་ལས་བྱུང་བ་སྣ་ཅུང་ཟད་ཡོད་པ། བལ་པོར་ཞ་ཉེ་ལ་བཟོས་པ་སོགས་མཆོག་དམན་ལས་ཁ་དོག་དམར་སེར་ཚོན་དུ་རུང་བ་དེས་རུལ་བ་གཅོད། རྡོ་ཆུ་ལ་སྤྱིར་མིང་གཉིས་འདིར་གཅིག་རྒྱུད་འགར་ཡི་གེ་ཉམས་པས་ད་ཆུར་སོང་བ་བྱང་ཁོག་ལེར་དངུལ་ཆུ་དུག་ཕྲལ་ཞེས་པ་དུལ་བཅས་ཟུབས་པའི་ད་ཆུར་སོང་བའི་དངུལ་ཆུ་སོགས་དང་འཁྲུལ་པ་སྣ་ཚོགས་ཤིང་ཟུར་མཁར་བ་ཟེ་ཚ་བཟོས་པའི་རྗེས་སུ་འབྱུང་བར་བཞེད་པ་དང༌། འགྲེལ་པ་ཁ་ཅིག་ཏུ་མཚལ་གྱི་ད་ཆུར་བཞེད་པ་ཡང་དངུལ་ཆུ་བཤིག་པའི་རྗེས་བཟོས་པ་མཚལ་དཀར་ལའང་འདོད་པ་སོགས་རྣམ་གྲངས་ཇི་སྙེད་ཅིང་རྒྱུད་ཡིག་འདི་སྐབས་ད་ཆུ་རང་གི་དབང་དུ་བཏང་ན་ཡུལ་སྐད་འགར་ད་ཆུ་ཟེར་བ་མཚལ་རྒྱ་ཁབ་གཤིབས་པ་འདྲ་བ་འདི་མཚལ་ལ་ནུས་པ་གསུམ་བཤད་དགོས་ཀྱི་ལྕོག་ལ་མ་ཡིན་པས་ཟློས་སྐྱོན་ཙམ་ལས་ནུས་པ་མི་འགལ་བ་འདུག་ཀྱང་ངོ་བོ་རྡོ་ཆུ་ཞེས་ཏེ་དམ་པ་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་ཡེ་ཤེས་ལེའུའི་ཚིགས་བཅད་ཉིས་བརྒྱ་གཉིས་པར། རྡོ་ཡི་ཆུ་ནི་ས་རུ་གྱུར་ཏེ་རི་བོང་ཅན་གྱི་ཆུ་ནི་ཆུ་དང་མེ་ཡི་ཆུ་ནི་མེ། །ཞེས་དང༌། མ་ལ་ཡའི་འགྲེལ་པ་ལས་ཀྱང༌། རྡོ་ཆུའི་རང་བཞིན་ཆུ་ཚན་ནི། །ཞེས་སོགས་གསུངས་པ་ལྟར་ཆུ་ཚན་རྣམས་ཀྱི་འགྲམ་རྡོ་ཆུ་ལ་སོང་བ་ལྟ་བུའི་ཁ་དོག་སེར་པོ་དེས་རུས་པ་སྦྱོར། རྡོ་མཁྲིས་ལ་སྤྱི་དང་འདིར་མིང་གཅིག་དེའང་སེར་པོ་མཁྲིས་མདོག་ཅན་དབྱིབས་ངེས་མེད་ལྕེ་ལ་གླན་ན་འབྱར་ཞིང་རོ་ཁ་བའི་ཉམས་ཡོད་པ་དེ་མཆོག་དང༌། དམན་པ་ནི་རོ་ཁ་བ་མདོག་ངེས་མེད་དེ་གཉིས་ཀྱིས་རྩ་ཁ་སྡོམ། བཤའ་དཀར་ལ་སྤྱི་དང་འདིར་མིང་གཅིག་སྟེ་དེའང་ཟངས་ལ་བསྲེས་ན་ལི་འབྱུང་བ་དེ་ཡིན་ཡང་དོན་རྡོའི་རིགས་ལས་འབྱུང་བ་དང་རྡོ་སྨན་གྲས་སུ་གསུངས་པས་ན་རྡོ་དེ་ཉིད་དགོས་པར་སེམས་པས་དེ་དག་ནི་དངུལ་རྡོ་འདྲ་བའི་དཀར་བ་ཞིག་འོང་བ་དང༌། བཞུ་བཏུལ་གྲུབ་པའི་ངོ་བོ་གཉིས་ཀྱིས་ཤའུ་སྐྱེད། ལྡོང་རོས་ལ་སྤྱིར་མིང་གསུམ་འདིར་གཅིག་དེའང་ངོ་བོ་རྡོ་དམར་སེར་དྲི་མ་ཅན་འཁྲུལ་གཞི་ཆུང་བ་དེ་དང༌། བ་བླ་ལ་སྤྱིར་མིང་བཞི་འདིར་གཅིག་ནི་གོང་བཤད་དེ་ལས་ཅུང་ཟད་སེར་སྐྱ་དྲི་མ་ཅན་ཚོན་བྱེད་པ་དེ་གཉིས་ཀྱིས་རྨེན་ངན་རུལ་བ་གཅོད་ནུས་ཤིང་གདོན་རིམས་ཀྱང་བསྲུང༌། ལྡོང་རོས་སྒེར་གྱིས་སྐྲ་སྐྱེ། རྡོ་སོལ་ལ་སྤྱི་དང་འདིར་མིང་གཅིག དེའང་ཁ་དོག་ནག་པོ་གསོམ་སོལ་འདྲ་བ་མེ་ལ་བསྲེགས་ན་མེ་འབར་བ་དེས་རྡོ་རྣམས་འཇུ་ཞིང་རྩ་ཁའང་བསྡོམ། བ་ནུ་ལ་སྤྱི་དང་འདིར་མིང་གཅིག་སྟེ་ངོ་བོ་འདྲ་བའི་སྒོ་ནས་བཏགས་པ་ཡིན་ལ་དེའང་ཁ་དོག་ངེས་མེད་བཅག་ན་རྭ་གཞོབ་མནམ་པ་རྩིང་ཞིབ་ཀྱི་ཕོ་མོ་མ་ནིང་གསུམ་འོང་བ་དང༌། རྡོ་རྒྱུས་དང་མཐིང་རྒྱུས་མདོག་གི་དབང་གིས་སྔོན་པོ་ལྗང་ལ་སྤང་རྒྱུས་རྣམས་ལ་སྤྱི་དང་འདིར་མིང་གཅིག་སྟེ། དེའང་རྒྱུས་པ་འདྲ་བ་ལ་རེག་བྱ་འཇམ་པ་དཀར་པོར་ཡོད་ན་རྡོ་རྒྱུས་དང༌། སྔོན་པོར་ཡོད་ན་མཐིང་རྒྱུས་ཟེར་ལ། རྒྱ་གར་དུ་འདི་ལ་གོས་འཆོས་ཚུལ་མཆིས་ཤིང་བོད་དུའང་པང་ཁེབས་ཀྱི་རྣམ་པ་འདུག་པ་མཐོང་ལ་དེ་གསུམ་གྱིས་ཆུ་བ་རྣམས་གསོའོ། །ཏི་ཚ་ལ་སྤྱི་དང་འདིར་མིང་གཅིག་སྟེ་དེའང་ཟུར་མཁར་བ་དང་སྐྱེམ་པ་གཉིས་རྡོའི་རིགས་ཏེ་བཞུས་ན་ཞ་ཉེ་འབྱུང་བ་ལ་བཞེད་ཀྱང་བཞུས་ན་ཏི་ཚ་འབྱུང་བའི་རྡོ་སེར་པོ་མཆོག་དང༌། དམན་པ་དམར་པོ་གཉིས་དང་བཞུ་བཏུལ་གྲུབ་པའི་ངོ་བོ་བཅས་ཀྱིས་རྨ་འདྲུབ་ཅིང་མིག་ནད་དང་བསེ་དྲི་ལ་ཕན། མཚལ་ལ་སྤྱིར་མིང་བརྒྱད་འདིར་གཅིག་དེའང་ཡུལ་ངེས་མེད་ནས་ཀྱང་འབྱུང་བའི་མཚལ་དངོས་དེ་རིགས་དབྱེ་བྱས་ན་ཕལ་ཆེར་ནག་པོའི་རིགས་སུ་གཏོགས་པ་དེས་རྨ་རྣམས་འདྲུབ་ཅིང་གློ་བ་དང་མཆིན་པའི་རྩ་ཚད་རྣམས་སེལ། ལིག་བུ་མིག་ལ་སྤྱིར་མིང་གཉིས་འདིར་གཅིག་སྟེ། འདི་ལ་ཟུར་མཁར་བ་རེས་སྟང་ཟིལ་དང༌། རེས་མདུང་རྩེ་འདྲ་བ་ལ་དེ་ལས་ལྗིད་ཡང་བ་ཞིག་ཡོད་པར་བཞེད་པ་དང༌། བྱིངས་རྣམས་ཀྱིས་གང་ཡིན་མ་རྟོགས་པར་མདུང་རྩེ་སྨུག་པོ་བརྡར་ན་སེར་པོར་འོང་བ་དེ་ལ་བཞེད་པ་སོགས་ལོང་བའི་མཁར་བ་ལྟར་གར་འཛུགས་མེད་པ་མཛད་མོད་ཡིན་ན་འང་པད་དཀར་ཆུན་པོ་ལས། ལིག་བུ་མིག་ནི་ངོ་བོ་རྡོ་ཡིན་ཅིང༌། །དམར་སེར་སྔོ་ལྗང་འདྲེས་པ་མིག་གི་རྒྱན། །འདི་ནི་ཆུ་ལས་བྱུང་བའི་རིན་པོ་ཆེ། །འདི་ཡི་ནུས་པས་རྒྱུ་སྐར་གནོད་པ་ཐུབ། །ཅེས་བཤད་པ་དང༌། སྐད་དོད་དུ་ཨ་ཛ་ན་མ་ཎི་ཞེས་ནོར་བུར་ཡང་བཤད་ཅིང༌། གཟི་དེའང་རྡོ་རིགས་རྙིང་མའམ་ནོར་བུའི་རིགས་ནས་ནུས་པ་མི་འགལ་ཙམ་བཅས་གཟི་མདོག་ནག་ལ་དམར་སེར་སྔོ་ལྗང་གི་མིག་ཡོད་པ་དེ་མི་འཐད་པ་རང་མ་མཆིས་རུང༌། མཆོག་ནི་རྡོ་མིག་གི་རྣམ་པ་འབུར་སྟབས་སུ་ཡོད་པ་རྩི་བཅག་ན་མཁྲེགས་ཤིང་འོད་ལྡན་ནག་པོ་མཆོག་དང་སེར་པོའང་འོང་བ་དེ་དང༌། བཙག་ལ་སྤྱིར་མིང་གཉིས་འདིར་གཅིག་ནི་རྡོ་དམར་པོའི་རིགས་ཏེ་ཡུལ་སྐད་དུ་བཙག་ཟེར་བ་དེ་དང༌། སྔོ་ཡུག་ཅེས་པ་ལ་སྤྱི་དང་འདིར་མིང་གཅིག་དེང་རིགས་བཙག་དང་འདྲ་བའི་མདོག་སྔོན་པོ་ཁང་པ་སོགས་ལ་གསོལ་བ་དེ་རྣམས་ལ་སོགས་པས་མིག་ནད་དང་རུས་ཚད་སེལ་ཞིང་ཆུ་སེར་རྣམས་སྐེམ། ཅོང་ཞི་ལ་སྤྱིར་མིང་ལྔ་འདིར་གཅིག་སྟེ། དེའང་རིགས་ལྔ་སོགས་རྒྱས་པ་རྩ་རྒྱུད་དུ་བཤད་ཟིན་པ་ལྟར་གྱིས་འཁྲུ་བ་གཅོད་ཅིང་བད་ཀན་གྱི་ཚ་བ་རྣམས་སེལ་བཅུད་ལེན་གྱི་གཙོ་བོ་ཡིན། རྡོ་ཐལ་ལ་སྤྱི་དང་འདིར་མིང་གཅིག་དེའང་འདི་ལ་རིགས་དང་ཁ་དོག་མང་ཞིང་འདི་ཉིད་མང་པོ་ཡོད་སར་ཆུ་ཚན་ཡང་འབྱུང་ཞེས་དང༌། ངོ་བོ་རྡོ་ཞུན་བཟོ་བའི་ཕལ་སྐད་རྡོ་ཞོར་གྲགས་པ་དེ་བསྲེགས་པའི་ཐལ་བས་ཕོ་བའི་གནས་སུ་བད་ཀན་འདྲིལ་བ་རྣམས་གཅོད། ཧ་ཤིག་ལ་སྤྱིར་མིང་བཞི་འདིར་ཐོ་ལེ་ཀོར་དང་གཉིས། དེའང་ཁ་དོག་གི་དབྱེ་བས་དཀར་དམར་སྔོ་ནག་ངེས་མེད་མིག་བལྟས་སྲ་ཉམས་ཅན་ལ་དོན་འབོལ་ཞིང་རི་མོ་ལེན་བདེ་བ་ཞིག་འོང་བ་དེས་རྩ་ནད་རྣམས་སྦྱོང་ཞིང་རྨ་ལ་ཕན། མོ་རྡེ་ལ་སྤྱི་དང་འདིར་མིང་གཅིག་སྟེ། དེ་ཡང་དངོས་ནི་བུད་མེད་ལ་རྡེལ་ནད་བྱུང་ནས་བཏོན་པ་དེ་ཕོ་ལ་འཇུག་པ་དང༌། དེ་བཞིན་དུ་མོ་ལ་ཕོ་རྡེ་དེ་འཇུག་ཅིང་མ་རྙེད་ན་ཆུ་ཀླུང་ཁའི་རྡེལ་འཇམ་གྱིས་ཀྱང་རྡེལ་ནད་སེལ་ཞིང་ཆུ་རྡེ་དེའི་དུགས་ཀྱིས་ཁྲག་འཁྱགས་དང་རྡོ་དུག་ལ་ཕན། གཞན་ཡང་རྡོ་ཕ་ལམ། ལྕགས་རྡོ་སོགས་རྡོ་རིགས་མཐའ་ཀླས་ཤིང་གོང་གསལ་རྣམས་ལ་ཡང་ཕོ་མོ་མ་ནིང་ཚང་མར་འབྱེད་པའང་མཆིས་ཏེ་རེག་བྱ་རྩུབ་པ་རྣམས་ཕོ་འཇམ་པ་མོ་བར་པ་མ་ནིང་དུ་དབྱེ་དགོས་པ་ལས་གཞན་དག་རྒྱས་པར་མ་སྤྲོས་སོ།།

སའི་སྨན་རྣམས་ཀྱི་ནུས་པ་བསྟན་པ་ནི་གསེར་གྱི་བྱེ་མ་ལ་སྤྱི་དང་འདིར་མིང་གཅིག་སྟེ། དེའང་འདི་ཉིད་སྔ་སོར་དཀོན་པའི་དབང་གིས་ངོས་འཛིན་ཡང་ཤིང་གི་འབྲུ་ཆུང་ཞིག་འོང་བ་དང༌། བོན་པོའི་རྒྱུག་པ་ཟེར་བའི་སྔོ་ཟླུམ་དེའི་འབྲུ་ལ་བྱེད་པ་སོགས་མཆིས་ཀྱང༌། ངོ་བོ་ནི་མཚོ་འགྲམ་ནས་འབྱུང་བའི་བྱེ་མ་ལྟ་བུ་སེར་པོ་མཆོག་དང༌། ཕལ་པ་དུ་ཁ་རོ་ཁ་ཞིང་ཚ་བ་དེང་སང་མོད་ཅིང་འཁྲུལ་སོ་ཆུང་བ་དེས་མཁལ་ནད་དང་ཆུ་འགགས་ཀྱང་སེལ། སིནྡྷུ་ར་ལ་སྤྱིར་མིང་དྲུག་འདིར་གཅིག དེའང་སིནྡྷུ་ར་ཞེས་པ་རྒྱ་མཚོ་དང༌། ར་ཆགས་པའམ་ཁྲག་ལའང་འཇུག་པས་མཁའ་འགྲོའི་མངལ་ཁྲག་ཏུའང་བཞེད་ལ་དོན་གནས་བཟང་གི་བྲག་ཁུང་དང་མཚོ་འགྲམ་ལ་ཆགས་པའི་ཁ་དོག་ལི་ཁྲི་འདྲ་རུང་དམར་སེར་དེས་རྩ་ཚད་དང་དོན་རྨ་གསོ་བ་དང་རྣག་ཁྲག་སྐེམ་ཞིང་མེས་ཚིག་གི་རྨ་ལའང་ཕན། ཟེ་ཚྭ་ལ་སྤྱིར་མིང་བཞི་འདིར་འཇུ་རྩི་དང་གཉིས་དེ་དག་ནི་ཕུག་པ་དང༌། གྱང་རྙིང་ལ་ཆགས་པའི་ས་སྣུམ་ཕོལ་རྒྱ་ཚའི་རོ་བྲོ་བ་དེ་ལ་བཅོས་པའི་ཁ་དོག་དཀར་པོ་ཤེལ་ལྟར་དྭངས་པ་དེས་རྡོ་རྣམས་འཇུ་ཞིང་རྡེའུ་དང་རྡོ་སྐྲན་བཤིག་ཅིང་ཆུ་འགག་འབིགས། ཡ་བཀྵ་ར་ལ་སྤྱི་དང་འདིར་མིང་གཅིག་དེའང་དངོས་ནི་ཟླ་ཟེར་ལས། ནས་ཚིག་འཁུས་པའི་ཐལ་བ་ཞེས་བསྒྱུར་བས། ནས་སྔོན་པོ་དེ་མེ་ལ་བསྲེགས་པའི་ཐལ་བ་དེས་ཞག་གཅིག་སོང་བའི་ཁར་ཆགས་པའི་བ་ཚ་འདྲ་བ་དེ་ཡིན་ཞེས་འགྲེལ་པ་འདོད་འཇོར་གསུངས་ཤིང༌། གཞན་ཡང་སྐད་དོད་དུ་ཡ་བ་ན་ནས་དང་ཀྵ་ར་འགྱུར་བ་ཡིན་ཏེ་འདུལ་བ་ནས་ཀྱང་ནས་ཚིག་ཐལ་བ་འགྱུར་བྱེད་ཡིན་པར་གསུངས་ཤིང༌། ནུས་པའི་དབང་དུ་སོང་ནའང་ཟླ་ཟེར་དུ། ནས་ཚིག་འཁུས་པའི་ལན་ཚྭ་ནི། །སྐྲན་དང་སྙིང་ནད་སྐྱ་རྦབ་དང༌། །ཞེས་སོགས་དུ་མར་བཤད་པས་རྟོགས་ཀྱང༌། དེང་སང་ནི་བྲག་ཆེན་པོའི་གདན་ལ་ཆགས་པའི་ཐལ་བ་དཀར་པོ་ལག་པར་བཅངས་ནས་བཙིར་ན་སྐད་འདོན་པ་དེས་ཀྱང་ནུས་པ་མི་འགལ་བས་དྲོད་སྐྱེད་ཅིང་སྐྲན་ནད་རྣམས་སྦྱོངས། བུལ་ཏོག་ལ་སྤྱིར་མིང་ལྔ་འདིར་འཛི་བུ་ཀ་བོད་ཚྭ་དང་གསུམ་ནི། དེའང་ས་ཅུ་གང་འདྲ་བའི་རོ་ཁ་བ་ད་ལྟ་ཇ་སོགས་ལ་འདེབས་པའི་འཁྲུལ་གཞི་ཆུང་བ་དེས་རུལ་གཅོད་ཅིང་རྩམ་པ་མྱགས་ལ་དུག་ནད་རྣམས་སེལ་བར་བྱེད་དོ། །མུ་ཟི་ལ་སྤྱིར་མིང་བཅུ་དྲུག་འདིར་གཅིག །དེའང་ཆུ་ཚན་ཡོད་པའི་ཉེ་འདབས་སུ་འབྱུང་སྟེ་འདི་ལ་རིགས་དཀར་ནག་སེར་གསུམ་དང༌། ནག་པོ་ལ་ཡང་རིགས་གཉིས་སོགས་སྤྲོས་པ་ནི་མང་ལ། དེ་ནང་ནས་སེར་པོ་མཆོག་སྤོས་ཤེལ་འདྲ་བ་དང་དམན་པ་ས་དང་འདྲེས་པའི་དཀར་པོ་གཉིས་ལན་མང་དུ་བཏུལ་བའི་སེར་པོས་གདོན་འཇོམས་ཤིང་རྣག་ཁྲག་ཆུ་སེར་སོགས་སྐེམ། ནག་པོ་རྭ་འདྲ་བ་དྲི་མ་མནམ་ཞིང་འོད་ཅན་མཆོག་དང༌། དམན་པ་རྭ་མེས་ཚིག་པ་འདྲ་བས་མེ་དབལ་སོགས་གཉེན་འཇོམས་སོ། །ནག་མཚུར་ལ་སྤྱིར་མིང་དྲུག་འདིར་གཅིག་སྟེ། དེའང་མདོག་ལྗང་སེར་དུ་ཁ་བཅས་ཆེར་མ་ངེས་ཀྱང་དེ་དག་གི་ལྦུ་བ་ལྕགས་ལ་བྱུགས་ནས་མཉེས་ན་ཟངས་ལྟར་དམར་པོར་གཏོང་ཐུབ་ལ། ཡང་ན་ཨ་རུ་རའི་ཁུ་བར་བཏབ་ན་ནག་པོར་འགྲོ་བ་དེ་དང༌། སེར་མཚུར་ལ་སྤྱི་མིང་གོང་དང་མཐུན་ཞིང་འདིར་གཅིག དེའང་ཚོས་ཀྱི་སྔོན་དུ་སྣམ་བུ་ལའང་རྒྱག་ཅིང༌། དེ་ཉིད་ཨ་རུ་རའི་ཆུར་བཏབ་ན་སེར་པོར་འགྲོ་བ་དང་དེ་གཉིས་ཀྱིས་རུལ་བ་གཅོད་ཅིང་སྐྲན་ལའང་བརྐོ། ནག་མཚུར་གྱིས་སྐྲ་བྱི་བ་ལའང་ཕན། བིག་པན་ལ་སྤྱི་དང་འདིར་མིང་གཅིག་དེའང་ཚད་རླུང་སོགས་ལ་ནུས་པ་ཆོ་འདྲ་བས་སྒོག་པ་བསྲེགས་པ་ལ་འདོད་པ་དང༌། ས་སྐྱ་སྨན་གྲོང་པའི་གསེར་བྲེ་དངུལ་བྲེ་ན་བུལ་ཏོག་ཡིན་པར་བཤད་འདུག་ཀྱང༌། ངོ་བོ་ས་སྨན་ཡིན་ཅིང་མཚུར་གྱི་ཡོན་ཏན་དང་ཕྱོགས་འདྲ་བའི་མདོག་སྔོན་པོ་ཛོ་ཀིའི་ཕལ་སྐད་དུ་ནི་ལ་ཐོ་ཐ་ཟེར་བ་དང༌། ཅུང་ཟད་དཀར་བ་བཅས་རིགས་གཉིས་འབྱུང་ཞིང་ཟོས་ན་མཚུར་བྲོ་བ་དེ་གཉིས་ཀྱིས་འབྲས་གཅོད་ཅིང་སྐྲན་བཤིག་པ་དང་ལིང་ཐོག་ཀྱང་ལེན་ལ་རླུང་ཚད་འཐབས་པར་ཕན། རྡོ་དྲེག་ལ་སྤྱིར་མིང་བཅུ་གསུམ་འདིར་བརྟན་པོའི་དྲེག་པ་དང་དམར་སེར་བཅས་བཞི་ནི་ཁ་བྱང་བསྟན་གྱི་བྲག་གིའང་སྲིབས་ལ་ཆགས་པའི་དྲེག་པ་དམར་པོ་སེར་པོ་དཀར་པོ་ལྗང་གུ་ནག་པོ་སོགས་ཀྱི་ནང་ནས་དམར་པོ་མཆོག་ཏུ་འཛིན་པ་བཅས་ཀྱིས་དུག་དང་ཚད་པ་རྙིང་པ་རྣམས་སེལ། བྲག་ཞུན་ལ་སྤྱིར་མིང་བརྒྱད་འདིར་ཤི་ལ་ཛ་ཏུ་དང་གཉིས་ཏེ། འདིའང་ཁ་བྱང་བསྟན་གྱི་བྲག་ལ་རྒྱ་སྐྱེགས་ཀྱི་ཁུ་བ་ལྟར་འཛག་པ་དེ་ལ་རིགས་ལྔའམ་སྤྲོ་ན་དྲུག་སོགས་ཀྱི་རྒྱས་སྤྲོས་རྩ་རྒྱུད་དུ་བསྟན་ཟིན་པ་དེས་ཚད་པའི་ནད་རྣམས་ཀུན་དང༌། རླུང་ནད་བརླ་རེངས་ལ་ཕན་ཞིང༌། ཁྱད་པར་དུ་ཕོ་བ་དང༌། མཆིན་པ་དང༌། མཁལ་མའི་ཚད་པ་རྣམས་སེལ་ལ་བཅུད་ལེན་གྱི་མཆོག་ཏུ་འགྱུར་རོ།།

ཤིང་གི་སྨན་ལ་རྩ་བ་དང་ལྡུམ་བུ་དང་སྡོང་པོ་དང་ཡལ་ག་དང༌། རྐང་དང་ཤུན་པ་དང་ཐང་ཆུ་དང་ལོ་མ་དང་མེ་ཏོག་དང་འབྲས་བུ་དང་བཅས་བཅུ་རུ་འགྱུར་བར་གསུངས་ལ། རྩི་སྨན་ལ་རྩྭ་ལས་བྱུང་བ་དང༌། ཤིང་ལས་བྱུང་བ་དང༌། སྲོག་ཆགས་ལས་བྱུང་བ་རྣམས་དང༌། ཐང་སྨན་ལ་རྩྭ་བ་དང་ངར་པ་དང་ལོ་མ་དང་མེ་ཏོག་དང་འབྲས་བུ་སྟེ་ལྔ་རུ་འགྱུར་བ་ཡིན་པས་དེ་དག་རྣམས་གོ་རིམ་དང་པོ་གཉིས་པ་གསུམ་པ་བདུན་པ་བརྒྱད་པ་རྣམས་རྒྱུད་དུ་གསལ་བ་དང༌། བཞི་པ་ནས་དྲུག་པའི་བར་འདི་གོ་རིམ་གྱི་དབང་དུ་བཏང་ན་མཁས་པ་འགའ་ཞིག་ག་བུར་ནས་ཨ་ག་རུའི་བར་ཤིང་སྨན་གི་ཝང་ནས་ཨུཏྤལ་བར་རྩི་དང༌། དེ་ནས་སྔོ་སྨན་དུ་མ་ཐུག་བར་ཐང་སྨན་དུ་བཞེད་པ་གོ་རིམ་གྱི་དགོངས་པ་ལྟར་ན་འཐད་མདོག་ཁ་ཡང་སྦྱོར་སྡེ་མང་པོར་དོགས་གཞི་དང་ཁྱད་པར་འདི་གའི་ཤིང་སྨན་ལ་ས་བཅད་དམ་འབྱུང་ཁུངས་བཅུ་ཡོད་པར་སྨན་ངོ་བོ་བཞི་ལས་མེད་པ་སོགས་སྒོ་དུ་མ་ནས་ས་བཅད་གསུམ་པོ་འདི་གོ་རིམ་བར་བཀབ་མེད་པའི་མཆན་བུ་ལྟར་གང་ལ་གང་ཕན་གྱི་ནུས་པ་བཤད་པ་ནི།

ག་བུར་ལ་སྤྱིར་མིང་བཅུ་འདིར་གཅིག དེའང་ཤིང་བྷི་མ་ཞེས་པ་དང༌། ཀཉྫ་ཞེས་པ་དང༌། ཚིང་གིང་ཞེས་པ་སོགས་ལ་འཁྲུངས་དཔེའི་ཁུངས་མ་མཐོང་ཡང་སྡོང་པོ་སེར་སྐྱ་ལོ་མ་ལྗང་གུ་ཆེ་བ་མེ་ཏོག་རྒྱ་ཚོས་འབྲུ་སེར་པོ་འོང་བར་ཕྲན་བུའི་དབྱེ་བས་རིགས་གསུམ་གྱི་ཚི་བའི་ཚུལ་དུ་ཤེལ་ནི་དཀར་ལ་ཁྲོ་བ་འཁྱག་པ་འདྲ་བ་དང༌། སྟག་ཟིལ་མདངས་སེར་ལ་སུལ་མང་བ་དང༌། མང་སེར་ལ་སྣ་རིང་ཞིང་མཉེན་པ་དང་གསུམ་འབྱུང་བས་ཚ་བ་རྒྱས་པ་རྣམས་ཐོག་བབས་སུ་གསོད་ཅིང༌། ལུས་ལ་ཡུན་རིང་དུ་རྙིངས་ཤིང་ཞེན་པའི་ཚ་བ་རྣམས་རྩད་ནས་འབྱིན་ནོ། །ཙནྡན་ལ་རིགས་དཀར་དམར་སྨུག་པོ་སུ་རུ་ཤུག་པ་ཙནྡན་སོགས་རྣམ་གྲངས་མང་ལ། ཁྱད་པར་སྦྲུལ་སྙིང་གོར་ཤི་ཥ་ས་མཆོག་གསུམ་ནི་གནས་ཀྱི་ཁྱད་པར་དང་སྦྲུལ་ལ་སོགས་པའི་སྲོག་ཆགས་ལ་བརྟེན་ནས་མིང་འབྱུང་ཚུལ་སོགས་སྤྲོས་པ་མང་ཞིང་འཁྲུངས་དཔེ་ཚད་ལྡན་མ་མཐོང་ཡང་གཞུང་ལུགས་འདིར་དཀར་དམར་དང་དམར་པོའི་ཆར་གཏོགས་སྨུག་པོ་གསུམ་དུ་བསྡུས་པའི་དཀར་པོ་ལ་སྤྱིར་མིང་བརྒྱད་འདིར་གཅིག་སྟེ། དེའང་ངོ་བོ་འཁྲུལ་མེད་ནི་སོས་ཀ་མར་ཁུ་ཁོལ་མའི་ནང་དུ་མདའ་སྨྱུག་ཙམ་བཅུག་ཀྱང་མར་ཁུ་འཁྱགས་འགྲོ་བ་དེ་མཆོག་ཡིན་རུང་དེ་དག་འཁྲུལ་མེད་ནི་རྙེད་དཀའ་སྟེ་ས་པཎ་གྱིས། མ་ལ་ཡ་ནས་འོངས་པ་ཡི། །སྡོང་དུམ་ཕལ་ལ་རིན་ཐང་ཆེ། །ཞེས་པ་དང་མཐུན་པར་ཙནྡན་དཀར་པོར་གྲགས་པ་ནི་མ་ལ་ཡ་ན་ཙནྡན་དཀར་པོའི་རིགས་ཤིན་ཏུ་མང་བའི་ཁྲོད་དུ་ཤིང་སྡོང་པོ་དཀར་པོ་ལོ་མ་ལྗང་སིབ་ཅན་ཞིག་སྐྱེས་པ་དེ་ལ་ཙནྡན་གྱི་དྲི་མནམ་པས་ནུས་པ་མི་འགལ་བ་དེས་གློ་སྙིང་གི་འཁྲུགས་ཚད་རྣམས་སེལ། ཙནྡན་དམར་པོ་ལ་སྤྱིར་མིང་བཅུ་འདིར་གཅིག་དེའང་སྡོང་པོ་དམར་ལ་ལོ་མ་ལྗང་གུ་འོད་ལྡན་མེ་ཏོག་དང་གང་བུ་དམར་པོའི་གང་བུར་སྤུ་ཆུང་ཅན་ངོ་བོ་ལྗིད་ལྕི་ཞིང་རྭ་འདྲ་བ་དྲི་ངད་དང་ལྡན་པ་མདོག་གི་ཁྱད་པར་གྱིས་དམར་སྨུག་གཉིས་སུ་འབྱེད་པ་དེས་ཁྲག་གི་ཚད་པ་རྣམས་སེལ། ཨ་ག་རུ་ལ་སྤྱིར་མིང་བརྒྱད་འདིར་གཅིག་དེའང་བོད་སྐད་ལྕི་བ་མེད་པའི་དོན་ཏེ་དེ་ལ་རིགས་ནག་སེར་གཉིས་ལས་འཁྲུངས་དཔེར། ཨ་ག་རུ་ཞེས་བྱ་བའི་ཤིང༌། སྐྱེ་ལུགས་མཁན་པ་འདྲ་བ་སྟེ། །ལོ་མ་སྔོ་སྐྱ་སྤུན་པ་ཡིན། །མེ་ཏོག་སྔོན་པོ་དྲི་ཡང་ཞིམ། །རོ་ནི་ཁ་ལ་རྩུབ་པ་ཡིན། །དྲོད་ཀྱི་སྡེ་ཚན་དག་ཏུ་འགྲོ། །ཞེས་པ་ལྟར་མཆོག་ནག་པོ་ལོ་མ་མཁན་པ་འདྲ་བ་རྐང་ལྗང་གུ་མེ་ཏོག་སྔོ་མདངས་ཅན་དེའི་རྩ་བ་ས་འོག་ནས་འཐོན་པ་འབྲོང་གི་རྭ་འདྲ་བ་དེ་དང༌། སེར་པོ་ལ་རིགས་གཉིས་ཀྱི་སྡོང་པོ་ཆེ་ལ་སེར་བ་ལོ་མ་སྒོར་ཆུང་ལྗང་སེར་སྤུ་ཅན་མེ་ཏོག་སྔོ་དཀར་དྲི་ངད་དང་ལྡན་པ་ཞིག་དང༌། འབའ་ཞིག་ཅེས་སྡོང་པོ་ཆེ་ལ་ཁ་དོག་སྨུག་ཉམས་ཅན་མེ་ཏོག་སྔོ་དཀར་འཆར་བ་ཞིག་དང༌། ཤོག་ཤིང་རྒན་པོའི་རྩ་བ་ཨར་སྐྱ་ཞེས་པ་སྡོང་པོ་མདོག་སྤང་སེ་ལོ་མ་ལྗང་གུ་མེ་ཏོག་དཀར་པོ་འཆར་བ་ཨ་གར་གོ་སྙོད་དུ་གྲགས་པ་དེ་དང་ཧ་ལམ་འདྲ་བ་རྣམས་སྤྱིར་བཏང་ཙམ་དུ་སྔ་མ་རིམ་བཞིན་བཟང་བ་དེ་དག་ལ་འཁྲུངས་དཔེ་དངོས་མ་མཐོང་ཡང་ཇི་སྐད་དུ། ཨ་གར་བཟང་ངན་མེ་ལ་དྲིས། །མེར་བཅུག་དྲི་ཆེ་ཁོལ་ན་བཟང༌། །ཞེས་པ་ལྟར་སེམས་དགོས་པས་སྙིང་དང་སྲོག་རྩའི་ཚ་བ་རྣམས་སེལ་ལ། དེ་རྣམས་དང་སུ་རུ་ཙནྡན་ཡང་ནུས་པ་ཕྱོགས་མཚུངས་སོ། །གི་ཝང་ལ་སྤྱིར་མིང་བདུན་འདིར་གཅིག དེའང་མཆོག་གླང་པོ་ཆེའི་མཆིན་པ་ལས་འབྱུང་ཞེས་གྲགས་པ་དང༌། གཞན་ཡང་བ་ལང་དང་ཕག་ལ་སོགས་པའི་སེམས་ཅན་ཕལ་ཆེ་བའི་མཆིན་པའི་རྩ་ནང་ནས་འབྱུང་བའི་མདོག་ལུ་ཧི་དེ་ལ་ཤུན་པ་ལྟ་བུ་ཡོད་པ་སྨུག་པོ་མཆོག་དང་སེར་པོ་འབོལ་བ་དེ་དམན་པས་རིམས་དུག་དང་མཆིན་ཚད་སྣོད་ཚད་རྣམས་སེལ། ཅུ་གང་ལ་སྤྱིར་མིང་བཞི་འདིར་གཅིག་དེའང་མཆོག་གམ། དངོས་ནི་འཁྲུངས་དཔེ་མ་མཐོང་ནའང་བམ་ཤ་རོ་ཙ་ན་ཞེས་པའི་སྨྱུག་མའི་ནང་ནས་ཁ་དོག་སེར་སྐྱ་རོ་མི་གསལ་བ་ཞིག་འབྱུང་ནའང་ད་ལྟ་ནི་ས་ཅུ་གང་ཁ་དོག་དཀར་པོ་བུལ་ཏོག་འདྲ་བ་ཞིག་ལ་ངོས་འཛིན་པ་མཆོག་དམན་གཉིས་ལས་དེའང༌། ཅུ་གང་དཀར་ལ་རོ་མེད་བཟང༌། །ཞེས་པ་དེས་གློ་ནད་ཀྱི་རིགས་ཀུན་སེལ་ཞིང་རྨ་ཚད་ཀྱང་གཅོག གུར་ཀུམ་ལ་སྤྱིར་མིང་སུམ་ཅུ་ཙམ་མཆིས་ཀྱང་འདིར་ཁ་ཆེ་དང་གཉིས་དེ་དག་ནི་དགྲ་བཅོམ་པ་ཉི་མ་གུང་པས་སྤོས་ངད་ལྡན་ནས་བླངས་པ་ཁ་ཆེར་བཏབ་པའི་རྩ་སྟེ་འཁྲུངས་དཔེ་ཁུངས་མ་དང་ངོ་མ་འཕྲོད་ཀྱང་རིང་ཐུང་ཁྲུ་གང་ཙམ་པ་ཁ་དོག་དམར་སེར་ཤིན་ཏུ་དྭངས་པ་དེ་མཆོག་དང༌། བལ་པོ་གུར་ཀུམ་རྐང་རིང་བ་མི་ཚད་ཙམ་འདབ་མ་ཆེ་བ་དེའི་མེ་ཏོག་གི་ཟེ་འབྲུའི་ནང་ནས་སྣ་ཐུང་བ་དམན་པ་དེ་ལ་ཇི་སྐད་དུ། གུར་ཀུམ་དམར་ལ་མཁྲེགས་ན་བཟང༌། །ཞེས་པ་དང་ཆ་མཐུན། བོད་སྐྱེས་གུར་ཀུམ་བཅས་འཁྲུལ་སོ་ཆུང་བས་མངོན་རྟོགས་ཞིབ་པ་མ་བཀོད་ཅིང་དེ་གསུམ་གུར་ཀུམ་གསུམ་ཞེས་གྲགས་ཤིང་མཆིན་པའི་ནད་ཀུན་སེལ་ཞིང་རྩ་ཁའང་སྡོམ། སུག་སྨེལ་ལ་སྤྱིར་མིང་བཞི་འདིར་གཅིག འདི་ཉིད་འཁྲུངས་དཔེ་ཁུངས་མ་དང་ངོ་མ་འཕྲོད་ཀྱང་འཕྲལ་སྐད་ཨེ་ལ་ཕྲ་མོ་ཞེས་ཀྱང་བྱ་སྟེ་སྡོང་པོ་མདོག་ནག་གམ་ལོ་མ་ལྗང་གུ་གང་བུ་དཀར་པོ་ཟུར་གསུམ་པ་མཆོག་དང༌། མོན་སུག་གིས་ཀྱང་ཚབ་རུང་བ་དེ་གཉིས་ཀྱིས་མཁལ་ནད་གྲང་བ་རླུང་གི་རིགས་རྣམས་མ་ལུས་པར་སེལ། ཛཱ་ཏི་ལ་སྤྱིར་མིང་བཅོ་ལྔ་འདིར་ཕ་ལ་ཞེས་བཟང་པོ་དང་གཉིས། དེའང་ཤིང་སྣ་མ་ཞེས་རྐང་དཀར་པོ་ལོ་མ་ལྗང་གུ་མེ་ཏོག་སེར་པོ་དེའི་འབྲས་བུ་དུ་སྨུག་དྲི་ང་བ་དཀྲོགས་ན་ཁྲོག་ཅེས་སྒྲ་འདོན་པ་དེ་ཕ་ལ་ཞེས་པར་འཇུག་ཟེར་ཀྱང་དེ་ལྟར་ནི་མིན་པར་སེམས་ཤིང༌། ཤིང་གི་འཁྲུངས་དཔེ་སོགས་མ་མཐོང་ཡང་དོན་ཕ་ལ་འབྲས་སམ་བཟང་པོའི་མིང་ཡིན་ཅིང༌། འདི་དག་འབྱུང་ཁུངས་ཤང་ཤང་གིས་ཆུར་བསྐྱུར་བ་བཟུང་བ་དང༌། སྲིན་པོས་རྡོ་རྗེ་གདན་མཧཱ་བོ་དྷིའི་མཆོད་རྫས་སུ་ཁྱེར་བ་སོགས་སྤྲོས་པ་མཐའ་ཀླས་ཀྱང་འདིར་མ་བཀོད་ཅིང་དོན་འཁྲུལ་སོ་ཆུང་བ་དེས་རླུང་འཇོམས་ཤིང་སྙིང་གི་ནད་རྣམས་སེལ། ལི་ཤི་ལ་སྤྱིར་མིང་བཞི་འདིར་གཅིག་དེའང་འབྱུང་ཁུངས་རྒྱ་མཚོའི་ཕ་རོལ་མི་མ་ཡིན་གྱི་གནས་ནས་འོང་ཚུལ་ལས་འཁྲུངས་དཔེ་མ་མཐོང་ཞིང་ལོ་སྡོང་སོགས་ངེས་ཁུངས་མ་མཆིས་ཀྱང་དངོས་ལ་རིགས་གཉིས་ཡོད་དེ་བུམ་པ་ལྟ་བུ་རྡོག་ཆེ་བ་དང༌། ཟངས་ཀྱི་གཟེར་འདྲ་བ་ནོར་འཕྲང་ཆུང་ཞིང་དེ་ཡང་ཇི་སྐད་དུ། ལི་ཤི་ལ་ཤིག་མེད་ན་བཟང་ཟེར་བ་དེ་གཉིས་ཀྱིས་སྲོག་རྩ་ལས་གྱུར་པའི་ནད་དང་གྲང་རླུང་སྐད་འགགས་རྣམས་སེལ། ཀ་ཀོ་ལ་ལ་སྤྱིར་མིང་བཅུ་གཉིས་འདིར་གཅིག དེའི་འཁྲུངས་དཔེ་མ་མཐོང་ཡང་ལོ་སྡོང་ལྗང་གུ་འབྲས་བུའི་པགས་པ་མཐུག་པ་སུལ་ཅན་སོབ་པ་མཆོག་དང༌། པགས་པ་སྲབ་ཅིང་རྩེ་རྣོ་འཇམ་པ་དེ་དག་ལ། ཇི་སྐད་དུ། ཀ་ཀོ་ལ་ནི་སོབ་ན་བཟང༌། །ཞེས་ཀྱང་བཤད་པས་གོང་མ་མཆོག་དམན་གཉིས་པོ་དེས་ཕོ་བ་དང་མཆེར་པའི་གྲང་བ་རྣམས་སེལ། གླ་རྩི་ལ་སྤྱིར་མིང་ཉི་ཤུ་འདིར་དྲི་ཅན་ལྟེ་བ་དང་གཉིས། དེའང་གླ་བ་ཕོའི་མཚན་མ་ལས་འབྱུང་སྟེ་འབྲུམ་པ་ཅན་མཆོག་དང༌། དམན་པ་འབྲུམ་མེད་དེས་དུག་དང་སྲིན་དང་མཁལ་མཆིན་གྱི་ནད་དང༌། ཉྭ་ལོག་སོགས་གཉན་དང་ཚད་པ་རིམས་ནད་མ་ལུས་པ་མིག་དང་རྩ་ནད་ཀླུ་གདོན་རྣམས་སེལ་ཞིང་ཆུ་འགགས་འབིགས། དོམ་མཁྲིས་ལ་སྤྱིར་མིང་བདུན་འདིར་གཅིག་སྟེ། དེའང་ངོ་བོ་འཁྲུལ་གཞི་ཆུང་ལ་འོན་ཀྱང་དབྱར་དགུན་གྱི་དབྱེ་བས་གསེར་མཁྲིས་དང་གཡུ་མཁྲིས་གཉིས་སུ་འབྱེད་པའང་འདུག་རུང༌། ཆུ་ལ་ཀ་བ་འཛུགས་ན་བཟང་བ་དེས་ཚ་གྲང་མེད་པའི་རྩ་ཁ་སྡོམ་ཞིང་རུལ་གཅོད་པ་དང་ཤའུའང་སྐྱེད་ཅིང་མིག་ལ་ཕན། ཨུཏྤལ་ལ་སྤྱིར་མིང་ལྔ་འདིར་གཅིག་དེའང་འཁྲུངས་དཔེའི་ཁུངས་མ་མཐོང་ཡང་མེ་ཏོག་གི་དབྱེ་བས་དཀར་པོ་དམར་པོ་སེར་པོ་སྔོན་པོ་སོགས་བཞི་པོ་ཀུན་གྱི་ལོ་རྐང་ལྗང་གུ་རལ་གྲིའི་དབྱིབས་ཅན་རྐང་དང་ཐེའུ་ལོ་མ་སོགས་སྤུ་ཆེ་ཞིང་མེ་ཏོག་གི་བཟོ་དབྱིབས་རྒྱ་མེན་འདྲ་བའི་ནང་གི་འབྲུ་མདོག་དུ་ཁ་ཤས་ཆེ་བའི་ཁྲོད་དུ་དཀར་དམར་སེར་སྔོ་སོགས་ཅི་རིགས་འདྲེས་པ་ཆེ་ཆུང་ཡུངས་ཀར་ནས་སྲོ་མའི་བར་འབྱུང་བ་དེས་གློ་བ་དང་མཆིན་བའི་ཚད་པ་མ་ལུས་པར་སེལ། གེ་སར་གསུམ་ལ་སྤྱིར་མིང་བཅུ་གཅིག འདིར་སོ་སོར་རེ་སྟེ་དེ་ཡང་བལ་ཡུལ་སོགས་ནས་རིགས་མི་འདྲ་བ་གསུམ་དུ་འབྱུང་ཞེས་ཀྱང་མཆིས་ལ། དོན་ནཱ་ག་ཞེས་པ་ཀླུ་དང༌། པུཥྤ་མེ་ཏོག་ལའང་འཇུག་པས་ན་འཁྲུངས་དཔེའི་ཁུངས་མ་མཐོང་ཡང་ཀླུ་ཤིང་སྟེ་ལོ་སྡོང་གཉིས་སྟར་ག་འདྲ་བའི་ཐོག་རྐང་ལ་ཚེར་མ་ཡོད་པ་དེའི་ལྡེབས་སུ་ཐེའུ་རྣམས་ཁ་ཕྱོགས་གཅིག་ཏུ་བལྟས་ནས་སྐྱེས་པའི་ཐེའུ་ཁ་མ་བྱེ་བ་སྐམས་ནས་ཟངས་གོག་བཅོམ་པ་འདྲ་བ་དེ་ལ་ནཱ་ག་པུཥྤ་དང༌། མེ་ཏོག་བྱེ་ཚར་ནས་ནང་གི་སྐྲའམ་རྟ་རྔ་སྒྲིམས་པ་འདྲ་བ་དེ་ལ་ནཱ་ག་གེ་སར་དང་བར་རམ་མེ་ཏོག་གི་འདབ་མ་དམར་པོ་དེ་ལ་པདྨ་གེ་སར་ཞེས་བྱ་སྟེ་དེ་གསུམ་གྱི་དང་པོས་གློ་བ། གཉིས་པས་མཆིན་པ། གསུམ་པས་སྙིང་གི་ཚད་པ་བཅས་སེལ། ཟི་ར་དཀར་པོ་ལ་སྤྱིར་མིང་ལྔ་འདིར་གཅིག་སྟེ། དེའང་འཁྲུངས་དཔེར། ཟི་ར་དཀར་པོ་ལྡུམ་རར་སྐྱེ། །ལོ་མ་ཕྲ་ལ་ཉ་ག་ཅན། །མེ་ཏོག་དཀར་པོ་གདུགས་ཀྱི་ཚུལ། །འབྲས་བུ་དག་ནི་གོ་སྙོད་འདྲ། །རོ་ནི་ཚ་ལ་མངར་བ་ཡིན། །རང་གི་ནུས་པས་བད་ཀན་དང༌། །མ་ཞུའི་ནད་རྣམས་སེལ་བར་བྱེད། །ཅེས་པ་ནི་ལོ་མ་ཕྲ་ལ་རལ་གྲི་འདྲ་བ་ཉ་ག་ཅན་མེ་ཏོག་དཀར་པོ་གདུགས་ཀྱི་དབྱིབས་ཅན་འབྲས་བུ་གོ་སྙོད་ཀྱི་འབྲུ་ལྟ་བུ་རོ་ཚ་མངར་ཅན་དང༌། མེ་ཏོག་སེར་པོར་བྱུང་ན་ཟི་ར་སེར་པོར་འདོད་པ་གཉིས་ཀྱིས་གློ་བ་ཡི་ཚད་པ་སེལ། ཟི་ར་ནག་པོ་ལ་སྤྱིར་མིང་བཞི་འདིར་གཅིག་སྟེ་དེའང་འཁྲུངས་དཔེར། ཟི་ར་ནག་པོ་ལོ་མ་སྣུམ། །སྡོང་པོ་ཕྲ་ལ་རིང་བ་ལ། །མེ་ཏོག་སྔོན་པོ་ཆུང་བ་ཡིན། །འབྲས་བུ་ནག་པོ་ལྕགས་ཕྱེ་འདྲ། །རོ་ནི་མངར་སྣུམ་ཡིད་ཙམ་ཚ། །ནུས་པས་ཕོ་བའི་ནད་རྣམས་སེལ། །ཞེས་པ་ནི་རྐང་སྦུབས་ཅན་རིང་ཙམ་ལོ་མ་སྒོར་ཆུང་སྣུམ་པ་མེ་ཏོག་སྔོན་པོ་ཆུང་ཞིང་འབྲས་བུ་ནག་པོ་ཟུར་གསུམ་འབུ་སུ་ཧང་ཕོ་རིགས་ཀྱི་འབྲུ་ལྟར་ཆགས་པ་དེ་མཆོག་དང༌། བོད་སྐྱེས་འབྲུ་གོང་བཞིན་ལ་གང་བུ་ཅན་ལོ་མ་ཆེ་ཙམ་འབྱུང་བ་བཅས་ཀྱིས་མཆིན་པའི་གྲང་བ་སེལ་ལ་འོན་ཀྱང་མེ་ཏོག་དང་འབྲུ་སོགས་གང་ཡང་མེད་པར་ངོས་བཟུང་བ་ནི་འཁྲུངས་དཔེ་སོགས་ཀྱི་དགོངས་པ་དང་མི་འབྱོར་པས་རྣམ་པར་འཁྱམས་སོ། །ལ་ལ་ཕུད་ལ་སྤྱིར་མིང་གསུམ་འདིར་གཅིག་སྟེ་འདི་ལ་འཁྲུངས་དཔེ་ཁུངས་མ་མ་མཐོང་ཡང་ལོ་རྐང་ལྗང་གུ་མེ་ཏོག་དང་འབྲས་བུའི་དབྱེ་བས་རིགས་དཀར་ནག་སེར་གསུམ་དུ་འདོད་པ་དེའི་འབྲུ་གོ་སྙོད་ཀྱི་འབྲས་བུ་འདྲ་བ་ལ་དེ་ལས་ཆུང་ཞིང་དྲི་ཤིན་ཏུ་དུགས་པ་མཆོག་དང༌། དམན་པ་བོད་དུའང་འོང་བ་དེས་ཕོ་ནད་གྲང་བ་རྣམས་སེལ། སོ་མ་ར་ཛ་ལ་སྤྱིར་མིང་བཅུ་གསུམ་འདིར་གཅིག་དེའང་ཁ་ཅིག་མྱ་ངན་མེད་པའི་ཤིང་གི་འབྲས་བུ་དང༌། སྤྱང་ཀི་གོང་བུ་ལ་ངོས་འཛིན་བྱེད་པ་འཁྲུལ་པ་ཡིན་ཏེ། དངོས་ལ་འཁྲུངས་དཔེར། སོ་མ་ར་ནི་ཀླུངས་ཤོད་སྐྱེ། །ལོ་མ་སྔོ་ལ་ཉ་ག་ཅན། །སྡོང་པོ་ཕྲ་ལ་རིང་བ་ཡིན། །ཤུན་པ་གོས་དང་ཐག་པའི་རྒྱུར། །འབྲས་བུ་གྲོ་བོ་སྣུམ་པའི་མདངས། །རོ་ནི་མངར་ལ་བག་ཙམ་སྣུམ། །རང་གི་ནུས་པས་རླུང་ནད་དང༌། །ཆུ་སེར་སྲིན་ནད་སེལ་བར་བྱེད། །ཅེས་པ་ནི་སྡོང་པོ་ཕྲ་ལ་ལོ་མ་ཆུང་བ་མེ་ཏོག་ཐང་ཕྲོམ་པ་དང་འདྲ་བའི་གང་བུ་ཟུར་གསུམ་གྱི་ནང་ནས་འབྲས་བུ་ཆུང་ཆུང་མཁལ་གཟུགས་ལ་ནེའུ་ལེའི་རི་མོ་ཡོད་པ་ཞིག་རྒྱ་གར་ལྷོ་མོན་ནས་འབྱུང་བ་མཆོག་དང་དམན་པ་གར་ཡང་འོང་བ་དེས་པགས་པའི་ནད་དང་ཆུ་སེར་རྣམས་སེལ། ཐལ་ཀ་རྡོ་རྗེ་ལ་སྤྱིར་མིང་བཞི་འདིར་གཅིག་དེའང་འཁྲུངས་དཔེར། ཐལ་ཀ་རྡོ་རྗེ་ཞེས་བྱ་བ། །ཤིང་ཕུང་ཕྲ་ཞིང་ཆུང་བ་ལ། །ལོ་མ་འབྲས་བུ་ཆུང་བ་སྟེ། །གང་བུ་རིང་ལ་འབྲས་བུ་ནི། །ཁྱི་ཡི་ཕོ་མཚན་འདྲ་ལ་ཟེར། །རོ་ནི་ཡིད་ཙམ་ཁ་བ་ཡིན། །རང་གི་ནུས་པས་ཆུ་སེར་སྐེམ། །ཞེས་པ་ནི་ལོ་སྡོང་ལྗང་གུ་མེ་ཏོག་དང་གོང་བུ་སེར་པོ་སུལ་ཅན་འབྲས་བུ་དུ་ཁ་ཁྱིའི་ཕོ་མཚན་གྱི་རྩེ་འདྲ་བ་མཁྲེགས་པ་མཆོག་དང༌། དམན་པ་ནི་གང་བུ་ཕྲ་མོ་འབྲས་བུ་འབོལ་བ་ཀྲི་ཁ་ཅན་དེ་དག་གིས་ཀྱང་སྔ་མ་དེ་བཞིན་དུ་ཕན་ནོ། །འོན་ཀྱང་ཁྱིའི་ཕོ་མཚན་འདྲ་ཞེས་པའི་ཚིག་ལ་བརྟེན་ནས་ཆང་གང་བ་སོགས་ལ་ངོས་འཛིན་པ་ནི་རྣམ་པར་འཁྱམས་སོ།། གསེར་གྱི་མེ་ཏོག་ལ་སྤྱིར་མིང་གསུམ་འདིར་གཅིག་དེའང་འཁྲུངས་དཔེར། གསེར་གྱི་མེ་ཏོག་ཅེས་བྱ་བ། །སྡོང་པོ་ཕྲ་རིང་ལོ་མ་ཆེ། །མེ་ཏོག་སེར་པོ་འོད་དུ་འབར། །འབྲས་བུ་བཟོ་བོའི་གསོར་དང་འདྲ། །ཞེས་པ་ཐ་གུ་དང་སྔོ་གཞན་ལ་འཁྲིལ་ནས་སྐྱེ་ཞིང་འབྲས་བུ་གསོར་ལྕེ་འདྲ་བའི་འཁྲུལ་སོ་ཆུང་བ་དེས་སྣོད་ཀྱི་ཚད་པ་དང་མཁྲིས་ཚད་རྣམས་སེལ། ཤུན་པས་གཞང་འབྲུམ་ལ་ཕན། གསེར་གྱི་ཕུད་བུ་ལ་སྤྱི་དང་འདིར་མིང་གཅིག་དེའང་འཁྲུངས་དཔེར། གསེར་གྱི་ཕུད་བུ་ཞེས་བྱ་བ། །འབྲས་བུ་སྦུར་བ་མགོ་བཅད་འདྲ། །རོ་ནི་ཁ་ལ་རྩུབ་པ་ཡིན། །རང་གི་ནུས་པས་དུག་ནད་དང༌། །བད་མཁྲིས་སེལ་ཞིང་གྱེན་དུ་འདྲེན། །ཞེས་པ་ལོ་རྐང་ལྗང་གུ་སུལ་ཅན་འཁྲིལ་ཞིང་མེ་ཏོག་སེར་པོ་བེ་ཏའི་འབྲས་ལྟར་རྩས་གཏུམས་པའི་ནང་གི་འབྲས་བུ་སྦུར་བ་ཞར་བ་ལྟ་བུ་ཁ་དོག་ནག་པོ་རོ་ཁ་ལ་རྩུབ་པ་མཆོག་དང༌། དམན་པ་སེར་པོ་སྣལ་མའི་ཕང་གཟུགས་འདྲ་བ་དེ་གཉིས་ཀྱིས་མཁྲིས་པའི་ནད་རྣམས་གྱེན་དུ་འདྲེན་ནོ། །དུག་མོ་ཉུང་ལ་སྤྱིར་མིང་ཉི་ཤུ་འདིར་གཅིག །འཁྲུངས་དཔེའི་ཁུངས་མ་མཐོང་ཡང་ལོ་རྐང་ལྗང་གུ་མེ་ཏོག་སེར་སྐྱ། གང་བུ་སྒྲུམ་བུ་དང་འདྲ་བའི་ནང་གི་འབྲས་བུ་བྱིའུའི་ལྕེ་འདྲ་བ་ཆེ་བ་མཆོག་གམ་ཕོ་དང༌། ཆུང་བ་དམན་པའམ་མོ་དེ་དག་གིས་མཁྲིས་པ་སེལ་ཞིང་ཚ་བས་འཁྲུ་བའང་གཅོད། རྒུན་འབྲུམ་ལ་སྤྱིར་མིང་གཉིས་འདིར་གཅིག་དེའང་འཁྲུངས་དཔེར། རྒུན་འབྲུམ་ཤིང་ཏོག་ཀུན་གྱི་བཅུད། །རོང་གི་ནགས་ཀྱི་ནང་དུ་སྐྱེ། །ལོ་མ་སྒོར་ཆུང་སྡོང་པོ་རིང༌། །དབྱིབས་ནི་དབྱི་མོང་སྡོང་པོ་འདྲ། །མེ་ཏོག་དམར་ཆུང་མཐོང་བ་དཀའ། །འབྲས་བུ་དམར་སེར་འོད་དང་ལྡན། །རོ་ནི་མངར་སྐྱུར་ཅུང་ཟད་སྐྱུར། །རོང་གི་ནུས་པས་འཁྲུ་བ་གཅོད། །ཧ་ཅང་མང་ན་འཁྲུ་བར་བྱེད། །ཅེས་པ་ནི་མངོན་རྟོགས་འཁྲུངས་དཔེར་བཤད་པ་ཙམ་གྱིས་གོ་བས་མ་བཀོད་ཅིང་བཟང་ངན་གྱི་རིམ་པ་ཅུང་ཟད་བརྗོད་ན་མགོ་དཀར་སོགས་ནས་འོང་བའི་འབྲས་བུ་དམར་སེར་མཆུ་སྙུང་ཆེ་བ་དང༌། ཁ་ཆེ་ནས་འོང་བའི་སེར་པོ་ཆེ་ཆུང་སྲན་མ་ཙམ་ནང་གི་རུས་པ་མེད་པའི་ཤིན་ཏུ་རོ་ཞིམ་པ་ཞིག་དང༌། ཁམས་ནས་འབྱུང་བ་ནང་གསེས་དམར་ནག་གཉིས་དང༌། དག་པོའི་སྔོན་པོ་སོགས་རིམ་བཞིན་སྔ་མ་བཟང་བ་རྣམས་ཀྱིས་གློ་བའི་ནད་སེལ་ཞིང་ཚད་པའང་སྦྱོང༌། འུ་སུ་ལ་སྤྱིར་མིང་ཉི་ཤུ་འདིར་ཏ་ཙ་དང་གཉིས་དེའང་འཁྲུངས་དཔེར། འུ་སུ་ཞེས་པའི་སྨན་མཆོག་ནི། །ལོ་མ་སྡོང་པོ་མེ་ཏོག་རྣམས། །གོ་སྙོད་དག་དང་ཁྱད་པར་མེད། །འབྲས་བུ་གའུ་ཁ་སྦྱོར་འདྲ། །རང་གི་ནུས་པས་བད་ཀན་སེལ། །མཆོག་ཏུ་སྨུག་པོ་འཇོམས་པར་བྱེད། །ཅེས་པ་ནི་ལོ་སྡོང་གོ་སྙོད་ལྟ་བུ་ལ་འབྲས་བུ་གའུ་ཁ་སྦྱར་འདྲ་བ་ནང་གསེས་མདོག་སེར་ནག་གི་དབྱེ་བ་ཕྲན་ཙམ་ཡོད་པ་དེས་ཕོ་བའི་བད་ཀན་དང་ཚ་བ་སྐོམ་དད་རྣམས་སེལ་ཞིང་རླུང་ལའང་ཕན། སྟར་བུ་ལ་སྤྱིར་མིང་བཅུ་བཞི་འདིར་གཅིག །དེའང་འཁྲུངས་དཔེར། སྟར་བུ་གདུག་རྩུབ་ཚེར་མ་ཅན། །འབྲས་བུ་བྱེལ་གྱི་ཕྲུ་གུ་འདྲ། །རོ་ནི་སྐྱུར་ཞིང་ལྕེ་འབིགས་བྱེད། །རང་གི་ནུས་པས་གློ་ནད་སེལ། །ཞེས་ཀྱང་བཤད་པ་ནི་གླ་བ་ཤིང་ལ་རིགས་དཀར་ནག་གཉིས་ཡོད་པའི་དཀར་པོའི་འབྲས་བུ་སྲན་མ་ཆུང་བ་ཙམ་མདོག་སེར་ཞིང་རོ་ཤིན་ཏུ་སྐྱུར་བ་དེ་ལ་ཁཎྜ་བཅོས་པ་དེས་གློ་བརྐོ་ཞིང་ཁྲག་འཇུ་བ་དང་བད་ཀན་ཡང་གཅོད་ཅིང་ཤིང་དེའི་སྙིང་པོས་ཁྲག་འཇུ་ཞིང་ཟུག་གཟེར་གཅོག་ལ་ཚ་བའང་སེལ། ཐལ་བས་རྒྱུ་གཟེར་ལ་ཕན། བསེ་ཡབ་ལ་སྤྱི་དང་འདིར་མིང་གཅིག་དེའང་འཁྲུངས་དཔེར། བསེ་ཡབ་ཤིང་སྡོང་ཆེ་བ་ལ། །ལོ་མ་ཆེ་ལ་མེ་ཏོག་དཀར། །གང་བུ་རིལ་ལ་འབྲས་བུའི་དབྱིབས། །མ་རུ་ཙེ་དང་འདྲ་བ་ཡིན། །རོ་ནི་སྐྱུར་ལ་ཡིད་ཙམ་མངར། །རྣ་བའི་ནད་ཀྱི་བདུད་རྩི་ཡིན། །ཞེས་ཀྱང་གསུངས་པ་དེ་ནི་ཤིང་ལོ་སྡོང་མེ་ཏོག་སོགས་ཀུ་ཤུ་དང་མཚུངས་ཤིང༌། འབྲས་བུ་བུར་རྙིང་བསྒོངས་པ་ལྟ་བུའི་ཧྲིལ་མོ་ནང་གི་ཚི་གུ་ཤིན་ཏུ་མཁྲེགས་པ་མ་རུ་ཙེའི་འབྲུ་ལྟ་བུ་ཡོད་པའི་ཁམ་དུ་བརྗོད་པ་དེ་མཆོག་དང༌། དམན་པའང་རིགས་ཅུང་ཟད་མི་འདྲ་བ་སྡོང་པོ་ཚར་པ་ལྟ་བུ་ཚེར་མ་ཅན་ལོ་མ་མེ་ཏོག་གོང་མཚུངས། འབྲས་བུ་སྟར་ག་སྔོ་ཏོག་འདྲ་བ་སྟོན་ཀའང་མདོག་མི་འགྱུར་བ་དང་དེང་ལི་ཁཾ་བུར་བརྗོད་པ་རྣམས་ཀྱིས་བད་ཀན་དང་ཚ་བ་སེལ་བར་བྱེད། སེ་འབྲུ་ལ་སྤྱིར་མིང་བདུན་འདིར་གཅིག དེའང་འཁྲུངས་དཔེར། སེ་འབྲུ་ཞེས་བྱ་དྲོད་ཀྱི་ཤིང༌། །སྡོང་པོ་གདུགས་ཀྱི་ཚུལ་དུ་འཁྱིལ། །ལོ་མ་སྒོར་མོ་ཆུང་བ་སྟེ། །མེ་ཏོག་དཀར་པོ་རབ་ཏུ་མཛེས། །འབྲས་བུ་ཀུ་བའི་དབྱིབས་དང་འདྲ། །ནང་ནི་འབྲས་བུས་རབ་ཏུ་གང༌། །རོ་ནི་སྐྱུར་མངར་སྣུམ་པ་འོ། །རང་གི་ནུས་པས་གྲང་རླུང་སེལ། །ཕོ་བའི་མེ་དྲོད་སྐྱེད་པའི་མཆོག །ཅེས་པ་ནི་སྡོང་པོ་གདུགས་ཀྱི་ཚུལ་དུ་འཁྱིལ་བ། ལོ་མ་སྒོར་ལ་ཆུང་ཞིང་མེ་ཏོག་དཀར་པོ་རབ་ཏུ་མཛེས་པ། གང་བུ་ཀུ་བའི་དབྱིབས་ཅན་གྱི་ནང་འབྲུ་དམར་པོས་རབ་ཏུ་གང་བ་རོ་སྐྱུར་ཞིང་ནུས་པ་སྣུམ་དྲོ་དང་ལྡན་པ་དེས་ཕོ་བའི་ནད་རྣམས་མ་ལུས་སེལ་བ་དང༌། མེ་དྲོད་སྐྱེད་ཅིང་བད་ཀན་གྲང་རླུང་གི་ནད་སོགས་འཇོམས། ན་ལེ་ཤམ་ལ་སྤྱིར་མིང་ཞེ་གཅིག་འདིར་ཤི་ཀྲུ་དང་ཕོ་བ་རིས་དྲོད་སྨན་རིལ་མོ་བཅས་བཞི། དེ་ཡང་འཁྲུངས་དཔེའི་ཁུངས་མ་མཐོང་ཡང་ལོ་སྡོང་ལྗང་གུ་ཡལ་ག་ཕྲ་བ་འབྲས་བུར་དྲོད་སྨན་རིལ་མོའམ་འདྲ་མིང་དུ་བཏགས་པ་ཕོ་བ་རིས་ཞེས་པ་དེ་ཡིན་ལ། འོན་ཀྱང་ཁ་དོག་དཀར་ནག་གི་ཁྱད་པར་ཕྲན་བུ་ཡོད་པའི་དཀར་པོ་ལ་ཤི་ཀྲུར་ཡང་འབོད་པ་དེ་གཉིས་ཀྱིས་བད་ཀན་དང་གྲང་བ་མེ་དབལ་བཅས་སེལ་ཞིང་མིག་སྲོད་ལོང་ལ་ཕན། པི་པི་ལིང་ལ་སྤྱིར་མིང་སུམ་ཅུ་སོ་གསུམ་འདིར་དྲོད་སྨན་ནར་མོ་དང་གཉིས་འཁྲུངས་དཔེ་ཁུངས་མ་མ་མཐོང་ནའང་ལོ་སྡོང་ལྗང་གུ་མེ་ཏོག་སེར་པོ། རགས་པར་འབྲུ་དབྱིབས་འཇོང་མོ་ཁ་དོག་སྔོ་ནག་ཐལ་ཁ་དེ་ཉིད་ནང་གསེས་སུ་དབྱེ་ན་མོ་རིགས་སམ་མཆོག་ཕྲ་ཞིང་གྲོག་རྐེད་ཅན་དང༌། དམན་པའམ་ཕོ་རིགས་སྦོམ་པ་དེ་དག་གིས་གྲང་རླུང་མཆེར་ནད་མ་ལུས་པ་སེལ། སྨན་སྒ་ལ་སྤྱིར་མིང་བཅུ་དྲུག་འདིར་བཅའ་སྒ། སྒ་རྒོད། དོང་གྲ་སྟེ་བཞི། དེའང་ཇི་སྐད་དུ། བཅའ་སྒ་རོ་ནི་མངར་ལ་ཚ། །རྨ་ཁར་བཏབ་ན་ཕན་པར་བྱེད། །ཅེས་རོའི་ཁྱད་པར་ཙམ་ལས་འཁྲུངས་དཔེ་ཇི་བཞིན་མ་མཐོང་ཡང་ལོ་རྐང་ལྗང་གུ་རྩ་བའི་ཁ་དོག་དཀར་ལ་དམར་མདངས་ཡོད་པའི་རྩེ་མཁྲེགས་པ་དེ་དག་ཀྱང་དབྱེ་ན་བཅག་པའི་ཁ་དོག་དཀར་ལ་སྣུམ་བག་ཆུང་བ་སྨན་སྒ་དང༌། བཅག་ཁ་དམར་ཁམ་སྣུམ་བག་ཅན་དེར་དོང་གྲ་དང༌། བཅའ་སྒ་སྒ་རྒོད་ཅེས་པ་དེ་རྣམས་ཀྱིས་དྲོད་སྐྱེད་ཅིང་ཟས་ལེན་ལ་བད་རླུང་རྣམས་འཇོམས། སྒ་སྐྱ་ལ་སྤྱི་མིང་གོང་དང་མཐུན་ཞིང་འདིར་སྒེའུ་གཤེར་དང་གཉིས་ལ་འཁྲུངས་དཔེ་མ་མཐོང་ཡང་དེ་དག་ནི་གོང་བཤད་ཀྱི་སྒ་དང་དབྱིབས་འདྲ་བའི་སྡོང་པོ་ཆེ་བ་རྩ་བའི་ཁ་དོག་ཆང་ཕབས་ལྟར་དཀར་བ་དེ་ཡིན་ལ། འོན་ཀྱང་སྒེའུ་གཤེར་ཞེས་པ་ལའང་འདི་ཉིད་ངེས་བཟུང་དགོས་པ་ལ་དེང་སང་ཕལ་ཆེར་གཤེར་ཞེས་པའི་ཚིག་ལ་འཁྲུལ་ནས་རློན་པ་ཡིན་ཞེས་ཀྱང༌། དེས་ན་སྨན་མཐའ་དག་ལ་སྐམ་རློན་མི་འདྲ་བའི་ནུས་པ་དགོས་པར་སེམས་ཤིང༌། ཡང་འགའ་ཞིག་ནས་སྒེའུ་གཤེར། སྒ་སྐྱ་སྨན་སྒ་ཞེས་སོ་སོར་བཤད་པ་ལྟར་ན་སྒ་རིགས་མི་འདྲ་བ་ཞིག་ཏུ་དོགས་ནའང་མན་ངག་རྒྱུད་ཀྱི་སྦྱོར་སྡེ་རྣམས་སུ་སྒེའུ་གཤེར་གྱིས་ཁྲག་འཇུ་བ་ཤས་ཆེར་དུ་གསུངས་པས་འདི་ཉིད་འཐད་པ་བཅས་ཀྱིས་བད་རླུང་སེལ་ཞིང་ཁྲག་འཁྱགས་ཀྱང་འཇུ་བ་དང་ཆང་ནད་ལ་ཕན། ཙི་ཏྲ་ཀ་ལ་སྤྱིར་མིང་བཅུ་བདུན་འདིར་གཅིག་དེའང་རོ་ཤིན་ཏུ་ཚ་བ་ཞིག་དགོས་པར་རིགས་ཀྱང་ངོས་འཛིན་བྱེད་པ་ནི་རྐང་འདམ་རྩྭ་སྐམ་པོ་འདྲ་བ་ལ་ལོ་མ་སྨྱུག་མ་གཞོན་ནུ་ལྟ་བུ་ཞིག་དང༌། ཡང་ཟུར་མཁར་བས་ཕལ་ཆེར་ངོས་འཛིན་གསུངས་པའི་ལྕེ་མྱང་ཚ་དང་ཟློས་སོ་ཡོད་པ་དེ་དང༌། པི་པི་ལིང་གི་རྩ་བ་ཐལ་ཁ་ཞིག་དང༌། རྒྱ་གར་ཕལ་སྐད་ལ་ཙི་ཏ་ཟེར་བ་རོང་དུ་སྐྱེ་བའི་ཟྭ་ཤིང་འདྲ་བ་སོགས་ལ་འདོད་པའི་ངོས་འཛིན་འཁྱམ་པོ་མང་ཡང་ངོ་བོ་ནི་འཁྲུངས་དཔེར། དྲོད་ཀྱི་རྒྱལ་པོ་ཙི་ཏྲ་ཀ །ས་གཞི་དྲོད་ཅན་ཡུལ་དུ་སྐྱེ། །ལོ་མ་ལེབ་ཆགས་ཉ་ག་ཅན། །གང་བུ་དམར་སེར་འབྲུ་དང་ལྡན། །རོ་ནི་ཚ་བའི་མཐར་ཐུག་སྟེ། །རང་གི་ནུས་པས་གྲང་རླུང་དང༌། །སྐྲན་རིགས་འཇོམས་པར་བྱེད་པ་ཡིན། །ཞེས་དང་ངོ་ཤིན་ཏུ་འཕྲོད་པར་སྡོང་པོ་སྐྱེ་ཚུལ་སྤེན་མ་འདྲ་བའི་འགལ་ཚིགས་མང་ཞིང་མདོག་ལྗང་གུ། ལོ་མ་ཧ་ལམ་སྐྱེ་ཡགས་དང་ཕྱོགས་མཚུངས་ཤིང༌། གང་བུ་འཇོང་མོ་ཁ་དོག་དམར་སེར་གྱི་ནང་དུ་འབྲུ་ལེབ་ཆགས་སུ་ཡོད་པ་དེའི་སྟོབས་སམ་རོ་ཤིན་ཏུ་ཚ་བ་མེ་དང་འདྲ་བས་ཕོ་བའི་མེ་དྲོད་སྐྱེད་ཅིང་འོར་ནད་དང་གཞང་འབྲུམ་དང༌། སྲིན་ནད་མཛེ་ནད་རླུང་རྣམས་སེལ་བའི་མཆོག་ཏུ་འགྱུར་རོ། །ཤིང་ཚ་ལ་སྤྱིར་མིང་བཅུ་དྲུག་འདིར་སྐོགས་མཐུག་པ་རོ་དམན་པར་དྭ་ཚ་དང་གཉིས་ནི་ཤིང་ཀན་ཙ་ཐའང་ཞེས་ཏེ་འཁྲུངས་དཔེར། ཤིང་ཚ་ཞེས་བྱ་དྲོད་ཀྱི་ཤིང༌། །རོང་གི་ནགས་རི་མཐུག་པོར་སྐྱེ། །སྡོང་པོ་མཁྲེགས་ལ་ལོ་མ་ཆུང༌། །ཤུན་པ་མཐུག་སྲབ་རྣམ་པ་གཉིས། །སྲབ་པ་དྲོད་ཆེ་མཐུག་པ་སྙོམས། །རོ་ནི་ཚ་མངར་བསྐ་བ་དང༌། །ལན་ཚྭའི་རོ་དང་བཅས་པའོ། །རང་གི་ནུས་པས་དྲོད་རྣམས་སྐྱེད། །ཅེས་པ་ནི་སྡོང་པོ་མཁྲེགས་ལ་ལོ་མ་ཆུང་བ་དེའི་ཤུན་པ་འབྲུག་སྐད་ཐོག་མ་ཐོས་པ་དང་བྱེ་འོང་བའི་མདོག་དམར་པོ་སྲབ་པ་རོ་ཚ་མངར་དང་ལྡན་པ་མཆོག་གམ་དྲོད་ཆེ་བ་དང༌། མཐུག་པ་དམན་པའམ་སྙོམས་པ་དེས་བུད་མེད་ཚ་བ་ལ་ནུས་པ་རན་པས་ཕན་པར་བཤད་ཅིང་དེ་གཉིས་ཀྱིས་ཕོ་བ་དང་མཆིན་པའི་གྲང་རླུང་རྣམས་སེལ་བར་བྱེད་དོ། ཀ་རཉྫ་བ་ལ་སྤྱིར་མིང་བཅུ་བཞི་འདིར་གཅིག དེའང་བྲང་ཏིས་གཡུ་ཐོག་པའི་བཞེད་པ་འཇམ་འབྲས་ཡིན་ཞེས་དང༌། ཞིབ་པོ་བ་སྲིན་བུ་དམར་ལེབ་ལ་འདོད་པ་དང༌། ཤང་དཀར་བ་སྒ་དམར་དུ་བཞེད། ཟུར་མཁར་བས་ངོ་བོ་མ་རྙེད་པར་བརྟེན་འཇམ་འབྲས་ལ་བྲང་ཏིའི་རྗེས་ཞུགས་ཀྱིས་ངོས་བཟུང་བར་ཡིད་གཉིས་ཙམ་ཟོས་པས་རྟོགས་ཤིག་ཅེས་དང༌། སྐྱེམ་པ་ཚེ་དབང་འཇམ་འབྲས་སུལ་མང་བར་བཞེད། ཡང་འགའ་ཞིག་གླ་གོར་ཞོ་ཤ་རིལ་མོར་འདོད་ཅིང༌། ཁ་ཅིག་སྒྲ་སྦྱོར་ངེས་པར་ཡོད་ཅེས་རང་གིས་བཟོས་པའི་ཚིག་གི་གད་རྒྱངས་དུ་མ་སྒྲོག་ཀྱང་བོད་དུ་བཟོས་པའི་སྒྲ་སྦྱོར་ཡང་དག་ཅེས་པ་ལས་སྒྲ་སྦྱོར་ངེས་པ་ཞེས་པའི་དཔེ་ཁུངས་ཆེ་བ་རང་མེད་ངེས་པས་རྣམ་པར་འཁྱམས་ལ། རྗེ་གཡུ་ཐོག་པའི་བཞེད་པ་འཁྲུལ་མེད་ཡིན་ན་སྨོས་མ་དགོས་ཀྱང་ཀ་རཉྫ་འཇམ་འབྲས་ཀྱི་སྐད་དོད་ལ་མི་འཇུག་ཅིང་ཀརཉྫའི་མིང་གི་རིགས་དང༌། འཇམ་འབྲས་ཀྱི་སྐད་དོད་རྣམས་མི་འདྲ་ཙམ་འདུག་པ་དང༌། རྐྱང་སེལ་ཐ་དད་པས་དེ་གཉིས་གཅིག་པ་ནི་མིན་ངེས་ལ། རུང་མཐུན་སྦྱོར་བའི་ཚེ་ནའང་འཇམ་འབྲས་མཁལ་མའི་གྲང་བ་སེལ་བས་ནུས་པ་མི་འགལ་ཙམ་ཡིན་ཀྱང་ཕོ་བའི་མེ་དྲོད་སྐྱེད་པ་སོགས་ཁྱད་པར་གྱི་ནུས་པ་མི་ཚང་ཞིང་འཁྲུངས་དཔེ་ཁུངས་མ་དང་ངོ་མ་འཕྲོད་ཀྱང་ངོ་བོ་ནི་ཤིང་དྲོད་ཅན་གྱི་འབྲུ་རོ་དང་ཞུ་རྗེས་ཤིན་ཏུ་ཁ་བ་སྦྲུལ་གྱི་སྒོ་ང་ལྟ་བུ་ཞིག་འོང་ལ། དེ་ལ་མཁས་མཆོག་དཔའ་བོས་མདོག་ཁམ་ནག་དང་ལྗང་གུ་གཉིས་སུ་གསུངས་ཀྱང་དེང་སང་ཆེས་དཀོན་པ་དེས་རྟེན་སྟོབས་གྱུར་པའི་དབང་གིས་ཕོ་བའི་མེ་དྲོད་རྣམས་སྐྱེད་པར་བྱེད་ལ། རུང་མཐུན་སྦྱོར་ན་འཇམ་འབྲས་ལས་སྨན་སྒ་ལ་ནུས་པ་སྤྱི་སྒོས་གཉིས་ཀ་ཚང་ངོ༌། །ཤིང་ཀུན་ལ་སྤྱིར་མིང་བཅུ་བཞི་འདིར་གཅིག དེ་ལ་འཁྲུངས་དཔེའི་རིགས་མ་མཐོང་ནའང་དུས་འཁོར་འགྲེལ་ཆེན་ལས་ཤིང་བོཀྐ་ཞེས་པའི་ཚི་བ་བལ་སྐུད་དཀར་པོ་ལ་བྱུགས་ན་སྔོན་པོར་འགྲོ་ཞེས་པ་དེ་དང༌། ལྡུམ་བུའི་སྐབས་རྒྱ་ལ་ཕུག་དང་སྐྱེ་ལུགས་འདྲ་བར་རྩ་བ་ཕྱེད་ཙམ་ས་ནས་དོན་ཞིང་འོ་མ་འཛག་པ་དེ་ལས་བྱུང་བ་ཡོངས་གྲགས་ཁ་དོག་དཀར་སེར་དེས་སྲིན་འཇོམས་ཤིང་གྲང་བའི་ནད་དང་སྙིང་རླུང་རྣམས་སེལ་ལ། ཁ་ཅིག་སྒོག་པ་ཤ་ཀླད་པ་སོགས་ལ་བཟོས་པར་འདོད་ཀྱང་དེ་དག་ནི་རྣམ་པར་འཁྱམས་པའོ། །བྱི་ཏང་ག་ལ་སྤྱིར་མིང་བཞི་འདིར་གཅིག་དེའང་འཁྲུངས་དཔེར། བྱི་ཏང་ག་ཞེས་བྱ་བའི་སྨན། །སྡོང་པོ་ཕྲ་ལ་རིང་བ་སྟེ། །ལོ་མ་སྐྱ་ཆུང་རྩུབ་པ་ཡིན། །མེ་ཏོག་སྔོ་དམར་ཆུང་བ་ལ། །འབྲས་བུ་སྲན་མ་སད་ཁྱེར་འདྲ། །རོ་ནི་སྐྱུར་ལ་མངར་བ་ཡིན། །རང་གི་ནུས་པས་སྲིན་བུ་ཡི། །གྲོང་ཁྱེར་ཐམས་ཅད་གསོད་པར་བྱེད། །ཅེས་པ་ལྟར་སྡོང་པོ་ཕྲ་ལ་རིང་ཞིང་ལོ་མ་སྐྱ་ཆུང་རྩུབ་པ། མེ་ཏོག་སྔོ་དམར་ཆུང་ལ་འབྲས་བུ་སྲན་མ་སད་ཁྱེར་འདྲ་བ་དེས་སྲིན་སེལ་ཞིང་ཕོ་བའི་མེ་དྲོད་ཀྱང་སྐྱེད། མ་རུ་ཙེ་ལ་སྤྱིར་མིང་བརྒྱད་འདིར་གཅིག དེའང་འཁྲུངས་དཔེར། སྲིན་ནད་འཇོམས་པའི་མ་རུ་ཙེ། །ས་གཞི་དྲོད་ཆེའི་ཡུལ་ན་སྐྱེ། །ལོ་མ་སྔོ་སྤུན་ཕུང་པོ་ཆེ། །སྡོང་པོ་ཕྲ་མོ་མེ་ཏོག་སེར། །འབྲས་བུ་དམར་སེར་མ་རུ་ཙེ། །རོ་ནི་ཁ་ལ་མངར་བ་ཡིན། །རང་གི་ནུས་པས་སྲིན་ནད་འཇོམས། །ཞེས་པ་ལྟར་རྐང་དང་ལོ་མ་སྔོ་ལྗང་མེ་ཏོག་རྩ་བ་སྔོན་པོ་རྩེ་སེར་པོ་གང་བུ་སྤུ་ཅན་གྱི་ནང་ནས་འབྲུ་ལྔ་ཙམ་འོང་བར་སྲིན་བུ་དམར་ལེབ་ཏུའང་གྲགས་པ་ཕྱི་ཤུན་དམར་སྨུག་བྱེའུའི་མཆིན་པ་འདྲ་བ་དེས་སྲིན་ནད་བད་གྲུམ་རྣམས་སེལ་བར་བྱེད། གོ་བྱེ་ལ་སྤྱི་དང་འདིར་མིང་གཅིག་ཏུ་འདོད་པ་དེ་ལ་འཁྲུངས་དཔེའི་ཁུངས་མ་མཐོང་ཡང་རིགས་ནི་བསེ་ཤིང་ལ་དཀར་ནག་གཉིས་ཡོད་པའི་དཀར་པོ་དེའི་གྲས་སུའང་འདྲེན་པ་འབྲས་བུའི་ཕྱི་སྐོགས་སྐྱེ་མཚམས་སུ་རྐྱལ་པའི་ཁ་སྒྲོ་ལྟར་འདུས་ཤིང་ནང་ནས་ཁྲག་འོང་ལ་རྣམ་པའང་ཁྲག་གི་རྐྱལ་པ་འདྲ་བ་དེས་སྲིན་གསོད་ཅིང་རུལ་གཅོད་པ་དང་ཕོ་བའི་རིམས་རྣམས་སེལ། སྤོས་དཀར་ལ་སྤྱིར་མིང་བདུན་འདིར་གུ་གུལ་དཀར་པོ་དང་གཉིས་དེའང་འཁྲུངས་དཔེ་ཁུངས་མ་མ་མཐོང་ཡང་ཤིང་སྡོང་པོ་སྨུག་ལ་སེར་མདངས་ཅན་ལོ་མ་ལྗང་གུ་མེ་ཏོག་སེར་པོ་འཆར་བ་དེའི་ཚི་བ་ཁ་དོག་དཀར་པོ་རྟ་སོ་འདྲ་བ་དེས་ཆུ་སེར་གྱི་ནད་རྣམས་སྦྱོང་ཞིང་རང་སར་སྐེམ་པར་བྱེད་ལ། དམན་པ་ཀློ་ཡུལ་ནས་འོང་བའི་ནག་པོ་དེས་ནི་མི་རུང་བར་བཤད་དོ། །གུ་གུལ་ལ་སྤྱིར་མིང་བཅུ་གཅིག་འདིར་འདྲེ་འཇིགས་ཐང་ཆུ་དང་གཉིས་དེའང་རིགས་དཀར་ནག་གཉིས་མ་ཧེ། སྦྲུལ་སོགས་ལས་འབྱུང་ཞེས་ཀྱང་དོན་འཁྲུངས་དཔེ་དང་ངོ་མ་འཕྲོད་ཅིང་ཤིང་འདྲེ་འཇིགས་སྡོང་པོ་མདོག་དམར་སེར་ལྤགས་ཤུན་རིམ་པས་མང་ཞིང་ལོ་ལྗང་ཅན་དེའི་ཚི་བ་ཁ་དོག་ནག་སེར་དངས་པ་རྭ་ཤེལ་འདྲ་བ་དཀར་པོ་དང༌། སྣ་ཐུང་ཉོག་པ་ནག་པོ་གཉིས་ཀྱིས་ཀླུ་གཉན་ས་བདག་གི་གདོན་དང༌། ལྷོག་པ་ཉྭ་ལོག་སོགས་གཉན་གཟེར་གྱི་རིགས་དང་རླུང་ནད་བརླ་རེངས་རྣམས་འཇོམས། ཤེལ་ཏ་ལ་སྤྱིར་མིང་གསུམ་འདིར་ནགས་མའི་ཐང་ཆུ་དང་གཉིས་སུ་འདོད་པ་ལ་འཁྲུངས་དཔེ་གྲོག་ཞིང་སྐབས་སོང་བ་ལྟར་ལོ་སྡོང་སོགས་སྐྱེ་ཚུལ་རྟོགས་སླ་ཞིང༌། དོན་ཐང་མ་སྒྲོན་ཤིང་གི་ཚི་བའམ་ཆུ་ལྟ་བུ་ཡིན་པས་ན་ཐང་ཆུ་ཞེས་པའི་བརྡ་ཆད་ཀྱང་དེ་ལྟར་དུ་བཏགས་པ་དེས་ལྷ་བ་དང་རུས་པའི་བར་གྱི་ཆུ་སེར་རྣམས་བཙོན་དུ་འཛིན་པར་བྱེད་ལ། འདི་ལ་བརྟེན་ནས་ཤིང་གི་ཚི་བ་བྱུང་ཚད་ལ་ཐང་ཆུ་ཞེས་པ་མི་རིགས་སོ། །རྒྱ་ཚྭ་ལ་སྤྱིར་མིང་བདུན་འདིར་གཅིག་དེའང་བྲག་ལས་བྱུང་བའི་ཚྭ་རིགས་ཡིན་ཏེ། བརྡ་སྤྲོད་ལས། རྒྱ་ཚྭ་ཅོང་ཞི་བཅག་པ་འདྲ། །ཞེས་པ་ལྟར་བུ་ཅོང་འདྲ་བ་མཆོག་དང༌། བཟོས་པ་རོ་ཚ་ཞིང་མཚུར་བྲོ་བ་དེ་གཉིས་ཀྱིས་དུག་རིགས་རྣམས་སེལ་བ་དང་སྲིན་གསོད་ཅིང་རྩའི་ནད་ཀྱང་སྦྱོང་བ་དང༌། གག་པ་སོགས་ཤ་རོའང་གཅོད་ཅིང་ཆུ་འགགས་ཀྱང་འབིགས། །རྒྱམ་ཚྭ་ལ་སྤྱིར་མིང་དགུ་འདིར་གཅིག དེའང་སྨན་ངོ་གསལ་བྱེད་ནས་བཤད་པ་ལྟར་རྡོ་ལས་བྱུང་བའི་ཤེལ་ལྟར་དྭངས་པ་ཕོ་ཅོང་འདྲ་བའི་རོ་མངར་ཤས་ཆེ་བ་དེས་བད་རླུང་དང་མ་ཞུ་གྲང་ནད་རྣམས་སེལ་ལ། འདི་ཉིད་མ་འབྱོར་ན་བྱང་ཚ་ལྷད་མེད་དེས་ཚབ་རུང་བའང་མཁས་པ་སྔ་མ་རྣམས་བཞེད། ལྕེ་མྱང་ཚྭ་ལ་སྤྱི་དང་འདིར་མིང་གཅིག དེའང་འདི་ཉིད་ལ་སྨན་མིང་རྒྱ་མཚོར། ལྕེ་མྱང་ཚྭ་ནི་ཡལ་གའི་སྡེ། །ཞེས་དང༌། བདུད་རྩི་འབྱུང་ཁུངས་སུ། ལྕེ་མྱང་ཚྭ་ཞེས་བྱ་བའི་སྨན། །ལྷོ་རོང་ཚད་པའི་ཡུལ་དུ་སྐྱེ། །ཞེས་སོགས་ལ་བརྟེན་ཤིང་སྨན་ཡིན་པ་འདྲ་ཞིག་སྣང་མོད་དེ་ལྟར་ན་གོང་གི་ཙི་ཏྲ་ཀའི་དུས་སུ་གླེང་སློང་བྱུང་བའི་ཡལ་གའི་རྣམ་པ་དེ་འཐད་ཀྱང༌། ངོ་བོ་ནི་ཟླ་ཟེར་ལས། ཚྭ་མཆོག་ནི་རྒྱམ་ཚྭ་དང་ལྕེ་མྱང་ཚྭའོ་གསུངས་པ་ལྟར་རྒྱ་མཚོ་ལས་བྱུང་བ་རྒྱམ་ཚྭ་དང་ལྕེ་མྱང་ཚྭ་གཉིས་ལས་གཡུ་ཐོག་པའི་གསེར་མཆན་དུ་ལྕེ་མྱང་ཚྭ་རྒྱམ་ཚྭ་འདྲ་བ་དམར་ཤས་ཆེ་བ་ཞིག་འབྱུང་ཚུལ་བཅས་དོན་ཚྭ་རིགས་དབྱིབས་རྒྱམ་ཚྭ་གོང་བཤད་འདྲ་བ་ལ་དེ་ལས་དམར་བ་དེར་ངོས་འཛིན་པས་ཀྱང་དེ་བཞིན་དུ་མིག་ལ་ཕན་ནོ། །ཁ་རུ་ཚྭ་ལ་སྤྱིར་མིང་དགུ་འདིར་གཅིག དེའང་རང་གྲུབ་དམར་པོ་དང་ནག་པོ་གཉིས་ཤིན་ཏུ་དྭངས་པ་དེ་བྱུང་ན་མཆོག་དང༌། བཟོས་པའི་ཁ་དོག་ནག་པོ་དེའང་མཆོག་དམན་གྱི་ཁྱད་ཙམ་ལས་ཧ་ལམ་འདྲ་བ་གསུམ་དང༌། ཙབས་རུ་ཚྭ་ལ་སྤྱིར་མིང་ལྔ་འདིར་གཅིག དེའང་རང་གྲུབ་ཡིན་པ་འགྲེལ་པ་ཟླ་ཟེར་ལས་བཤད་པ་ཁ་དོག་དཀར་པོ་མདུང་རྩེ་འདྲ་བ་བཟང་ལ། དམན་པ་ནི་བཟོས་པའི་ཚྭ་རིགས་དཀར་པོ་ཞིག་ཀྱང་འོང་བ་དེ་རྣམས་ནང་གསེས་ཀྱི་དབྱེ་བ་ཙམ་ལས་དོན་ཁ་ཙབས་གཉིས་ཀྱིས་དྲོད་སྐྱེད་ཅིང་སྦོ་སྒྲེག་འགྱིངས་པ་དང་བད་རླུང་རྣམས་འཇོམས། ར་ཚྭ་དང༌། ཐལ་ཚྭ་གཉིས་ལ་སྤྱི་དང་འདིར་མིང་རེ་སྟེ་འདི་གཉིས་ནི་བཟོས་པའི་ཚྭ་ཡིན་པས་ན་མདོག་ཀྱང་ངེས་མེད་དུ་འབྱུང་བས་སྣོད་ཀྱི་གྲང་བ་སེལ་ལོ། །མཛེ་ཚྭ་ལ་སྤྱི་དང་འདིར་མིང་གཅིག དེའང་བྲག་ལ་མཚུར་གྱི་ལྦུ་བ་ལྟར་ཆགས་ཤིང་ཚྭ་བྲོ་བ་བྱང་ཚྭ་ལྟར་དཀར་ཞིང་དྭངས་པ་དེས་ཁྲག་རྣམས་འཇུ་ཞིང་རྨའི་ཆུ་སེར་ཡང་འདྲེན་ལ། འདི་ཉིད་ཡུན་སོང་ན་བུལ་འདྲ་བར་ཡལ་འགྲོ་བས་ན་དེ་ལས་བཟློག་ཕྱིར་ཆང་གར་དང་ཤ་ཁུ་སྣུམ་ཅན་བྱུགས་པ་གདམས་པའོ། །ཚྭ་ལ་ལ་སྤྱིར་མིང་ལྔ་འདིར་དར་ཚུར་དང་དར་སྨན་གསུམ་ནི་མཚོ་ལས་བྱུང་བའི་ཤེལ་འདྲ་བ་མཆོག་ཡིན་ཅིང༌། བྱེ་བྲུན་མ་ཐ་མར་འདོད་པ་དེ་གཉིས་ཀྱིས་རྨ་འདྲུབ་ཅིང་ཁྲག་འཇུ་བ་དང་སྦྱོང་བར་ཡང་བྱེད་ལ་ཆུ་སེར་སྐེམ། འདི་ཉིད་ལ་འཁྲུལ་སོ་བྱུང་ན་མེ་ལ་བསྲེགས་ཚེ་ལྦུ་ཧྲོག་ཏུ་ཁོལ་འོང་ངོ༌། །ལྦ་ཚྭ་ལ་སྤྱི་དང་འདིར་མིང་གཅིག དེའང་ཚྭ་རིགས་བྱེ་མ་ཀ་ར་གོང་བུར་འདྲིལ་བ་འདྲ་བ་ལ་ཚྭའི་རོ་ཤིན་ཏུ་དུགས་པ་དེས་ལྦ་བ་རྣམས་འཇོམས་པར་བྱེད་པའོ། །འོན་ཀྱང་མ་རྙེད་ན་ས་ཕུག་གི་བ་ཚྭས་ཀྱང་ཚབ་བཏུབ་བོ། །ཨ་རུ་ར་འདིར་མདོ་སྡེ་གསེར་འོད་དམ་པ་ལས། 

ཨ་རུ་ར་ནི་རྣམ་གཅིག་ལ། །རོ་ནི་རྣམ་པ་དྲུག་ལྡན་ཏེ། །ནད་ནི་ཐམས་ཅད་སེལ་བྱེད་པའི། །ཉེས་མེད་སྨན་རྣམས་ཀུན་གྱི་རྒྱལ། །ཞེས་རགས་པའི་དབང་གཅིག་ཏུ་གསུངས་པ་དང༌། རྒྱུད་སྡེ་མཁའ་འགྲོ་རྒྱ་མཚོ་ལས། ཨ་རུ་ར་ནི་འབིགས་བྱེད་ཀྱི། །ནགས་དང་རི་བོ་དབང་ཆེན་སྐྱེས། །ནར་མ་ད་ཡི་ཆུ་སྐྱེས་མཆོག །གཞན་དག་དམན་དང་འབྲིང་པོ་ཡིན། །སྙུང་པོ་དང་ནི་འཇིགས་མེད་དང༌། །འཚོ་དང་དེ་བཞིན་བདུད་རྩི་སྟེ། །གཙང་མ་དང་ནི་འཕེལ་བ་དང༌། །རྣམ་པར་རྒྱལ་བ་བདུན་དུ་བརྗོད། །རི་མོ་གསུམ་པོ་སྙུང་པོ་སྟེ། །འཇིགས་མེད་རི་མོ་ལྔ་པ་ཡིན། །འཚོ་བ་གསེར་མདོག་ཤེས་པར་བྱ། །བདུད་རྩི་ཤ་ཆེན་ཞེས་བྱ་སྟེ། །དེ་བཞིན་གཙང་མ་ཤ་མེད་ཡིན། །སེར་སྐྱ་འཕེལ་བ་ཞེས་བྱ་སྟེ། །ཀུ་བ་ལྟ་བུ་རྣམ་པར་རྒྱལ། །ཞེས་སོགས་བཤད་ཚུལ་མང་ཞིང་སྤྱིར་མིང་བཅུ་གཅིག་འདིར་སྤྱིར་བཏང་གཅིག དེའང་འཁྲུངས་དཔེར། ཨ་རུ་ར་ཞེས་བྱ་བའི་ཤིང༌། །སྡོང་པོ་ཆེ་ལ་ལོ་མ་མཐུག །མེ་ཏོག་སེར་པོ་འབྲས་བུ་ལ། །རིགས་ནི་བརྒྱད་དམ་བདུན་ནམ་ལྔ། །རོ་ནི་དྲུག་དང་ལྡན་པ་སྟེ། །ནུས་པས་ནད་རྣམས་སེལ་བར་བྱེད། །ཅེས་པ་ལྟར་ཤིང་སྡོང་པོ་ཆེ་བ་ཕྱི་སྐོགས་མདོག་སོགས་སྟར་སྡོང་འདྲ་བའི་བར་ཤུན་ལྗང་སེར་ལོ་མ་ལྗང་གུ་མཐུག་པ་མེ་ཏོག་སེར་པོ་འཆར་བ་ཞིག་ལས་ནང་གསེས་འབྲས་བུ་ནག་སེར་རིགས་གཉིས། སེར་པོ་ལ་ཡང་ཤིང་དར་གུད་ཀྱི་དབྱེ་བས་རིགས་བརྒྱད་དམ་ལྔར་འདོད་ཀྱང་སྤྱིར་བཏང་ལན་ཚྭ་མ་གཏོགས་རོ་ལྔ་དང་ལྡན་ཞེས་པ་འཇིགས་མེད་སོགས་ཕལ་ཆེར་ལ་དགོངས་པ་དེ་དག་གི་ཡོན་ཏན་ལུས་སྲོག་འཚོ་བར་བྱེད་ཅིང་དྲོད་སྐྱེད་ལ་ཟས་འཇུ་བ་སོགས་འཕྲོད་པར་བྱེད་པ་དང་རླུང་དང་མཁྲིས་པ་བད་ཀན་སོགས་ལས་གྱུར་པའི་ནད་ཀུན་འཇོམས་ལ། དེ་ལ་མཆོག་དམན་གྱི་ཁྱད་པར་རིགས་ཀྱི་སྒོ་ནས་དབྱེ་ན་རགས་པ་ལྔར་འགྱུར་ཏེ། རྣམ་རྒྱལ་དང༌། འཇིགས་མེད་དང༌། བདུད་རྩི་དང༌། འཕེལ་བྱེད་དང༌། སྐེམ་པོ་དང་ལྔ་ཡིན་ཏེ། དེ་དག་གི་ཡོན་ཏན་རིམ་པ་བཞིན་བརྗོད་ན། རྣམ་པར་རྒྱལ་བ་ལ་སྤྱིར་མིང་དྲུག་འདིར་གཅིག་སྟེ་ཆག་ཚང་ཀུ་བ་ཞེས་པའི་མཇུག་མ་འདྲ་བ་རོ་དྲུག་དང་ལྡན་པ་ཞིག་འོང་ལ། ཀུ་བའི་མཇུག་མ་ཞེས་པར་འཁྲུལ་ནས་བྱི་ལའི་མཇུག་མ་འདྲ་བར་འདོད་པ་ནི་རྣམ་པར་འཁྱམས་ཤིང༌། གོང་བཤད་དེ་ནི་རྗེ་གཡུ་ཐོག་པའི་དུས་སོགས་སུ་བྱུང་བའི་ལོ་རྒྱུས་ལས་ངོ་བོ་ཤིན་ཏུ་དཀོན་ལ། འོན་ཀྱང་གསེར་མདོག་རྡོག་ཆེ་བ་མཇུག་མ་ཅན་དེས་མཚོན་བྱེད་རུང་ཡང༌། ངོ་བོ་བྱུང་ན་ཕན་ཡོན་ཤིན་ཏུ་ཆེ་སྟེ་རླུང་དང་མཁྲིས་པ་དང་བད་ཀན་ལ་སོགས་པ་འདུ་བ་ཚ་གྲང་གང་གི་ནད་རྣམས་སེལ་ཞིང༌། ཁྱད་པར་གང་དུ་ཡོད་པའི་སར་བཀྲ་ཤིས་པ་དང་འདོད་དོན་ཀུན་བདེ་བླག་ཏུ་འགྲུབ་པས་ན་ཡིད་བཞིན་གྱི་ནོར་བུ་དང་འདྲ་སྟེ་བཟང་ངོ༌། །འཇིགས་མེད་ལ་སྤྱིར་མིང་དྲུག་འདིར་གཅིག་ནི་ཟུར་ལྔ་པ་མདོག་ནག་པོ་ཤིན་ཏུ་འཇོང་བའི་རྣམ་པ་དེ་ཉིད་མིག་ནད་དང་གདོན་རིགས་ལ་བསྔགས་སོ། །བདུད་རྩི་ལ་སྤྱིར་མིང་དྲུག་འདིར་གཅིག དེའང་ཤ་མཐུག་པས་ཤ་ཆེན་དུའང་གྲགས་ཤིང་མདོག་སེར་བ་དེས་ནི་ལུས་སྐེམ་པོ་རྣམས་ཤ་འཕེལ་བར་བྱེད་དོ། །འཕེལ་བྱེད་ལ་སྤྱིར་མིང་གསུམ་འདིར་གཅིག་ནི་དབྱིབས་ཟླུམ་པོ་བུམ་པ་འདྲ་བ་རིལ་བ་དེ་ཉིད་རྨའི་རིགས་ལ་བསྔགས་སོ། །སྐེམ་པོ་ལ་སྤྱིར་མིང་གཉིས་འདིར་གཅིག་ནི་ཤ་ཆུང་བས་སུལ་མང་ལ་དངོས་ངན་པ་དེས་བྱིས་པའི་མཁྲིས་ནད་སེལ་ལོ། །གཞན་ཡང་གསེར་མདོག་ཅེས་སེར་པོ་སྤྱི་མིང་དང༌། མཆུ་སྙུང་བར་ཧ་རི་ཏ་ཀ་ཞེས་སྦྱོང་བར་བྱེད་པ་དང༌། ནག་ཆུང་ཚི་གུ་མེད་པ་དེ་བདུད་རྩིའི་ནུས་པ་དང་མཚུངས་པ་བཅས་བདུན་ནམ་བརྒྱད་དུའང་བཤད་དོ། །བ་རུ་ར་ལ་སྤྱིར་མིང་བཅུ་གཅིག་འདིར་གཅིག དེའང་འཁྲུངས་དཔེར། བ་རུ་ར་ཞེས་བྱ་བ་ནི། ཤིང་སྡོང་སེར་སྐྱ་ཆེ་བ་ལ། །ལོ་མ་ལེབ་མོ་མདངས་མི་གསལ། །མེ་ཏོག་དཀར་པོ་ཆུང་བ་ཡིན། །ཨ་རུ་ར་ཡི་ཡོན་ཏན་ཚང༌། །ཞེས་པ་ལྟར། ཤིང་སྡོང་པོ་སེར་སྐྱ་ཆེ་བ་ལོ་མ་ལེབ་མོ་མེ་ཏོག་དཀར་ཆུང་འབྲས་བུ་ཨ་རུ་ར་ལས་འཇམ་པ་མདོག་དུ་སེར་ཆུང་བ་བཟང་བ་དང༌། ཆེ་བ་དམན་པ་གཉིས་ཀྱིས་བད་མཁྲིས་དང་ཆུ་སེར་རླུང་རྣམས་སེལ། སྐྱུ་རུ་ར་ལ་སྤྱིར་མིང་བཅུ་གཅིག་འདིར་གཅིག དེའང་འཁྲུངས་དཔེར། སྐྱུ་རུ་ར་ཞེས་བྱ་བའི་ཤིང༌། །ཚད་པ་ཆེ་བའི་ཡུལ་དུ་སྐྱེ། །སྡོང་པོ་རིང་ལྡེམ་ལོ་མ་ཆེ། །མེ་ཏོག་དམར་སེར་མདངས་མི་གསལ། །ཞེས་བཤད་ཀྱང་དངོས་བསྟན་མིག་ལམ་དུ་སོན་པ་ནི་སྡོང་པོ་རིང་ལ་ལྡེམ་པ་ལོ་མ་ཕག་ཟེ་ལྟར་སིབ་པ་འབྲས་བུ་དཀར་ཤས་ཅན་བཟང་བ་དང༌། ནག་ཤས་ཅན་དམན་པ་དེ་གཉིས་ཀྱིས་བད་མཁྲིས་དང་ཁྲག་ནད་རླུང་གཅིན་སྙི་རྣམས་སེལ། སྙིང་ཞོ་ཤ་ལ་སྤྱིར་མིང་གཉིས་འདིར་གཅིག དེའང་འཁྲུངས་དཔེར། སྙིང་ནད་སེལ་བའི་ཞོ་ཤ་ནི། །རོང་གི་ནགས་ཀྱི་གསེབ་ན་སྐྱེ། །སྡོང་པོ་ཆེ་ལ་ལོ་མ་མཐུག །མེ་ཏོག་དཀར་པོ་རབ་ཏུ་མཛེས། །འབྲས་བུ་སྙིང་འདྲ་སྙིང་ཞོ་ཤ །ཞེས་པ་ལྟར། སྡོང་པོ་ཆེ་ལ་ལོ་མ་མཐུག་པ་མེ་ཏོག་དཀར་པོ་འབྲས་བུ་སྙིང་འདྲ་བ་མདོག་ནག་རྩུབ་པ་དེ་དང༌། མཁལ་མ་ཞོ་ཤ་ལ་སྤྱི་དང་འདིར་མིང་གཅིག དེའང་འཁྲུངས་དཔེར། མཁལ་མ་ཞོ་ཤ་ཞེས་བྱ་བ། །ཤིང་སྡོང་ཕྲ་ལ་ལོ་མ་འཇམ། །མེ་ཏོག་མཐིང་ག་མཛེས་པ་ལ། །གང་བུ་སེར་པོའི་ནང་དག་ནས། །འབྲས་བུ་མདོག་ནག་མཁལ་མ་འདྲ། །རོ་ནི་མངར་ལ་སྣུམ་པ་ཡིན། །རང་གི་ནུས་པས་མཁལ་ནད་སེལ། །ཞེས་པ་དང་མཚུངས་པར་སྡོང་པོ་ཕྲ་ལ་ལོ་མ་འཇམ་པ་བྲ་བོའི་ལོ་མ་ལྟ་བུ་མེ་ཏོག་མཐིང་ག་གང་བུ་སེར་པོའི་ནང་ནས་འབྲུ་མཁལ་མའི་དབྱིབས་ཅན་དཀར་པོ་མཆོག་དང་ནག་པོ་སེར་པོ་རྣམས་རིམ་གྱིའང་མཆོག་དམན་དང་བཅས་དམན་ཞིང་སོ་སོ་ནང་གསེས་འབྱུང་བ་དང༌། གླ་གོར་ཞོ་ཤ་ལ་སྤྱི་དང་འདིར་མིང་གཅིག འོན་ཀྱང་དོན་མཆེར་པ་ཞོ་ཤ་སྟེ་འདི་ལ་གླང་མིག་བ་མཁལ་བཅས་དང་འཁྲུལ་སོ་ཆེ་ཡང་འཁྲུངས་དཔེར། གླ་གོར་ཞོ་ཤ་ཞེས་བྱ་བ། །ཤིང་སྡོང་ཆུང་ལ་ཕྲ་བ་ཡིན། །འབྲས་བུ་ནག་ཁྲ་མཁལ་མའི་དབྱིབས། །ཞེས་བཤད་པ་ལྟར་སྡོང་པོ་ཆུང་ལ་ཕྲ་བ་ལོ་མ་སྒོར་མོ་མཐུག་པ་མེ་ཏོག་དཀར་པོ་གང་བུ་སྙིང་འདྲ་བའི་ནང་ནས་འབྲས་བུ་ནག་ཁྲ་མཁལ་དབྱིབས་དང་ལ་ལ་མཐའ་མཐུག་དཀྱིལ་སྲབ་མཆེར་པའི་དབྱིབས་ཅན་བྱུང་ན་མཆོག་ཏུ་འདོད་པ་དེ་གསུམ་གྱི་ནུས་པས་རིམ་པར་སྙིང་ཚད་དང༌། མཁལ་ཚད་དང༌། མཆེར་ཚད་རྣམས་སེལ་བར་བྱེད་ལ། འགའ་ཞིག་གླ་གོར་ཞོ་ཤ་བ་མཁལ་ལམ་གླང་མིག་མཆིན་པ་ཞོ་ཤར་ངོས་འཛིན་ཀྱང་དེ་ནི་མན་རྒྱུད་དུག་ལེར། མཆིན་པ་ན་ན་བ་མཁལ་སྨུག་པོའི་ཐང༌། །ཞེས་གསུངས་པས་མཆེར་པ་ཞོ་ཤ་དང་མི་གཅིག་པ་ཁ་སྐོངས་སུ་བཤད་པ་བཞིན་མ་འཁྲུལ་བ་དགོས་སོ། །ཨ་འབྲས་ལ་སྤྱིར་མིང་བཞི་འདིར་གཉིས། དེའང་འཁྲུངས་དཔེར། ཨ་འབྲས་ཤིང་སྡོང་ཆུང་བ་ལ། །ལོ་མ་ལྕུམ་གྱི་ལོ་མ་འདྲ། །མེ་ཏོག་སྔོན་པོ་གདུགས་ལྟར་ཕུབ། །འབྲས་བུ་ཤ་བའི་རླིག་པ་འདྲ། །རོ་ནི་སྐྱུར་ལ་མངར་བ་ཡིན། །རང་གི་ནུས་པས་མཁལ་ནད་སེལ། །ཞེས་པ་དང་མཐུན་པར་ཤིང་སྡོང་ཆུང་བ་ལོ་མ་ལྕུམ་ལོ་འདྲ་ཞིང་མེ་ཏོག་སྔོན་པོ་གདུགས་ཀྱི་དབྱིབས་ཅན་འབྲས་བུ་ཤ་བའི་རླིག་པ་འདྲ་བས་ཤ་འབྲས་ཀྱང་ཟེར་བ་དེ་དང༌། སྲ་འབྲས་ལ་སྤྱིར་མིང་གཉིས་འདིར་གཅིག །དེའང་འཁྲུངས་དཔེ་ཁུངས་མ་མ་མཐོང་རུང་ཤིང་སྡོང་འཚམ་པ་ལོ་མ་སྤ་མ་འདྲ་བ་འབྲས་བུ་ཆེ་ཆུང་ཤུག་འབྲུ་ཙམ་དབྱིབས་བུམ་ཆུང་འདྲ་བ་མདོག་ནག་པོ་མཁྲེགས་པ་དེ་དང༌། འཇམ་འབྲས་ལ་སྤྱིར་མིང་བདུན་འདིར་གཅིག་སྟེ། འདི་ལ་འང་འཁྲུངས་དཔེ་ཁུངས་མ་མ་མཐོང་རུང་སྡོང་པོ་ནག་ཤས་ཆེ་ལ་ལོ་མ་སིབ་པར་ཚེར་མ་ཅན་མེ་ཏོག་སེར་པོ་གང་བུ་འཇོང་སྟབས་ཀྱི་ནང་ནས་འབྲས་བུ་ལྗང་གུ་ཐལ་ཁ་ཅན་རྣ་བར་དཀྲོགས་ཚེ་ཁྲོག་ཟེར་བ་དེ་དང་གསུམ་གྱིས་མཁལ་མའི་གྲང་ནད་རྣམས་སེལ། འབྲ་གོ་ལ་སྤྱི་དང་འདིར་མིང་གཅིག དེའང་འགའ་ཞིག་ཤིང་ཙུ་ཏའི་འབྲས་བུ། བསེ་འབྲས་སོགས་ལ་འདོད་པ་ནི་ནོངས་པར་ཟད་ཅིང༌། འོན་ཀྱང་ཨ་རུ་ཤ་ཆེན་འདྲ། །ཞེས་པ་ནས་ཁ་སུར་པར་ཡང་བཞེད་རུང་དེ་ཉིད་ཡང་མིན་པར་སེམས་ཤིང་འདི་ལ་རོ་མངར་ཤས་ཅན་ཞིག་དགོས་པར་སེམས་པས་ན་ངོ་བོ་ནི་འཁྲུངས་དཔེ་དང་ངོ་མ་འཕྲོད་རུང་ཤིང་སྡོང་དམར་པོ་ལོ་ལྗང་མེ་ཏོག་དཀར་སེར་སྔོ་སོགས་ཅི་རིགས་འཆར་ཞིང་འབྲས་བུ་ཨ་མྲར་གྲགས་པ་མཆོག་དང༌། ཡང་སྡོང་པོ་དམར་ལ་ཚེར་མ་ཅན་ལོ་མ་ལྗང་གུ་མེ་ཏོག་དཀར་པོ་འཆར་ཞིང་འབྲས་བུ་རྟའི་ནུ་མ་འདྲ་བ་ཧ་རེ་ཎུ་ཀ་ཞེས་མ་ནུ་རྟ་སྐ་འམ་ཆི་པ་ཁར་གྲགས་པ་བཅས་མཆོག་དམན་གཉིས་ཀྱིས་བད་ཀན་སྨུག་སེར་ཕོ་ནད་སོགས་སེལ་ཞིང༌། ཕྱི་མས་རླུང་ཁྲག་ཚ་བ་སྤྱི་དང་ཁྱད་པར་སྨྱོ་བྱེད་ཀྱི་གདོན་ལ་ཕན་པ་དང་རོ་ཙ་བར་བྱེད། མ་ནུ་པ་ཏྲ་ལ་སྤྱིར་མིང་ལྔ་འདིར་གཅིག དེའང་འཁྲུངས་དཔེར། མ་ནུ་པ་ཏྲ་ཞེས་བྱ་བ། །ལྷོ་བལ་རིག་པའི་འབྱུང་གནས་དང༌། །བསོད་ནམས་ལྡན་པའི་ལྡུམ་རར་སྐྱེ། །རྩ་བ་དུང་གི་ཆོ་ལོ་འདྲ། །ལོ་འདབ་གཡུ་ལོ་གྱེན་དུ་འབར། །རྒྱབ་ལ་དངུལ་གྱི་བ་སྤུ་ཆགས། །མེ་ཏོག་སེར་པོ་འོད་དང་ལྡན། །དྲི་ཞིམ་སྤོས་དང་རྒྱུན་མི་ཆད། །རོ་ནི་ཁ་ལ་ཚ་བ་ལ། །ཞུ་རྗེས་མངར་སྐྱུར་ལྡན་པར་འོང༌། །རང་གི་ནུས་པས་རླུང་ཁྲག་དང༌། །བད་ཀན་ཚ་བ་སེལ་བར་བྱེད། །ཅེས་པ་ལྟར། རྐང་སྦུབས་སོབ་ལོ་མ་ལྗང་སེར་གྱི་རྒྱབ་སྤུ་ཅན་མེ་ཏོག་སེར་པོ་མདངས་ལྡན་འཆར་བའི་རྩ་བ་དཀར་པོ་དེས་རླུང་དང་ཁྲག་དང་ཚ་བ་བཅས་སེལ། པུཥྐར་མཱུ་ལ་ལ་སྤྱིར་མིང་ལྔ་འདིར་གཅིག དེའང་འཁྲུངས་དཔེར། པུཥྐར་མ་ནུ་ཞེས་བྱ་བ། །ལྡུམ་རའི་ནང་དུ་བཏབ་ན་སྐྱེ། །མེ་ཏོག་ལོ་མ་རི་ཤོ་དང༌། །རྩ་བ་དཀར་མཁྲེགས་ཡུང་བ་འདྲ། །ཞེས་ལོ་རྐང་རི་ཤོ་འདྲ་བ་མེ་ཏོག་སེར་པོ་འཆར་བའི་རྩ་བ་དཀར་པོ་ཁམས་ནས་འོང་བ་དེས་བད་ཀན་གྱི་ཚ་བ་སེལ། རུ་རྟ་ནི་ཤ་ཕོ་རུ་རྟ་སྟེ་སྤྱིར་མིང་བཅུ་འདིར་གཅིག དེའང་འཁྲུངས་དཔེ་ཁུངས་མ་མ་རྙེད་རུང་ལོ་རྐང་ལྗང་སེར་མེ་ཏོག་དཀར་པོ་འཆར་བའི་རྩ་བ་ཁ་དོག་གི་དབྱེ་བས་དཀར་ནག་གཉིས་ཤ་བའི་རྭ་བཅགས་པ་འདྲ་བ་སྟོད་ནས་འོང་བ་དེས་རླུང་ཁྲག་དང་ཕོ་བ་སྦོས་པ་སེལ་ཞིང་གློ་བའི་ནད་དང་གག་པ་དང་ཤ་རོ་རྣམས་གཅོད་པར་བྱེད་ལ། དེ་སོགས་སྔ་རབས་པ་རྣམས་ཀྱིས་རྣམ་གྲངས་བརྒྱད་ཙམ་དུ་ཕྱེ་འདུག་པ་བཅས་ཅུང་ཟད་སྨོས་ན་མ་ནུ་ཤུ་ཟུར་ལ་ངོས་འཛིན་ནི་མང༌། ངོ་བོ་ལོ་མ་ལྗང་གུ་མེ་ཏོག་དཀར་པོ་འཆར་བ་དེའི་རྐང་ངམ་སྡོང་པོ་སྐོགས་སེར་པོར་འོང་བ་དང༌། མ་ནུ་སེ་ཤིང་ནི་སྨྱུག་མ་དང་ཐང་ཤིང་སོགས་ལ་འཁྲིལ་ནས་སྐྱེ་བ་ལོ་མ་སྔོ་སྐྱ་ཅན་དེ་ཡིན་ལ། དེ་ཕྱིན་བྱིངས་མིང་གཞན་དག་གི་ཁོངས་སུ་སོང་བ་རྣམས་དེ་དག་རང་ལས་རྟོགས་ཤིང༌། འདི་སྐབས་དགོས་དོན་ཆུང་བ་བཅས་དེ་ཙམ་ལས་མ་སྤྲོས་སོ། །ཡུང་བ་ལ་སྤྱིར་མིང་གསུམ་འདིར་གཅིག དེའང་འཁྲུངས་དཔེར། ཡུང་བ་ཁྲག་ཅན་ཞེས་བྱ་བ། །ལྷོ་རོང་བཟང་པོའི་ཡུལ་ན་སྐྱེ། །ལོ་མ་སྒོག་སྐྱའི་ལོ་མ་འདྲ། །རྩ་བ་ཕྱི་ཤུན་སྒ་འདྲ་ལ། །ནང་གི་དམར་སེར་མདངས་དང་ལྡན། །རོ་ནི་ཡིད་ཙམ་ཁ་བ་ཡིན། །རང་གི་ནུས་པས་དུག་ནད་སེལ། །ཞེས་པ་ལྟར་ལོ་རྐང་སྒོག་སྐྱ་འདྲ་བ་རྩ་བའི་ཕྱི་ཤུན་དམར་སེར་ཡོངས་གྲགས་སྒ་སེར་དུ་འབོད་པ་དེས་དུག་སེལ་ཞིང་རུལ་བ་གཅོད་ལ་གཉན་ནད་ཀྱང་འཇོམས་ཤིང་གཅིན་སྙི་བར་ཕན། ཤུ་དག་ལ་སྤྱིར་མིང་དཀར་པོར་བདུན། ནག་པོར་དྲུག་འདིར་གཅིག དེའང་འཁྲུངས་དཔེར། ཤུ་དག་ཆུ་ཡི་ནང་དུ་སྐྱེ། །ལོ་མ་འབྲས་ཀྱི་ལྗང་པ་འདྲ།། རྩ་བ་ཤུ་དག་ཁྲོ་གཉེར་ཅན། །དཀར་ནག་རྣམ་པ་གཉིས་སུ་ཡོད། །རོ་ནི་ཚ་ལ་རྩུབ་པ་ཡིན། །ཞེས་པ་སྐྱེ་ལུགས་སོགས་སཱ་ལུ་ལྗང་པའམ་འབྲས་ལྗང་པའམ་འབྲས་ལྗང་ལྟར་གྱི་རྩ་བ་རྒད་པོའི་སོར་ཚིགས་འདྲ་བ་དྲི་དུགས་ཆེ་ཞིང་མདོག་ནག་ངམ་ཅན་དང༌། དཀར་པོ་དྲི་ཞིམ་ཞིང་རོ་མངར་ཉམས་ཅན་ཀླུ་སྨན་དང༌། བློ་འཕེལ་སོགས་ལ་གཏོང་བ་རིགས་གཉིས་འོང་བའི་དཀར་པོས་གྱུར་དུག་ལ་ཕན། འདི་སྐབས་བསྔགས་པ་ནི་ནག་པོ་དེ་ཉིད་རང་མཆོག་ཏུ་བཤད་ཅིང༌། དཀར་ནག་མ་རྙེད་ན་གར་ཡང་སྐྱེ་བའི་སཱ་ལུ་ལྗང་པས་ཀྱང་ཚབ་རུང་བས་མ་ཞུ་བ་དྲོད་བསྐྱེད་ཅིང་གག་ལྷོག་སོགས་གཉན་ནད་མ་ལུས་དང་གདོན་རིགས་ཆུ་སེར་སོགས་སེལ། པུ་ཤེལ་ཙེ་ལ་སྤྱིར་མིང་བཅུ་གཅིག་འདིར་གཅིག དེའང་འཁྲུངས་དཔེ་ཁུངས་མ་མ་མཐོང་རུང་གཙང་འགྲམ་དུ་སྐྱེ་བའི་འཇག་མའི་རྩེ་གསུམ་བཞི་ལྔ་དྲུག་ཙམ་ཡོད་པ་ལ་རྩྭ་ག་བུར་གྱི་དྲི་མནམ་པ་དེས་སྐྱུགས་པ་གཅོད་ཅིང་བད་ཀན་གྱི་ཚ་བ་དང་གཞང་འབྲུམ་རྣམས་སེལ་ཞིང་ཆུ་འགགས་ཀྱང་འབིགས། ཁྱུང་སྡེར་དཀར་སྨུག་གཉིས་ལ་སྤྱི་དང་འདིར་མིང་གཅིག དེའང་ཇི་སྐད་དུ། ཁྱུང་སྡེར་དཀར་པོ་བྱ་སྡེར་འདྲ། །ནག་པོ་བྱ་རོག་སྡེར་མོ་འདྲ། །ཞེས་པ་ལས་འཁྲུངས་དཔེ་ཇི་བཞིན་མ་མཐོང་ཡང་རྐང་ནག་པོ་ལོ་མ་ལྗང་གུ་ངོ་བོ་དཀར་པོ་བྱ་ཕོའི་སྡེར་མོ་འདྲ་བ་དེ་དང༌། སྨུག་པོ་བྱ་རོག་གི་སྡེར་མོ་འདྲ་བ་དེས་དུག་ཚད་རྣམས་སེལ་བར་བྱེད་དོ། །དཔའ་བོ་ལ་སྤྱི་དང་འདིར་མིང་གཅིག །དེའང་འཁྲུངས་དཔེར། དཔའ་བོ་སེར་པོ་ཞེས་བྱ་བ། །ས་གཞི་འབོལ་བའི་ས་རུ་སྐྱེ། །ལོ་མ་སྡོང་པོ་བ་སྤུ་འདྲ། །མེ་ཏོག་སེར་པོ་ཆུང་བ་སྟེ། །རྩ་བ་ཁོང་སྟོང་ཁ་དོག་སེར། །རོ་ནི་ཁ་ལ་བསིལ་བ་ཡིན། །རང་གི་ནུས་པས་དུག་རྣམས་འཇོམས། །ཞེས་བཤད་པ་ལྟར་དཀར་སེར་གྱི་དབྱེ་བ་ཆེར་མེད་པ་ས་གཞི་འབོལ་སར་སྐྱེ་བའི་ལོ་སྡོང་བ་སྤྲུ་འདྲ་བ་མེ་ཏོག་དང་རྩ་བའི་དབྱེ་བས་དཀར་པོ་ནི་རྩ་བ་ཁོང་སྟོང་མཁྲེགས་ཤིང་རོ་ཁ་བ་དང༌། སེར་པོ་ནི་ཁ་དོག་གི་ཁྱད་པར་ལས་རྟ་དྲེལ་སོགས་ཀྱི་ནད་ལ་ཕན་པ་དེ་དང༌། དཔའ་རྒོད་ལའང་སྤྱི་དང་འདིར་མིང་གཅིག དེའང་འཁྲུངས་དཔེ་ཁུངས་མ་མ་མཐོང་རུང་སྐྱེ་ཚུལ་སོགས་དཔའ་བོ་དཀར་པོ་འདྲ་བ་ལ་རྡོག་པོ་ཕྲེང་བ་བརྒྱུས་པ་ལྟར་འབྲེལ་ཞིང་མིང་ནར་མ་ནུར་མར་ཡང་འབོད་པ་བཅས་དེ་གསུམ་གྱིས་ཀྱང་དེ་བཞིན་དུ་དུག་ཚད་སེལ་བར་བྱེད་པ་ཡིན་ནོ། །བོང་ང་ལ་རིགས་དཀར་སེར་དམར་ནག་བཞི་ལས། དེའང་འཁྲུངས་དཔེར། བོང་ངར་དཀར་ནག་དམར་སེར་བཞི། །དཀར་དམར་སེར་གསུམ་སྨན་ཡིན་ནོ། །ནག་པོ་སྨན་ཡིན་དུག་ཀྱང་ཡིན། །སྨན་དཀར་རོ་ནི་ཁ་བ་ཡིན། །རང་གི་ནུས་པས་དུག་ནད་སེལ། །ཞེས་པ་ལྟར་གྱི་དཀར་པོ་ལ་སྤྱིར་མིང་བཅུ་འདིར་གཅིག དེ་དག་ནི་ལོ་མ་རྩ་བའི་འདབ་མ་གསུམ་བཞི་ལ་རྩེར་འདབ་ཆུང་ངམ་ཉག་བདུན་བརྒྱད་ཡོད་པ། སྡོང་པོ་ཆུང་ལྡེམ་མེ་ཏོག་དཀར་སྔོ་དམར་མདངས་ཅན་འཆར་བ་དེས་རིམས་དུག་དང་མཁྲིས་ཚད་རྣམས་སེལ་ལ། བོང་ང་དམར་སེར་གཉིས་ལ་སྤྱིར་མིང་གཉིས་རེ་དང་འདིར་རེ་སྟེ། དེའང་འཁྲུངས་དཔེར། །བོང་ང་དམར་པོ་ཞེས་བྱ་བ། །མེ་ཏོག་རྒྱ་ཚོས་རྩ་བ་དམར། །རོ་ཁ་ནུས་པས་དུག་རྣམས་སེལ། །ཁྱད་པར་བཙན་དུག་ནུས་པ་འཇོམས། །ཞེས་པ་བཞིན་ལོ་སྡོང་སོགས་གོང་བཤད་ལྟར་ལ་མེ་ཏོག་དམར་པོ་རྒྱ་མདངས་ཅན་ཤར་ན་དམར་པོ་དང༌། སེར་པོ་ལ་འང་འཁྲུངས་དཔེར། བོང་ང་སེར་པོ་ཞེས་བྱ་བ། །མེ་ཏོག་ཅུང་ཟད་སེར་མདངས་ཅན། །རོ་ཁ་ནུས་པ་བསིལ་བ་ཡིན། །དུག་རིགས་ཚད་པའི་ནད་རྣམས་ནི། །འདི་ཡིས་མི་སེལ་གང་ཡང་མེད། །ཁྱད་པར་མཁྲིས་པའི་རིམས་ལ་བསྔགས། །ཞེས་པ་ལྟར་མེ་ཏོག་སེར་མདངས་ཅན་ཤར་ན་སེར་པོར་འདོད་པ་དེ་གཉིས་ཀྱི་རྩ་བས་ཤ་དུག་དང་བཙན་དུག་བཅས་སེལ་ཞིང་ནག་པོ་གཤམ་དུ་འཆད་དོ། །ཤིང་མངར་ལ་སྤྱིར་མིང་བཅོ་ལྔ་འདིར་གཅིག དེའང་འཁྲུངས་དཔེར། ཤིང་མངར་ལོ་མ་སྔོ་ལ་ཆུང༌། །རྩ་བ་སེར་ལ་རོ་ནི་མངར། །རང་གི་ནུས་པས་གློ་ནད་སེལ། །ཞེས་པ་ལྟར་ཤིང་ལོ་མ་ལྗང་སེར་ནར་སྟབས་ཅན་ཡལ་ག་ནས་དྲང་ཐད་དུ་ཐོན་པ་དེ་སྐྱེ་སའི་ཁྱད་པར་གྱིས་ལྡུམ་རར་སྐྱེས་པ་ཕོའམ་མཆོག་དང༌། མོ་ཆུ་འགྲམ་དུ་སྐྱེས་པ་དང༌། མ་ནིང་ནགས་ཀྱི་ཆུ་འགྲམ་དུ་སྐྱེས་པ་དམན་པ་བཅས་ཀྱི་རྩ་བ་སེར་པོ་རོ་མངར་བ་དེས་གློ་བའི་ནད་དང་རྩའི་ནད་རྣམས་སེལ་བར་བྱེད་ཅིང་ཆུར་ཕན། སླེ་ཏྲེས་ལ་སྤྱིར་མིང་བདུན་འདིར་གཅིག །དེའང་འཁྲུངས་དཔེར། ནད་ཀུན་སེལ་བ་སླེ་ཏྲེས་ནི། །ཉིན་སྲིབས་མཚམས་སུ་འཁྲིལ་ནས་སྐྱེ། །རོ་མངར་ནུས་པས་ནད་ཀུན་སེལ། །བཅུད་ལེན་རྣམས་ཀྱི་མཆོག་ཡིན་ནོ། །ཞེས་པ་ལྟར་ཤིང་གཞན་ལ་འཁྲིལ་ནས་སྐྱེ་བ་ལོ་མ་དང་ཡལ་ག་མེད་པ་མདོག་སྔོ་སེར་ད་ལྟ་རྩ་བའི་བཅད་ཁ་སུལ་མང་བསྡུས་པ་ལྟ་བུ་ནོར་འཕྲང་ཆུང་བ་དེ་སྒེར་འབྲས་ཀྱིས་དྲེག་ནད་སེལ་བ་དང༌། ཀཎྚ་ཀ་རི་ལ་སྤྱིར་མིང་ཉི་ཤུ་འདིར་གཅིག དེའང་འཁྲུངས་དཔེར། ཀཎྚ་ཀ་རི་ཞེས་བྱ་བ། །སྲིབ་ཀྱི་ནགས་རི་དག་ལ་སྐྱེ། །སྡོང་པོ་སེ་བ་གཞོན་ནུ་འདྲ། །མེ་ཏོག་དཀར་སེར་མདངས་དང་ལྡན། །འབྲས་བུ་དམར་པོ་སྤུངས་ནས་སྐྱེ། །རོ་ནི་མངར་ལ་བསྐ་བ་ཡིན། །རང་གི་ནུས་པས་ཚད་རིམས་སེལ། །ཞེས་པ་ལྟར་རྐང་ལྗང་གུ་ནང་སོབ་ཚེར་མ་ཅན་ལོ་མ་མ་གལ་གྱི་ལོ་མའི་མདོག་འདྲ་ཞིང་མེ་ཏོག་དཀར་སེར་འབྲས་བུ་དམར་པོ་སྤུངས་ནས་སྐྱེ་བའི་རྩ་བ་རོ་མངར་བ་ནགས་གསེབ་ལྡུམ་ར་སོགས་ནས་འོང་བའི་འཁྲུལ་སོ་ཆུང་བ་དེའི་སྒེར་འབྲས་གློར་ཕན་པ་དང་དེ་གཉིས་ཀྱིས་རླུང་ཚད་ཀྱི་རིགས་སེལ་ལོ། །ག་བྲ་ལ་སྤྱིར་མིང་བཅུ་བཞི་འདིར་སྟག་ཚེར་བྲི་ཧ་ཏི་བཅས་གསུམ། དེ་དག་ནི་ཀཎྚ་ཀ་རི་ལ་དཀར་སྨུག་གཉིས་སུ་ཡོད་པའི་སྨུག་པོ་ལ་བྲི་ཧ་ཏི་སྟེ་སྟག་ཚེར་ཟེར་བ་འདི་ཡིན་ཏེ་སྒེར་དུ་འཁྲུངས་དཔེ་མེད་ལ། འོན་ཀྱང་སྐྱེ་ལུགས་ཀཎྚ་ཀ་རི་འདྲ་བ་དེ་དག་གིས་ཀྱང་དེ་བཞིན་དུ་རིམས་ལ་ཕན་ནོ། །ཏིག་ཏ་ལ་སྤྱིར་མིང་དྲུག་འདིར་གཅིག དེའང་འཁྲུངས་དཔེ་ཁུངས་མ་མ་མཐོང་ཡང་རྒྱ་ཏིག་ནི་རྐང་སྔོ་ནག་ལྗང་སེར་ངེས་མེད་ནང་སོབ་ཅན་ལོ་མ་རྣམས་ཡལ་གའི་བར་བར་ནས་རྒྱབ་མདུན་གཡས་གཡོན་ལྟག་སྤྲོད་དུ་སྐྱེ་ཞིང་མེ་ཏོག་སེར་པོ་འཆར་བ་སྒོ་བཟང་བ་དེ་མཆོག་དང༌། དེ་བཞིན་རིམ་པས་བལ་ཏིག དམན་པ་བོད་དུ་དབྱིབས་འདྲ་འབྱུང་བ་སྔོའི་སྐབས་བཤད་པ་སོགས་ཀྱིས་མཁྲིས་པའི་ཚད་པ་མ་ལུས་སེལ་ལོ། །བ་ཤ་ཀ་ལ་སྤྱིར་མིང་བཅུ་གཉིས་འདིར་གཅིག དེའང་འཁྲུངས་དཔེར། བ་ཤ་ཀ་ཞེས་བྱ་བའི་ཤིང༌། །ལྷོ་རོང་ནགས་ཀྱི་ནང་ན་སྐྱེ། །སྡོང་པོ་ཆེ་ལ་ལོ་མ་མཐུག །མེ་ཏོག་དཀར་སེར་མདངས་དང་ལྡན། །རོ་ནི་ཁ་ལ་ནུས་པ་བསིལ། །རང་གི་ནུས་པས་གཟེར་རིམས་ཐུབ། །མདོར་ན་མཆིན་ནད་ཁྲག་མཁྲིས་སེལ། །ཞེས་པ་ལྟར་ལོ་སྡོང་ཆེ་བ་སྟར་གསར་འདྲ་བའི་རྐང་ཁོང་གསོབ་མགལ་མཚམས་བྱའི་སུག་པོ་ལྟར་ཚིགས་ཀྱི་རྣམ་པ་ཅན་མེ་ཏོག་དཀར་སེར་འཆར་བའི་རྩེ་མོས་ཚོད་མ་བྱེད་རུང་ཞིང་དཀར་དམར་སྔོ་བ་རིགས་གསུམ་ཡོད་པ་མཆོག་དང༌། དམན་པ་བོད་དུ་སྐྱེ་བ་ལོ་མ་རྐང་སོགས་བྱེ་རུག་སེར་པོ་འདྲ་ཞིང་མེ་ཏོག་སྔོན་པོ་འཆར་བ་མཆོག་དམན་གྱི་ཁྱད་ཆེ་བ་དེས་གཟེར་རིམས་དུག་སོགས་ཁྲག་ཚད་མ་ལུས་པ་སེལ། བ་ལེ་ཀ་ལ་སྤྱིར་མིང་དྲུག་འདིར་གཅིག་སྟེ། དེའང་འཁྲུངས་དཔེར། བ་ལེ་ཀ་ཞེས་བྱ་བའི་སྨན། །ཤིང་གཞན་དག་ལ་འཁྲིལ་ནས་སྐྱེ། །མེ་ཏོག་འབྲས་བུ་གང་ཡང་མེད། །རོ་ནི་ཁ་ལ་རྩུབ་པ་ཡིན། །རང་གི་ནུས་པས་བད་ཀན་དང༌། །གཟེར་རིམས་ཁྲག་ནད་མ་ལུས་སེལ། །ཞེས་དང་མཚུངས་པར་ཤིང་སྨན་དབྱི་མོང་གི་དབྱིབས་ཅན་འཁྲིལ་ཞིང་སྐྱེ་ལ་མེ་ཏོག་འབྲས་བུ་མེད་པ་དེས་གློ་མཆིན་དང་སྣོད་ཀྱི་ཚད་པ་རྣམས་སེལ། ག་དུར་ལ་སྤྱིར་མིང་ཕོ་རིགས་ལ་བདུན། མོ་རིགས་ལ་དྲུག་འདིར་ལི་ག་དུར་ཏེ། དེའང་འཁྲུངས་དཔེར། བསིལ་དྲོད་སྙོམས་པ་ལི་ག་དུར། །ལོ་མ་འབྲས་ཀྱི་ལྗང་པ་འདྲ། །རྩ་བ་རྨེན་བུ་སྐམ་པོ་འདྲ། །རོ་ནི་ཚ་ལ་མངར་བ་ཡིན། །རང་གི་ནུས་པས་ཚད་རིམས་དང༌། །གློ་ནད་སེལ་ཞིང་སྐྲངས་པ་འདུལ། །ཞེས་ཀྱང་བཤད་པ་ལྟར་སྡོང་པོ་ཆེ་ལ་ལོ་མ་མཐུག་པ་མེ་ཏོག་བྱའི་མཆུ་དང་འདྲ་ཞིང་དངོས་ཀྱི་ནང་དམར་སྐྱ་ཕྱི་ཕོ་རོག་གི་སུག་པོ་འདྲ་བ་སོབ་པ་རྩ་བ་ཕྲ་སྦོམ་གྱིས་ཕོ་མོ་འབྱེད་པ་དང༌། དམན་པ་བོད་དུའང་སྐྱེ་བ་ལོ་མ་བོང་དཀར་འདྲ་བ་རྐང་དམར་སྐྱ་མེ་ཏོག་རྒྱ་ཁ་འཆར་བ་མཆོག་དམན་གྱིས་རིམས་དང་གློ་བའི་ཚད་པ་དང་རྩའི་ཚད་པ་རྣམས་སེལ་ལོ། །སྟབ་སེང་ལ་སྤྱིར་མིང་ལྔ་འདིར་སྤྱི་ཞུར་ཤིང་སྔོན་བཅས་གསུམ། དེའང་འཁྲུངས་དཔེར། སྟབ་སེང་སྤྱི་ཞུར་ཤིང་དཀར་པོ། །ལྷོ་ཡི་རོང་གི་ནགས་སུ་སྐྱེ། །ཤུན་པ་སྦྱར་བའི་སྐོགས་དང་མཚུངས། །རང་གི་ནུས་པས་རུས་ནད་སེལ། །ཆུ་རུ་བསྡུས་ནས་ཁོང་བཏང་ན། །ཆུ་ནི་འཇིག་གི་གཙོ་བོ་ཡིན། །ཞེས་པ་ལྟར་ཤུན་པ་སོགས་སྦྱར་སྐོགས་ལྟར་གྱི་ལོ་མ་ལྗང་སྐྱ་ཆུ་ལ་ཀ་བ་འཛུགས་པ་དེས་རུས་ཆག་རྣམས་སྦྱོར་ཞིང་རུས་ཚད་ཀྱང་སེལ་བ་དང་རྨ་ལ་ཕན། སྒྲོན་ཤིང་ལ་སྤྱིར་མིང་གསུམ་འདིར་རསྣ་དང་གཉིས། དེའང་འཁྲུངས་དཔེར། སྒྲོན་ཤིང་རིན་ཆེན་མཆོད་སྡོང་དང༌། །ལོ་མ་གཡུ་ཡི་སྤྲིན་ཆེན་འདྲ། །མེ་ཏོག་མེ་ལྕེ་ཆད་པ་འདྲ། །རོ་ནི་དྲོ་ཞིང་སྐམ་ལ་རྩུབ། །རང་གི་ནུས་པས་རླུང་འཇོམས་འཁྲུ། །ཞེས་པ་ལྟར་སྡོང་པོ་ཆེ་ལ་ལོ་མ་སིབ་པ་མཚེ་འདྲ་བ་འབྲས་བུ་འཇོང་ཉམས་ཅན་དྲི་ང་བ་མེ་ལ་སྤར་དུས་སྣུམ་འབྱུང་བ་གོར་ཙནྡན་ནམ་ཐང་མ་སྒྲོན་ཤིང་དུའང་འབོད་པ་དེས་བད་རླུང་དང་ཆུ་སེར་གྱི་གྲང་བ་རྣམས་སེལ་ཞིང་སྐྲན་འཇིག་རྩ་བས་མོ་ནད་ལ་ཕན། སྐྱེར་པ་ལ་སྤྱིར་མིང་བཅུ་གཅིག་འདིར་གཅིག དེའང་འཁྲུངས་དཔེར། སྐྱེར་པའི་ཤིང་ནི་ཚེར་མ་ཅན། །སྐྱེར་པ་དཀར་པོ་ཞེས་ཀྱང་བྱ། །ཉིན་སྲིབ་གཉིས་ཀྱི་མཚམས་སུ་སྐྱེ། །པགས་པ་དངུལ་མདོག་སྙིང་པོ་གསེར། །མེ་ཏོག་སེར་ལ་འབྲས་བུ་དམར། །རང་གི་ནུས་པས་དུག་ནད་དང༌། །རིམས་རྙིང་མིག་ནད་ཐམས་ཅད་སེལ། །ཞེས་པ་དང་མཐུན་པར་ཡུལ་གང་དུའང་སྐྱེ་བ་པགས་པའི་ཕྱི་དངུལ་མདོག་ལྟར་དང་མེ་ཏོག་སེར་པོ་འབྲས་བུ་དམར་པོ་འོང་ཞིང་ལོ་སྡོང་སོགས་ནོར་འཕྲང་ཆུང་བ་དེའི་ཤུན་པས་མཁྲིས་པ་དང་མཁལ་ཚད་སེལ་ཞིང་མིག་ལ་ཕན་པ་དང༌། སེ་རྒོད་ལ་སྤྱིར་མིང་གཉིས་འདིར་གཅིག དེའང་འཁྲུངས་དཔེར། སེ་རྒོད་མ་ཞེས་བྱ་བ་ནི། །སྲིབ་མོ་ནགས་ཀྱི་ནང་དུ་སྐྱེ། །སྡོང་པོ་ཁོང་སྟོང་ཤུན་པ་སྨུག །མེ་ཏོག་དམར་པོ་རྩ་བ་སྤུན། །འབྲས་བུ་ཆེ་ལ་རབ་ཏུ་དམར། །རང་གི་ནུས་པས་དུག་ནད་འཇོམས། །ཞེས་པ་ལྟར་ངོ་བོ་སྲིབས་ནགས་སུ་མཆོག་མོ་རིགས་སྐྱེ་བ་སྡོང་པོ་ཁོང་དམར་ཤུན་པ་སྨུག་པོ་མེ་ཏོག་དམར་རྒྱ་རྩ་བ་ཚེར་མ་ལྟ་བུ་ལྕགས་ཀྱུའི་རྣམ་པ་ཡོད་པ་འབྲས་བུ་དམར་ལྗང་སྤུ་ཅན། ཕོ་རིགས་སྡོང་པོ་ཁོང་སྟོང་ཤུན་པ་སྨུག་པོ་ཚེར་མ་ཅན་དང༌། ཡང་དམན་པ་ཚེར་མ་མེད་པ་ལ་ཁོང་སྟོང་པགས་པ་སྨུག་པོ་ཧ་ལམ་འདྲ་བ་རྣམས་ཀྱིས་སོ་སྐྱེ་ཞིང་གདོན་ལ་བསྔགས་པ་དང་དེས་དུག་རྣམས་སྡུད་ཅིང་ཆུ་སེར་ཀྱང་སེལ་ལོ། །སེང་ལྡེང་ལ་སྤྱིར་མིང་ཉི་ཤུ་རྩ་གསུམ་འདིར་སེང་ཚེར་དང་གཉིས། དེའང་འཁྲུངས་དཔེར། སེང་ལྡེང་ཞེས་བྱའི་ཤིང་དག་ནི། །ཚ་བས་གདུངས་པའི་རི་ལ་སྐྱེ། །སྡོང་པོ་ཆེ་ལ་རབ་ཏུ་མཁྲེགས། །ལོ་མ་ཕག་གི་ཟེ་བ་འདྲ། །རོ་ནི་ཡིད་ཙམ་ཁ་བ་ཡིན། །རང་གི་ནུས་པས་ཆུ་སེར་སྐེམ། །ཞེས་པ་ལྟར་སྡོང་པོ་ཆེ་ལ་མཁྲེགས་པ་ལོ་མ་ཕག་ཟེ་འདྲ་བ་རིགས་སམ་མདོག་གི་དབྱེ་བས་ཙནྡན་སེང་ལྡེང༌། སྐྱེར་སེང་ལྡེང༌། གསོམ་སེང་ལྡེང་སོགས་སྐྱེ་ཚུལ་འདྲ་ཞིང་ཁཎྜ་བཅོས་པ་ལ་ཁྱི་ལ་ཝ་རི་ཞེས་པ་འབྱུང་བ་དེ་དག་གིས་ཁྲག་གི་རིགས་དང་ཆུ་སེར་རྣམས་སྐེམ་པར་བྱེད་དོ། །པོ་སོ་ཆ་ལ་སྤྱིར་མིང་དགུ་འདིར་གཅིག དེའང་འཁྲུངས་དཔེར། སྟོད་དུ་འདྲེན་པའི་པོ་སོ་ཆ། །ཚད་རོང་དག་ལ་སྐྱེ་བ་ཡིན། །ཤིང་སྡོང་ཆེ་ལ་རབ་ཏུ་མཁྲེགས། །ལོ་མ་སྣུམ་ལ་ཕྲ་བ་སྟེ། །མེ་ཏོག་དཀར་ལ་འབྲས་བུ་ནི། །མི་རྒན་དག་གི་འབྲས་བུ་འདྲ། །རོ་ནི་ཚ་ལ་ཡིད་ཙམ་སྣུམ། །རང་གི་ནུས་པས་བད་ཀན་སོགས། །ནད་རྣམས་ཐམས་ཅད་གྱེན་དུ་འདྲེན། །སྐྱུག་སྨན་ཀུན་གྱི་གཙོ་བོ་ཡིན། །ཞེས་དང་མཚུངས་པར་ཤིང་སྡོང་དཀར་པོ་ཆེ་ལ་མཁྲེགས་ཤིང་ཚེར་མ་ཅན་ལོ་མ་སྣུམ་ལ་ཕྲ་བ་མེ་ཏོག་དཀར་སེར་འབྲས་བུ་མི་རྒན་གྱི་རླིག་པ་འདྲ་བ་ཁམ་སྐམ་ཙམ་ནང་དུ་ཚི་གུ་དོང་གའི་འབྲུ་འདྲ་བ་ཡོད་པ་དེས་ནད་ཀུན་གྱེན་དུ་འདྲེན་པའི་སྐྱུག་སྨན་གྱི་མཆོག་གོ །དན་རོག་ལ་སྤྱིར་མིང་བདུན་འདིར་གཅིག དེའང་འཁྲུངས་དཔེར། དན་རོག་དྲོད་ཀྱི་ཡུལ་དུ་སྐྱེ། །རྩ་བ་སྦོམ་ལ་ཤིན་ཏུ་རིང༌། །ལོ་མ་ཆེ་ལ་ཅུང་ཟད་རྩུབ། །སྡོང་པོ་སྦུབས་ཅན་ཚིགས་པ་ཅན། །མེ་ཏོག་དཀར་པོ་གང་བུ་ཅན། །རང་གི་ནུས་པས་བད་ཀན་དང༌། །འདུས་པའི་ནད་རྣམས་སྐྱུགས་བཤལ་བྱེད། །ཅེས་པ་ནི་ལོ་སྡོང་སོགས་ཧ་ལམ་སྐྱེ་ཚུལ་ལྕུམ་ལྟ་བུ་ཁ་དོག་ལྗང་གུ་དང་རེ་གཉིས་དམར་ཤས་ཅན་ཚིགས་ཐག་ལྕུམ་པས་ཉེ་ཤིང་སྡོང་པོ་དང་ལོ་མའི་རྐང་གཉིས་ཀ་ཁོང་སྟོང་ལོ་མ་གཞི་གཅིག་ནས་རྩེ་མོ་བྱིངས་ཆེ་དགུར་གྱེས་པ་དང༌། རེ་གཉིས་ལྔ་ཙམ་དུ་གྱེས་པ་སོགས་ཆེ་བ་ལྕུམ་ལོ་ཙམ་ནས་ཆུང་བ་ལྕམ་ལོའི་བར་ཅི་རིགས་འོང་ཞིང་རྩེ་མོར་ཐིའུ་ཟ་རམ་བརྩེགས་ཚེར་མས་གྲང་བ་སྐྱེ་བ་མེ་ཏོག་དཀར་པོ་གང་བུ་རུས་སྦལ་གསུམ་སྒྲོམ་ཁ་སྤྲོད་ཀྱི་རྣམ་པ་ཡོད་པའི་ནང་འབྲུ་ནག་ཆུང་ཤིན་ཏུ་འཇམ་པ་བྱུང་ན་ཛ་ཡི་ཕ་ལ་ཞེས་མཆོག་དང༌། དན་ཁྲ་ནི་འཁྲུངས་དཔེར། དནྡ་ཁྲ་བོ་ཞེས་བྱ་བ། །སྲིབ་རི་ནགས་ཀྱི་ནང་དུ་སྐྱེ། །སྡོང་པོ་རིང་ལ་འཁྲིལ་ཞིང་སྐྱེ། །འབྲས་བུ་ཁྲ་བོ་དན་རོག་འདྲ། །ཞེས་པ་ལྟར་སྲིབ་ནགས་སུ་འཁྲིལ་ཞིང་སྐྱེ་བ་ལོ་མ་ཅུང་ཟད་རྩུབ་པ་གང་བུའི་དབྱིབས་གོང་བཞིན་ལ་འབྲུ་སྦུར་བ་སྐེ་བཅད་ལྟ་བུ་ཁྲ་བོ་བྱུང་ན་དན་ཁྲ་ཞེས་འབྲིང་དང༌། དམན་པ་འབྲུ་རུས་སྦལ་གྱི་རྒྱབ་འདྲ་བའི་ནག་པོ་གསུམ་དང༌། ཤྲྰི་ཁཎྜ་ལ་སྤྱིར་མིང་བརྒྱད་འདིར་གཅིག དེའང་འཁྲུངས་དཔེར། ཤྲྰི་ཁཎྜ་ཞེས་བྱ་བ། །དཔལ་གྱི་དུམ་བུས་ནད་སེལ་ཟེར། །ཤིང་སྡོང་ཆེ་ལ་རྒད་པོ་འདྲ། །ཁ་དོག་སྔོན་པོ་ཡལ་ག་རྒྱས། །ཐམས་ཅད་རྡོ་རྗེ་གོག་པོ་འདྲ། །འོ་མའི་རྒྱ་མཚོའི་ནང་ན་སྐྱེ། །དེ་ལ་ཁཎྜ་བྱས་པ་ནི། །རོ་ནི་བསྐ་ལ་ཡིད་ཙམ་ཁ། །རང་གི་ནུས་པས་སྨད་དུ་སྦྱོང༌། །ཞེས་དང་མཐུན་པར་འོ་མའི་རྒྱ་མཚོའི་ནང་ནས་བདུད་རྩི་སེ་དཀར་ཞེས་ཤིང་སྡོང་ཆེན་པོ་མི་རྒན་གྱི་གཟུགས་དབྱིབས་འདྲ་བ་ཁ་དོག་སྔོན་པོ་ཡལ་ག་རྒྱས་པ་དེའི་ཞོ་འམ་ཚི་བ་ལ་ཞུན་བྱས་པའི་ཁཎྜར་འདོད་ཅིང་དེ་དག་བསྒྱུར་ན་ཤྲྰི་དཔལ་དང་ཁཎྜ་དུམ་བུ་ལའང་འཇུག་པ་དེ་མཆོག་དང༌། དམན་པ་རོང་མཚམས་བལ་ཡུལ་སོགས་སུ་སྐྱེ་བ་སྔོ་ཟླུམ་པོ་ལོ་མ་མེད་པའི་འོ་མ་ཅན་གྱི་འོ་མ་སེ་ཞོར་ཡང་གྲགས་པ་དེ་ལུས་རྗེན་པར་འཐོར་ན་ཆུ་བུར་འབྱུང་བ་དེ་གཉིས་བཅས་ཀྱིས་ནད་རིགས་གང་ཡང་དྲག་པོར་སྦྱོང་ཞིང་སེ་ཞོས་འབྲས་ཀྱང་འདུལ། དོང་ག་ལ་སྤྱིར་མིང་བདུན་འདིར་གཅིག དེའང་འཁྲུངས་དཔེར། སྨན་མཆོག་དོང་ག་ཞེས་བྱ་བ། དབེན་ལ་དྲོད་ཆེའི་ས་ལ་སྐྱེ། །ལོ་མ་མེ་ཏོག་ཆེ་བ་ལ། །རང་ཉིད་ཤིང་གཞན་འཁྲིལ་ནས་སྐྱེ། །དོང་ག་ཁྲག་གིས་བརྒྱངས་པ་འདྲ། །རོ་ནི་མངར་ལ་ཡིད་ཙམ་ཚ། །རང་གི་ནུས་པས་ནད་རྣམས་སྦྱོང༌། །ཞེས་པ་བཞིན་ས་ཡུལ་དྲོད་ཆེ་སར་ཤིང་གཞན་ལ་འཁྲིལ་ནས་སྐྱེ་བའི་ལོ་མ་ཆེ་ཞིང་ངོ་བོ་ཁྲག་གིས་བརྒྱངས་པའི་རྒྱུ་མ་འདྲ་བའི་ཐོག་དེས་མཆིན་པའི་ནད་རིགས་སེལ་ཞིང་གང་ཡང་འཇམ་པོར་འཁྲུའོ། །ཀ་པེད་ལ་སྤྱིར་མིང་བཅུ་གསུམ་འདིར་གཅིག དེའང་འཁྲུངས་དཔེར། ཀ་པེད་ཅེས་བྱའི་ཤིང་མཆོག་ནི། །ལོ་མ་ལེབ་ལ་ཆེ་བ་ཡིན། །སྡོང་པོ་རིང་ལ་ཡལ་ག་མང༌། །མེ་ཏོག་དཀར་ལ་རབ་ཏུ་མཛེས། །འབྲས་བུ་བྱིས་པའི་ཐོད་པ་འདྲ། །རོ་ནི་ཅུང་ཟད་སྐྱུར་བ་ཡིན། །ནུས་པས་རྨ་དང་གློ་ནད་སེལ། །ཞེས་པ་ནི་སྐྱེ་ཚུལ་རྐང་སོགས་ཧ་ལམ་གསེར་མེ་ལྟ་བུར་འཁྲིལ་ཞིང་སྐྱེ་ལ་འོན་ཀྱང་དེ་བས་མགལ་ལག་མང་ཞིང་ལོ་མ་ཧ་ལོ་ཁ་འབུས་ཚར་ཙམ་འདྲ་བ་འབྲས་བུ་ཧྲིལ་འཇོང་ལོ་སྡོང་སོགས་ཚང་མ་ཟྭའི་སྤུ་ལྟ་བུས་ཁྱབ་ཅིང་རེག་བྱ་རྩུབ་པ་སྨིན་ནས་བྱིས་པའི་ཐོད་པ་འདྲ་བ་ཁ་དོག་དམར་སྐྱ་ཛོ་ཀི་རྣམས་ཀྱིས་ཆུ་སྣོད་བྱེད་པ་ཕོ་རིགས་དང༌། བིལ་བ་ཞེས་མོ་རིགས་སུ་འདོད་པ་འཁྲུལ་སོ་ཆུང་བ་དེ་གཉིས་དང༌། ད་ཏྲིག་ལ་སྤྱིར་མིང་བདུན་འདིར་གཅིག དེའང་འཁྲུངས་དཔེར། ད་ཏྲིག་ཅེས་བྱའི་ཤིང་དེ་ནི། །ཚད་པ་ཆེ་བའི་ནགས་ལ་སྐྱེ། །སྡོང་པོ་ཆེ་ལ་ཤུན་པ་སྐྱ། །མེ་ཏོག་དམར་ཆུང་ལོ་མ་སྒོར། །འབྲས་བུ་ལུག་ཤིག་སྒོ་ང་འདྲ། །རོ་ནི་མངར་ལ་སྐྱུར་བ་འོ། །རང་གི་ནུས་པས་འཁྲུ་བ་གཅོད། །ཅེས་རྒྱ་མོན་སོགས་ཚད་པ་སྐྱེ་བའི་ནགས་སུ་ཤིང་སྡོང་ཆེན་པོ་ཤུན་པ་སྐྱ་བོ་མེ་ཏོག་དམར་ཆུང་འབྲས་བུ་ལུག་ཤིག་གི་སྒོ་ང་འདྲ་བ་མཁྲེགས་ཤིང་རོ་ཆེར་མེད་པ་དེ་དང༌། སྨག་ལ་སྤྱིར་མིང་གསུམ་འདིར་གཅིག དེའང་འཁྲུངས་དཔེ་ཁུངས་མ་མཐོང་ཡང་དཀར་དམར་གཉིས་སུ་འདོད་པ་དེ་ནི་ཤིང་ལ་མེ་གྲུམ་ཤིང་དུ་གྲགས་པའི་དམར་པོ་གྲོ་མའི་ཕྱེ་མ་འདྲ་ཞིང༌། དཀར་པོ་བག་ཕྱེ་འདྲ་བ་གཉིས་དང༌། མོན་ཆ་ར་ལ་སྤྱིར་མིང་དྲུག་འདིར་གཅིག དེའང་འཁྲུངས་དཔེར། བེ་ཤིང་ལོ་མ་ལེབ་སྒོར། །ཇ་ཡི་ལོ་མ་འདྲ་བ་ལ། །ཚེར་མ་བག་ཙམ་ཡོད་པ་སྟེ། །འབྲས་བུ་ཛཱ་ཏི་ཕ་ལ་འདྲ། །ཞེས་པ་ལྟར་མཆོག་ནི་ཤིང་བེ་དོ་ནག་པོའི་ཁྲག་སྟེ་ར་ཁྲག་སྐམ་པོ་འདྲ་བ་འཁྲུ་གཅོད་ལ་བསྔགས་ཤིང་དམན་པ་འབྲས་བུས་ཀྱང་རུང་ཙམ་དེ་རྣམས་ཀྱིས་འཁྲུ་བའི་ནད་རིགས་རྣམས་ཚ་གྲང་མེད་པ་གཅོད་ཅིང༌། ནང་གསེས་བིལ་བས་བུ་བཙས་ཀྱི་ཚད་པ་དང༌། བེ་འབྲུས་གྲུམ་བུར་ཕན།

སྔོའི་སྨན་གྱི་ནུས་པའི་རིགས་རྣམས་བསྟན་པར་བྱ་བ་ནི། ཧོང་ལེན་ལ་སྤྱིར་མིང་བདུན་འདིར་པུ་ཙེ་ཤེལ་དང་གཉིས། དེའང་འཁྲུངས་དཔེར། སྐྱེ་ས་གཡའ་སྤང་མཚམས་ལ་སྐྱེ། །མེ་ཏོག་སྔོན་པོ་གོ་བྲུན་འདྲ། །ལོ་མ་ཁྲོ་བོའི་རལ་གྲི་འདྲ། །རྩ་བ་འབུ་ཡི་ལུས་དང་འདྲ། །ཞེས་བཤད་ཀྱང་ལོ་མ་འདབ་བཞི་སྤུ་ཅན་དེའི་རྩ་བ་དེང་སང་ཚོང་ལ་ཁྱེར་འོང་བ་མཆོག་དང༌། དམན་པ་གར་ཡང་སྐྱེ་བའི་ཕོ་མོའམ་རིགས་གཉིས་ལས་ཕོ་ལ་མེ་ཏོག་སྔོན་པོ་གོ་བྲུན་གྱི་དབྱིབས་ཅན་དང༌། མོ་ལ་མེ་ཏོག་མེད་པའི་རྩ་བ་འབུའི་ལུས་འདྲ་བ་གཉིས་ཀྱང་རུང་མཐུན་དུ་གཏོང་བ་སོགས་ཀྱིས་ཁྲག་རིགས་སྐེམ་ཞིང་འཁྲུགས་ཀྱི་ཚད་པ་དང་དོན་ལྔའི་ཚད་པ་རླུང་ནད་བརླ་རེངས་རྣམས་སེལ། སྤང་རྩི་དོ་བོ་ལ་སྤྱིར་མིང་བཅུ་འདིར་རྒྱུ་རིམས་ཀྱི་ཆིག་ཐུབ་དཀར་པོ་རིགས་གསུམ། དེའང་འཁྲུངས་དཔེར། སྤང་རྩི་དོ་བོ་ཁ་ལུང་སྐྱེ། །ལོ་མ་འདབ་མ་ཉ་ག་མེད། །སྡོང་པོ་རིང་ལ་མེ་ཏོག་དཀར། །རྒས་པ་མི་རྒན་མགོ་བོ་འདྲ། །ཞེས་པ་ལྟར་ངོ་བོ་ནི་ལོ་མ་ཉག་མེད་ལ་ཆེ་བ་རོ་ཁ་བ་མེ་ཏོག་དཀར་པོ་མི་རྒན་གྱི་མགོ་འདྲ་ཞིང་རྐང་རིང་བ་དེས་ནང་གསེས་རིམས་འཁྲུགས་སེལ་བ་དང༌། འབྱར་བག་ནི་འཁྲུངས་དཔེར། སྤང་རྩི་འབྱར་བག་ཅན་ཞེས་པ། །ས་བཟང་སྤང་རི་དག་ལ་སྐྱེ། །ལོ་མ་འབྱར་བག་ཉ་ག་ཅན། །ལྡུམ་པོ་རུ་རྟ་ཞེས་ཀྱང་བྱ། །ཞེས་པ་ལོ་མ་ཉ་ག་ཅན་གྱིས་ས་འགེབས་པ་མེ་ཏོག་དཀར་པོ་རྐང་རིང་བ་འབྱར་བག་ཡོད་པ་དེ་དག་སྒེར་གྱིས་ཆུ་ནད་ཆུ་ཤོར་གཅོང་ནད་ལྒང་པའི་ཚད་པ་སོགས་སེལ་བ་དང༌། ལུག་རྩི་ནི། འཁྲུངས་དཔེར། ལུག་རྩི་དོ་བོ་ཞེས་བྱ་བ། །ས་དྲི་བཟང་པོའི་སྤང་ལ་སྐྱེ། །ལོ་མ་ཉག་མེད་བལ་དང་བཅས། །མེ་ཏོག་ནག་ངམ་དྲི་ཞིམ་བྲོ། །ཞེས་པ་ས་བཟང་པོའི་སྤང་ལ་སྐྱེ་བ་ལོ་མ་ཉག་མེད་ཕྲ་ལ་བལ་དང་ལྡན་པ་མེ་ཏོག་གི་རྐང་ཐུང་ལ་དྲི་ཞིམ་བྲོ་བ་དེ་གསུམ་གྱིས་རིམས་དུག་དང་རྙིངས་པའི་ཚད་པ་རྣམས་སེལ། རེ་སྐོན་ལ་སྤྱིར་མིང་བདུན་འདིར་རྩི་དམར་དང་ཕུག་རོན་རྐང་བཅས་གསུམ། དེ་ཡང་འཁྲུངས་དཔེར། །རྩི་དམར་རྐང་གཅིག་གཡའ་སྤང་སྐྱེ། །ལོ་མ་ཨུཏྤལ་གྱེས་པ་འདྲ། །རྩ་བ་གཅིག་ལ་སྡོང་པོ་བརྒྱད། །གསེར་གྱི་མེ་ཏོག་འོད་དང་ལྡན། །བདུད་རྩིའི་ཟིལ་པ་ཁྱད་པར་ཆགས། །དྲི་ཞིམ་རོ་ནི་མཆོག་ཏུ་ཁ། །ཚད་པའི་ནད་ལ་བདུད་རྩི་ཡིན། །ཞེས་པ་ལྟར་རྩ་བ་གཅིག་ལ་སྡོང་པོ་བརྒྱད་ཙམ་འོང་ཞིང་མེ་ཏོག་སེར་པོར་བདུད་རྩིའི་ཟིལ་པ་ཆགས་པ་དྲི་ཞིམ་ཞིང་རོ་ཁ་བ་དེས་ཁྲག་སྐེམ་ཞིང་སྨུག་པོའི་རྩ་ཚད་ཚ་འཁྲུ་རྣམས་སེལ། ཀྱི་ལྕེ་ལ་སྤྱིར་མིང་བཅུ་བཞི་འདིར་ཤ་ལང་དང་གཉིས། དེའང་རིགས་གཉིས་ལས་དཀར་པོ་ནི་འཁྲུངས་དཔེར། ཀྱི་ལྕེ་དཀར་པོ་སྤང་ལ་སྐྱེ། །ལོ་མ་སྔོ་ལ་མཐུག་འཇམ་རིང༌། །སྡོང་པོ་དམར་ལ་མེ་ཏོག་དཀར། །འབྲས་བུ་ནག་པོ་ལྕགས་ཕྱེ་འདྲ། །རོ་ནི་ཁ་ལ་རྩུབ་པ་ཡིན། །ཞེས་པ་ལོ་མ་ལྗང་གུ་མཐུག་འཇམ་རིང་ལ་ཆེ་བ་མེ་ཏོག་དཀར་པོ་སྤང་རྒྱན་འདྲ་བ་རྐང་བཟང་ལྗང་གུ་འབྲས་བུ་ནག་པོ་ལྕགས་ཕྱེ་འདྲ་བ་རོ་ཁ་ལ་རྩུབ་པ་དང༌། ནག་པོ་འཁྲུངས་དཔེར། ཀྱི་ལྕེ་ནག་པོ་སྲིབ་ལ་སྐྱེ། །སྐྱེ་ལུགས་དཀར་པོ་འདྲ་བ་ལ། །མེ་ཏོག་ཁ་དོག་སྔོ་སྨུག་སྟེ། །སྐྲངས་དང་ཆུ་སེར་ལྷོག་པ་འདུལ། །ཞེས་པ་ལྟར་ལོ་མ་གོང་བས་ཅུང་ཞིག་ཕྲ་ཞིང་མེ་ཏོག་དང་རྐང་སྔོན་པོ་བཟང་བ་དེ་གཉིས་ཀྱིས་སྣོད་ཀྱི་ཚད་པ་དང་མཁྲིས་པའི་ཚད་པ་རྣམས་སེལ་བར་བྱེད་དོ། །སུམ་ཅུ་ཏིག་ལ་སྤྱི་དང་འདིར་མིང་གཅིག་སྟེ། དེའང་འཁྲུངས་དཔེར། སུམ་ཅུ་ཏིག་ནི་གཡའ་སྤང་སྐྱེ། །ལོ་མ་ལེབ་ཆུང་རྐོ་མ་མཆུ། །མེ་ཏོག་དཀར་སེར་པདྨ་འདྲ། །ངར་བ་དམར་སེར་བ་སྤུ་ཅན། །ཞེས་པ་ལྟར་ལོ་མ་ལྗང་གུ་རྐོ་མའི་མཆུའི་དབྱིབས་ཅན་མེ་ཏོག་སེར་པོ་ཆུང་བ་པདྨ་སྤུངས་པ་འདྲ་བ་རྐང་ལྗང་གུ་ཧ་ཅང་གི་སྒོ་མི་བཟང་བ་དེ་དག་གིས་མཆིན་པ་དང་མཁྲིས་པའི་ཚ་བ་རྨེག་མེད་དུ་སེལ་ལོ། །པྲི་ཡངྐུ་ལ་སྤྱིར་མིང་དྲུག་འདིར་རྩིའུ་བཅས་གཉིས། དེའང་ཤིང་སྔོ་འབྲུ་གསུམ་དུ་བཞེད་ནའང་གཙོ་བོ་སྔོ་སྟེ། འཁྲུངས་དཔེར། པྲི་ཡངྐུ་ནི་ཉིན་སྲིབས་གང་ཡང་སྐྱེ། །ལོ་མ་མེ་ཏོག་སྔོན་པོ་སྟེ། །རོ་ནི་མངར་ཁ་དང་ལྡན་པ། །ཁྲག་གཅོད་རྨ་འདྲུབ་ཆུ་སེར་སྐེམ། །མཆིན་ཚད་ཐམས་ཅད་སེལ་བ་སོགས། །ཡོན་ཏན་བསམ་མི་ཁྱབ་པ་འོ། །ཞེས་པ་ལྟར་རྐང་ཕྲ་བ་ལོ་མ་སྔོ་སིབ་མེ་ཏོག་སྔོན་པོ་འཆར་བ་དེས་ཕོ་བ་དང་མཆིན་པའི་ཚ་བ་རྣམས་སེལ་ལོ། །ཟངས་ཏིག་ལ་སྤྱིར་མིང་གཉིས་འདིར་གཅིག དེའང་འཁྲུངས་དཔེར། ཟངས་ཏིག་པ་ནི་སྐམ་སར་སྐྱེ། །འདབ་མ་ཉུངས་ཀར་ཅུང་ཟད་འདྲ། །ངར་པ་དམར་ཞིང་ཡལ་ག་མང༌། །རིང་ཐུང་མཁྱིད་རེ་མཛུབ་རེ་ཙམ། །མེ་ཏོག་དམར་སྐྱ་རོ་ནི་ཁ། །རིམས་ནད་མཁྲིས་ཚད་སེལ་བར་བྱེད། །ཅེས་པ་རྐང་ཕྲ་བ་ལོ་མ་ལྗང་གུ་མེ་ཏོག་དམར་སྐྱ་རོ་ཅུང་ཟད་མི་ཁ་བ་དེ་དང༌། ལྕགས་ཏིག་ལ་སྤྱིར་མིང་གཉིས་འདིར་གཅིག དེའང༌། ལྕགས་ཏིག་པ་ནི་མུ་ལ་སྐྱེ། །འདབ་མ་ཆུང་ཞིང་མེ་ཏོག་སྔོ། །ངར་པ་ནག་ཅིང་ཕྲ་བ་སྟེ། །རོ་ཁ་རྨ་དང་རིམས་ཚད་སེལ། །ཞེས་པ་ལོ་རྐང་གོང་མཚུངས་མེ་ཏོག་སྔོན་པོ་ཆུང་བ་རོ་ཤིན་ཏུ་ཁ་བ་ཏིག་ཏ་དངོས་ཡིན་ཟེར་བ་དེ་དང༌། འདི་རིགས་སྟོད་ནས་ཤིན་ཏུ་བཟང་བ་ཞིག་ཀྱང་འོང་བ་དང༌། གསེར་ཏིག་འཁྲུངས་དཔེ་ནས། གསེར་ཏིག་སྤང་གི་སྲིབས་ལ་སྐྱེ། །ལོ་མ་ལྗང་སེར་རྐོ་མ་མཆུ། །མེ་ཏོག་སེར་སྔོ་ངུར་ཐིག་ཅན། །ངར་པ་ཕྲ་ཞིང་དྲང་བ་སྟེ། །རིང་ཐུང་མཁྱིད་རེ་མཛུབ་རེ་ཙམ། །རོ་ཁ་ཁྲག་མཁྲིས་རིམས་ནད་སེལ། །ཞེས་གསེར་ཏིག་དང་གཞན་ཡང་མེ་ཏོག་གི་མདོག་དབྱེས་དངུལ་ཏིག་ལ་སོགས་པ་རྣམས་ཀྱིས་ཀྱང་གོང་དུ་ཟུར་སྨོས་བཞིན་རྒྱ་ཏིག་དང་ནུས་པ་ཕྱོགས་འདྲ་བས་མཁྲིས་པའི་ཚ་བ་རྣམས་སེལ། སྲོ་ལོ་ལ་སྤྱི་དང་འདིར་མིང་གཅིག དེའང་རིགས་གཉིས་ལས་དཀར་པོ་ལ་འཁྲུངས་དཔེར། སྲོ་ལོ་དཀར་པོ་ཞེས་བྱ་བ། །གཡའ་རི་གངས་རི་རྫ་ལ་སྐྱེ། །མཚན་གྱི་གྲོང་ཁྱེར་བདུན་བདུན་བསྐོར། །རྩ་བ་ཕྲ་ལ་སྡོང་པོ་ཤུན། །ལོ་མ་མཐུག་ལ་སྣུམ་པ་ཡིན། །མེ་ཏོག་དཀར་པོ་རབ་ཏུ་མཛེས། །བདུད་རྩིའི་ཟིལ་པ་རྒྱུན་མི་ཆད། །བྱ་རྒོད་ཤ་བ་སྨས་མས་ཟ། །ཁ་མངར་གློ་ནད་བཤལ་ནད་སེལ། །ཞེས་བཤད་པས་ཞར་ལ་སུག་འདྲའམ་སྨུག་པོའང་རྟོགས་དགོས་པ་ནི་རྩ་བ་གཅིག་ལས་ཐོན་པའི་སྡོང་པོ་རྒྱས་པ་ཤུན་པ་ཅན་ལོ་རྐང་སྨུག་ཉམས་མེ་ཏོག་དཀར་པོ་བདུད་རྩིའི་ཟིལ་པ་འབབ་པ་གོང་བུ་ལེབ་མོ་ཆེ་བ་ཟླ་ཚེས་འདྲ་བ་དེ་དང༌། སུག་འདྲའམ་སྨུག་པོ་ནི་གཞན་མ་གོང་མཚུངས་གང་བུ་ཕྲ་བ་པད་ཁ་འདྲ་བ་མདོག་གིས་ཕྱེ་བའི་དེ་ལའང་ནང་གསེས་གཉིས་ཀྱིས་གློའི་ཚད་པ་རྣམས་སེལ་ལོ། །གཡའ་ཀྱི་མ་ལ་སྤྱིར་མིང་གཅིག་དང་འདིར་ཟླ་བ་བསིལ་བའི་བདུད་རྩི་དང་གཉིས། དེའང་འཁྲུངས་དཔེར། གཡའ་ཀྱི་སྔོན་པོ་རི་གཉན་གཡའ་ལ་སྐྱེ། །ལོ་མ་མེ་ཏོག་སྔོ་ལ་ཅུང་ཟད་སྐྱ། །རོ་ནི་ཁ་ལ་ནུས་པས་ནད་རྣམས་སྐྱུག །ཅེས་བཤད་པ་ལྟར་ལོ་མ་སྒོར་ཉམས་ཅན་ལྗང་གུ་སིབ་ཅིང་རྐང་ཕྲ་བ་དེ་ལ་མེ་ཏོག་སྔོ་ལ་སྐྱ་བ་ཆེ་བ་རྒྱལ་པོ་ཆུང་བ་བཙུན་མོར་འབོད་པ་མཆོག་དང༌། གཞན་ཡང་སེར་དཀར་དམར་སྔོ་བཞི་ཤར་བ་ལས་གསེར་དངུལ་ཟངས་ལྕགས་རིགས་བཞིའམ་དྲུག་རྟོགས་དགོས་པ་དེས་མཁྲིས་པའི་ནད་མཐའ་དག་ཞི་སྦྱོང་ཐུན་མོང་དུ་བྱེད་དོ། །གང་ག་ཆུང་ལ་སྤྱི་དང་འདིར་མིང་གཅིག དེའང་འཁྲུངས་དཔེར། གང་ག་ཆུང་ནི་གཡའ་གསེབ་སྐྱེ། །ཟུར་བཞི་ལོགས་བརྒྱད་མཆོད་རྟེན་བརྩེགས། །མེ་ཏོག་དྲིལ་བུ་ཁ་བསླང་འདྲ། །རྩ་བ་རྒྱུས་པ་འཛིངས་པ་འདྲ། །ཞེས་པ་ལྟར་ཟུར་བཞི་ལོགས་བརྒྱད་རྒྱལ་མཚན་གྱི་དབྱིབས་ཅན་རྩེ་མོར་མེ་ཏོག་དྲིལ་བུའི་ཁ་གནམ་དུ་བསྟན་པ་ལྟར་ལྡིང་ཞིང་རོ་ཁ་བསིལ་དེ་དག་གིས་དུག་དང་ཚད་པ་ལས་གྱུར་པའི་འཁྲུ་བ་རྣམས་གཅོད་དོ། །བྱ་རྒོད་སྤོས་ལ་སྤྱིར་མིང་དྲུག་འདིར་གཅིག དེའང་འཁྲུངས་དཔེར། བྱ་རྒོད་སྤོས་ཀྱང་གཡའ་གསེབ་སྐྱེ། །ལོ་མ་མཐུག་པོ་སྲུབས་ཀའི་དབྱིབས། །མེ་ཏོག་སྔོ་སྐྱ་བ་སྤུ་ཅན། །དྲི་མ་གླ་རྩིའི་དྲི་མ་མནམ། །ཞེས་པ་ལྟར་ལོ་མ་མཐུག་པོ་སྲུབས་ཀའི་ལོ་མ་འདྲ་ཞིང་མེ་ཏོག་སྔོ་སྐྱ་སྲིན་བྱའི་མགོ་དབྱིབས་ཅན་གླ་རྩིའི་དྲི་མནམ་པ་དེ་ཉིད་ཀྱིས་འབྱུང་པོའི་གདོན་དང་དུག་རིམས་ཚད་པ་ཕྱི་སྲིན་རྣམས་སེལ། སྲོལ་གོང་པ་ལ་སྤྱི་དང་འདིར་མིང་གཅིག དེའང་འཁྲུངས་དཔེར། ཡུ་མོ་སྲོལ་གོང་གཡའ་སྤང་སྐྱེ། །ལོ་མ་དམར་སྨུག་སོག་ལེ་ཁ། །མེ་ཏོག་སྦོམ་པོ་ཁོང་སྟོང་ཅན། །དབྱིབས་ནི་ཕྲུག་ཤད་ཁ་གྱེན་དུ། །བསྟན་འདྲ་རོ་ནི་ཤིན་ཏུ་ཁ། །ཞེས་པ་ལྟར་ལོ་མ་སྔོ་ལྗང་སོག་ལེ་ཁ་ཁུར་མང་འདྲ་བ་མེ་ཏོག་སྦོམ་པོ་ཁོང་སྟོང་ཅན་དབྱིབས་ཕྲུག་ཤད་ཀྱི་ཁ་གྱེན་དུ་བསྟན་པ་ལྟ་བུ་སྔོ་སེར་དཀར་མདོག་གི་དབྱེ་བས་རིགས་ཀྱི་རྩ་བ་རོ་ཤིན་ཏུ་ཁ་བ་དེས་མགོ་བོ་ཆག་པའི་རིགས་གསོ་བ་དང་དུག་ཚད་རྣམས་སེལ་ལོ། །ཡུ་མོ་མདེའུ་འབྱིན་ལ་སྤྱི་དང་འདིར་མིང་གཅིག་སྟེ་དེ་ལའང་འཁྲུངས་དཔེར། ཡུ་མོ་མདེའུ་འབྱིན་མཐའ་གསེབ་སྐྱེ། །ལོ་མ་སྒོར་མོ་ཉ་ག་ཅན། །མེ་ཏོག་སྔོ་རྒྱ་རྒྱ་མེན་འདྲ། །གང་བུ་སྔོན་པོ་གཞུ་ཤུབས་འདྲ། །ཞེས་ཀྱང་བྲག་སྐྱེས་ག་བུར་དུའང་གྲགས་པ་ལོ་མ་སྔོ་ལྗང་སིབ་པས་བྲག་ལོགས་ཁྱབ་ཅིང་མེ་ཏོག་དཀར་དམར་སྔོ་སོགས་ངེས་མེད་གེ་སར་སེར་པོས་ནང་གང་བ་དེ་དག་མེ་ཏོག་གིས་ཕྱེ་བའི་རིགས་གསུམ་ཡོད་པས་མངལ་དུ་བུ་རོ་ལུས་པ་དང་ཟུག་རྔུ་མདེའུ་སོགས་འབྱིན་ནོ། །དར་ཡ་ཀན་ལ་སྤྱི་དང་འདིར་མིང་གཅིག འདི་ལ་རྣམ་གྲངས་འདྲེན་ལུགས་བྱར་པཎ། ཟུར་མཁར་བ། སྐྱེམ་པ་ཚེ་དབང་སོགས་བཞེད་པ་མང་ཡང་རི་གཉེན་མགུལ་སྐྱེས་དར་ཡ་ཀན་ནམ་སྔོན་མོ་དར་ཡ་ཀན་ཞེས་པ་ཚེར་སྔོན་ཀླུངས་ཤོད་སྐྱེ་བའི་དར་ཡ་ཀན་ཞེས་ཁྲག་ཁྲོག་པ། བརྒྱ་བྱིན་ལྷ་སྲུང་དར་ཡ་ཀན་ཞེས་ཧ་ལོ། །ཆུ་མིག་ནང་སྐྱེས་དར་ཡ་ཀན་ཞེས་བྲེ་ག་འདྲ་བ་ཆུ་ལྡུམ་པར་གྲགས་པ། དམུ་རྫིང་སེལ་བའི་དར་ཡ་ཀན་ཞེས་སྒ་ཏིག ཀླུ་འདུལ་བའི་དར་ཡ་ཀན་ཞེས་ཀླུ་བདུད་རྡོ་རྗེ། རྨ་རྣམས་འདྲུབ་པའི་དར་ཡ་ཀན་ཞེས་གསང་བ་སྨན་གཅིག་ཏུ་གྲགས་པ་སྐྱེས་པ་དོང་བཏགས་འདྲ་བ་དང་བདུན་དུ་བཤད་པ་མཆིས་པའི་ངོ་བོ་ནི་འཁྲུངས་དཔེར། འཛམ་བུའི་གླིང་ན་དཀོན་པའི་སྨན། །དར་ཡ་ཀན་ཞེས་བྲག་གསེབ་སྐྱེ། །ལོ་མ་ཕྲ་མོ་ཁ་གསུམ་ལ། །མེ་ཏོག་བ་དན་ཕྱར་བ་འམ། །སྐྱེས་པ་དོང་རལ་བཏགས་པ་འདྲ། །རྩ་བ་སེར་ལ་ཁ་བ་ཡོད། །ཡོན་ཏན་དཔག་ཏུ་མེད་པ་ཡིན། །སྦྱོར་ལུགས་གྲོགས་ཀྱིས་བསྒྱུར་བ་ན། །བཞི་བརྒྱ་རྩ་བཞིའི་ནད་རྣམས་སེལ། །ཞེས་པ་ལྟར་ལོ་མ་དང་རྩ་བ་དཀར་སྔོ་དཀར་ཤས་ཅན་མེ་ཏོག་སྔོན་པོ་རྒྱ་ཁ་ཞིག་དང༌། གཞན་ཡང་དཀར་སེར་སྔོ་དམར་སྣ་ཚོགས་འཆར་བ་སྐྱེས་པ་དོང་པ་བཏགས་པ་འདྲ་ལ་གང་བུ་ཕྲ་རིང་ནང་འབྲུ་ནག་པོ་ཆུང་བ་འོང་བ་དང༌། ཡང་འཁྲུངས་དཔེར། སྐྱེ་གནས་ཡུལ་ལྗོངས་ཀུན་ལ་ཡོད། །ལོ་སྡོང་ཡལ་ག་ཁྲང་པོར་སྐྱེ། །མེ་ཏོག་མདོག་དཀར་འདབ་མ་བཞི། །འབྲས་བུ་མུ་མེན་དམར་པོ་འདྲ། །རང་གི་ནུས་པས་བྱང་ཁོག་གི །ཁྲག་དང་ཆུ་སེར་འཇོམས་པའི་མཆོག །ཅེས་པ་དང་མཐུན་པར་དུས་འཁོར་ནས་ཀྱང་ཁྲག་ཀྲོད་པ་ཞེས་གསུངས་པའི་སྐྱེ་ལུགས་རྐང་ལྗང་སྐྱ་ལོ་མ་ལྗང་གུ་ཕྲ་རིང་ཁྲང་པོར་སྐྱེ་བ་དེ་གཉིས་ཀྱིས་བྱང་ཁོག་གི་ཆུ་སེར་སྐེམ་པ་དང་མགོ་བོའི་རུས་པ་ཆག་པ་སྦྱོར་ཞིང་ལྷ་བའང་འཛིན་པ་དང་དམུ་རྫིང་ལ་ཕན། རྟ་ལྤགས་ལ་སྤྱིར་མིང་དྲུག་འདིར་ཧའུ་སྤ་བ་དང་གཉིས། དེ་ལའང་འཁྲུངས་དཔེར། རྟ་ལྤགས་དག་ནི་རྣམ་པ་གཉིས། །རི་དང་ཀླུངས་སུ་སྐྱེ་བ་ཡིན། །ལོ་མ་སྒོར་མོ་མཐུག་པ་ལ། །འབྲུམ་པ་ཐུག་ཐུག་ཡོད་པ་ཡིན། །སྡོང་པོ་གྲུབ་བཞི་ཐིག་ཤིང་འདྲ། །མེ་ཏོག་རྒྱ་སེར་དཀར་བའང་ཡོད། །རི་སྐྱེས་མངར་ཁ་སྲིན་ནད་སེལ། །ཀླུངས་དང་ན་སྐྱེས་དྲོ་ལ་སྐམ། །ཞེས་པ་ལྟར་རིགས་སམ་སྐྱེ་གནས་ཀྱི་ཁྱད་པར་རྣམ་པ་གཉིས་ཏེ་རི་དང་ཀླུངས་སུ་སྐྱེ་བའི་ལོ་མ་མཐུག་ལ་འབྲུམ་པ་ཐུག་ཐུག་ཡོད་པ། རྐང་གྲུ་བཞི་ཐིག་ཤིང་འདྲ་བ་མེ་ཏོག་སྔོ་དམར་དཀར་ཉམས་འཆར་ཞིང་ཚེར་མ་ཅན་དེས་ལྷ་བ་འཛིན་ཞིང་ཆུ་སེར་རྣམས་འདྲེན་པར་བྱེད་དོ། །ཨ་བི་ཥ་ལ་སྤྱིར་མིང་དྲུག་འདིར་འོ་མ་འཛིན་དང་གཉིས། དེའང་བསྒྱུར་ན་དུག་མེད་ཅེས་བྱ་སྟེ་འཁྲུངས་དཔེར། ཨ་བི་ཥ་ནི་གཡའ་སྤང་སྐྱེ། །ལོ་མ་ར་མཉེ་འདྲ་བ་ལ། །སྡོང་པོ་སྨུག་ལ་མཉེན་པ་ཡིན །མེ་ཏོག་སྨུག་པོ་ཐུར་དུ་བུབ། །རྩ་བ་སྒོག་གཅིག་མ་དང་འདྲ། །རོ་ནི་མངར་ལ་ནུས་པ་བསིལ། །ཞེས་པ་ལྟར་སྐྱེ་གནས་ཀྱི་དབྱེ་བ་བཅས་གཉིས་སུའང་ཡོད་པ་ནི་ལོ་རྐང་ལྗང་གུ་ར་མཉེ་འདྲ་བ་མེ་ཏོག་སྨུག་པོ་ཐུར་དུ་བུབ་པ་གོང་བུ་ཟུར་དྲུག་པ་འབྲུ་ལེབ་མོ་དང༌། ཡང་གང་བུ་སྐྱུ་རུའི་དབྱིབས་ཅན་སོགས་དོན་རྩ་བ་སྒོག་གཅིག་མ་འདྲ་བ་རོ་མངར་བ་དེ་དང༌། ཀླུངས་སུ་སྐྱེ་བ་ལོ་རྐང་ལྗང་གུ་ར་མོ་ཤག་འདྲ་ཞིང་རྩ་བ་གོང་མཚུངས་ཡོད་པ་དེས་མགོ་ཆག་དང་དུག་ཚད་རྣམས་སེལ་ལོ། །སྟག་ཤ་ལ་སྤྱིར་མིང་ལྔ་འདིར་གཅིག དེའང་འཁྲུངས་དཔེར། གཉན་དུག་ཅེས་བྱ་སྲིབ་མོར་སྐྱེ། །ལོ་མ་གཡུ་བུན་འཐིབས་པ་འདྲ། །རོ་ནི་ཅུང་ཟད་ཁ་བ་ཡིན། །དྲི་དུགས་ཆེ་བས་གདོན་རྣམས་འདུལ། །ནུས་པས་གཉན་དང་ཚད་པ་སེལ། །སྐྲངས་པ་འདུལ་ཞིང་ལྷོག་པ་གསོད། །ཅེས་པ་ལྟར་ཁ་དོག་གི་དབྱེ་བ་ཙམ་ནས་རིགས་གཉིས་ཀྱི་དཀར་པོ་ལོ་མ་ནས་འདྲ་ཞིང་སྡོང་པོ་ལྗང་གུ་རྩ་བ་གཅིག་ལས་ཡལ་འདབ་རྒྱས་པ་མེ་ཏོག་སྔོ་དམར་ཅུང་ཟད་རྩུབ་ཉམས་སྙེ་མ་ཟུར་གསུམ་སྒྲོམ་བུ་འདྲ་བ་རོ་མངར་ཚ་འབྱར་བག་ཆེ་བ་དེ་དང༌། ནག་པོའམ་སྔོན་པོ་ནི་ལོ་རྐང་ལྗང་སེར་ལོ་དབྱིབས་དཀར་པོ་ལས་ཆུང་ལ་རིང་བ་འདྲིལ་ནས་སྡོད་པ་གང་བུ་དང་དྲི་དུགས་ཆེ་བ་དེ་གཉིས་ཀྱིས་རྨ་འདྲུབ་ཅིང་འཁྲུ་གཅོད་སྐྱུགས་འདྲེན་གཉན་གསོད་པ་དང༌། སྐྲངས་འདུལ་དུག་ནད་ཀྱང་སེལ་ལོ། །སྤང་རྒྱན་ལ་སྤྱི་དང་འདིར་མིང་གཅིག དེའང་འཁྲུངས་དཔེར། སྤང་རྒྱན་དཀར་པོ་སྤང་ལ་སྐྱེ། །ལོ་མ་ཆུང་ལ་མེ་ཏོག་རྒྱས། །རོ་ནི་ཁ་ལ་ཚད་རིམས་སེལ། །ཞེས་པ་ལྟར་ལོ་མ་ལྗང་གུ་ཆུང་ལ་འཇོང་ཞིང་རྐང་ཕྲ་བ་དེ་ལ་མེ་ཏོག་གི་དབྱེ་བས་དཀར་སྔོ་ཁྲ་གསུམ་དུ་འདོད་པའང་མཆིས་ཀྱང་འདི་སྐབས་བསྔགས་པ་ནི་དཀར་པོ་དེས་གྲེ་བའི་ནད་དང་དུག་ཚད་ཚད་རིམས་སོགས་སེལ། ཡུ་གུ་ཤིང་ལ་སྤྱིར་མིང་དགུ་འདིར་རྣམ་པར་དང༌། བཅད་འབྱོར་གྱི་གཙོ་བོ་བཅས་གསུམ། དེའང་འཁྲུངས་དཔེར། རྨ་རྣམས་སེལ་བའི་སྨན་མཆོག་ནི། །སྨུག་པོ་དར་ཡ་ཀན་ཞེས་བྱ། །ས་དྲོད་ཆེ་བའི་ཡུལ་དུ་སྐྱེ། །ལོ་མ་ཕྱི་སྨུག་ནང་ནི་སྐྱ། །སྡོང་པོ་སྨུག་ལ་རབ་ཏུ་རིང༌། །མེ་ཏོག་ཆུང་ལ་སྤུ་ཆུང་ཅན། །རོ་ནི་ཁ་ལ་ནུས་པ་བསིལ། །དྲི་མི་ཞིམ་པས་གདོན་རྣམས་འདུལ། །རང་གི་ནུས་པས་དུག་ནད་དང༌། །རྨ་ཡི་ཉེས་སྐྱོན་སེལ་བར་བྱེད། །ཅེས་པ་ལྟར་ལ་སྐྱེ་གནས་ཀྱི་ཁྱད་དམ་དཀར་ནག་གི་དབྱེ་བས་རི་སྐྱེས་དཀར་པོ་ནི་ལོ་མ་ཆེ་ལ་ཉ་ག་ཅན་སོག་ལེ་ཁ་ཕྱི་ལྗང་སྐྱ་ནང་སྨུག་ཉམས་ཅན་ཡལ་རྐང་བཟང་བ། མེ་ཏོག་ཆུང་དུ་སྤུ་ཆུང་ཅན་རོ་ཁ་ནུས་པ་བསིལ་ལ་དྲི་མི་ཞིམ་པ་དེ་དང༌། ཀླུངས་སྐྱེས་ནག་པོ་ནི་གཞན་མ་གོང་མཚུངས་ལོ་མ་ཁུར་མང་གི་དབྱིབས་ཅན་ལྗང་ནག་དེ་དག་གིས་རྨ་རྣམས་སྦྱོར་ཞིང་གདོན་རིགས་དང་དུག་ཚད་སེལ། རྩད་ལ་སྤྱིར་མིང་གཉིས་འདིར་གཅིག །དེའང་ངོས་འཛིན་མི་འདྲ་བ་མང་དག་ཞིག་མཆིས་ཀྱང་རྣམ་པར་དག་པ་ནི་འཁྲུངས་དཔེར། སྔོ་རྒྱལ་རྩི་མཆོག་མ་གི་ཏ། །སྲིབ་ཀྱི་རི་ལ་སྐྱེ་བ་ཡིན། །བོད་ཀྱི་སྐད་དུ་རྩད་ཅེས་ཟེར། །ལོ་མ་སྔོན་པོ་འཇམ་ལ་ཕྲ། །སྡོང་པོ་གྱེན་དུ་དྲང་པོར་སྐྱེ། །མེ་ཏོག་དཀར་སེར་ཕྲ་ལ་ཆུང༌། །འབྲས་བུ་ལེབ་ཚགས་ལྗང་གུའི་མདོག །སྨན་འདི་སྐྱེ་སར་དུག་མི་སྐྱེ། །སྦྲུལ་ཡང་འབྱུང་བར་མི་འགྱུར་རོ། །རོ་ནི་ཁ་ལ་རྩུབ་པ་ཡིན། །རང་གི་ནུས་པས་དུག་ནད་སེལ། །ཚད་ནད་སེལ་བའི་ག་བུར་ཡིན། །ཞེས་པ་ལྟར་རྐང་ནག་པོ་ལོ་མ་ཞུ་མཁན་འདྲ་བ་འབྲུ་ལྗང་སྨུག་ཁོང་སྟོང་ཟོས་ན་གཡེར་དྲི་མནམ་པ་ལྷོ་བལ་ནས་འོང་བ་ཕལ་ཆེར་གྱིས་བསྙག་ཏུ་འབོད་ཅིང་རེ་གཉིས་དགུ་ཐུབ་དམན་པར་ཡང་བཞེད་པ་དེ་མཆོག་དང༌། དམན་པ་ནི་སྔོ་གར་ཡང་སྐྱེ་བ་འཁྲུངས་དཔེར། རྩད་ཅེས་བྱ་བའི་སྨན་མཆོག་ནི། །ས་གཞི་མཁྲེགས་པོར་སྐྱེ་བ་སྟེ། །རྩ་བ་ལྕ་བའི་རྩ་བ་འདྲ། །ལོ་མ་ཕྲ་ལ་ཉ་ག་ཅན། །སྡོང་པོ་ཕྲ་ལ་མེ་ཏོག་དཀར། །རང་གི་ནུས་པས་དུག་རིགས་སེལ། །ཞེས་པ་ལྟར་རྩ་བ་ལྕ་བ་འདྲ་ཞིང་ལོ་མ་ཉ་ག་ཅན་ཁྲད་པོར་སྐྱེ་བ་མེ་ཏོག་གོ་སྙོད་དང་འདྲ་ཞིང་ལོ་མ་མང་ཉུང་དང་དྲི་ཆེ་ཆུང་ལས་འབམ་པོ་དང་ནོར་སོ་ཡོད་པ་དེ་མེ་ཏོག་ཡོད་པ་མོ་དང༌། མེད་པ་ཕོ་རིགས་གཉིས་ཡོད་པ་དང༌། དགུ་ཐུབ་ལ་སྤྱི་དང་འདིར་མིང་རེ་སྟེ། དེའང་འཁྲུངས་དཔེར། གླང་ཆེན་ཆིག་ཐུབ་ཅེས་བྱ་བ། །གཡའ་སྲིབ་རི་ལ་སྐྱེ་བ་སྟེ། །ལོ་མ་མེ་ཏོག་ཆུང་བ་ལ། །རྩ་བ་ཆེན་པོ་གླང་ཆེན་གཟུགས། །འབྲས་བུ་དམར་ནག་གདུགས་འདྲ་བ། །རོ་ནི་ཁ་དང་བསྐ་བ་ཡིན། །རང་གི་ནུས་པས་དུག་ནད་དང༌། །ཚད་རིམས་ནད་རྣམས་ཐམས་ཅད་སེལ། །ཞེས་བཤད་པ་མཆོག་ནི་རྩ་བ་དཀར་ཉམས་ཅན་བཟོ་དབྱིབས་ངེས་མེད་ད་ལྟ་ལྷོ་མོན་ནས་འོང་བ་དང༌། དམན་པ་དཔའ་བོ་སེར་པོའི་རིགས་ལོ་རྐང་སོགས་རྒྱ་བོང་དང་མཚུངས་ཤིང་མིང་གླང་ཆེན་ཆིག་ཐུབ་ཏུའང་གྲགས་པའི་རྩ་བ་སེར་ཉམས་ཅན་ལ་ཕུག་གི་དབྱིབས་ཅན་སྦོམ་པ་དེ་གཉིས་དང༌། ལྡུམ་སྟག་ལ་སྤྱིར་མིང་ལྔ་འདིར་གཅིག དེའང་སྨན་མིང་རྒྱ་མཚོར་ལྡུམ་སྟག་དང་ཀོ་བྱི་ལ་གཉིས་མི་གཅིག་པར་གསུངས་འདུག་ཀྱང་དྷརྨ་སྭ་མིས་མིང་གི་རྣམ་གྲངས་ལས་གཅིག་ཏུ་མཛད་ཅིང༌། འཁྲུངས་དཔེར། སྔོ་སྨན་རྒྱལ་པོ་འཕུར་ལེབ་ནི། །ལྷོ་རོང་ཚད་པས་གདུངས་པའི་ཡུལ། །ཤིང་སྡོང་ཆེ་ལ་འཁྲིལ་ནས་སྐྱེ། །ལོ་མ་མཐུག་ལ་རིང་བ་ཡིན། །མེ་ཏོག་སེར་སྐྱ་ཆུང་བ་དང༌། །འབྲས་བུ་སེར་པོ་ཆུང་བ་ཡིན། །རོ་ནི་ཁ་ལ་རྩུབ་པ་ཡི། །རང་གི་ནུས་པས་དུག་ནད་སེལ། །ཞེས་པ་སྡོང་པོ་དཀར་ལ་སྔོ་མདངས་ཡོད་པ་ལོ་མ་ལྗང་གུ་མེ་ཏོག་དཀར་པོ་གང་བུ་སེར་པོ་ནས་བྱ་འཕུར་ལེབ་འོང་བ་རྣམས་ཀྱིས་དུག་ནད་སེལ། །ཨ་བྱག་ལ་སྤྱིར་མིང་ལྔ་འདིར་གཅིག དེའང་འཁྲུངས་དཔེར། མེ་ཏོག་ཨ་བྱག་ཅེས་བྱ་བ། །སྲིབ་མོ་ནག་མ་དག་ལ་སྐྱེ། །ལོ་མ་སྔོ་སྐྱ་སྤུན་ལ་རྩུབ། །སྡོང་པོ་གདུགས་ཀྱི་ཡུ་བ་འདྲ། །རོ་ནི་ཅུང་ཟད་ཁ་བ་ཡིན། །རང་གི་ནུས་པས་ལྷོག་པ་འཇོམས། །ཞེས་པ་ལྟར་འཕྲལ་སྐད་ཨ་བྱག་གཟེར་འཇོམས་སུ་གྲགས་པ་རྐང་ལྡེམ་ལ་མེ་ཏོག་སེར་པོ་གསེར་གདུགས་ཕུབ་པ་འདྲ་བ་ལོ་མ་ལྗང་ནག་སྤུན་པའམ་སུད་པ་རོ་ཁ་ཉམས་ཅན་དེས་མགོ་ཆག་པ་རྣམས་གསོ་ཞིང་ཆུ་སེར་ཀྱང་སྐེམ་པ་དང་གཟེར་རིམས་ལ་ཕན། ཚེར་སྔོན་ལ་སྤྱིར་མིང་བཞི་འདིར་གཅིག དེའང་འཁྲུངས་དཔེར། ཚེར་སྔོན་ཞེས་བྱ་སྔོ་ཡི་རིགས། །ལོ་སྡོང་གདུག་རྩུབ་ཚེར་མ་ཅན། །མེ་ཏོག་སྔོན་པོ་རོ་ནི་ཁ། །རང་གི་ནུས་པས་རུས་ཚད་སེལ། །མགོ་ཆག་རྨ་ཡི་དར་ཡ་ཀན། །ཞེས་པ་ལྟར་རི་མཐོ་སར་སྐྱེ་བའི་ལོ་མ་ལྗང་པ་རལ་གྲིའི་དབྱིབས་ཅན་ཆུང་ཞིང་མེ་རྐང་སྨུག་པོ་ཐའུ་སོགས་ཚང་མ་ཚེར་མས་ཁྱབ་ཅིང་རེག་བྱ་ཤིན་ཏུ་རྩུབ་ལ་མེ་ཏོག་སྔོན་པོ་ཁ་དོག་མཚར་བ་ཟེའུ་འབྲུ་སེར་པོ་དབྱིབས་རྒྱ་མེན་ལྟ་བུ་འཆར་བ་དེ་དང༌། ཕུ་ལག་དང་རི་ཐང་མཚམས་སོགས་སུ་སྐྱེ་བ་ལོ་མ་དེ་བས་ཆེ་ཞིང་མདོག་ཅུང་ཟད་སྐྱ་ལ་ངར་རྩ་དང་མེ་ཏོག་གི་རྐང་སྨུག་པོ་ཟྭ་རྐང་འདྲ་བའི་ལྡེབས་ནས་ལོ་མ་དང་ཐའུའི་རྐང་ཤིང་མགལ་ལྟར་སྐྱེ་བ་དང༌། ཐའུའི་རྐང་རྒྱ་མེན་གྱི་རྐང་ལྟར་ཆིག་སྐྱེས་སུ་སྐྱེ་བ་སོགས་ཚང་མ་ཚེར་མས་ཁྱབ་ཅིང་མེ་ཏོག་གི་དབྱིབས་གོང་མཚུངས་ཁ་དོག་སྔོ་སྐྱ་ཟེའུ་འབྲུ་སེར་པོ་འཆར་བའི་སྒོ་བཟང་དེ་བཅས་ཀྱིས་རུས་ཆག་གསོ་ཞིང་རུས་ཚད་སེལ་བ་དང་ལྷ་བའང་འདེགས། སྨུག་ཆུང་མདན་ཡོན་ལ་སྤྱི་དང་འདིར་མིང་གཅིག དེའང་འཁྲུངས་དཔེར། སྨུག་ཆུང་མདན་ཡོན་ཞེས་བྱ་བ། །ལ་ལ་སྨུག་ཆུང་བེར་མགོ་ཟེར།། སྐྱེ་ལུགས་ཨུཏྤལ་འདྲ་བ་ལ། །མེ་ཏོག་སྨུག་པོ་ར་གཟར་འདྲ། །རོ་ནི་ཅུང་ཟད་ཁ་བ་ཡིན། །རང་གི་ནུས་པས་མགོ་ཆག་ནད། །ཐམས་ཅད་སེལ་བར་ཐེ་ཚོམ་མེད། །ཅེས་པ་པ་ཡག་པའི་མེ་ཏོག་ལ་རྗེ་ཟུར་མཁར་བ་བློ་གྲོས་རྒྱལ་པོ་སོགས་ཕྱིས་ཀྱི་མཁས་པ་ཕལ་ཆེར་བཞེད་ནའང་རྗེ་དྷརྨ་སྭ་མི་ཡན་སྔ་རབས་ཀྱི་མཁས་པ་རྣམས་ཀྱི་བཞེད་པ་ལྟར་ཁ་ཅིག་ཚེར་སྔོན་གྱི་རིགས་སུའང་འདྲེན་པ་དེ་རི་མཐོ་སར་སྐྱེ་བའི་ལོ་མ་ལྗང་གུ་རལ་གྲིའི་དབྱིབས་ཅན་ཆུང་ཞིང་མེ་ཏོག་གི་རྐང་སྨུག་ཉམས་ཡོད་པ། ཆིག་སྐྱེས་དང་འབྲེལ་ནས་སྐྱེ་བ་ཅི་རིགས་སུ་འབྱུང་བ་ཐའུ་སོགས་ཚེར་མས་ཁྱབ་ཅིང་མེ་དབྱིབས་ཚེར་སྔོན་འདྲ་བ་ལ་ཁ་དོག་རྒྱ་སྨུག་གམ་མཆིན་ཁ་ཟེའུ་འབྲུ་སེར་པོར་འཆར་བ་སྒོ་ངན་པ་དེ་དང༌། ཕུ་ལག་དང་རི་ཐང་མཚམས་སོགས་སུ་སྐྱེ་བ་ལོ་དབྱིབས་སྐྱེ་ཡགས་ཀྱི་ལོ་མ་ལྟ་བུ་མདོག་གཡུ་ཁ་མེ་ཏོག་གི་རྐང་རྒྱ་མེན་ལྟར་ཆིག་སྐྱེས་དང་འབྲེལ་ནས་སྐྱེ་བ་ཅི་རིགས་སུ་འབྱུང་ཞིང་ཚང་མ་ཚེར་མས་ཁྱབ་པ་མེ་དབྱིབས་གོང་མཚུངས་ཁ་དོག་སྔོ་སྐྱར་དམར་མདངས་ཅུང་ཟད་ཡོད་པ་སྒོ་བཟང་བ་དེ་དག་གི་ནུས་པས་ཀྱང་རུས་ཆག་གསོ་ཞིང་ལྷ་བ་འདེགས་པ་སོགས་གོང་མ་དེ་བཞིན་དུ་འབྱུང་བ་ཡིན་ནོ། །གསེར་སྐུད་ལ་སྤྱི་དང་འདིར་མིང་གཅིག དེའང་འཁྲུངས་དཔེ་ཁུངས་མ་དང་ངོ་མ་འཕྲོད་ཀྱང་འདྲ་བའི་སྒོ་ནས་བཏགས་མིང་སྟེ་རྐང་ཕྲ་མོ་སེར་པོ་རོ་ཁ་བ་དེས་གློ་བ་དང་མཆིན་པའི་རྩ་ཚད་དང་དུག་ཚད་སེལ་ཞིང༌། དཀར་པོ་དངུལ་སྐུད་དུ་གྲགས་པའི་སྦོམ་པ་ཞིག་ཀྱང་འདུག ལུག་རུ་ལ་འཁྲུངས་དཔེར། ལུག་རུ་སྤུན་གསུམ་བྱ་བ་ནི། །དམར་སེར་སྨུག་པོ་གསུམ་ཡིན་ཏེ། །དམར་སེར་རྣམ་གཉིས་ན་ཁར་སྐྱེ། །སྨུག་པོ་རྡོ་རོག་གསེབ་ལ་སྐྱེ། །ལོ་མ་རིང་ལ་ཉ་ག་ཅན། །མེ་ཏོག་ལུག་གི་རྭ་འཁྱིལ་འདྲ། །རོ་ནི་ཁ་ལ་སླ་བ་ཡིན། །ཞེས་པའི་སྨུག་པོ་ལ་སྤྱིར་མིང་གཅིག་འདིར་མེ་ཏོག་ལ་ཐལ་ཏྲེ་དང་གཉིས། དེའང་ལོ་རྐང་ལྗང་གུ་རྐང་ནས་ལོ་མ་ཉ་ག་ཅན་ཐད་སོར་ཐོན་པ་རྩེ་དང་ལོགས་སུ་མེ་ཏོག་རྒྱ་སྨུག་གི་དཀྱིལ་དུ་ལུག་ཐུག་གི་རྭ་དབྱིབས་ཤིན་ཏུ་དོད་པ་དེས་དུག་རྣམས་སྡུད་ཅིང་བད་ཀན་སྨུག་པོ་དང་ཤ་དུག་རྩ་ཚད་རྣམས་སེལ་ཞིང་ཚད་འཁྲུའང་གཅོད་པ་དང་སྐྲ་སྐྱེ་ཞིང་དཀར་པོ་ནག་པོར་གཏོང༌། ལུག་རུ་དམར་པོ་ནི་མདོག་གི་དབྱེ་བ་ཙམ་མ་གཏོགས་ཕན་ཡོན་སོགས་གོང་མ་དང་ཆ་མཐུན་ཙམ་མོ། །ལུག་རུ་སེར་པོ་ལ་སྤྱི་དང་འདིར་མིང་གཅིག དེའང་འཁྲུངས་དཔེར། ལུག་རུ་སེར་པོ་སྲིབས་ནར་སྐྱེ། །ངར་པ་མཁྱིད་རེ་མཛུབ་རེ་ཙམ། །མེ་ཏོག་སེར་པོ་ལུག་རུ་འདྲ། །དུག་རྣམས་སྡུད་པའི་སྨན་དུ་བཤད། །རྣག་ནི་རྒྱ་མཚོ་ཙམ་ཡང་འཐུང༌། །ཞེས་པའང་མེ་ཏོག་གི་ཁ་དོག་སེར་པོར་འོང་བ་དང་ལོགས་ལ་མི་འབྱུང་བ་ཐུང་བ་མ་གཏོགས་གོང་འདྲ་ཞིང་དམར་པོ་དང་དཀར་པོ་མེ་ཏོག་གི་དབྱིབས་དཀར་པོས་ཐིག་ལེ་བསྲུང་བ་སོགས་རང་རང་ནུས་པ་ལོགས་ལ་གསལ། གོང་གི་སེར་པོ་དེ་དང་ཆུ་རུག་ལ་སྤྱིར་མིང་བཞི་འདིར་གཅིག །དེའང་འཁྲུངས་དཔེར། ཆུ་རུག་ཆུ་འགྲམ་མཚམས་སུ་སྐྱེ། །རྩ་བ་གཡུ་སྦྲུལ་འཁྱིལ་པ་འདྲ། །ལོ་མ་སྦལ་པའི་ལག་པ་འདྲ། །རང་གི་ནུས་པས་རུས་ཚད་སེལ། །ཞེས་པ་ལྟར་ཆུ་འགྲམ་དུ་སྐྱེ་བའི་སྔོ་དགུན་ཡང་མི་སྐམ་པ་རྩ་བ་གཡུ་སྦྲུལ་འཁྱིལ་པ་འདྲ་བ་དེ་ལས་ལོ་མ་གཡུ་འདབ་ཅེས་སྦལ་པའི་ལག་པ་འདྲ་བ་མཆོག་དང༌། དམན་པ་བྱིངས་གོང་མཚུངས་ལོ་མ་ཉག་མང་བ་སྒོར་མོ་ཆུང་ལ་རྐང་སྦོམ་པ་དེ་གཉིས་ཀྱིས་ཆུ་འཐུང་བར་བྱེད་དོ། །སེ་བའི་མེ་ཏོག་ལ་སྤྱིར་མིང་ལྔ་འདིར་གཅིག དེའང་འཁྲུངས་དཔེར། སེ་བ་སྡོང་ཕུང་ཆེ་བ་ལ། །ཚེར་མ་དག་གིས་ཐམས་ཅད་ཁྱབ། །ལོ་མ་སྒོར་ཆུང་ཅུང་ཟད་རྩུབ། །མེ་ཏོག་དཀར་ལ་འབྲས་བུ་དམར། །རོ་ནི་སྐྱུར་མངར་སྣུམ་པ་ཡིན། །རང་གི་ནུས་པས་རླུང་མཁྲིས་སེལ། །ཞེས་པ་ལྟར་དཀར་ནག་རིགས་གཉིས་ནི་སྡོང་པོའི་ཕུང་པོ་རྒྱས་པ་ཚེར་མས་ཁྱབ་པ། ལོ་མ་སྒོར་ཆུང་ཅུང་ཟད་རྩུབ་པ་མེ་ཏོག་དཀར་པོ་འབྲས་བུ་དམར་པོ་རོ་མངར་སྐྱུར་དེས་མཁྲིས་པའི་རིགས་རྣམས་སེལ་ཞིང་རླུང་ཁ་གནོན་ནོ། །འབུ་སུ་ཧང་ལ་སྤྱིར་མིང་གསུམ་འདིར་གཅིག དེའང་འཁྲུངས་དཔེར། འབུ་སུ་ཧང་ནི་ཞིང་ནང་སྐྱེ། །ལོ་མ་རྩུབ་པོ་རྐོ་མ་མཆུ། །མེ་ཏོག་སེར་ཞིང་ངར་པ་མཆོག །གང་བུ་སྣུམ་པོ་སྲན་ཁོག་འདྲ། །མཁལ་ཚད་གློ་ཚད་སྙིང་ཚད་སེལ། །ཞེས་པ་མོ་རིགས་ལོ་སྡོང་ངན་པ་མེ་ཏོག་སེར་པོ་རྒྱས་པ་གང་བུ་ཅན་དང༌། ཕོ་རིགས་ལ་འཁྲུངས་དཔེ་མ་མཐོང་ཡང་རྐང་ཕྲ་མོ་ཁྲད་པོར་སྐྱེ་བ་ལོ་མ་སྒོར་ཆུང་ལྗང་གུ་མེ་ཏོག་སེར་པོ་གང་བུ་མེད་པ་འབྲུ་ནེ་ལེའི་རི་མོ་ཅན་ཕོ་ཚོམས་སུ་འོང་བ་དང་གཉིས་པོ་དེ་དག་གིས་རྨ་རྣམས་འདྲུབ་ཅིང་གློ་ནད་ཀྱང་སེལ། སྒོང་ཐོག་པ་ལ་སྤྱིར་མིང་ལྔ་འདིར་གཅིག་ནི་འཁྲུངས་དཔེར། སྒོང་ཐོག་འབར་བ་ཞེས་ཀྱང་བྱ། །ག་བུར་ཟིལ་གནོན་ཞེས་ཀྱང་བྱ། །སྐམ་སའི་གྲམ་པ་དག་ལ་སྐྱེ། །རྩ་བ་དཀར་པོ་ལ་ཕུག་འདྲ། །སྡོང་པོ་གཅིག་ལ་མེ་ཏོག་སེར། །འབྲས་བུ་གསེར་གྱི་བྱེ་མ་འདྲ། །གློ་ཡི་ནད་དང་ཁྲག་ནད་སེལ། །ཁྲག་གི་ནད་ལ་ཆིག་ཐང་ཐུབ། །ཅེས་ལོ་རྐང་ཡུངས་ཀར་དང་སྐྱེ་ཚུལ་ཧ་ལམ་འདྲ་བ་མེ་ཏོག་སེར་པོ་གང་བུ་ཕྲ་ལ་འབྲས་བུ་སེར་ཞིབ་ཀྱིས་གང་བ་འདྲེ་པད་ཁར་གྲགས་པ་དེས་ཤ་དུག་དང་འབྲུམ་པ་སོགས་འཁྲུགས་ཚད་སེལ། །ཨ་ཀྲོང་ལ་སྤྱི་དང་འདིར་མིང་གཅིག དེའང་རིགས་བཞི་ལས་མཁན་པ་ཨ་ཀྲོང་དང་ཕུར་མོ་ཨ་ཀྲོང་གཉིས་གཤམ་དུ་འཆད་ལ་རྩྭ་ཨ་ཀྲོང་ལ་རིགས་གཉིས་ལས། དེའང་འཁྲུངས་དཔེར། གློ་སྨན་རྒྱལ་པོ་ཨ་ཀྲོང་ནི། །བྱང་གི་རི་ལ་སྐྱེ་བ་ཡིན། །ལོ་མ་སྔོ་སིབ་ཉག་ཆུང་ཅན། །སྡོང་པོ་ཀླུ་ཤིང་ནག་པོ་འདྲ། །བདུད་རྩི་ཟིལ་པ་སྣུམ་གྱིས་བརྒྱན། །ཞེས་པ་ལྟར་ནག་པོ་རྐང་ཕྲ་བ་ལོ་མ་སིབ་པ་སྡོང་པོ་ཆུང་བ་མཆོག་དང༌། དཀར་པོ་འཁྲུངས་དཔེ་དང་ངོ་མ་འཕྲོད་ཀྱང་རྐང་སྦོམ་ཞིང་ལོ་མ་ཆེ་ལ་མེ་ཏོག་སེར་པོ་འཆར་བ་དམན་པ། ཤིང་ཨ་ཀྲོང་ནི་འཁྲུངས་དཔེ་ཁུངས་མར་ངོ་མ་འཕྲོད་ཀྱང་རྐང་ཕྲ་ལ་ལོ་མ་སྒོར་ཆུང་སིབ་ལ་ཕྱུག་པ་དེ་རྣམས་ཀྱིས་གློའི་ཚད་པ་སེལ་བར་བྱེད་ཅིང༌། ཚར་བོང་ལ་སྤྱི་དང་འདིར་མིང་གཅིག དེའང་འཁྲུངས་དཔེར། མཁན་རིགས་ཚར་བོང་ཞེས་བྱ་བ། །ཕུང་པོ་ཆེ་ལ་ཡལ་ག་མང༌། །འབྲས་བུ་མི་རྒན་མགོ་བོ་འདྲ། །རོ་ནི་ཁ་ཚ་དྲི་དུགས་ཆེ། །རང་གི་ནུས་པས་ཚ་སྐྲངས་འཇོམས། །ཞེས་པར་རིགས་དཀར་ནག་གམ་སྐྱ་སྨུག་མཆོག་དམན་ནམ་གསུམ་དུ་བཤད་ཅིང་དེའི་སྨུག་པོ་ཕུང་པོ་ཆེ་ལ་ཡལ་ག་མང་བ་འབྲས་བུ་མཁན་པའི་འབྲུ་འདྲ་བ་རོ་ཁ་ཚ་དྲི་དུགས་ཆེ་བ་དེ་མཆོག་དང་དམན་པ་ཤིང་དང་རྩའི་དབྱེ་བ་ལས་ཡོག་མོ་དང་འཁྲུལ་སོ་ཡོད་པ་ཞིག་དང༌། དཀར་པོ་དྲི་དུགས་པ་དེ་གསུམ་གྱིས་གྲེ་བའི་ཚད་པ་དང་གློ་ནད་ཀྱང་སེལ། ཏང་ཀུན་ལ་སྤྱི་དང་འདིར་མིང་གཅིག དེའང་འཁྲུངས་དཔེར། མིང་ནི་ཏང་ཀུན་ཞེས་བྱ་སྟེ། །ལོ་མ་ཕྲ་སིབ་སྨུག་ནག་ལ། །སྡོང་པོ་རིང་ལྡེམ་ཡལ་ག་ཆུང༌། །མེ་ཏོག་དབྱིབས་ནི་སྤྲུ་ནག་འདྲ། །རོ་ནི་ཚ་ལ་དྲི་མི་ཞིམ། །རང་གི་ནུས་པས་བད་རླུང་སེལ། །ཞེས་པ་ལ་དཀར་ནག་གཉིས་ལས་དཀར་པོ་ནི་རྐང་རིང་ལ་སེར་མདངས་ཅན་ལྡེམ་པ་ལོ་མ་ཕྲ་སིབ་རྩ་བ་སྲོ་ལོ་འདྲ་བ་མེ་ཏོག་ལྕ་བ་འདྲ་བ་སེར་མདངས་ཅན་དང༌། ནག་པོ་ནི་ལོ་སྡོང་རྩ་བ་སོགས་ལྕ་བ་འདྲ་བ་མེ་ཏོག་སེར་པོ་དྲི་ཆེ་བ་སྤྲུ་ནག་འདྲ་བ་དེ་གཉིས་ཀྱིས་སྙིང་གི་ཚད་པ་དང་དུག་ནད་རྣམས་སེལ། སེ་རྒོད་གོང་དུ་འཁྲུངས་དཔེར་རིགས་བཤད་པའི་མོ་རིགས་དེའི་འབྲས་བུ་མེ་ཏོག་དམ་བེ་འདྲ་བ་དེ་གཉིས་མཆོག་དམན་གྱིས་དུག་ཚད་དང་མཆིན་ཚད་རྣམས་སེལ། ཤུག་པ་ཚེར་ཅན་ལ་སྤྱིར་མིང་བརྒྱད་འདིར་གཅིག དེའང་ཤུག་རིགས་རྒྱ་ཤུག ལྷ་ཤུག ཤུག་ཚེར་གསུམ་ལས་རྒྱ་ཤུག་གཤམ་དུ་ཁ་སྐོང་དུ་འཆད་ལ། འཁྲུངས་དཔེར། ལྷ་ཤུག་ལོ་བཟང་འབྲས་བུ་ཞུན། །མཁལ་ནད་ཆུ་སེར་ཐམས་ཅད་སེལ། །རྨ་ལ་བཏབ་ན་མྱུར་དུ་འཚོ། །ཞེས་པའི་ཤུགས་ལས་འཁྲུངས་དཔེ་སྒེར་དུ་མ་མཐོང་ཡང་སྐབས་འདིར་བསྔགས་པ་ནི་སྡོང་པོ་ཆུང་ཞིང་ཚེར་མས་གང་བ་དེས་མཁལ་ཚད་དང་ལྷོག་པ་རྣམས་སེལ་ཞིང༌། ལོ་མའི་དུགས་ཀྱིས་རྒྱུ་ཞབས་ཀྱི་ནད་ལ་བསྔགས་པ་དང༌། འབྲས་བུས་རྐང་ལག་གི་ཚ་བ་དང་ཆུ་སེར་ཡང་སྐེམ་ལ་གཉིད་བསྲུང་བ་དང་བཅུད་ལེན་གྱི་མཆོག་ཏུ་བཤད། སྐྱེར་པའི་མིང་དང་འཁྲུངས་དཔེ་སོགས་གོང་དུ་བརྗོད་པའི་འཁྲུལ་སོ་མེད་པ་དེའི་མེ་ཏོག་སེར་པོ་དེ་དང་འབྲས་བུ་དམར་པོས་འཁྲུ་བ་གཅོད། ཐང་ཕྲོམ་ལ་སྤྱིར་མིང་བཅུ་གསུམ་འདིར་དྷ་དུ་ར་དང་གཉིས། དེའང་འཁྲུངས་དཔེར། དྷ་དུ་ར་ཞེས་བྱ་བ་ནི། །ཡུལ་སྐད་དུ་ནི་ཐང་ཕྲོམ་པ། །གཡའ་རིའི་སྤང་གི་མཚམས་ལ་སྐྱེ། །རྩ་བ་སྡོང་པོ་ལོ་མ་སྦོམ། །མེ་ཏོག་དམར་སྨུག་མཐུག་པ་ལ། །འབྲས་བུ་སོ་མ་ར་ཛ་འདྲ། །རོ་ནི་ཚ་ལ་ནུས་པས་ནི། །ལྷོག་འབྲས་ལ་སོགས་སྐྲངས་རྣམས་འདུལ། །སྲིན་ནད་མ་ལུས་འབྱིན་པར་བྱེད། །ཡོན་ཏན་བསམ་མི་ཁྱབ་པས་སོ། །ཞེས་པར་རིགས་དཀར་ནག་གཉིས་ལས་རི་མཐོ་སར་སྐྱེ་བའི་དཀར་པོ་ལོ་ངར་ལྗང་གུ་སྦོམ་ལ་མེ་ཏོག་དམར་ནག་མཐུག་པ་གང་བུ་ཆེ་ཞིང་འབྲས་བུ་སོ་མ་རཱ་ཛ་འདྲ་བ་དེ་དང༌། ཀླུངས་སུ་སྐྱེ་བའི་ནག་པོ་སྡོང་པོ་ཆེ་བ་ལོ་ལྗང་སྒོར་མོ་མེ་ཏོག་རྒྱ་དཀར་གང་བུ་ཅན་དེས་ནང་གསེས་རོ་ཙ་བ་དང༌། ལང་ཐང་ཙེ་ལ་སྤྱིར་མིང་དགུ་འདིར་གཅིག དེའང་འཁྲུངས་དཔེར། ལང་ཐང་ཙེ་ནི་ལྡུམ་རར་སྐྱེ། །སྡོང་པོ་ཕྲ་ལ་རིང་བ་ལ། །གང་བུ་རིལ་བ་སྤྱི་བླུགས་འདྲ། །རྩ་བརྒྱད་མགོ་ལྟར་བསྒྲེངས་ནས་ཡོད། །འབྲས་བུ་ཏིལ་ཙམ་གསེག་བརྡར་རིས། །ཞེས་པ་ལྟར་ལོ་མ་ལྗང་གུ་ཉ་ག་ཅན་རྐང་རིང་ལ་ལྡེམ་པའི་ལྡེབས་སུ་གང་བུ་སྤྱི་བླུགས་ཀྱི་དབྱིབས་ཅན་འབྲས་བུ་ཏིལ་ཙམ་ལེབ་ཆགས་འབྱུང་བ་དེ་དང་དམན་པ་ཐང་ཕྲོམ་ནག་པོ་དང་དབྱིབས་འདྲ་བ་འབྲུ་ཆེ་བ་ལས་མཆོག་དང་མཚུངས་པ་དེ་གཉིས་ཀྱིས་སྲིན་གྱི་ནད་རྣམས་སེལ། སྲིན་ཤིང་སྣ་མ་ལ་སྤྱིར་མིང་བཞི་འདིར་གཅིག དེའང་འཁྲུངས་དཔེར། སྲིན་ཤིང་སྣ་མ་ཞེས་བྱ་བ། །ཉིན་སྲིབས་གཉིས་ཀའི་མཚམས་སུ་སྐྱེ། །པགས་པ་དངུལ་གྱི་མདོག་ལྟར་དཀར། །མེ་ཏོག་རྒྱ་མཚོས་མདངས་དང་ལྡན། །འབྲས་བུ་དམར་པོ་འོད་ཟེར་འབར། །ནུས་པས་ཕོ་བའི་མེ་དྲོད་སྐྱེད། །ཅེས་པ་ནི་ཡུལ་ཁ་ཅིག་ཏུ་ཀོ་གླད་པར་ཡང་གྲགས་པ་ལོ་མ་ལྗང་གུ་སིབ་ཉམས་ཅན་རྐང་རིང་ལྡེམ་སྨུག་མདངས་ཅན་མེ་ཏོག་དམར་རྒྱ་འབྲས་བུ་དམར་སྨུག་སྨིན་ནས་ནག་པོར་འགྲོ་བ་དེ་མཆོག་དང༌། དམན་པ་རྐང་ཕྲ་བ་ལོ་མ་ལྗང་ནག་ཉག་ཅན་མེ་ཏོག་དཀར་པོ་འཆར་བའི་འབྲས་བུ་བཅས་ཀྱིས་ཀྱང་དེ་བཞིན་དུ་ནུས་པ་ཡིན་ནོ། །དྲེས་མ་ལ་སྤྱིར་མིང་ཕོར་གཉིས། མོར་གསུམ་མ་ནིང་ལ་བཅུ་སྟེ་བཅོ་ལྔ་འདིར་གཅིག དེའང་ཕོ་མོ་མ་ནིང་གསུམ་ལས་ཕོ་རིགས་ལ་འཁྲུངས་དཔེར། དྲེས་མ་དག་ལ་རིགས་གསུམ་སྟེ། །ལོ་མ་སྦོམ་ལ་ལེབ་ཅིང་རིང༌། །ཡང་ན་སྔོ་དམར་མདངས་དང་ལྡན། །དྲེས་རྒོད་འབྲས་བུ་ཆུང་བ་ཡིན། །རང་གི་ནུས་པས་སྲིན་ནད་འཇོམས། །ཞེས་པ་ལྟར་རྒྱ་དྲེས་སུ་འང་འབོད་པ་ཀླུངས་སུ་སྐྱེ་བའི་ལོ་མ་སྦོམ་ལ་ལེབ་ཅིང་འབྲས་བཟང་མེ་ཏོག་དམར་སྨུག་མདངས་མི་གསལ་བ་དེ་དང༌། མོ་རིགས་ལ་འཁྲུངས་དཔེ་མ་མཐོང་ཡང་སྤང་ལྗོངས་སུ་སྐྱེ་བ། །མེ་ཏོག་སྔོན་པོ་ལོ་མ་མཉེན་ལ་ཐག་པ་འཆོས་པ་དེ་དང༌། མ་ནིང་ནི་འཁྲུངས་དཔེར། མ་ནིང་ངེས་མེད་གང་ཡང་སྐྱེ། །ཕོ་མོ་གཉིས་ལ་འབྲས་ངན་ཞིང༌། །མདོག་སྐྱ་མེ་ཏོག་སྔོ་དམར་ཅན། །རྩ་བ་རི་སྒོག་སྐྱེ་གུ་འདྲ། །རང་གི་ནུས་པས་ནད་རྣམས་སྦྱོང༌། །དུག་ནད་ཅན་ལ་བདུད་རྩི་འདྲ། །ཞེས་ངེས་མེད་དུ་སྐྱེ་བ་འབྲས་ངན་མདོག་སྐྱ་མེ་ཏོག་རྒྱ་ནག་ཅན་རྩ་བ་རི་སྒོག་འདྲ་བ་ཀོ་ཋ་ཞེས་པའི་རིགས་རྣམས་ཀྱི་གེ་སར་གྱིས་སྲིན་རིགས་གསོད་ཅིང་གླང་ཐབས་འཇོམས། དཀར་པོ་ཆིག་ཐུབ་ལ་སྤྱི་དང་འདིར་མིང་གཅིག དེའང་བྱང་ཟུར་སོགས་དུག་སྡུད་པའི་དཀར་པོ་ཆིག་ཐུབ་ཀོ་ཐ་དང༌། དེ་བཞིན་གཉན་ལ་འཛིན་པ། སྲིན་ལ་ཐང་ཕྲོམ་པ་སོགས་བྱེད་པར་སྣང་ཡང་དོན་ཆིག་ཐུབ་ཅེས་པ་སྨན་ངོ་རྐྱང་གཅིག་གིས་ནད་སྣ་མང་དག་ལ་ཕན་པའི་དབང་གིས་གསུངས་ལ་སྒེར་དུ་ངོས་འཛིན་ནི་འཁྲུངས་དཔེར། དཀར་པོ་ཆིག་ཐུབ་གཡའ་ལ་སྐྱེ། །ལོ་མ་གང་བུ་ཐང་ཕྲོམ་འདྲ། །ས་ལས་མ་འཕགས་ཙོག་པོར་སྐྱེ། །རྩ་བ་དཀར་པོ་སུག་པ་འདྲ། །ཞེས་བཤད་ཀྱང་རྩ་བ་ལ་ཕུག་སྐམ་པོ་འདྲ་བ་རྐང་ཕྲ་ལ་རིང་བ་ལོ་མ་ལྗང་གུ་སྲབ་ལེབ་ཅན་ཞིག་དང་ས་ལས་མ་འཕགས་པར་སྐྱེ་བ་ལོ་མ་གུག་གེ་བ་འོང་བ་རིགས་གཉིས་ཀྱི་རྩ་བས་དུག་རྣམས་སྡུད་ཅིང་གཉན་སྲིན་ཀྱང་འཇོམས། ཨ་ཝ་ལ་སྤྱི་དང་འདིར་མིང་གཅིག དེའང་རིགས་གསུམ་ལས་མཆོག་ལ་འཁྲུངས་དཔེར། ཨ་ཝ་བདུད་རྩི་བྲག་ལ་སྐྱེ། །མེ་ཏོག་འབྲས་བུ་གང་ཡང་མེད། །རོ་ནི་ཡིད་ཙམ་ཁ་ལ་དྭངས། །མིག་ནད་གསོ་བའི་བདུད་རྩི་ཡིན། །ཞེས་པ་ལྟར་མེ་ཏོག་འབྲས་བུ་གང་ཡང་མེད་པར་བྱང་བསྟན་གྱི་བྲག་ལ་སྐྱེ་བའི་རྒྱ་ཁབ་གཤིབས་པ་ལྟ་བུ་དེ་དང༌། དམན་པ་ཨ་ཝ་དར་དཔྱངས་སྐུད་པ་འདྲ། ཞེས་པ་ལྟར་དར་དཔྱངས་སྐུད་པ་འདྲ་བ་དེ་ལ་མེ་ཏོག་འབྲས་བུ་ཡོད་པར་མོ་དང༌། མེད་པ་ཕོར་བཞེད་པ་དེ་དག་གིས་བྱང་ཁོག་སྟོད་སྨད་ཀྱི་རྨ་དང་མིག་གི་ནད་རིགས་ལ་འང་ཕན་ཞིང༌། སོ་སྐྱེ་བ་དང་གདོན་ལ་བསྔགས། །མ་རྙེད་ན་ཨ་འདྲ་ཞེས་རྩ་ཟླུམ་པོ་རྩེ་རྣོན་གྱིས་ཀྱང་ཚབ་རུང་ཙམ་མོ། །ཞིམ་ཐིག་ལེ་ལ་སྤྱིར་མིང་བཅོ་ལྔ་འདིར་གཅིག དེའང་འཁྲུངས་དཔེར། ཞིམ་ཐིག་ལེ་ཞེས་བྱ་བ་དེ། སྡོང་པོ་གྲུ་བཞི་ཚིགས་ཕྲན་མང༌། །དེ་མཚམས་ལོ་མ་ཕྱོགས་བཞིར་གྱེས། །ལོ་མ་ཟྭ་འདྲ་ཟུག་རྒྱུ་མེད། །མེ་ཏོག་དཀར་སེར་རོ་ནི་ཁ། །འབྲས་བུ་ནག་པོ་འཇི་བ་འདྲ། །རང་གི་ནུས་པས་མིག་གི་ནད། །ལིང་ཐོག་སེལ་བའི་བདུད་རྩི་ཡིན། །ཞེས་པ་ལྟར་མཆོག་གམ་དཀར་པོ་རྐང་གྲུ་བཞི་ཚིགས་ཕྲན་མང་ཞིང་དེ་མཚམས་ཡལ་ག་ཕྱོགས་བཞིར་གྱེས་ཤིང་ལོ་མ་ཟྭ་འདྲ་བ་ཟུག་རྒྱུ་མེད་པ་མེ་ཏོག་དཀར་སེར་རོ་ཁ་བ་འབྲས་བུ་ནག་པོ་འཇི་བ་འདྲ་བ་དང༌། ནག་པོ་ལ་འཁྲུངས་དཔེར། མིག་ནད་སེལ་བའི་ཨ་ཛ་ན། །ན་དང་འདྲེས་པའི་སྐམ་སར་སྐྱེ། །ལོ་མ་ནག་ཅིང་རྩུབ་པ་ལ། །སྡོང་པོ་གྲུ་བཞི་གདེངས་ཀ་ཅན། །མེ་ཏོག་རྒྱ་སྨུག་ནམ་མཁར་འཕུར། །འབྲས་བུ་མདོག་ནག་བཞི་པོ་ལ། །ཟུར་གསུམ་བྲ་བོ་གས་པ་འདྲ། །རོ་ནི་མངར་དང་སྣུམ་པ་ཡིན། །རང་གི་ནུས་པས་མིག་ནད་སེལ། །ཞེས་སྡོང་པོ་གྲུ་བཞི་ཆིག་སྐྱེས་ལོ་མ་ཟྭའི་དབྱིབས་འདྲ་བ་མེ་ཏོག་དམར་པོ་མ་གཏོགས་གོང་མ་ཇི་ལྟ་བ་བཞིན་འབྱུང་བ་ཞིམ་ཐིག་ནག་པོ་མཆོག་དང༌། དམན་པ་འཁྲུངས་དཔེར། གསེར་མགོ་སྲིབས་ཀྱི་སྨད་དུ་སྐྱེ། །ལོ་མ་འབོལ་ཞིང་སྣུམ་པ་ལ། །ངར་པ་གྲུ་བཞི་མཁྲང་བ་སྟེ། །རིང་ཐུང་རྐང་རེ་ཁྲུ་རེ་ཙམ། །མེ་ཏོག་སྔོ་ལ་རྒྱ་མདངས་ཅན། །མེ་ཏོག་གོས་ནི་རྒྱ་སྨུག་ལ། །རོ་ནི་སྣུམ་ཞིང་གོ་སྙོད་འདྲ། །མིག་ནད་མ་ལུས་སེལ་བར་བྱེད། །ཅེས་དབྱིབས་དེ་དང་འདྲ་བ་སྡོང་པོ་གྲུ་བཞི་ཡལ་ག་ཅན་ལོ་མ་དབྱིབས་སྔོན་མ་བཞིན་ལ་ཅུང་ཟད་ཆུང་བ་ཞིག་འབྱུང་བ་དང༌། འཁྲུངས་དཔེར། ཞིམ་ཐིག་སངས་རྒྱས་ཆུ་འཇིབ་ནི། །ན་དང་འདྲེས་པའི་སྐམ་སར་སྐྱེ། །ལོ་མ་ནག་རྩུབ་སྡོང་པོ་ཆུང༌། །རིང་ཐུང་སོར་བཞི་སོར་གསུམ་ཙམ། །མེ་ཏོག་དཀར་སྐྱ་མང་བ་སྟེ། །འབྲས་བུ་ནག་པོ་ཏིལ་འབྲུ་འདྲ། །མིག་ནད་ཐམས་ཅད་སེལ་བར་བྱེད། །ཅེས་པ་ལྟར་རྐང་དམར་པོ་ལོ་མ་ཉ་ག་ཅན་མེ་ཏོག་རྒྱ་ཁ་འདབ་མ་ལྔ་དང་གང་བུའི་རྩ་བ་རྐང་ལྔ་ཕོན་གཤིབས་སྙིང་གཟུགས་རྩེ་མོ་རིང་བ་ཐིང་རིལ་གྱི་མཆུ་འདྲ་བ་དེ་དང༌། ཡང་རྐང་གྲུ་བཞི་ལོ་མ་སྒོར་ཆུང་ཉ་གའི་རྣམ་པ་སྣུམ་པ་ཆུང་སིབ་ཅན་མེ་ཏོག་སྔོན་པོ་འཆར་བ་དེ་གསུམ་གྱིས་མིག་གི་ལིང་ཐོག་རྣམས་ལེན་ཞིང་སྲིན་སེལ། པརྤ་ཏ་ལ་སྤྱིར་མིང་བཅུ་དྲུག་འདིར་གཅིག དེའང་འཁྲུངས་དཔེར། པརྤ་ཏ་ཞེས་བྱ་བའི་སྨན། །ལོ་མ་སྔོ་ལ་ཕུང་པོ་ཆེ། །སྡོང་པོ་ཕྲ་རིང་མེ་ཏོག་དཀར། །འབྲས་བུ་མོན་སྲན་དབྱིབས་སུ་འདུག །རོ་ནི་ཁ་ལ་ནུས་པ་བསིལ། །རང་གི་ནུས་པས་མཁྲིས་ཚད་སེལ། །ཞེས་པ་ལྟར་ལོ་རྐང་ལྗང་གུ་ཁྲད་པོར་སྐྱེ་ཞིང་གང་བུ་པད་ཁ་འདྲ་བ་མེ་ཏོག་དཀར་པོ་འབྲས་བུ་མོན་སྲན་འདྲ་བ་ཡིས་རིམས་དང་དུག་ཚད་རྣམས་སེལ་ལོ། །དྭ་བ་ལ་སྤྱིར་མིང་བཅུ་འདིར་གཡར་ཞུ་དང་གཉིས། དེའང་འཁྲུངས་དཔེར། དྭ་བ་དག་ལ་རིགས་གཉིས་ཏེ། །རི་ལ་སྐྱེ་བ་དྭ་རྒོད་ཡིན། །ཞིང་ལ་སྐྱེ་བ་དྭ་གཡུང་སྟེ། །ལོ་མ་སྣུམ་ལ་མཐུག་པ་ཡིན། །མེ་ཏོག་དཀར་སེར་མདངས་དང་ལྡན། །འབྲས་བུ་བྱུ་རུ་སྤུངས་པ་འདྲ། །རོ་ནི་ཚ་ལ་ཞུ་རྗེས་དྲོ། །རང་གི་ནུས་པས་སྲིན་ནད་དང༌། །སྐྲངས་དང་འབྲས་དང་ཤ་རོ་འདུལ། །ཞེས་པ་ལྟར་ལོ་མ་སྣུམ་ལ་མེ་ཏོག་སེར་པོ་མདངས་དང་ལྡན་པ་འབྲས་བུ་བྱུ་རུ་སྤུངས་པ་ལྟ་བུ་རོ་ཚ་བ་རི་སྐྱེས་མཆོག་དང༌། ཀླུངས་སྐྱེས་དམན་པ་དེའི་རྩ་བས་སྲིན་རྣམས་གསོད་ཅིང་སྐྲངས་པ་དང་འབྲས་ལའང་ཕན། འབྲས་བུས་དུག་གིས་ཕོག་པ་སེལ་བ་དང་རུས་མཛེར་རྣམས་འགོག འདམ་བུ་ཀ་ར་ལ་སྤྱི་དང་འདིར་མིང་གཅིག དེའང་འཁྲུངས་དཔེར། འདམ་བུ་ཀ་ར་ཆུ་ནང་སྐྱེ། །རོ་མངར་ངར་པ་ཟོར་བ་འདྲ། །རིང་ཐུང་མཁྱིད་རེ་མཛུབ་རེ་ཙམ། །མཆིན་ཚད་རུས་ཚད་སྨུག་པོ་དང༌། །མཚོན་གྱིས་ཕོག་པའི་གློ་ནད་སེལ། །ཞེས་པ་ལྟར་ལོ་མ་ཕྲ་རིང་འདྲིལ་ཞིང་སྐྱེ་བའི་རོ་མངར་བདེ་མཆོག་དང༌། དམན་པ་ལ་འཁྲུངས་དཔེར། འདམ་བུ་ཀ་ར་ཞེས་བྱ་བ། །ཆུ་མིག་རྫིང་གི་ནང་ལ་སྐྱེ། །ལོ་མ་བཙོང་གི་ལོ་མ་འདྲ། །སྙེ་མ་རམ་བུ་ལྟ་བུར་ལྡེམ། །རོ་ནི་མངར་ལ་འཇམ་པ་འོ། །རང་གི་ནུས་པས་རུས་ཚད་སེལ། །ཞེས་ཆུ་རྫབ་ཏུ་རྩྭ་ཟླུམ་བཙོང་ལྟ་བུ་རིང་ཐུང་ཅི་རིགས་པ་དེ་གཉིས་ལ་གྱོང་མི་གྱོང་དང་ཆེ་ཆུང་སོགས་དབྱེ་བ་ཕྱེ་ན་མང་བ་མཆིས་ཀྱང་དགོས་པ་ཆུང་བས་མ་སྤྲོས་པ་དེ་དག་གིས་གློ་མཆིན་དང་རྩ་རུས་ཀྱི་ཚད་པ་རྣམས་སེལ། འབྲི་ཏ་ས་འཛིན་ལ་སྤྱིར་མིང་གཉིས་འདིར་གཅིག དེའང་འཁྲུངས་དཔེར། འབྲི་ཏ་ས་འཛིན་ཞེས་བྱ་བ། །ལོ་མ་སྔོན་པོ་ཆུང་བ་ལ། །སྡོང་པོ་དམར་པོས་ས་གཞི་ཁྱབ། །མེ་ཏོག་དཀར་སེར་ཆུང་བ་ཡིན། །འབྲས་བུ་བྲ་བོའི་དབྱིབས་དང་འདྲ། །ཡང་ན་ན་རམ་འབྲས་བུ་འདྲ། །རོ་ནི་ཅུང་ཟད་མངར་བ་ཡིན། །ནུས་པས་སྟོད་དུ་འདྲེན་པར་བྱེད། །ཅེས་པ་ནི་ཕལ་སྐད་ཏེ་གླང་ཟེར་བ་དང་སྐྱེ་ཚུལ་ལོ་དབྱིབས་འདྲ་བ་ལ་དེ་ལས་ཞེང་ཆུང་བ་ཐག་དམར་པོ་ཕྲ་ལ་རིང་བ་དེས་རྣག་ཁྲག་དང་ཆུ་སེར་རྣམས་འདྲེན། བྱ་ཕོ་ཙི་ཙི་ལ་སྤྱིར་མིང་གཉིས་འདིར་གཅིག དེའང་མ་མ་སྒོ་ལྕགས་དང༌། ལུག་རུ་སྨུག་པོ་འདྲ་བ་ལ་སྒྲོ་ཤང་རྩེ། །ལ་ལ་སྲན་མའི་མེ་ཏོག་སོགས་ལ་འདོད་པ་བཅས་སྣ་ཚོགས་ཤིག་མཆིས་ཀྱང་སྲན་མའི་མེ་ཏོག་ལ་ཁྲག་ཤོར་གཅོད་པའི་ནུས་པ་ཕྱོགས་ཙམ་ཚང་ཡང་དེ་དག་ནི་ཇི་ལྟ་བ་བཞིན་ཡིན་པར་མ་སེམས་འཁྲུངས་དཔེ་བསྟན་པ་ལ་སོགས་པའི་ཁུངས་མི་འདུག་ཀྱང་འཁྲུངས་དཔེ་ཟུར་པ་ཞིག་ཏུ། བྱ་ཕོ་ཙི་ཙི་ཞེས་བྱ་བ། །མིང་གི་བརྗོད་བྱ་སྐྱུ་རུག་མ། །མེ་ཏོག་སྔོན་པོ་འབྲས་དམར་བ། །རང་གི་ནུས་པས་ཁྲག་ཤོར་གཅོད། །ཅེས་འདུག་པ་ཟུར་ལུགས་ཤིག་གིས་མཛད་དམ་སྙམ། བྱང་སྨན་དྲང་སྲོང་མཐོང་བ་དོན་ལྡན་གྱི་རིན་ཆེན་སྒྲོན་མེར། བདུད་རྩི་ཨ་འུ་རྩིར་གྲགས་པ། །སྤེན་མ་མཛོ་ཚེར་སེ་བ་དང༌། །གྲ་མ་ར་མཉེ་དམར་ཤད་ཁྲོད། །རྩ་བ་སྒོག་སྐྱ་འདྲ་བ་ལ། །ལོ་མའི་དབྱིབས་ནི་ར་མཉེར་མཚུངས། །མེ་ཏོག་གསེར་སྔོ་ར་གཟར་འདྲ། །འབྲས་བུ་སྐྱུ་རུ་འདྲ་བ་ཡོད། །མགོ་ཆག་རྨ་ཡི་བདུད་རྩི་སྟེ། །རུས་པ་སྦྱོར་བ་རྡོ་ཆུ་བཞིན། །མངལ་ཁྲག་གཅོད་པའི་མཆོག་ཡིན་ཏེ། །བྱ་ཕོ་ཙི་ཙི་ཞེས་ཀྱང་གྲགས། །ཞེས་དང༌། གཙང་སྟོད་དར་མགོན་གྱིས་སྤེན་མ་སྤ་མ་མཛོ་ཚེར་ར་མཉེ་སེ་བ་དམར་ཤང་ཁྲོད་དུ་སྐྱེ་བ་མེ་ཏོག་སྔོ་སེར་ར་གཟར་འདྲ་བ་ལོ་མ་ར་མཉེ་འདྲ་བ་རྩ་བ་སྒོག་གཅིག་ལྟ་བུར་ཡོད་པ་བདུད་རྩི་ཨའུ་རྩི་ཞེས་རྨ་སྨན་དང་ཁྲག་གཅོད་ཀྱི་གཙོ་བོར་བསྔགས་པ་འདི་ལ་མིང་གཞན་བྱ་ཕོ་ཙི་ཙིའང་ཟེར་ཞེས་པའི་ངོ་བོ་ནི་སྡོང་པོ་མགལ་པ་མང་བ་ལོ་མ་ར་མཉེ་འདྲ་བ་མེ་ཏོག་སེར་སྔོ་གཉིས་སུ་འབྱུང་བའི་འཁྲུལ་སོ་མེད་པ་དེས་བུད་མེད་ཀྱི་ཟླ་མཚན་འབྱམས་པ་སོགས་འཛག་རིགས་གཅོད། ཤུ་མོ་ཟ་ལ་སྤྱིར་མིང་གཉིས་འདིར་གཅིག དེའང་འཁྲུངས་དཔེར། ཤུ་མོ་ཟ་ནི་ཞིང་ལ་སྐྱེ། །ལོ་འདབ་སྲན་ཆུང་འདྲ་བ་ལ། །གང་བུ་བྱ་ཕོའི་ཕྱི་སྡེར་འདྲ། །ཞེས་པ་ལྟར་ལོ་འདབ་སྲན་ཆུང་ལྟ་བུ་གང་བུ་བྱ་ཕོའི་ཕྱི་སྡེར་དང་འདྲ་ཞིང་འབྲས་བུ་བྱིས་པའི་རླིག་པ་འདྲ་བ་དེས་གློ་རྣག་དང་འཁྲུ་བ་རྣམས་གཅོད། སྙི་བ་ལ་སྤྱིར་མིང་བདུན་འདིར་གཅིག དེའང་འཁྲུངས་དཔེར། སྙི་བ་ཞེས་པ་སྲིབ་མོར་སྐྱེ། །ལོ་མ་ཕྲ་ལ་མེ་ཏོག་ནི། །ཨུཏྤལ་སྔོན་པོ་དག་འདྲ་བར། །སྔོ་ཞིང་གཞན་ལ་འཁྲིལ་ནས་སྐྱེ། །རྩ་བ་མར་གྱི་རྐྱལ་པ་འདྲ། །ནུས་པས་སྣའི་དྲི་ཚོར་བར་བྱེད། །ཡི་ག་དང་ག་འབྱེད་པ་ཡིན།། ཞེས་པ་ལྟར་ལོ་གསེབ་སོགས་དང་སྲིབས་སུ་གཞན་ལ་འཁྲིལ་ནས་སྐྱེ་བའི་རྩ་བ་རྡོག་པོ་མངར་ཤས་ཆེ་བ་ལོ་མ་ལྗང་གུ་ཕྲ་བ་དབྱི་མོང་གཞོན་ནུ་ལྟ་བུ་མེ་ཏོག་ཨུཏྤལ་སྔོན་པོ་འདྲ་བའི་སྒེར་འབྲས་ཀྱིས་རྩ་ཚད་དང་སྙིང་ཚད་སེལ་བ་དང༌། ལུག་མུར་ལ་སྤྱི་དང་འདིར་མིང་གཅིག འདི་ལ་འཁྲུངས་དཔེར། པི་པི་ལུག་མུར་ཞེས་བྱ་བ། །ལོ་མ་ལྗང་སེར་སྤུ་ཅན་ཏེ། །ངར་པ་གྲུ་བཞི་མེ་ཏོག་སྨུག །རིང་ཐུང་མཛུབ་རེ་མཐོ་རེ་ཙམ། །རྩ་བ་རྡོག་བསྒྲིལ་རོ་ནི་མངར། །འབྲས་དང་གློ་ནད་མཐའ་དག་འཇོམས། །ཞེས་པ་ལྟར་རྐང་དཀར་པོ་ལོ་མ་རྟ་ལྤགས་འདྲ་རུང་མེ་ཏོག་རྒྱ་དཀར་དུ་འཆར་བ་དེའི་རྩ་བ་རྡོག་པོར་ཡོད་པ་བཅས་གཉིས་ཀྱིས་བྲང་ཚ་བ་དང་ཆམ་པ་སེལ། གཡེར་ཤིང་པ་ལ་སྤྱི་དང་འདིར་མིང་གཅིག དེའང་འཁྲུངས་དཔེ་ཁུངས་མ་མ་མཐོང་ཡང་མཆོག་གློ་ཡུལ་ནས་འོང་བ་སྐྱེ་ཚུལ་ཕུང་པོ་སོགས་ཧ་ལམ་སྐྱི་བ་ལྟ་བུ་ལ་དེ་བས་ཁ་དོག་ནག་ངམ་ཅན་དང༌། དམན་པ་གྲམ་པ་ལ་སྐྱེ་བའི་སྔོ་རྐང་དམར་ཤས་ཁྲུ་གང་ཙམ་ལ་འབྲས་བུ་གཡེར་མ་ལྟ་བུ་མེ་ཏོག་སེར་པོ་འཆར་བ་དེ་དག་གིས་འབྲུམ་པའི་ཚ་བ་རྣམས་སེལ། མེ་ཏོག་སེར་ཆེན་ལ་སྤྱི་དང་འདིར་མིང་གཅིག དེའང་འཁྲུངས་དཔེར། མེ་ཏོག་སེར་ཆེན་བྱ་བ་དེ། །ལོ་མ་སྤུ་ཆུང་ཉ་ག་ཅན། །སྡོང་པོ་ཕྲ་མོ་མེ་ཏོག་སེར། །དབྱིབས་ནི་རྒྱ་མེན་འདྲ་བ་ལ། །རོ་ནི་ཁ་ལ་རྨ་ཡི་ནད། །སེལ་ཞིང་ཐམས་ཅད་འདྲུབ་པར་བྱེད། །ཅེས་པ་ལྟར་ས་སྐམ་སར་སྐྱེ་བའི་མེ་རྐང་སོགས་བྱིངས་རྒྱ་མེན་དང་ལོ་མ་ལབ་མོ་འདྲ་བ་ལ་དེ་ལས་རྐང་ཐུང་ཞིང་མེ་ཏོག་སེར་པོ་འཆར་བ་དེས་རྨ་འདྲུབ་ཅིང་རྩ་རུལ་པ་རྣམས་གསོ། བྲག་སྐྱ་ཧ་བོ་ལ་སྤྱིར་མིང་བཞི་འདིར་མིང་པོ་བདུན་གྱི་སྲིང་གཅིག་མ་དང་བློན་པོ་རེ་རལ་བཅས་གསུམ། དེའང་འཁྲུངས་དཔེར། ཧ་བོ་བྲག་གི་ལོགས་ལ་སྐྱེ། །ལོ་མ་ལེབ་མོ་མེ་ཏོག་ནི། །སྔོ་ལ་རྒས་དུས་དཀར་བ་ཡོད། །རོ་ནི་ཁ་ལ་མངར་བ་ཡིན། །ནུས་པས་བསམ་སེ་མཁལ་ནད་དང༌། །རྨ་རྣམས་འདྲུབ་ཅིང་དུག་ནད་སེལ། །ཞེས་པ་ལྟར་ལོ་མ་ཆེ་ལ་མཐུག་ཀོབ་ཉག་ཅན་བགྲད་ནས་སྐྱེ་ཞིང་མེ་ཏོག་དཀར་སྔོ་འཆར་བ་དེས་དུག་དང་བསམ་སེ་མཁལ་ནད་སོགས་སེལ་ཞིང་ཚད་འཁྲུ་གཅོད་པ་དང་རྨ་འདྲུབ། བྲག་སྤོས་ལ་སྤྱིར་མིང་བཞི་འདིར་བཙུན་མོ་རེ་རལ་དང་གཉིས། དེའང་འཁྲུངས་དཔེར། བཙུན་མོ་རེ་རལ་བྲག་གི་སེར་ཁར་སྐྱེ། །ལོ་མ་སེར་གྱི་ཐིག་ལེས་བརྒྱན། །མཆིན་དྲི་གནད་འགྲམ་རིགས་ལ་ཕན། །ཞེས་པ་ནི་རྐང་རེ་ནས་ཐོན་པའི་ལོ་མ་གཞི་གཅིག་ལ་འདབ་མ་བཞི་ལྔ་འོང་བའི་དབུས་མ་རིང་བ་རལ་གྲིའི་དབྱིབས་ཅན་རྒྱབ་སྐྱ་སེར་ཐིག་གིས་བརྒྱན་པ་དེས་རྨ་འདྲུབ་པ་དང་རྣག་སྐེམ་ཞིང་རྩའི་ཚད་པ་སེལ་ལ་ལྷ་བའང་འཛིན། རྒྱ་སྤོས་ལ་སྤྱིར་མིང་བཅུ་འདིར་གཅིག དེའང་འཁྲུངས་དཔེར། སྨན་མཆོག་རྒྱ་སྤོས་ཞེས་གྲགས་པ། །སྡོང་པོ་སྔོ་ལ་རིང་བ་ཡིན། །མེ་ཏོག་སེར་བའི་མདངས་ཆགས་པ། །ལོ་མ་མེ་ལོང་ཁ་ལྟར་གྱེས། །དྲི་ཞིམ་རོ་ཁ་ནུས་པ་བསིལ། །རང་གི་ནུས་པས་དུག་ཚད་སེལ། །ཞེས་པ་ལྟར་ལོ་མ་ཤུ་མོ་ཟ་འདྲ་བ་རྐང་ཕྲ་ལ་རིང་བ་མེ་ཏོག་སེར་པོ་འཆར་བ་འབྲུ་འབུ་སུ་ཧང་ཕོ་རིགས་འདྲ་རུང་བ་དྲི་ཞིམ་པ་དེ་དང༌། སྤང་སྤོས་ལ་སྤྱིར་མིང་ཉེར་ལྔ་འདིར་གཅིག དེའང་འཁྲུངས་དཔེར། སྤང་སྤོས་ཞེས་བྱ་དྲི་བསུང་ཞིམ། །སྲིབས་ཀྱི་སྤང་ལ་སྐྱེ་བ་ཡིན། །ལོ་མ་གཡུ་ཡི་གཞོང་པ་འདྲ། །སྡོང་པོ་སྨུག་ལ་མེ་ཏོག་རྒྱ། །ལུང་པ་དྲི་ཞིམ་སྤོས་དྲིར་འགྱུར། །འདི་ལ་ལྷ་རྣམས་རྟག་ཏུ་གནས། །ཞེས་པ་ལྟར་སྲིབས་ཀྱི་སྤང་ལ་སྐྱེ་བ་ལོ་མ་གཡུ་གཞོང་འདྲ་བ་སྡོང་པོ་སྨུག་པོ་མེ་ཏོག་དམར་པོ་དྲི་ཆེ་བ་དེས་ཚད་པ་རྙིང་པ་དང་དུག་ཚད་སེལ་ཞིང་གདོན་ལ་བསྔགས། མྱང་རྩི་སྤྲས་ལ་སྤྱིར་མིང་བདུན་འདིར་སེར་པོ་ཁྲག་རྐང་དང་ལོ་མར་སྔོ་སྤྲིན་དུ་འབོད་པ་གསུམ་ལ་འཁྲུངས་དཔེར། མྱང་རྩི་སྤྲས་ཞེས་བྱ་བ་འདི། །མོན་ཡུལ་གློ་ནི་ཁ་ཁྲ་ཡི། །ནགས་རི་མཐུག་པོའི་སྤང་ལ་སྐྱེ། །ལོ་མ་ཕྲ་ལ་སྣུམ་པ་ཡིན། །སྡོང་པོ་རིང་ལ་མེ་ཏོག་སེར། །རོ་ནི་ཁ་ལ་བསྐ་བ་ཡིན། །རང་གི་ནུས་པས་རྣག་ཆུ་སྐེམ། །རྨ་འདྲུབ་གློ་བུར་ཚད་རིམས་སེལ། །ཞེས་པ་ལྟར་རྐང་ཕྲ་ལ་ལྡེམ་པ་ལོ་མ་སྲབ་མོ་དབྱིབས་སྲུབ་ཀ་དང་འདྲ་བའི་ཉ་ག་ཅན་མེ་ཏོག་སེར་པོ་འཆར་བ་དེའི་རྩ་བ་སེར་པོ་སྤུ་ཅན་དེས་ཆུ་འཐུང་ཞིང་རིམས་ཚད་སེལ་བ་དང༌། དམན་པ་ལ་འཁྲུངས་དཔེར། སྔོ་སྤྲིན་ཁྲག་རྐང་ཞེས་བྱ་བ། །ཉིན་གྱི་བྲག་གི་ལོགས་ལ་སྐྱེ། །ལྡུམ་བུ་ལྕགས་ཀྱུ་ཅན་ཡང་ཟེར།། སྡོང་བུ་རིང་ལ་ཡིད་ཙམ་སེར། །ལོ་མ་གཡུ་བུན་གཏོར་བ་འདྲ། །རོ་ནི་ཅུང་ཟད་ཁ་བ་ཡིན། །ཞེས་པ་ལྟར་རྐང་རིང་ལ་ལོ་མ་ལྗང་གུ་སིབ་པ་ཞིག་འོང་བ་ཡང་ཆུ་འཐུང་གི་ནུས་པ་མེད་པ་ལས་གཞན་མ་གོང་དང་ཕྱོགས་མཚུངས་འོང༌། རྒུ་དྲུས་ལ་སྤྱི་དང་འདིར་མིང་གཅིག དེའང་འཁྲུངས་དཔེར། རྒུ་དྲུས་ཉིན་སྲིབས་གཉིས་ཀར་སྐྱེ། །ལོ་མ་ཕྲ་ལ་འཇམ་པ་སྟེ། །སྡོང་པོ་མེ་ཏོག་དག་གིས་གང༌། །མེ་ཏོག་དཀར་ལ་དམར་བའི་མདངས། །ཚིགས་པ་རེ་རེ་དག་ནས་སྐྱེ། །འབྲས་བུ་དག་གིས་བྱུར་བུར་གང༌། །རོ་ནི་ཚ་ལ་ཁ་བ་ཡིན། །རང་གི་ནུས་པས་རྨ་ཚད་འཇོམས། །ཞེས་པ་ལྟར་སྐྱེ་ཚུལ་དང་ལོ་དབྱིབས་སོགས་ཡུངས་ཀར་དང་ཧ་ལམ་ཕྱོགས་མཚུངས་མདོག་ལྗང་སེར་རྐང་ཤོ་མང་འདྲ་བ། ཡལ་ག་རྣམས་མགལ་ཚིགས་ནས་ཐད་སོར་ཐོན་པ་མེ་ཏོག་སྔོ་དཀར་ལ་སེར་ཉམས་ཅུང་ཟད་ཡོད་པ་འཆར་བའི་རྩ་བ་ཆེ་བ་དེ་མཆོག་དང༌། དམན་པ་གར་ཡང་སྐྱེ་བ་ལོ་མ་ནར་སྟབས་ཉག་ཅན་མེ་ཏོག་སེར་པོ་འཆར་བས་ཀྱང་ནུས་པ་རུང་མཐུན་ཙམ་འོང་བ་དེ་གཉིས་ཀྱིས་རྨ་འདྲུབ་ཅིང་ཚད་རིམས་དུག་ལ་བསྔགས་པ་དང་རྩ་མཐུད་ཅིང་རྒྱུ་གཟེར་ཡང་སེལ། འབམ་པོ་ལ་སྤྱིར་མིང་གཉིས་འདིར་གཅིག དེའང་འཁྲུངས་དཔེར།  འབམ་པོ་སྤང་གི་ལོགས་ལ་སྐྱེ། །ལོ་མ་སྡོང་པོ་གོ་སྙོད་འདྲ། །དྲི་ནི་མནམ་ལ་རོ་ནི་སླེག །རང་གི་ནུས་པས་ལྷོག་པ་སེལ། །ཞེས་པ་ལྟར་ལོ་སྡོང་མེ་ཏོག་གོ་སྙོད་འདྲ་བ་ལ་ལོ་མ་ཉུང་བ་ལས་རྩད་དང་ནོར་སོ་ཅན་གྱི་མེ་ཏོག་གི་རྐང་ཡོད་པར་ཕོ་མེད་པ་མོ་འམ་ནག་པོར་འདོད་པ་ཅུང་ཟད་ཙམ་གྱི་མདོག་དབྱེ་ཡང་ཡོད་པ་རིགས་གཉིས་པོས་སྐྲངས་དང་ལྷོག་པ་འཇོམས་ཤིང་ཁོང་འབྲས་རྣམས་བཤིག་པར་བྱེད་དོ། །མེ་ཏོག་ལུག་མིག་ལ་སྤྱི་དང་འདིར་མིང་གཅིག དེའང་འཁྲུངས་དཔེར། མེ་ཏོག་ལུག་མིག་གཡའ་སྤང་མཚམས། །ལོ་མ་སྔོ་སྐྱ་ཆུང་ལ་སྒོར། །སྡོང་པོ་སྨུག་ལ་རིང་བ་ཡིན། །འདབ་མ་ཨུཏྤལ་སྔོན་པོ་འདྲ། །སྙིང་པོ་ལུག་མིག་ལྟ་བུ་ལ། །རོ་ནི་ཅུང་ཟད་ཁ་བ་ཡིན། །ཞེས་པར་ལྷ་མོ་ཨུ་མ་དེ་བ་དང་རྒྱལ་པོ་ཡུལ་འཁོར་སྲུང་གི་ལོ་རྒྱུས་སོགས་རྒྱས་སྤྲོས་བྱེད་ན་མང་ཡང་ངོ་བོ་རྐང་ལྡེམ་ལ་ལོ་མ་འཇོང་བ་ཉག་མེད། མེ་ཏོག་འདབ་མ་སྔོན་པོ་ཟེའུ་འབྲུ་སེར་པོ་འཆར་བ་སྒོ་བཟང་བ་དེས་དུག་དང་རིམས་ནད་རྣམས་སེལ། མཁན་པ་ལ་སྤྱིར་མིང་གསུམ་འདིར་གཅིག དེའང་རིགས་གསུམ་ལས། འཁྲུངས་དཔེར། མཁན་པ་ཨ་ཀྲོང་གཡའ་སྨད་སྐྱེ། །ལོ་མ་ས་འབྱར་སྐྱ་ལ་སྤུན། །རིང་ཐུང་མཛུབ་རེ་མཐོ་རེ་ཙམ། །མེ་ཏོག་སེར་ཞིང་དྲི་མ་མངར། །སྐྲངས་འདུལ་རྨ་འབྲས་རྒྱུ་ལོང་ཕན། །ཞེས་ལོ་མ་ཉ་ག་ཅན་ཆུང་བ་རྐང་ཧྲལ་ཞིང་མེ་ཏོག་སེར་པོ་འཆར་བ་ཡུལ་སྐད་ཨ་ཀྲོང་དཀར་མོར་འབོད་པ་དང་རིགས་གཞན་གཉིས་ལ་འཁྲུངས་དཔེ་ཁུངས་མ་མ་མཐོང་ཡང་དཀར་པོ་རྐང་ཕྲ་ལ་ལོ་མ་སྔོ་སྐྱ་ཅན་དེ་དང༌། དམར་པོའི་སྨུག་པོ་ཁ་དོག་གི་དབྱེ་བ་དང་འབྲུ་ཡོད་པ་དེ་དག་གིས་ཁྲག་གཅོད་པ་དང་ཡན་ལག་གི་སྐྲངས་པ་འཇོམས་ཤིང༌། ནང་གསེས་དཀར་པོས་མཁལ་ནད་ལའང་ཕན་ཞིང་བཅུད་ལེན་ལ་བསྔགས། ཆུ་མ་རྩི་ལ་སྤྱིར་མིང་གཅིག་འདིར་རྩི་སྟག་མོ་དང་གཉིས། འདི་ལ་བྱ་དཀར་གདང་བཞུགས་འདྲ་ཟེར་བ་ནས་མཁའ་འགྲོ་ལ་ཕུག་དང༌། ཁ་ཅིག་ལྕགས་ཏིག་འདྲ་བའི་རོ་ཚ་བ་ཞིག་ལ་ངོས་འཛིན་པ་ནི་རྣམ་པར་འཁྱམས་པ་སྟེ་དོན་འཁྲུངས་དཔེར། ཆུ་མ་རྩི་ཞེས་བྱ་བ་ནི། །སྐྱེ་གནས་འདམ་དང་ཞིང་གསེབ་སྐྱེ། །ལོ་མ་སྔོན་པོ་རལ་གྲི་འདྲ། །སྡོང་པོ་རྩ་རིས་དམར་པོ་ཡོད། །སྙེ་མ་ཟོར་བ་དག་དང་འདྲ། །ནུས་པས་ཆུ་སེར་དམུ་ཆུ་སྦྱོང༌། །ཞེས་པ་མཆོག་གམ་ནག་པོ་ལོ་མ་སྔོ་ལྗང་རལ་གྲིའི་དབྱིབས་ཅན་སྙེ་མ་དམར་པོ་རམ་བུ་འདྲ་བ་རྐང་དམར་པོ་དེ་དང༌། དཀར་པོར་འཁྲུངས་དཔེ་མ་མཐོང་ཡང་རྐང་ལྗང་གུ་རིང་བ་ལོ་མ་རལ་གྲི་གཟུགས་མེ་ཏོག་རྒྱ་ཁ་འཆར་བ་ཡལ་ཤུལ་གང་བུ་ནར་སྟབས་དུག་མོ་ཉུང་འདྲ་བ་རོ་ཁ་ཉམས་ཅན་གཉིས་ཏེ་བཟང་བ་སྟོད་ལུགས་སུ་ནག་པོ་དང་བྱར་པོ་པཎ་ཆེན་དཀར་པོར་མཛད་པ་གཉིས་ཀྱི་ནུས་པས་ཆུ་སེར་དང་དམུ་ཆུའི་ནད་རྣམས་སྦྱོང༌། བྱི་ཚེར་ལ་སྤྱིར་མིང་གསུམ་འདིར་གཅིག དེའང་འཁྲུངས་དཔེར། བྱི་ཚེར་མ་ཞེས་བྱ་བ་ནི། །རྒྱ་ཤོད་བྱེ་མའི་ཡུལ་དུ་སྐྱེ། །ལོ་མ་ཆུང་ལ་ནག་ཅིང་མཐུག །སྡོང་པོ་ཐུང་ལ་མཐུག་ཅིང་སྲ། །སྙེ་མ་གོས་ལ་འབྱར་ཞིང་འཁྲིལ། །རོ་ནི་ཁ་ལ་རྩུབ་བ་ཡིན། །རང་གི་ནུས་པས་ཆུ་འགགས་སེལ། །ཞེས་ཀྱང་སྡོང་པོ་ལྗང་སེར་ནག་ངམ་ཅན་རྣམ་པ་ཤིང་གི་རིགས་ཚེར་མ་ཕྲུག་སོ་གཟིངས་པ་ལྟར་ཚ་ཞིང་གང་བུ་ཅན་སྣལ་གོས་ལ་འབྱར་འོང་བ་དེས་རིམས་དུག་དང་མཁལ་མའི་ཚ་བ་རྣམས་སེལ། དེ་བ་ལ་སྤྱིར་མིང་བཞི་འདིར་གཅིག དེའང་སྔོ་དེ་བ་ལ་འཁྲུངས་དཔེ་ཁུངས་མ་མ་མཐོང་ཡང་སྔོ་སྨན་མེ་ཏོག་མཐིང་མདོག་ཅེས་རིང་ཐུང་སོར་བཞི་ཙམ་སྐྱེ་ཚུལ་སྤང་རྒྱན་འདྲ་བ་དེ་མཆོག་དང༌། དམན་པའམ་ཆུ་དེ་བ་ནི་ལོ་མ་མཐུག་པ་ཆེ་ཆུང་སྐྱེ་ཚེ་ས་ནས་ཐོན་ལྷག་ཙམ་འདྲ་བ་རྒྱབ་ལ་སྤྲ་བའི་སྤུ་ཅན་མེ་ཏོག་ལུག་མིག་གི་མེ་ཏོག་འདྲ་བ་དང༌། ཤིང་དེ་བ་ལ་འཁྲུངས་དཔེར། དེ་བ་ཞེས་བྱའི་ཤིང་དེ་ནི། །སྦྱར་པ་འདྲ་ལ་ཅུང་ཟད་དཀར། །མཛེར་པ་མང་ལ་མཁྲེགས་པ་སྟེ། །ཚད་རིམས་གཟེར་ཐུང་ནད་རྣམས་སེལ། །ཞེས་པ་ནི་སྐྱེ་ཚུལ་སོགས་ཀྱི་དབྱིབས་སྦྱར་པ་ལྟ་བུ་ལ་ནང་གསེས་དབྱེ་བ་ཕྲན་བུ་འོང་བའི་ནོར་འཕྲང་ཆུང་བ་དེ་བྱུང་ན་དང༌། མ་བྱུང་ན་སྦྱར་པ་དཀར་པོའི་ཤུན་པས་ཚབ་རུང་བ་སོགས་ནུས་པ་ཕྱོགས་འདྲ་བས་རིམས་ཀྱི་རིགས་རྣམས་སེལ། རྩ་མཁྲིས་ལ་སྤྱིར་མིང་གཉིས་འདིར་གཅིག དེའང་འཁྲུངས་དཔེར། ནད་རྣམས་ཞི་བྱེད་རྩ་མཁྲིས་ནི། །ལོ་མ་སྔོ་ལ་འཇམ་པ་སྟེ། །མེ་ཏོག་སེར་པོ་འདབ་བཞི་ཡོད། །རོ་ནི་ཁ་ལ་ནུས་པ་རྩུབ། །མཁྲིས་ནད་མ་ལུས་སེལ་བར་བྱེད། །ཅེས་ཀྱང་ལོ་མ་ལྗང་གུ་རྩུབ་ལ་སྐྱེ་ཚུལ་དང་དབྱིབས་ཁུར་མང་དང་ཕྱོགས་མཚུངས་མེ་ཏོག་སེར་པོ་འདབ་བཞི་ཅན་བཅད་ན་འོ་མ་འཛག་པ་དེས་མཁྲིས་ནད་སེལ། རེ་རལ་ལ་སྤྱིར་མིང་ལྔ་འདིར་རྒྱལ་པོ་རེ་རལ་ལམ་ལྡུམ་བུ་རེ་རལ་བཅས་གཉིས། དེའང་འཁྲུངས་དཔེར། རྒྱལ་པོ་རེ་རལ་ཉིན་གྱི་བྲག་ལ་སྐྱེ། །ལོ་མ་མེ་ལྕེ་མཆེད་པ་འདྲ། །རྩ་བ་སྤྲེ་འུའི་མཇུག་མ་འདྲ། །རོ་ནི་ཅུང་ཟད་མངར་ལ་བསིལ། །ཞེས་པ་ལྟར་ལོ་མ་ལྗང་གུ་དབྱིབས་མེ་ལྕེ་ལྕེབ་པ་འདྲ་བའི་རྒྱབ་ལ་སེར་ཐིག་ཤིན་ཏུ་ཕྱུག་པ་རྩ་བའི་སྤུ་ཕུད་ན་གཡུ་སྦྲུལ་ལྟ་བུ་དང༌། མ་ཕུད་ན་སྤྲེའུའི་མཇུག་མའང་འདྲ་བ་དེ་བེ་ཁྲོད་དུ་སྐྱེས་ན་བེ་སྐྱེས་རེ་རལ་ཞེས་པ་དང༌། འོམ་བུ་སྤྱིར་མིང་དྲུག་འདིར་གཅིག དེའང་འཁྲུངས་དཔེར། ཆུ་ཤིང་འོམ་བུ་ཞེས་བྱ་བ། །ཆུ་ཀླུང་བྱེ་མའི་ནང་དུ་སྐྱེ། །སྡོང་པོ་སྨུག་ལ་རིང་བ་སྟེ། །མེ་ཏོག་དམར་སྨུག་ཕུང་པོར་འཁྲིལ། །ལོ་མ་ཕྲ་ཞིང་སྔོ་བ་ཡིན། །རོ་ནི་ཁ་ལ་མངར་བ་སྟེ། །རང་གི་ནུས་པས་དུག་རིགས་སེལ། །ཞེས་པ་ལྟར་སྡོང་པོ་སྨུག་ལ་རིང་བ་མེ་ཏོག་དམར་སྨུག་ཕུང་པོར་འདྲིལ་བ་ལོ་མ་ཕྲ་ཞིང་ལྗང་བ་རོ་ཁ་མངར་ནོར་འཕྲང་ཆུང་བ་དེ་དག་གིས་ཤ་དུག་དང་སྦྱར་དུག་མཁྲིས་ཚད་རྣམས་སེལ་ལ་འོམ་བུའི་བྱུག་པས་སུར་ཡར་ཕན། གཞན་ཡང་རེ་རལ་གསུམ་ཞེས་སྐབས་འདིར་བཤད་ཀྱི་ལྡུམ་བུ་རེ་རལ་ལ་རྒྱལ་པོ་རེ་རལ་དང༌། གོང་གི་བྲག་སྤོས་ལ་བཙུན་མོ་རེ་རལ། བྲག་སྐྱ་ཧ་བོ་ལ་བློན་པོ་རེ་རལ་ཏེ་གསུམ་མོ། །ཞུ་མཁན་ལ་སྤྱིར་མིང་བཅོ་ལྔ་འདིར་སེང་ཕྲོམ་དང་གཉིས། དེའང་འཁྲུངས་དཔེ་ཁུངས་ཐུབ་མ་མཐོང་ཡང་ཤིང་ལོ་སྡོང་ཆེ་བ་ལོ་མ་ལྗང་སེར་མཐུག་པར་སྤང་ཞུན་དུ་གྲགས་པ་མཆོག་དང༌། དམན་པ་ནགས་ཞུན་དུ་གྲགས་པ་ལོ་མ་ལྗང་ནག་ཅན་དང༌། ཚོས་ལ་སྤྱིར་མིང་བརྒྱད་འདིར་རྒྱ་སྐྱེགས་དང་གཉིས་འདི་ལའང་འཁྲུངས་དཔེ་ཁུངས་ཐུབ་མ་མཐོང་ཡང༌། ཤིང་ཀེ་ཤུ་ཀ་ཞེས་པ་མདོག་སྟག་མ་འདྲ་བ་མེ་ཏོག་གི་འདབ་མའི་ནང་དམར་པོ། རྒྱབ་ནག་པོ་ཟེའུ་འབྲུ་སེར་པོ་ཅན་དེའི་ཚི་བར་ནམ་དུས་ཀྱི་དབང་གིས་དྲོ་ཚོས་དང་ནག་ཧྲུག་གཉིས་སུ་འདོད་པ་དང༌། བཙོད་ལ་སྤྱིར་མིང་བཅུ་གསུམ་འདིར་གཅིག འདི་ལའང་འཁྲུངས་དཔེ་ཁུངས་མ་མ་མཐོང་ཡང་མིག་ལམ་དུ་བསྟར་བར་ལོ་མ་ལྗང་གུ་ཉག་མེད་རྐང་ཕྲ་མོ་སྦུབས་ཅན་ས་ལ་ཁྲད་པོར་འབྱར་ནས་སྐྱེ་བའི་ནོར་འཕྲང་ཆུང་བ་དེ་དག་གིས་གློ་བ་དང་མཁལ་མའི་འགྲམས་ཚད་རྣམས་སེལ། ལྕམ་པ་ལ་སྤྱིར་མིང་དྲུག་འདིར་མ་ནིང་ལ་ཉི་དགའ་དང༌། ཕོར་མདོག་ལྡན་བཅས་གསུམ། དེའང་ཕོ་རིགས་ཧ་ལོའི་མདོག་ལྡན་དུ་གྲགས་པ་ལ་འཁྲུངས་དཔེར། མེ་ཏོག་ཧ་ལོ་ཞེས་བྱ་བ། །དཀར་སྨུག་ལོ་མ་ཉི་དགའ་འདྲ། །ཞེས་པ་ལྟར་རྐང་རིང་ལ་ལོ་མ་སྔོན་པོ་མེ་ཏོག་དཀར་པོ་འཆར་བ་ཞིག་དང་རྒྱ་མ་འཆར་བ་གཅིག མོ་རིགས་རྒྱ་ལྕམ་པར་གྲགས་པར་འཁྲུངས་དཔེ་མ་མཐོང་ཡང་རྐང་ཕྲ་ལ་རིང་བ་མེ་ཏོག་དཀར་པོ་འཆར་བ་ཞིག་དང༌། རྒྱ་སྨུག་འཆར་བ་གཅིག །མ་ནིང་ངམ་ཉི་དགའ་ལ་འཁྲུངས་དཔེར། ཨ་ཛ་ཀ་ཞེས་བྱ་བ་སྟེ། །ས་ཁད་དམའ་བའི་ཡུལ་དུ་སྐྱེ། །ལོ་མར་ཉི་དགའ་ཞེས་ཟེར་ཞིང༌། །འབྲས་བུ་ཨ་ཛ་ཀ་ཞེས་བྱ། །རྩ་བ་སྡོང་པོར་བཅས་པ་ལ། །ལྕམ་པ་ཞེས་ནི་མིང་དུ་བཏགས། །རོ་ནི་མངར་ལ་བསྐ་བ་ཡིན། །རང་གི་ནུས་པས་ཆུ་འགགས་དང༌། །རྨ་རྣག་སྐེམ་ལ་ཁ་མི་སྐོམ། །ཞེས་པ་ནི་ཡོངས་གྲགས་ལྕམ་པ་ལོ་མ་ཟེར་བ་རྐང་ཕྲ་ལ་ལོ་མ་སྒོར་མོ་མེ་ཏོག་དཀར་པོ་འཆར་བ་དེའི་འབྲས་བུ་མཆོག་ཏུ་བསྔགས་པ་སོགས་ཀྱིས་ཆུ་འགགས་དང་མཁལ་ཚད་སྐོམ་དད་འཁྲུ་བ་རྣམས་སེལ་ཞིང༌། ཕོ་ལྕམ་མམ་ཧ་ལོའི་མེ་ཏོག་གིས་ས་བོན་འཛག་པ་གཅོད་ཅིང་རྩ་བར་པ་ལ་ཞེས་ཟད་བྱེད་ཡིད་འཆུས་སོགས་ལའང་ཕན། བྲག་ལྕམ་ལ་སྤྱི་དང་འདིར་མིང་གཅིག དེའང་འཁྲུངས་དཔེར། བྲག་ལྕམ་བྲག་གི་ལོགས་ལ་སྐྱེ། །ལོ་མ་མཐུག་ཅིང་སྣུམ་པ་ཡིན། །ཟིལ་པ་དང་བཅས་སྔོ་ལ་ཟླུམ། །མེ་ཏོག་དཀར་དམར་གཉིས་སུ་ཡོད། །རྨ་ནི་ཇི་ལྟར་ཚབས་ཆུང་ཡང༌། །འདི་མེད་པས་ནི་སོས་པ་དཀའ། །ཞེས་པ་ལྟར་ལོ་མ་མཐུག་ཅིང་སྣུམ་ཟིལ་ལྗང་ལ་ཟླུམ་པ་མེ་ཏོག་རྒྱ་མར་འཆར་བ་དེས་རྨ་འདྲུབ། རྟ་རྨིག་ལ་སྤྱི་དང་འདིར་མིང་གཅིག དེའང་འཁྲུངས་དཔེར། རྟ་རྨིག་བྲག་གི་རྩ་བར་སྐྱེ། །ལོ་མ་ཉི་དགའི་ལོ་མ་དང༌། །མེ་ཏོག་རྟ་ཡི་རྨིག་པ་འདྲ། །ས་ལས་མ་འཕགས་གཅིག་སྐྱེས་ཀྱི། །རྩ་ཡི་སྒོ་རྣམས་འགེག་པར་བྱེད། །ཅེས་པ་ལྟར་སྡོང་པོ་ཡལ་ག་སོགས་མེད་པར་ལོ་མ་ཆིག་སྐྱེས་ས་ནས་མ་འཕགས་པ་ལྕམ་ལོ་དང་ཧ་ལམ་འདྲ་ཞིང་རྐང་འབུན་ཙམ་ནས་མེ་ཏོག་སེར་པོ་རྟ་རྨིག་གི་དབྱིབས་ཅན་ཤར་བ་རྒྱུ་མཚན་དུ་བྱས་པ་དེས་རྩ་སྒོ་འགེགས། གྲ་མ་ལ་སྤྱི་དང་འདིར་མིང་གཅིག །དེའང་འཁྲུངས་དཔེར། གྲ་མ་ཞེས་བྱ་ཚེར་མ་ཅན། །ལོ་མ་ཚེར་མའི་སྡོང་པོས་ཁྱབ། །མེ་ཏོག་སེར་པོ་མདངས་མི་གསལ། །རོ་ནི་ཁ་ལ་ནུས་པ་བསིལ། །ཤ་ཚད་རྩ་ཚད་ཐམས་ཅད་སེལ། །ཞེས་པ་ལྟར་ཤིང་ཕྲ་མོ་ཚེར་མ་ཅན་ཀོ་ལྤགས་ཤན་ཤུན་བྱེ་བ་ཁོང་པ་དཀར་པོ་མེ་ཏོག་སེར་པོ་མདངས་མི་གསལ་ཞིང་རོ་ཁ་དེའི་རྩ་བས་ཤ་ཚད་དང་རྩའི་ཚད་པ་རྣམས་སེལ། མཛོ་མོ་ལ་སྤྱི་དང་འདིར་མིང་གཅིག དེའང་འཁྲུངས་དཔེ་དང་ངོ་མ་འཕྲོད་ཀྱང་ཤིང་ཚེར་མ་ཅན་གྲ་མ་ལས་ཆེ་བ་སྤུ་དཀར་པོས་ཁྱབ་པ་མེ་ཏོག་སེར་པོ་སྙིང་པོ་ཙནྡན་དམར་པོ་ལྟ་བུ་དེས་ཁྲག་འཁྱགས་རྣམས་འཇུ་ཞིང་ཁྲག་ཚད་ཀྱང་སེལ། ཕང་མ་ལ་སྤྱི་དང་འདིར་མིང་གཅིག དེའང་འཁྲུངས་དཔེར། ཕང་མ་ཞེས་བྱ་ལོ་མ་ཕྲ། །སྡོང་པོ་ཅུང་ཟད་ཆེ་བ་ལ། །འབྲས་བུ་སྨུག་པོ་རོ་ནི་མངར། །རང་གི་ནུས་པས་སྙིང་ཚད་སེལ། །ཞེས་པ་ལྟར་ལོ་མ་ཕྲ་སིབ་སྤུངས་པ་འདྲ་བ་སྡོང་པོ་སྐྱ་བོ་ཅུང་ཟད་ཆེ་ཞིང་ཡལ་ག་ཐད་སོར་ཐོན་པ་འབྲས་བུ་དམར་སྨུག་སྲན་མ་ཙམ་འབྱུང་བ་དཀར་ནག་རིགས་གཉིས་སུའང་དབྱེ་བ་དེའི་འབྲས་བུས་སྙིང་གི་ཚད་པ་དང་མོ་ནད་ཀྱང་སེལ། སྲད་མ་ལ་སྤྱིར་མིང་བཅུ་འདིར་གཅིག དེའང་སྤྱིར་རིགས་དཀར་ནག་དང་བྱེའུ་སྲད་མ་གསུམ་ལས་ནག་པོ་ཁ་སྐོང་དུ་རྒྱས་པར་འཆད་ཅིང༌། དཀར་པོ་ལ་འཁྲུངས་དཔེར། སྲད་མ་དག་ལ་རིགས་གསུམ་སྟེ། །དཀར་པོ་བྱེ་མ་ལ་སྐྱེ་སྟེ། །ལོ་མ་སྡོང་པོ་སྤུ་དཀར་ཅན། །མེ་ཏོག་མདངས་ལྡན་བད་ཀན་སེལ། །ཞེས་པ་ལྟར་ལོ་རྐང་ལ་སྤུ་སྐྱ་ཞོལ་དུ་འོང་བའི་མེ་ཏོག་དཀར་པོ་མཆོག་དང༌། དམན་པ་སྔོན་པོ་འཆར་བ་དེས་དམུ་ཆུ་དང་སྐྱ་རྦབ་སྦྱོང་ཞིང་ཁོང་དུ་སྲོག་ཆགས་སོང་བ་སེལ། བྱེའུ་སྲད་མ་ནི་འཁྲུངས་དཔེར། སྐྱེ་ས་གཡའ་སྤང་མཚམས་སུ་སྐྱེ། །ལོ་མ་མེ་ཏོག་སྲད་མ་འདྲ། །གང་བུ་རྐྱལ་བ་ཁ་བསྡམས་འདྲ། །འབྲས་བུ་སྲད་ཆུང་ཇི་བཞིན་མཁྲེགས། །ཞེས་པ་ལྟར་ལོ་མ་དང་མེ་ཏོག་སྲད་ནག་དེ་ལས་འབྲས་ངན་པ་གང་བུ་རྐྱལ་པ་ཁ་བསྡམས་འདྲ་བ་ཞིག་འོང་བས་སྤྱིར་བཏང་ཆུ་སེར་སྐེམ་པར་བྱེད། བྱེ་རུག་ལ་སྤྱི་དང་འདིར་མིང་གཅིག དེ་ལ་བརྒྱད་པའི་རང་འགྲེལ་དུ། བྱེ་རུག་པ་སྟེ་སེར་ནག་གཉིས་ཞེས་དང༌། འཁྲུངས་དཔེར་བྱེ་རུག་པ་ཡི་མཚན་ཉིད་ནི། །ལོ་མ་མཐིང་ཤུན་རྔ་ཡབ་འདྲ། །འབྲས་བུ་གསེར་གྱི་མཆོད་རྟེན་འདྲ། །རོ་ནི་ཚ་ལ་བསྐ་བ་ཡིན། །ཞེས་བཤད་པ་ལྟར་རྐང་ཕྲ་ལྡེམ་ལོ་མ་ཉག་མེད་འཇོང་སྟབས་ཅན་ལྗང་གུ་མེ་ཏོག་གམ་སྙེ་མ་གསེར་གྱི་མཆོད་རྟེན་འདྲ་བ་དྲི་དུགས་མནམ་པ་མཆོག་དང་ཡང་སྙེ་མ་ནག་པོ་སེར་ནག་གཉིས་དེ་དག་ལས་ལོ་མ་སྒོར་ཞིང་མེ་ཏོག་གམ་སྙེ་མ་ནག་པོ་འཆར་བའི་རིགས་ཤིག་ཀྱང་འོང་བ་དེ་གསུམ་གྱིས་རྨའི་འབུ་སྲུང་ཞིང་སྲིན་ཕོལ་སེལ། མཚེ་ལྡུམ་ལ་སྤྱིར་མིང་གཉིས་འདིར་གཅིག དེའང་འཁྲུངས་དཔེར། མཚེ་ནི་བྲག་སྐྱེས་མེ་ཏོག་དམར། །འདབ་མ་རིལ་མོ་རོ་ནི་ཁ། །རིང་ཐུང་མཐོ་རེ་རྐང་རེ་ཙམ། །གློ་དང་སྐྲན་བཤིག་སྐྲངས་པ་འདུལ། །ཞེས་པ་རྩ་བ་གཅིག་ལ་འདབ་མ་རིལ་མོ་ཚིགས་མང་ཞིང་མདོག་ལྗང་གུ་རྐང་གི་རྣམ་པ་དང་འབྲས་བུ་ཡོད་པར་ལུག་མཚེ་མེད་པར་ར་མཚེ་སྟེ་ནོར་ས་མེད་པ་དེས་རྩ་ཡི་ཁྲག་གཅོད་ཅིང་མཆིན་པའི་ཚད་པའང་སེལ་ཞིང་བཅུད་ལེན་ལ་བསྔགས། བྲེ་ག་ལ་སྤྱིར་མིང་བཞི་འདིར་གཅིག །དེའང་འཁྲུངས་དཔེར། སྔོ་ཡི་གཙོ་བོ་བྲེ་ག་ནི། །འབོལ་ས་དག་དང་ཞིང་གསེབ་སྐྱེ། །ལོ་མ་སྔོ་མཐུག་མདངས་དང་ལྡན། །སྡོང་པོ་མདའ་སྨྱུག་ལྟ་བུ་རིང༌། །གང་བུ་རྔ་དང་འདྲ་བའི་ནང༌། །འབྲས་བུ་ནག་པོ་ཏིལ་དང་འདྲ། །རོ་ནི་ཁ་ལ་སྣུམ་པ་ཡིན། །ནུས་པས་ནད་རྣམས་ཐམས་ཅད་སེལ། །ཞེས་པ་ལྟར་རྐང་མདའ་སྨྱུག་ལྟར་བཤན་པ་ལོ་མ་ལྗང་མཐུག་མདངས་ལྡན་གང་བུ་རྔ་འདྲ་བ་འབྲས་བུ་ཏིལ་ཙམ་འབྱུང་བ་དེས་གློ་བ་དང་མཁལ་མའི་ཚ་བ་བད་ཀན་སྐྱ་བོ་ཆུ་སེར་རྣམས་སེལ། ལུག་ཆུང་ལ་སྤྱིར་མིང་གསུམ་འདིར་གཅིག དེའང་འཁྲུངས་དཔེར། མེ་ཏོག་ལུག་ཆུང་སྤུ་ཆུང་ཅན། །རོ་ནི་ཁ་ལ་ནུས་པ་བསིལ། །དྲི་མི་ཞིམ་པས་གདོན་རྣམས་འདུལ། །རང་གི་ནུས་པས་གདོན་ནད་དང༌། །རྨ་ཡི་ཉེས་སྐྱོན་འདུལ་བར་བྱེད། །ཅེས་པ་ལྟར་སྐྱེ་ཚུལ་ཅུང་ཟད་བགྲད་པ་ལས་ལོ་མ་རྐང་སོགས་བྱིངས་ལུག་མིག་ཇི་ལྟ་བ་ལ་དེ་བས་ཅུང་ཟད་སྐྱ་ཞིང་ཆུང་བ་མེ་ཏོག་སྔོ་སྐྱ་འཆར་བས་ན་ལུག་ཆུང་དུ་བཏགས་པ་དེས་རིམས་དུག་དང་བད་ཀན་སྨུག་པོ་རྩ་ཚད་རྣམས་སེལ། ལུག་ངལ་ལ་སྤྱི་དང་འདིར་མིང་གཅིག  །དེའང་འཁྲུངས་དཔེར། ལུག་ངལ་དཀར་པོ་ཆུ་འགྲམ་སྐྱེ། །ལོ་མ་འབོལ་ཞིང་ངར་པ་ཕྲ། །འབྱར་བག་ཡོད་ཅིང་མེ་ཏོག་སེར། །རོ་ནི་མངར་ལ་ནུས་པ་བསིལ། །རླུང་གཟེར་འཇོམས་པའི་མཆོག་ཏུ་བཤད། །ཅེས་ཀྱང་ལོ་མ་རྒྱ་མེན་འདྲ་བ་ལྗང་གུ་མེ་ཏོག་སེར་པོ་དཀར་ཉམས་ཅན་འཆར་བ་དེས་དུག་སེལ་ཞིང་ཡན་ལག་གི་སྐྲངས་པ་རྣམས་འཇོམས། ཟངས་རྩི་བ་ལ་སྤྱིར་མིང་གསུམ་འདིར་གཅིག དེའང་སྤྱིར་བཏང་རིགས་གཉིས་ལས་དཀར་པོར་འཁྲུངས་དཔེ་ཁུངས་མ་མ་མཐོང་ཡང་རྐང་གྲུ་བཞི་ཕྲ་མོ་ནས་ལོ་མ་ཕྲ་སིབ་སྡེབས་ཚོམས་སུ་སྐྱེ་ཞིང་འབྲས་བུ་སྣལ་གོས་ལ་འབྱར་འོང་བ་དེ་འོ་མར་བཏབ་ནས་བསྐོལ་ཏེ་བསྙལ་ན་ཞོར་འགྲོ་བ་དང༌། ནག་པོ་ལ་འཁྲུངས་དཔེར། ཟངས་རྩི་ནག་པོ་བྱ་བ་ནི། །ས་ནག་འབོལ་བའི་ནང་དུ་སྐྱེ། །མཁན་པ་ལྟ་བུའི་དྲི་ཡང་ཆེ། །ཞེས་པ་ལྟར་ལོ་མ་འབོལ་པོ་ཡ་མ་ལ་ཕན་ཞེས་ཟ་བའི་མཁན་པ་ལྟ་བུའི་དྲི་ཆེ་བ་དེ་དང༌། ཡང་དཀར་པོའི་རིགས་ཚར་བོང་འདྲ་བ་ལ་དེ་བས་སྐྱ་བའི་གང་བུ་དམར་པོ་ནང་འབྲུ་ནག་ཆུང་འོང་བ་དེ་སོགས་ཀྱིས་མཁྲིས་ནད་ཀྱི་རིགས་དང་ཁྱད་པར་མིག་སེར་སེལ། སྙ་ལོ་ལ་སྤྱི་དང་འདིར་མིང་གཅིག དེའང་འཁྲུངས་དཔེར། སྙ་ལོ་སྲིབས་ཀྱི་རི་ལ་སྐྱེ། །ལོ་མ་ཅུང་ཟད་རྩུབ་པ་ལ། །སྡོང་པོ་དམར་པོ་རིང་ལ་ལྡེམ། །མེ་ཏོག་དཀར་པོ་སྤྲིན་ཕུང་གཏིབས། །རོ་ནི་ཅུང་ཟད་ཁ་སྐྱུར་བ། །ནུས་པས་ཁོང་ནད་གཅོང་རྙིང་སེལ། །ཞེས་པ་ལྟར་ལོ་མ་རྩུབ་ཉམས་སྡོང་པོ་དམར་པོ་རིང་བ་མེ་ཏོག་དཀར་པོ་སྤྲིན་ཕུང་གཏིབས་པ་ལྟ་བུ་རོ་སྐྱུར་བ་དེས་རྒྱུ་ལོང་གཉིས་གཙོར་གྱུར་པའི་སྣོད་ཀྱི་ཚ་བ་རྣམས་སེལ། ཤོ་མང་ལ་སྤྱིར་མིང་གསུམ་འདིར་གཅིག དེའང་སྐྱེ་སའི་ཁྱད་པར་སོགས་ནས་སྤྱིར་བཏང་རིགས་ལྔ་ལས་རི་ཤོ་གཤམ་དང་ལུག་ཤོ་རྒྱ་ཤོ་ཁ་སྐོང་དུ་འཆད་ལ་འདིར་ཀླུང་ཤོ་ནི། འཁྲུངས་དཔེར། ཤོ་མང་ན་དང་ས་འཇམ་སྐྱེ། །སྡོང་པོ་དམར་ལ་ཆེ་བ་ཡིན། །ལོ་མ་སྔོ་འཇམ་ལེབ་ལ་སྣུམ། །མེ་ཏོག་དམར་པོ་རྩུབ་ཅིང་སྤུངས། །འབྲས་བུ་གཟེ་མ་ར་མགོ་འདྲ། །རོ་ནི་མངར་ཁ་རྨ་ཡི་ནད། ཐམས་ཅད་སེལ་བར་ཐེ་ཚོམ་མེད། །ཅེས་པ་ལྟར། སྡོང་པོ་ནང་སོབ་དམར་ལ་ཆེ་བ་ཚིགས་ཅན་ལོ་མ་ལྗང་སྣུམ་ཆེ་ལ་མེ་ཏོག་དམར་སེར་རིགས་གཉིས་རྩུབ་ཅིང་སྤུངས་པ་འབྲས་བུ་གཟེ་མ་ར་མགོ་འདྲ་བ་རོ་མངར་ཁ་ཅན་དང༌། ཆུ་ཤོ་ལ་འཁྲུངས་དཔེར། ག་བྲ་མ་ཞེས་བྱ་བ་ནི། །བོད་ཡུལ་ཆུ་ཀླུང་ཡུར་བར་སྐྱེ། །དེ་མིང་ཆུ་ཤོ་བ་ཡང་ཟེར། །སྐྱེ་ལུགས་ཤོ་མང་གཞན་དང་འདྲ། །རོ་ནི་ཅུང་ཟད་སྐྱུར་བ་ཡིན། །ཞེས་པ་གཞན་ལས་ཆུང་ཞིང་སྡོང་པོ་མེད་པ་དེ་དག་གིས་རྨའི་ཚ་བའི་རིགས་རྣམས་སེལ་བར་བྱེད་ཅིང་བསྲེགས་ཐལ་གྱིས་རིམས་ཚད་ལ་ཕན། པ་ཡག་པ་ལ་སྤྱིར་མིང་བཅུ་འདིར་གཅིག དེའང་འཁྲུངས་དཔེར། པ་ཡག་ས་གཞི་མནན་པར་སྐྱེ། །མེ་ཏོག་སྔོ་སྨུག་དམར་བའི་མདངས། །འབྲས་བུ་སྙིང་གི་དབྱིབས་དང་འདྲ། །རོ་ནི་མངར་ལ་ཅུང་ཟད་ཁ། །ནད་སེལ་སྨན་གྱི་རྒྱལ་པོ་འདི། །ཞེས་པ་ལྟར་ལོ་མས་ས་གཞི་མནན་པ་འདྲ་བ་མེ་ཏོག་སྔོན་པོ་ཅུང་ཟད་དམར་བའི་མདངས་ལྡན་འབྲས་བུ་སེམས་ཅན་གྱི་སྙིང་འདྲ་བས་ན་གཡག་སྙིང་ལུག་དང་བྱ་རོག་ནོར་བུ་སོགས་མིང་གི་རྣམ་གྲངས་སུ་འབོད་པའི་རྩ་བས་གློ་གསོ་ཞིང་གློ་རྣག་རྣམས་འདྲེན་པ་དང་མངལ་སྐྲན་བཤིག བྱེའུ་ལ་ཕུག་ལ་སྤྱིར་མིང་གཉིས་འདིར་གཅིག དེའང་འཁྲུངས་དཔེར། བྱེའུ་ལ་ཕུག་གྲམ་ལ་སྐྱེ། །ལོ་མ་ལྗང་གུ་མཐུག་པ་ལ། །མེ་ཏོག་དཀར་ཞིང་ངར་པ་ཕྲ། །རིང་ཐུང་མཛུབ་རེ་མཁྱིད་རེ་ཙམ། །ལ་ཕུག་རོ་འདྲ་ནུས་པ་ཡིས། །ཟས་འཇུ་ཤ་ནད་སེལ་བར་བྱེད། །ཅེས་པ་ལྟར་ལོ་མ་སྲབ་ཆུང་མེ་ཏོག་དཀར་པོ་ཆུའི་ལྦུ་བ་འདྲ་བ་རོ་ལ་ཕུག་བྲོ་བ་མཆོག་དམན་གཉིས་སུའང་དབྱེ་བ་དེ་དག་གིས་ཤ་དུག་སེལ་བར་བྱེད་དོ། །ཨུག་ཆོས་ལ་སྤྱི་དང་འདིར་མིང་གཅིག དེའང་འཁྲུངས་དཔེར། ཨུག་ཆོས་ཞེས་བྱའི་མེ་ཏོག་ལ། །རིགས་ནི་དཀར་དམར་གཉིས་སུ་ཡོད། །དམར་པོ་བྲག་དང་གཡའ་ལ་སྐྱེ། །ལོ་མ་ས་འབྱར་ཉ་ག་ཅན། །མེ་ཏོག་བྱུ་རུའི་ཕུང་པོ་འདྲ། །གང་བུ་གཉན་གྱི་ར་དང་འདྲ། །འབྲུ་ནི་རྒྱ་ཡི་སྲན་ཆུང་འདྲ། །རོ་ནི་ཁ་ལ་མངར་བ་ཡིན། །རང་གི་ནུས་པས་རླུང་འཁྱིམས་འབྱིན། །ཞེས་པ་ལྟར་མེ་ཏོག་གི་དབྱེ་བས་དཀར་དམར་སེར་གསུམ་ཡོད་ཀྱང་འདི་སྐབས་བསྔགས་པའི་དམར་པོ་ནི་ལོ་མ་ཉ་ག་ཅན་ས་ལ་འབྱར་ཞིང་མེ་ཏོག་བྱུ་རུའི་ཕུང་པོ་འདྲ་བ་ནང་གི་ཟེའུ་འབྲུ་རྡོ་རྗེའི་རྣམ་པ་ཡོད་པ་གང་བུ་གཉན་གྱི་རྭ་འཁྱིལ་ལྟ་བུ་ནས་འབྲས་བུ་རྒྱ་སྲན་འདྲ་བ་འོང་བ་དེས་རྣ་བའི་ནད་རྣམས་སེལ་ཞིང་སྦོས་པ་སྦྱོང༌། སྐྱི་བ་ལ་སྤྱི་དང་འདིར་མིང་གཅིག དེའང་འཁྲུངས་དཔེར། ངང་པ་གཅིག་རྒྱུག་དར་ཡ་ཀན། །ཚེར་མ་སྐྱ་བོ་དག་ལ་སྐྱེ། །ལོ་མ་ཕྲ་ལ་ཆུང་བ་ཡིན། །མེ་ཏོག་སྔོན་པོ་ཆུང་བ་ལ། །གང་བུ་ནར་མོ་འབྲས་བུ་ནི། །ངང་པ་ཆིག་རྒྱུག་སྲན་མ་ཙམ། །རོ་ནི་ཁ་ལ་དྲི་མི་ཞིམ། །རང་གི་ནུས་པས་སྲིན་ནད་དང༌། །གག་པ་འཇོམས་པར་བྱེད་པ་ཡིན། །ཞེས་པ་ལྟར་ཚེར་སྐྱར་ཡང་གྲགས་པ་ཡུལ་གར་ཡང་སྐྱེ་བའི་ལོ་མ་ཕྲ་ལ་ཆུང་བ་མེ་ཏོག་སྔོ་སྐྱ་གོང་བུ་ནར་མོའི་ནང་ནས་འབྲས་བུ་དམར་པོ་འོང་བ་དེ་ལ་ངང་པ་ཆིག་ཐུབ་ཀྱང་ཟེར་བའི་རོ་ཁ་བ་དེས་མཁྲིས་པ་གྱེན་ལ་འདྲེན་ནོ། །སརྫི་ཀ་ལ་སྤྱིར་མིང་བརྒྱད་འདིར་སྐྱི་སྙེ་དང་གཉིས། །དེའང་འཁྲུངས་དཔེ་ཁུངས་མ་མ་མཐོང་ཡང་ལོ་གསེབ་ཏུ་སྐྱེ་བའི་སྙེ་ནག་མར་གྲགས་པ་འཁྲུལ་གཞི་ཆུང་ཞིང་མེ་མེད་དུ་བའི་གྲས་སུའང་འདྲེན་པ་དེས་ཕོ་བའི་མེ་དྲོད་བསྐྱེད་ཅིང་རྨ་ལ་ཕན། སྲུབ་ཀ་ལ་སྤྱིར་མིང་ལྔ་འདིར་ར་སྲུབ་དང་གཉིས། དེའང་འཁྲུངས་དཔེར། སྔོ་སྨན་རྒྱལ་པོ་ཙོ་ར་སྟེ། །བོད་སྐད་དུ་ནི་སྲུབ་ཀ་ཟེར། །ལོ་མ་སྒོར་མོ་འཇམ་ལ་མཉེན། །སྡོང་པོ་རྐེད་ནས་ཕྱོགས་བཞིར་གྱེས། །མེ་ཏོག་དཀར་སྔོ་མདངས་མི་གསལ། །འབྲས་བུ་སྔོན་པོ་ལྕགས་ཀྱུ་ཅན། །རོ་ནི་ཁ་ལ་ཚ་བ་ཡིན། །རང་གི་ནུས་པས་གྲང་སྐྲན་སེལ། །ཞེས་པ་ལྟར་མཆོག་རྐང་ལྡེམ་ལ་ལོ་མ་ལྗང་གུ་འདབ་མ་ཆེ་བ་སུམ་སྒྲོམ་གྱི་རྣམ་པ་ཉ་ག་ཆེ་བ་འབྲས་བུ་ཆུང་ངུ་ཕོ་ཚོམས་སུ་གནས་པའི་རྩེར་ལྕགས་ཀྱུ་འདྲ་ཞིང་མེ་ཏོག་དཀར་པོ་རོ་ཚ་ལ་སྒོ་བཟང་བ་དང༌། དམན་པ་དབྱིབས་སྔོན་མ་བཞིན་གྱི་སྒོ་ངན་པ་དེས་རུལ་གཅོད་ཅིང་དྲོད་སྐྱེད་པ་དང་ཆུ་སེར་རྣམས་འདྲེན། ལྕེ་ཚ་ལ་སྤྱིར་མིང་དྲུག་འདིར་སེར་འདབ་ལྔ་པ་དང་གཉིས། དེའང་འཁྲུངས་དཔེར། བོང་བུ་ལན་ཚྭ་ཞེས་བྱ་བ། །སྲིབས་ཀྱི་ན་དང་སྤང་ལ་སྐྱེ། རྩ་བ་ཅུང་ཟད་ཕྲ་བ་ལ། །ལོ་མ་སྐྱ་སྤུན་ཉ་ག་ཅན། །མེ་ཏོག་སེར་པོ་འདབ་མ་ལྔ། །རང་གི་ནུས་པས་གྲང་སྐྲན་དང༌། །གག་པའི་རིགས་སེལ་དམུ་ཆུ་སྐེམ། །ཞེས་པ་མཆོག་གམ་མོ་རིགས་ལོ་མ་ལྗང་གུ་ཉ་ག་ཅན་མེ་ཏོག་སེར་པོ་ཆེ་ལ་འདབ་མ་ལྔ་པའང་ཟེར། །དམན་པའམ་ཕོ་རིགས་འདབ་མ་ཆེ་ཞིང་མཐུག་ལ་དབྱིབས་སོར་མོའི་སྦལ་ལག་འདྲ་བ་དེ་གཉིས་དང༌། དབྱི་མོང་ལ་སྤྱིར་མིང་བཅུ་བཞི་འདིར་ཨ་ཟ་མོ་དང་རླུང་ནི་བརླ་རེང་དུས་སོགས་བཤད་པའི་ཙ་བྱཱ་དང་གསུམ། དེའང་འཁྲུངས་དཔེར། དབྱི་མོང་དཀར་ནག་གཉིས་ཡོད་དེ། །ཉིན་སྲིབས་གཉིས་ཀ་དག་ན་སྐྱེ། །སྡོང་པོ་ཤིང་གཞན་དག་ལ་འཁྲིལ། །ལོ་མ་ནག་ལ་ཅུང་ཟད་རྩུབ། །མེ་ཏོག་ནག་པོ་འབྱུང་བ་ནི། །ཟ་བྱེད་ནག་པོ་ཁ་ར་དང༌། །དབྱི་མོང་ནག་པོ་ཞེས་བྱ་སྟེ། །སྦྱོར་བ་སྨན་པས་ཤེས་པར་བྱ། །མེ་ཏོག་དཀར་པོ་སྐྱེ་བ་དེ། །གྲང་སྐྲན་འདུལ་བའི་དར་ཡ་ཀན། །རོ་ནི་ཚ་ལ་ཡིད་ཙམ་མངར། །རང་གི་ནུས་པས་དྲོད་སྐྱེད་ཅིང༌། །སྐྲན་རིགས་མ་ལུས་འདུལ་བར་བྱེད། །ཅེས་པ་ལྟར་རིགས་དབྱེ་སོགས་རྒྱས་སྤྲོས་བྱེད་ན་བཞི་ཙམ་ཡང་མཆིས་རུང༌། དོན་ལོ་མ་ལྗང་ནག་རྩུབ་ལ་སྡོང་པོ་ཤིང་གཞན་ལ་འཁྲིལ་ནས་སྐྱེ་བ་དེར་མེ་ཏོག་དཀར་པོ་མདངས་མི་གསལ་ཙམ་དྲིལ་བུ་འདྲ་རུང་ཤར་ན་དཀར་པོར་འདོད་པ་བསྔགས་པ་དང༌། དཀར་པོ་ལ་སེར་པོའི་མདངས་ཡོད་པ་ཁྲ་བོར་འདོད་པ་དམན་པ་རུང་ཙམ་པ་དེ་གཉིས་བཅས་ཀྱིས་ཀྱང་སྔར་བཤད་ཀྱི་སྲུབ་ཀ་དེ་བཞིན་དུ་འབྱུང་བ་ཡིན་ནོ། །འོན་ཀྱང་ནག་པོའི་རིགས་སུ་འདོད་པའི་མེ་ཏོག་ནག་པོ་འཆར་བ་དེ་ནི་གཏོང་དུ་མི་རུང་ངོ༌། །བ་ལུ་ལ་སྤྱིར་མིང་གསུམ་འདིར་མེ་ཏོག་ལ་ད་ལིར་གྲགས་པ་དང་གཉིས། དེའང་འཁྲུངས་དཔེར། བདུད་རྩི་ད་ལི་ཞེས་བྱ་བ། །བ་ལུ་དཀར་པོ་ཞེས་ཀྱང་བྱ། །སྲིབ་མོ་རི་མཐོ་དག་ན་སྐྱེ། །སྡོང་པོ་དཀར་ལ་ལོ་མ་ཁམ། །མེ་ཏོག་དཀར་ལ་འབྲས་བུ་ཅན། །རོ་ནི་མངར་ཁ་བསྐ་བ་ཡིན། །རང་གི་ནུས་པ་འཇམ་པ་སྟེ། །རླུང་མཁྲིས་བད་ཀན་སྐད་འགགས་དང༌། །གློ་ནད་མ་ལུས་སེལ་བར་བྱེད། །ཅེས་པ་ལྟར་ལོ་མ་སྔོ་ལ་མེ་ཏོག་དཀར་ནག་གཉིས་འཆར་བའི་དཀར་པོ་དེས་སྐྱ་རྦབ་སོགས་བད་ཀན་ཚ་གྲང་འཐབ་པ་རྣམས་སེལ་ཞིང་བཅུད་ལེན་ལའང་བསྔགས། གོ་སྙོད་ལ་སྤྱིར་མིང་ལྔ་འདིར་གཅིག དེའང་འཁྲུངས་དཔེར། གོ་སྙོད་ཁ་ལུང་ན་ལ་སྐྱེ། །ལོ་མ་འཇོང་སྟབས་ཉ་ག་ཅན། །སྡོང་པོ་ཕྲ་ལ་རིང་བ་སྟེ། །མེ་ཏོག་དཀར་པོ་གདུགས་ལྟར་ཟླུམ། །འབྲས་བུ་ལ་ལ་ཕུད་དང་འདྲ། །རང་གི་ནུས་པས་སྐྲངས་འདུལ་ཞིང༌། །མིག་ནད་སེལ་ཞིང་དང་ག་འབྱེད། །བད་ཀན་སྐྱ་བོའི་ནད་རྣམས་སེལ། །ཞེས་པ་ལྟར་ལོ་མ་ལེབ་མོ་ཉ་ག་ཅན་རྐང་ཕྲ་ལ་རིང་ཞིང་མེ་ཏོག་དཀར་པོ་གདུགས་ལྟར་ཟླུམ་པ་དེས་རླུང་ཚད་དང་དུག་དང༌། བད་ཀན་དང་མིག་ནད་སོགས་སེལ་ཞིང་དང་ག་འབྱེད་པ་དང་སྐྲངས་ཀྱང་འདུལ། །ཐ་རམ་ལ་སྤྱིར་མིང་བཞི་འདིར་བེ་ཁུར་དང་གཉིས། དེའང་འཁྲུངས་དཔེར། ཐ་རམ་ཞིང་ནང་ལམ་ཁར་སྐྱེ། །ལོ་མ་ལྗང་གུ་སྣུམ་འཇོང་ཅན། །འབྲས་བུ་བྱེ་རུག་པ་དང་འདྲ། །རོ་ནི་མངར་ལ་བསྐ་བ་ཡིན། །རང་གི་ནུས་པས་བཤལ་བ་གཅོད། །རྨ་རྣམས་འདྲུབ་ཅིང་ཆུ་སེར་སྐེམ། །ཞེས་པ་ལྟར་ལོ་མ་ལྗང་གུ་སྣུམ་ཞིང་ཉ་ག་ཅན་ཆེ་ལ་ཁྲང་པོར་སྐྱེ་ཞིང་རྐང་དང་སྙེ་མའམ་མེ་ཏོག་ལྗང་གུ་བྱི་མཇུག་འདྲ་བ་དང༌། དེ་བས་ལོ་མ་ལྗང་སྐྱ་མེ་ཏོག་གམ་སྙེ་མ་སེར་པོ་རྐང་མེད་ཏལ་སྐྱེས་ཏེ་གཉིས་དང༌། ན་རམ་ལ་སྤྱིར་མིང་གསུམ་འདིར་གཅིག དེའང་འཁྲུངས་དཔེར། རམ་བུ་ཞེས་བྱ་སྐམ་རྩི་ནི། །སྲིབ་མོའི་རི་དང་ཐང་ལ་སྐྱེ། །ལོ་མ་རལ་གྲི་འདྲ་ལ་རིང༌། །རྩ་བ་དམར་པོ་སྣུམ་པ་ཡིན། །མེ་ཏོག་དཀར་སྐྱ་ཁྱི་མཇུག་འདྲ། །རང་གི་ནུས་པས་འཁྲུ་བ་གཅོད། །ཅེས་པ་ལྟར་ལོ་མ་ལྗང་གུ་ཉག་མེད་འཇོང་སྟབས་ཅན་ཁྲད་པོར་སྐྱེ་ཞིང་མེ་ཏོག་རྒྱ་སྐྱ་འབྲས་བུ་དམར་ཆུང་ཡོངས་གྲགས་རམ་བུར་འབོད་པ་དེ་དང་བྱ་རྐང་ལ་སྤྱིར་མིང་དུ་འདིར་ཏི་མུ་ས་དང་ཆེ་བར་ལོ་བཙན་དུའང་འབོད་པ་བཅས་གསུམ། དེའང་འཁྲུངས་དཔེར། རྨ་ལོ་རྐང་གཅིག་ཅེས་བྱ་བ། །སྔོན་མོ་དར་ཡ་ཀན་ཞེས་བྱ། །ཉིན་སྲིབས་ཕྱོགས་མེད་དག་ན་སྐྱེ། །ལོ་མ་སྤོར་འདྲ་ཅུང་ཟད་སྔོ། །སྡོང་པོ་སྔོན་པོ་ཕྲ་ལ་རིང༌། །མེ་ཏོག་སྔོ་དམར་པུ་ཤུད་མགོ། །རོ་ནི་ཅུང་ཟད་ཁ་བ་ཡིན། །རང་གི་ནུས་པས་དམར་བཤལ་གཅོད། །ཅེས་པ་ལྟར། རྐང་ལྗང་གུ་ཕྲ་ལ་རིང་བ་ལོ་མ་ཆུ་སྲིན་སྡེར་མོ་འདྲ་བ་ཅུང་ཟད་སྔོ་ཞིང་མེ་ཏོག་སྔོ་དམར་པུ་ཤུད་མགོ་དེ་གཡར་སྐྱེས་ཆུང་བ་དང༌། ཀླུངས་སྐྱེས་སྒོ་བཟང་ལོ་བཙན་དུ་འབོད་པ་སོགས་ཀྱིས་འཁྲུ་བ་གཅོད་ཅིང༌། ཐ་རམ་རིགས་གཉིས་ཀྱི་ཁྱད་པར་གྱི་ནུས་པས་རྨ་འདྲུབ་ཅིང་ཆུ་སེར་ཀྱང་སྐེམ། ལོ་བཙན་གྱིས་ཕྱིའི་སྲིན་ལ་ཕན། སོག་ཀ་བ་ལ་སྤྱིར་མིང་ལྔ་འདིར་གཅིག དེའང་འཁྲུངས་དཔེར། སྔོ་སྨན་རྒྱལ་པོ་སོག་ཀ་ནི། །སྐྱེ་ལུགས་བྲེ་ག་དག་དང་འདྲ། །ལོ་མ་སྡོང་པོ་ཆུང་བ་ལ། །མེ་ཏོག་དཀར་ཆུང་འབྲས་བུ་ནི། །སོག་ཀ་དག་དང་འདྲ་བ་ཡིན། །རོ་ནི་མངར་བས་སྐྱུག་པ་གཅོད། །ཅེས་པ་ལྟར་རྐང་ལྡེམ་ཞིང་ལོ་མ་ལྗང་གུ་ཉ་ག་ཅན་མེ་ཏོག་དཀར་ཆུང་གང་བུ་སོག་ཀའི་དབྱིབས་འདྲ་བ་འབྲས་བུ་སྲོ་མ་ཙམ་སེར་པོ་དེས་སྐྱུག་པ་མ་ལུས་གཅོད་དོ། །དབང་པོ་ལག་པ་ལ་སྤྱིར་མིང་བཅུ་གཉིས་འདིར་བརྒྱ་བྱིན་དང་གཉིས། དེའང་འཁྲུངས་དཔེར། སྤང་དང་ཆུ་མིག་འགྲམ་ལ་སྐྱེ། །ལོ་མ་ཏཱ་ལའི་ལོ་མ་འདྲ། །མེ་ཏོག་དར་དཔྱངས་འཁྱིལ་པ་འདྲ། །སྙེ་མ་བྲ་བོའི་སྙེ་མ་འདྲ། །རྩ་བ་མི་ཡི་ལག་པ་འདྲ། །ཞེས་པ་ལྟར་མཆོག་སྐམ་སྐྱེས་ལོ་མ་ཏ་ལའི་ལོ་མ་འདྲ་བ་ལྗང་གུ་མེ་ཏོག་སྔོ་སེར་རྐང་ལྗང་གུ་སྙེ་མ་མཆོད་རྟེན་བརྩེགས་པ་ལྟ་བུ་རྩ་བ་མིའི་མཛུབ་མོའི་གྲངས་དྲུག་ཡན་ཚང་བ་ཚོགས་བདག ལྔ་དབང་ལག་རྣམས་མཆོག་དང༌། བཞི་གནོད་སྦྱིན་གསུམ་གཉིས་དྲི་ཟའི་ལག་པ། གཅིག་ཐེའུ་རང་ལག་པར་བཤད་པ་རིམ་པས་དམན་པ་དང༌། རིགས་ཀྱི་དམན་པ་ཆུ་སྐྱེས་ལོ་རྐང་སོགས་གོང་མཚུངས་ལ་མེ་ཏོག་སེར་པོ་འཆར་བའི་རྩ་བ་མཛུབ་མོའི་གྲངས་གསུམ་བཞི་ཡན་ཡོད་པ་རྣམས་ཀྱིས་ལུས་ཀྱི་སྟོབས་དང་ཁུ་བ་རྣམས་སྐྱེད་ཅིང་དུག་སྡུད། རི་ཤོ་ལ་སྤྱིར་མིང་བདུན་འདིར་གཅིག དེའང་འཁྲུངས་དཔེར། ཤེ་འུ་སྒ་དར་ཞེས་བྱ་བ། །ལོ་མ་ཆེ་ལ་སྡོང་པོ་སྤུན། །མེ་ཏོག་སེར་པོས་བར་སྣང་ཁེངས། །འབྲས་བུ་པདྨའི་ས་བོན་འདྲ། །རོ་ནི་མངར་ལ་ཁ་བ་ཡིན། །རང་གི་ནུས་པས་བད་ཀན་སྐྱུག །ཞུ་རྗེས་བསིལ་དུ་འཇུ་བ་ཡིན། །རྨ་འདྲུབ་རིམས་རྙིང་འབྱང་དཀའ་སེལ། །ཞེས་པ་ལོ་མ་ཆེ་ལ་སྡོང་པོ་སྤུན་པ་མེ་ཏོག་སེར་པོས་བར་སྣང་ཁེངས་ཤིང་འབྲས་བུ་པདྨའི་ས་བོན་འདྲ་བ་ཆེ་ཆུང་རིགས་གཉིས་ཡོད་པས་རྨ་འདྲུབ་ཅིང་མཁྲིས་པ་འདྲེན། སྤྱང་ཚེར་ལ་སྤྱིར་མིང་གསུམ་འདིར་གཅིག དེའང་རིགས་དཀར་ནག་གཉིས་ལས་དཀར་པོ་ལ་འཁྲུངས་དཔེར། སྤྱང་ཚེར་དཀར་པོ་ཞེས་བྱ་བ། །སྲིབས་ཀྱི་ས་ནག་དག་ལ་སྐྱེ། །ལོ་མ་ས་གཞི་མནན་པ་འདྲ། །ལོ་མ་ཉ་ག་ཚེར་མས་སྤུངས། །སྡོང་པོ་རིང་ལ་ལྡེམ་པ་ཡིན། །མེ་ཏོག་རྟ་ཡི་དོམ་དོམ་འདྲ། །ཞེས་པ་ལྟར་ལོ་མས་ས་གཞི་མནན་པ་ལྟ་བུ་མེ་ཏོག་དོམ་དོམ་འདྲ་བ་མཆོག་དང༌། ནག་པོ་ལོ་མ་ལྗང་གུ་ཉ་ག་དང་ཚེར་མ་ཅན་སྡོང་པོ་རིང་ལ་ལྡེམ་པ་མེ་ཏོག་རྒྱ་ཁ་ཅན་དང༌། དམན་པ་དཀར་པོ་ཇི་བཞིན་ལ་རྐང་མེད་པ་ལོ་མའི་དབུས་ནས་མེ་ཏོག་འཆར་བ་རྣམས་ཀྱིས་བད་ཀན་འདྲེན་ཞིང་རྨ་འབྲས་ཀྱང་འདྲུབ། དུར་བྱིད་ལ་སྤྱིར་མིང་བཅུ་འདིར་ཏྲི་བྱི་ཏ་དང་གཉིས། དེའང་འཁྲུངས་དཔེར། དུར་བྱིད་ཐར་ནུ་འདྲ་བ་སྟེ། །རང་གི་ནུས་པས་བཤལ་བར་བྱེད། །ཅེས་པ་ལྟར་རྩིབ་གཅིག་ལས་རྐང་རྣམས་སྡེབས་སུ་ཐོན་ཞིང་ལོ་མ་ལྗང་གུ་མེ་ཏོག་དམར་རྒྱ་འདབ་བཞི་པ་འབྲས་བུ་ཟླུམ་པོ་ཟུར་གསུམ་གྱི་རྣམ་པའང་ཡོད་པ་མཆོག་དང༌། དམན་པ་འབྲས་བུ་མེད་པ་དེ་གཉིས་དང༌། ཐར་ནུ་ལ་སྤྱིར་མིང་བཅོ་བརྒྱད་འདིར་གཅིག དེའང་འཁྲུངས་དཔེར། ཐར་ནུ་ཉིན་སྲིབས་གཉིས་ཀར་སྐྱེ། །རྩ་བ་སྡོང་པོ་མཐུག་ལ་ལྗི། །ལོ་མའི་རྒྱ་མཚོ་སྐྱེད་པར་བྱེད། །རྐང་དང་མེ་ཏོག་འབྲས་བུ་དམར། །རོ་ནི་ཚ་ལ་བཤལ་བའི་མཆོག །ནུས་པས་རྔོ་དང་ཐོར་པ་འཇོམས། །ཞེས་པ་ལྟར་ལོ་རྐང་དུར་བྱིད་དང་ཕྱོགས་མཚུངས་མེ་ཏོག་དང་འབྲས་བུ་དམར་པོ་རྩ་བ་ལ་ཕུག་འདྲ་བ་དེ་རྣམས་ཀྱིས་ཚ་གྲང་གི་ནད་ཀུན་སྦྱོང་ཞིང་ཐར་ནུ་བསྲེགས་པའི་ཐལ་བས་སྐྱུག་པ་གཅོད། སྔོན་བུ་ལ་སྤྱིར་མིང་བཞི་འདིར་གཅིག འདི་ལ་རྗེ་ཟུར་མཁར་བས་དྭགས་པོ་སོགས་སུ་སྐྱེ་བའི་ཤོག་ཤིང་པ་དངོས་དང༌། མ་བྱུང་ན་རེ་ལྕག་པས་ཚབ་རུང་བར་བཞེད་ཀྱང༌། བྱང་ལུགས་སུ་ངོས་འཛིན་པ་འདི་འཁྲུངས་དཔེར། སྔོན་བུ་རི་སྟོད་སྤང་ལ་སྐྱེ། །ལོ་མ་ས་འབྱར་སྤུ་ཅན་ལ། །བཅད་ན་ཞོ་འབྱུང་ངར་པ་ཕྲ། །མེ་ཏོག་སྔོན་པོ་དྲིལ་བུ་ཁ། །ཆུ་སེར་ཚ་གྲང་གཉིས་ཀ་སྦྱོང༌། །ཞེས་པ་ལྟར་གཡའ་སྤང་མཚམས་སུ་སྐྱེ་བའི་སྔོ་འདབ་མ་ལྗང་གུ་མེ་ཏོག་སྔོ་ལ་དམར་མདངས་ཡོད་པ་དེར་བཞེད་ལ་དེང་སང་ལྷ་རྗེ་སྟོད་སྨད་མཐའ་དག་གི་ལག་ལེན་དུའང་སྔོ་འདི་ག་བྱེད་ཅིང་དོན་དུའང་འཐད་པ་དེས་ཆུ་སེར་རྣམས་སྦྱོང༌། ཁྲོན་བུ་ལ་སྤྱིར་མིང་གསུམ་འདིར་གཅིག དེའང་འཁྲུངས་དཔེར། ཁྲོན་བུ་སྤང་གི་ལ་ཕུག་འདྲ། །ཞེས་པ་ལྟར་ལོ་མ་སྒོར་ཆུང་ལྗང་གུ་རྩ་བ་ལ་ཕུག་འདྲ་བས་ན་སྤང་གི་ལ་ཕུག་ཏུའང་གྲགས་པ་དེས་མཁྲིས་པ་རྣམས་སྦྱོང༌། ལྕུམ་རྩ་ལ་སྤྱིར་མིང་བཅུ་གཅིག་འདིར་ཞིམ་ཤིང་དང་རྩབ་ཤིང་བཅས་གསུམ། དེའང་འཁྲུངས་དཔེར། ལྕུམ་ནི་རྫ་བྲག་དག་ན་སྐྱེ། །ཆེ་འབྲིང་ཆུང་གསུམ་ཡོད་པ་ཡིན། །ལོ་མས་ས་གཞི་མནན་པ་འདྲ། །སྡོང་པོ་ཁོང་སྟོང་རིང་ལ་ལྡེམ། །མེ་ཏོག་དམར་པོ་སྤུངས་པ་འདྲ། །རོ་ནི་སྐྱུར་ལ་རྩུབ་པ་ཡིན། །འབྲས་བུ་ཟུར་གསུམ་བད་ཀན་སེལ། །ཞེས་པར་རིགས་དབྱེ་བྱེད་ན་ལྔ་ཙམ་མཆིས་རུང་མ་སྤྲོས་ཤིང་ངོ་བོ་ལོ་མ་ལྗང་གུས་ས་གཞི་མནན་པ་སྡོང་པོ་ཆེ་ལ་ཁོང་སྟོང་མེ་ཏོག་སེར་པོའམ་དམར་པོ་འཆར་བ་དེས་དུག་ཚད་སྣོད་ཚད་སོགས་དང་བད་ཀན་ཀྱང་སྦྱོང༌། ཆུ་རྩ་ལ་སྤྱིར་མིང་བདུན་འདིར་གཅིག དེའང་འཁྲུངས་དཔེར། ཆུ་བ་ལོ་མ་ཤིན་ཏུ་ཆེ། །རང་གི་ནུས་པས་བད་ཀན་སེལ། །རྩ་བས་རྨ་རྣམས་གསོ་བར་བྱེད། །ཅེས་པ་ཕོ་རྐང་སྦུབས་ཅན་ལོ་མ་ལྗང་མཐུག་སྙེ་མའམ་འབྲས་བུ་སེར་པོ་ཤོ་མའི་དབྱིབས་ཟུར་གསུམ་དུ་འོང་བ་ལོ་མ་ཆེ་བ་དེ་ཐ་ཆུ་རར་འབོད་པ་དེ་དང་མོ་ལ་འཁྲུངས་དཔེ་མ་མཐོང་ཡང་རྐང་སྦུབས་མེད་པ་རྐང་དམར་ཉམས་ཅན་དབུས་སུ་སྙེ་མ་ཆུང་བ་རེ་ལོ་མ་གོང་དང་འདྲ་བ་རྫ་ཆུ་རར་གྲགས་པ་དང་མ་ནིང་ལ་རིགས་གཉིས་ཀྱི་གཅིག་ལོ་མ་ཆེ་བ་སྦུབས་ཅན་རྐང་ཐུང་བ་རྣམས་སྐྱེ་ས་དང་སྒོ་བཟང་ངན་གྱི་དབྱེ་བ་མ་ནིང་རིགས་གཅིག་ནི་ཆུ་ཆུང་བ་ལོ་རྐང་དམར་ཉམས་རྐང་ཐུང་ལོ་མ་གྱོང་བ་སོགས་ཀྱིས་གཉན་ནད་རྣམས་སྦྱོང་ཞིང་རྨའི་སྐམ་རྩིའང་བྱེད། རྐང་གིས་སྨུག་པོ་ལ་ཕན་ཞིང་ཆུ་ཆུང་བས་དུག་བརྟག་གོ །རེ་ལྕག་པ་ལ་སྤྱིར་མིང་བཞི་འདིར་གཅིག དེའང་འཁྲུངས་དཔེར། རེ་ལྕག་ལོ་མ་མཐུག་ལ་སྣུམ། །སྡོང་པོ་ཐང་ཤིང་གཤིབས་པ་འདྲ། །མེ་ཏོག་དམར་པོ་མདངས་དང་ལྡན། །རོ་ནི་ཚ་ལ་རྩུབ་པ་ཡིན། །རང་གི་ནུས་པས་འཇམ་རྩིའི་སྨན། །ཞེས་པ་ལྟར་རྩ་བ་གཅིག་ནས་རྐང་སྡེབས་སུ་ཐོན་པ་ལོ་མ་མེ་ཏོག་སོགས་ཐར་ནུ་འདྲ་བ་དེས་འབྲས་རྣམས་འདུལ་ཞིང་གཉན་ནད་ཀྱང་སྦྱོང༌། ལྕ་བ་ལ་སྤྱིར་མིང་དགུ་འདིར་སྟོང་ནག་དང་གཉིས། དེའང་འཁྲུངས་དཔེར། ལྕ་རྒོད་སྲིབས་ཀྱི་རི་ལ་སྐྱེ། །ལོ་མ་གོ་སྙོད་འདྲ་བ་ལ། །སྡོང་པོ་སྨུག་པོ་མེ་ཏོག་དཀར། འབྲས་བུ་གོ་སྙོད་འདྲ་བ་ལ། །རོ་ནི་ཚ་དང་ཁ་མངར་བཅས། །ནུས་པས་བད་ཀན་གྲང་བ་དང༌། །ཕོ་བའི་ནད་རྣམས་ཐམས་ཅད་སེལ། །ཞེས་པར་སྤྱིར་བཏང་དམིགས་བསལ་གྱི་རིགས་དབྱེ་རྒྱས་པར་མཆིས་རུང་མཆོག་ལོ་མ་གཡུའི་མཎྜལ་འདྲ་བ་མེ་ཏོག་དཀར་པོའི་གདུགས་ཕུབ་པར་ཚེར་མ་ལྟ་བུས་ཁྱབ་པ། དམན་པ་ལ་འཁྲུངས་དཔེར། ལྕ་གཡུང་ཞིང་གི་ནང་ལ་སྐྱེ། །ལོ་མ་འབྲས་བུ་གོ་སྙོད་འདྲ། །སྡོང་པོ་སྨུག་པོ་མེ་ཏོག་དཀར། །རོ་ནི་ཚ་དང་ཁ་མངར་བཅས། །ནུས་པས་བད་ཀན་གྲང་བ་དང༌། །ཕོ་བའི་ནད་རྣམས་ཐམས་ཅད་སེལ། །རྩ་བ་ལྔ་ཡི་ཁྲོད་དུ་ཤིས། །ཞེས་པ་ནི་སྡོང་པོ་སྨུག་པོ་མེ་ཏོག་དཀར་པོ་ལོ་མ་འབྲས་བུ་གོ་སྙོད་འདྲ་བ་དེ་གཉིས་ཀྱིས་ཆུ་སེར་དང་མཁལ་རྐེད་གྲང་བ་ཕོ་ནད་སྐྱ་རྦབ་རླུང་རྣམས་སེལ་ཞིང༌། བ་ལང་ལྕ་བར་གྲགས་པ་ལ་འཁྲུངས་དཔེར། བ་ལང་ལྕ་བ་ཞེས་གྲགས་པ། །ཤིང་ནག་རྫ་མོའི་ནང་ལ་སྐྱེ། །ལྕ་གཡུང་འདྲ་ལ་ནད་མི་སེལ། །སྐྲངས་སྦོས་བྱུང་ན་དུགས་བྱས་ཕན། །ཞེས་པ་ལྟར་གོང་གི་དམན་པ་དང་སྐྱེ་ཚུལ་འདྲ་བ་དེའི་དུགས་ཀྱིས་སྐྲངས་སྦོས་ལ་ཕན་པ་ལས་གོང་མ་གཉིས་ཀྱི་ནུས་པ་དང་མི་མཚུངས་སོ།། ཉེ་ཤིང་ལ་སྤྱིར་མིང་བཅོ་བརྒྱད་འདིར་གཅིག དེའང་འཁྲུངས་དཔེར། བདུད་རྩི་ཉེ་ཤིང་ཞེས་བྱ་བ། །ཉིན་དང་སྲིབས་ཀྱི་མཚམས་སུ་སྐྱེ། །ལོ་མ་ལྕགས་ཕྱེ་གཏོར་བ་འདྲ། །སྡོང་པོ་ཕྲ་རིང་ཚེར་མས་ཁྱབ། །འབྲས་བུ་ལྕགས་ཀྱི་སྲན་ཆུང་འདྲ། །རོ་ནི་ཁ་ལ་བསྐ་བ་དེས། །ལྷེན་གྱི་ནད་རྣམས་སེལ་བར་བྱེད། །ཅེས་པར་སྲིད་པའི་བདུད་རྩི་ཁྱབ་འཇུག་གིས་བརྐུས་པ་སོགས་ཀྱི་བསྔགས་པ་ཡོད་ཀྱང་མ་བརྗོད་ཅིང༌། དོན་ལོ་མ་ལྕགས་ཕྱེ་གཏོར་བ་འདྲ་བ། འབྲས་བུ་ལྕགས་ཀྱི་སྲན་ཆུང་ལྟ་བུ་རོ་མངར་བ་དེས་ནང་གསེས་རླུང་དང་མོ་མཚན་ལྷེན་བཅས་ཀྱི་ནད་ལ་ཡང་ཕན། ར་མཉེ་ལ་སྤྱིར་མིང་བཅོ་བརྒྱད་འདིར་གཅིག དེའང་འཁྲུངས་དཔེར། །ཡོན་ཏན་བརྒྱད་ལྡན་ར་མཉེ་ནི། །དབེན་གནས་ཉམས་དགའི་ཚལ་ལ་སྐྱེ། །རྩ་བ་དཀར་པོས་ས་གཞི་ཁྱབ། །ལོ་མ་སྔོན་པོ་རལ་གྲི་འདྲ། །མེ་ཏོག་དམར་པོས་སྟེང་ན་ཁྱབ། །འབྲས་བུ་ནང་དཀར་རིང་བསྲེལ་འདྲ། །རོ་ནི་ཁ་མངར་གསུམ་ག་ལྡན། །ཚེ་རིང་རྒས་སྲ་བཅུད་ལེན་འགྱུར། །རྩ་བ་ལྔ་ཡི་མཆོག་ཏུ་བཤད། །ཅེས་པ་ལྟར་རྩ་བ་དཀར་སེར་གྱིས་ས་གཞི་ཁྱབ་པ་ལོ་མ་ལྗང་གུ་རལ་གྲི་ཕྱར་བ་ལྟ་བུ་འབྲས་བུ་ཅན་རོ་བསྐ་ཁ་མངར་གསུམ་དང་ལྡན་པ་དེས་སྐྱ་རྦབ་དང་རླུང་སེལ་ཞིང་གཉིས་ཀའི་རྩ་བས་ཚེ་བསྲིང་ལ་ཆུ་སེར་གྱི་ནད་རྣམས་སེལ། ཨ་ཤོ་གནྡྷ་ལ་སྤྱིར་མིང་བདུན་འདིར་བ་སྤྲུ་བ་དང་གཉིས། དེ་དག་ནི་རྒྱ་སྐད་དེ་བསྒྱུར་ན་རྟའི་དྲི་ཞེས་བྱ་བ་ཡིན་པས་ན་མིང་ཙམ་ལ་བརྟེན་ནས་ལོ་ཙཱ་བ་ཁ་ཅིག་རྟ་བོན་པ་ལ་ངོས་འཛིན་ཀྱང༌། ངོ་བོ་ནི་འཁྲུངས་དཔེར། ཨ་ཤོ་གནྡྷ་རྒྱ་ཤོད་སྐྱེ། །རྩ་བ་ཐང་ཕྲོམ་རྩ་བ་འདྲ། །ལོ་མ་སྔོ་སྐྱ་འབྱར་རྩི་ཅན། །མེ་ཏོག་དམར་པོ་མཛེས་པའི་ཚུལ། །རོ་ནི་མངར་ལ་ཚ་བ་ཡིན། །ནུས་པས་སྨད་ཀྱི་དྲོད་སྐྱེད་ཅིང༌། །རྩ་བ་ལྔ་ཡི་མཆོག་ཏུ་བཤད། །ཅེས་པར་མེ་ཏོག་གིས་ཕྱེ་བའི་རིགས་གཉིས་ཀྱི་དཀར་པོ་ལོ་མ་ལྗང་སྐྱ་སྒོར་མོ་འབྱར་རྩི་ཅན་རྐང་ཕྲ་ལ་མེ་ཏོག་དམར་སྐྱ་འཆར་ཞིང་རོ་མངར་ལ་རྩ་བ་ཆེ་བ་དེས་སྨད་ཀྱི་གྲང་རླུང་གི་ནད་དང་སྐྱ་རྦབ་ཆུ་སེར་རྣམས་སེལ་ཞིང་རྡོ་སྐྲན་བཤིག མེ་ཏོག་ནག་པོ་ཤར་བ་དེ་ནི་གཏོང་མི་རུང་ངོ༌། །གཟེ་མ་ལ་སྤྱིར་མིང་དགུ་འདིར་གཅིག དེའང་འཁྲུངས་དཔེར། གཟེ་མ་རྒྱ་ཤོད་བྱེ་མར་སྐྱེ། །ལོ་མ་སྡོང་པོ་ས་གཞི་ཁྱབ། །མེ་ཏོག་ཆུང་དུ་མཐོང་བ་དཀའ། །འབྲས་བུ་གཟེ་མ་ར་མགོའི་དབྱིབས། །ཞེས་པ་ལྟར་ལོ་སྡོང་གིས་ས་གཞི་ཁྱབ་ཅིང་མེ་ཏོག་དཀར་སེར་ཆུང་ངུ་འཆར་བ་འབྲས་བུ་ཚེར་ཟུར་ཅན་ར་མགོའི་དབྱིབས་འདྲ་རོ་མངར་དེ་ལ་གཟེ་རྐྱང་ལྔ་ལྡན་སོགས་ཀྱི་དབྱེ་བ་ཡོད་པ་དེས་གཅིན་སྲི་བ་དང༌། གྲང་རླུང་གླང་ཤུ་གྲུམ་བུ་འོར། སྐྱ་རྦབ། མཁལ་མ་དང་རླུང་ནད་སོགས་སེལ་ཞིང༌། དེ་ལྟར་བཤད་པའི་ལྕ་བ། ཉེ་ཤིང༌། ར་མཉེ། ཨ་ཤོ་གནྡྷ་བཞིར་རྩ་བ་བཞི་དང༌། དེ་སྟེང་གཟེ་མའི་འབྲས་བུ་བསྣན་པར་རྩ་བ་ལྔ་ཞེས་ཐ་སྙད་དུ་གྲགས་སོ།།

སྲོག་ཆགས་ལས་བྱུང་བའི་སྨན་ལ་རྭའི་རིགས་དང༌། རུས་པ་དང༌། ཤ་དང༌། ཁྲག་དང༌། མཁྲིས་པ་དང༌། ཚིལ་དང༌། ཀླད་པ་དང༌། པགས་པ་དང༌། སེན་མོ་དང༌། སྤུ་དང༌། ཆུ་དང༌། བྲུན་དང༌། བུབས་རིལ་གྱི་ལུས་དང་བཅུ་གསུམ་འབྱུང་བ་དེ་དག་གིས་ནད་གང་ལ་གང་ཕན་གྱི་ནུས་པ་རིམ་པ་བཞིན་དུ་བསྟན་པར་བསེ་རུ་ལ་སྤྱིར་མིང་བཞི་འདིར་གཅིག དེའང་རྭ་མདོག་གིས་ཕྱེ་བའི་དཀར་ཁྲ་ནག་གསུམ་མཆོག་དམན་གོ་རིམ་བཞིན་གྱིས་བྱང་ཁོག་ནང་གི་རྣག་ཁྲག་དང་ཆུ་སེར་རྣམས་སྐེམ་ཞིང་དུག་ལ་ཕན། ཁ་ཤ་ལ་སྤྱིར་མིང་གཉིས་འདིར་གཅིག་ཏུ་འདོད་པ་དེ་དག་གིས་རྭ་སྟོད་སོགས་ནས་འོང་བའི་མཐོ་གང་ཙམ་འབོག་བཅས་དེ་དང༌། ཤ་བ་ལ་སྤྱིར་མིང་གསུམ་འདིར་གཅིག་ཏུ་བཤད་པ་དེའི་རྭ་འབོག་བཅས་འཁྲུལ་སོ་ཆུང་བ་དེ་ཡང་གོང་བཤད་ཀྱི་བསེ་རུའི་དེ་དང་ནུས་པ་འདྲའོ།། བཙོད་ལ་སྤྱིར་མིང་བདུན་འདིར་གཅིག་ཏུ་བོད་པའི་སྒེར་ནུས་ཀྱིས་རྨ་ལ་ཕན་ཞིང་ཁྱེའུ་བཙའ་བ་དང༌། དགོ་བ་ལ་སྤྱིར་མིང་དགུ་འདིར་གཅིག་ཏུ་འབོད་པ་དེ་གཉིས་ཀྱི་ར་ཡི་ནུས་པས་འཁྲུ་བ་རྣམས་གཅོད་ཅིང་བྱང་ཁོག་གི་རྣག་སྐེམ། རྒྱ་ལ་སྤྱིར་མིང་དྲུག འདིར་གཅིག་ཏུ་བཤད་པ་དེའི་རྭ་ནག་པོ་སྲབ་ལ་ཕྱི་སུལ་ཙི་ཙི་མ་ཞིབ་མོར་འོང་བ་དེ་དང༌། ལུག་ལ་སྤྱིར་མིང་དགུ་འདིར་གཅིག་ཏུ་བཤད་པའི་ཐུག་པོའི་རྭ་གཉིས་ཀྱིས་བུ་ཚ་འབྱིན་པར་བྱེད། རྒོད་གཡག་ལ་སྤྱིར་མིང་བཅུ་འདིར་གཅིག་ཏུ་བོད་པ་ནི་འབྲོང་སྟེ་དེའི་རྭས་ལུས་ཀྱི་དྲོད་སྐྱེད་ཅིང་སྐྲན་ནད་རྣམས་བཤིག་ཅིང་བྱང་ཁོག་གི་རྣག་སྐེམ། གཉན་ལ་སྤྱིར་མིང་བཅུ་གསུམ་འདིར་གཅིག་སྟེ་དེ་དག་གི་རྭ་ལུག་ཐུག་པོའི་རྭ་དབྱིབས་འདྲ་བ་ལ་དེ་ལས་ཆེ་བ་དེ་ཡིས་རིམས་ནད་རྣམས་སེལ་བར་བྱེད།

མི་ལ་སྤྱིར་མིང་ཉི་ཤུ་འདིར་གཅིག་ཏུ་འབོད་པ་དེའི་དུར་ནང་ནས་ཐོན་པའི་ཐོད་པའི་རུས་པས་ཆུ་སེར་སྐེམ་ཞིང་མིའི་རུས་པས་སྙིང་ནད་ལ་ཕན། དེ་བཙའ་མ་དང་ཁྱད་པར་སོག་ཐལ་གྱིས་ཚད་པ་རྙིང་པ་ལུས་ལ་ཞེན་པ་ཀུན་འགོག་པ་དང༌། མི་ཡི་དཔྱི་རུས་ཀྱིས་ལྷོག་པའང་གསོད། འབྲུག་ལ་སྤྱིར་མིང་བཅུ་དྲུག་འདིར་གཅིག་དེའི་རུས་པས་རུལ་བ་གཅོད་ཅིང་རྨེན་པ་འདྲུབ། སྟག་ལ་སྤྱིར་མིང་བཅོ་ལྔ་འདིར་གཅིག དེའི་རུས་པས་རུས་པའི་ལྷ་བ་འགུགས་པར་བྱེད། འགྲོན་བུ་ལ་སྤྱིར་མིང་བརྒྱད་འདིར་ཀརྵ་པ་ཎི་དང་གཉིས། དེའང་ཆེ་བ་རྒྱ་ནས་འོང་བ་མཆོག་དང༌། དམན་པ་ཆུང་ངུ་དེས་ཁྲག་གཅོད་ཅིང་རྣག་དང་དམུ་རྫིང་ཆུ་སེར་རྣམས་སྐེམ་པ་དང་སྐྲན་བཤིག་ཅིང་མིག་ལ་ཕན། མི་ཐོག་གིས་བསད་པའི་རུས་པ་དང༌། རྒྱུ་གཟེར་གྱིས་ཤི་བའི་ཐོད་པས་རྒྱུ་གཟེར་འཇོམས། ཕག་པ་ལ་སྤྱིར་མིང་དགུ་འདིར་གཏི་མུག་དང་གཉིས་སུ་འབོད་པ་དེའི་རུས་པས་བད་ཀན་སྨུག་པོ་སེལ་བར་བྱེད། ལུག་གི་སྤྱི་མིང་གོང་བཤད་དེའི་རུས་པས་རླུང་ནད་ཐམས་ཅད་སེལ་ཞིང༌། སེ་བ་རུས་ཞེས་པ་པུས་མོའི་ཚིགས་མགོར་འོང་བ་དེས་ཆུ་འགགས་སེལ། ཟེར་མོ་ལ་སྤྱིར་མིང་དྲུག་འདིར་གཅིག དེའི་རུས་པས་ཁྲག་ཤོར་ཀུན་གཅོད། སྤྲེའུ་ལ་སྤྱིར་མིང་བདུན་འདིར་གཅིག དེའི་རུས་པས་བུ་མ་འབྱིན་པ་འབྱིན་པར་བྱེད། འབུ་སྐྱོགས་ལ་སྤྱིར་མིང་བཅུ་འདིར་གཅིག་ཏུ་བཤད་པ་དེས་སྲིན་ནད་སེལ་ཞིང་དམུ་ཆུ་སྦྱོང༌། བཤུལ་ཆགས་ཅན་ཐམས་ཅད་ཀྱི་རུས་པས་ཆུ་སེར་སེལ།

མིའི་སྤྱི་མིང་གོང་དུ་སོང་བ་དེའི་ཤ་འདིར་ཤ་ཆེན་དུ་འབོད་པས་འབྲས་འདུལ་ཞིང་རླུང་ནད་དང་དུག་དང་གཉན་ནད་ཐམས་ཅད་འཇོམས། སྦྲུལ་ལ་སྤྱིར་མིང་བཅུ་གཅིག་འདིར་ཞེ་སྡང་དང་ཀླུའི་ཤ་སྟེ་གསུམ། དེའི་ཤས་འདྲིལ་བ་བཤིག་ཅིང་བགགས་པ་འབྱིན་པ་དང་མིག་དང་བྱིས་པའི་ཚ་གཟེར་གློ་ནད་མཛེ་རྨ་བྱེར་རྣམས་ལ་ཕན་ཞིང་རུས་འཛེར་འགོག བྱ་རྒོད་ལ་སྤྱིར་མིང་བཅུ་བཞི་འདིར་གཅིག །དེའི་ཤས་ལུས་ཀྱི་དྲོད་སྐྱེད་ཅིང་ལྦ་བ་ཀུན་འཇིག་ལ་གདོན་འཇོམས་པར་བྱེད། རྨ་བྱ་ལ་སྤྱིར་མིང་བཅུ་བདུན་འདིར་གཅིག དེའི་ཤ་ཡིས་མཁྲིས་པའི་ནད་དང་དུག་ནད་གདོན་རྣམས་འཇོམས། ད་བྱིད་ལ་སྤྱིར་མིང་དགུ་འདིར་ཕུའི་རྒྱལ་པོ་དང་གཉིས། དེའི་ཤ་ཡིས་མཁལ་རྐེད་ཀྱི་གྲང་བ་ཐམས་ཅད་སེལ། སྲམ་ལ་སྤྱིར་མིང་བརྒྱད་འདིར་གཅིག དེའི་མཆིན་པས་ཆུ་འགགས་པ་རྣམས་སེལ་བར་བྱེད། འཕྱི་བ་ལ་སྤྱིར་མིང་བདུན་འདིར་གཅིག དེའི་མཆིན་པས་རུས་པ་གས་པ་དང་ཆག་པ་རྣམས་སྦྱོར། ར་ལ་སྤྱིར་མིང་དགུ་འདིར་གཅིག དེ་ཡི་མཆིན་པས་མིག་དང་སྲིན་ལ་མཆོག་ཏུ་ཕན། གཞན་ཡང་སྲོག་ཆགས་ཀྱི་གློ་བ་དང་སྙིང་དང༌། མཆིན་པ་དང༌། མཆེར་པ་དང༌། མཁལ་མ་རྣམས་ཀྱི་ཤས་རང་རང་གི་ནད་སེལ། སྤྱང་ཀི་ལ་སྤྱིར་མིང་བཅུ་གཉིས་འདིར་གཅིག དེའི་ཕོ་བས་དྲོད་སྐྱེད་ལ་མ་ཞུ་བ་སྤྱི་དང་ཁྱད་པར་ཤ་འཇུ་བ་དང༌། སྤྱང་ཀིའི་ལྕེ་ཡིས་ལྕེ་སྐྲངས་པ་འཇོམས། ཕག་པའི་ལྕེ་ཡིས་རུས་འཛེར་རྣམས་འགོགས། ཁྱི་ལ་སྤྱིར་མིང་བཅུ་འདིར་གཅིག དེའི་ལྕེ་ཡིས་རྨ་རྣམས་འདྲུབ། བོང་བུ་ལ་སྤྱིར་མིང་བཅུ་བཞི་འདིར་གཅིག དེའི་ལྕེ་ཡིས་འཁྲུ་བ་གཅོད་པ་དང་ཐུག་པོའི་འབྲས་བུས་རོ་ཙ་བར་བྱེད། ཁྱིའི་རླིག་པས་བུ་རོག་འབྱིན། ཝ་ལ་སྤྱིར་མིང་དགུ་འདིར་གཅིག་ཏུ་འབོད་པ་དེ་དང༌། ཁུག་རྟ་ལ་སྤྱིར་མིང་བརྒྱད་འདིར་གཅིག་ཏུ་འབོད་པ་དེ་གཉིས་ཀྱི་གློ་བས་གློ་རྡོལ་གཅོད་པར་བྱེད། བྱ་ཝང་ལ་སྤྱིར་མིང་བཅུ་གསུམ་འདིར་གཅིག དེའི་ཤ་ཡིས་སྐྱུག་པ་གཅོད་ཅིང་གདོན་འཇོམས་པར་བྱེད། བྱེའུ་མཆིལ་པ་ལ་སྤྱིར་མིང་བདུན་འདིར་གཅིག ནས་ཟན་ལ་སྤྱིར་མིང་བཅུ་འདིར་གཅིག རྩངས་པ་ལ་སྤྱིར་མིང་བཅུ་གཅིག་འདིར་བར་གྱི་སྡེར་ཆགས་དང་གཉིས་སུ་བཤད་པ་རྣམས་ཀྱི་ཤས་ལུས་སྟོབས་དང་ཁུ་བ་སྐྱེད་ཅིང་རོ་ཙ་ལ་རྣག་འཁྱིམ་བརྡོལ་ཞིང་ཟུག་རྔུ་འབྱིན་པར་བྱེད། ངུར་པ་ལ་སྤྱིར་མིང་བཅུ་བཞི་འདིར་བནྡེ་དང་གཉིས། དེའི་ཤ་ཡིས་ཉྭ་ལོག་གི་ནད་སེལ་བར་བྱེད།

ཤ་བའི་ཁྲག་གིས་སྲིན་སེལ་ཞིང་མངལ་གྱི་ཁྲག་གཅོད་ལ་ཆང་ནད་མི་འབྱུང་བར་བྱེད། ར་ཡི་ཁྲག་གིས་རེག་པའི་དུག་དང་འབྲུམ་ནག་དང་སྨུག་པོ་མཛེ་ནད་སེལ། གཡག་རྒོད་ཀྱི་ཁྲག་དང་གཙོད་ཁྲག་གཉིས་ཀྱིས་འཁྲུ་བ་གཅོད། ཕག་ཁྲག་གིས་དུག་དང་སྨུག་པོའི་རིགས་བྱེར་བ་རྣམས་སྡུད། བོང་ཁྲག་གིས་གྲུམ་བུའི་ནད་དང་ཚིགས་མིག་གི་ཆུ་སེར་རྣམས་སེལ། བྱ་མཚའ་ལུ་ལ་སྤྱིར་མིང་བཅོ་ལྔ་འདིར་འདོད་ཆགས་དང་གཉིས་སུ་འདོད་པ་དེའི་ཟེ་བའི་ཁྲག་གིས་ཤ་གསོ་བ་དང་ལྷ་བ་འཛིན་ཅིང་ཉྭ་ལོག་སེལ། མངལ་ཁྲག་ལ་སྤྱི་དང་འདིར་མིང་གཅིག དེས་རྩ་ཁ་སྡོམ་ཞིང་ཤའུ་སྐྱེད་པར་བྱེད་ཅིང་མཛེར་ཕན།

མཁྲིས་པའི་རིགས་རྣམས་ཐམས་ཅད་ཀྱིས་རྩ་ཁ་ཀུན་བསྡམས་པ་དང་རུལ་པ་གཅོད་ཅིང་ཤའུ་གསོ་བ་དང་དུག་སེལ་ཞིང་མིག་ལ་ཕན།

སྦྲུལ་གྱི་ཚིལ་བུས་མདེའུ་ཕྱི་ལ་འབྱིན་ཅིང་ཉྭ་ལོག་སེལ། ཤ་བའི་ཚིལ་བུས་སྲིན་ནད་སེལ་ཞིང་དུག་ནད་སྲུང༌། ཕག་པའི་ཚིལ་བུས་དུག་ནད་བྱེར་བ་སྡུད་ཅིང་ཤུ་ཐོར་སེལ་སྐྲ་བྱི་བ་སྐྱེ། མིའི་ཚིལ་བུས་རླུང་ནད་མཐའ་དག་འཇོམས་ཤིང་ཤུ་ཐོར་སེལ།

རའི་ཀླད་པས་ཆུ་བ་དང་རྒྱུས་པ་ཆད་པ་རྣམས་གསོ། ལུག་གི་ཀླད་པས་མགོ་འཁོར་ཞིང་མཚོ་འཁྱོམ་པ་གསོ། རི་དྭགས་རྣམས་ཀྱི་ཀླད་པས་འཁྲུ་བའི་རིགས་གཅོད་ཅིང༌། ཁྱད་པར་རི་བོང་གི་ཀླད་པས་རྒྱུ་གཟེར་སེལ། མིའི་ཀླད་པས་སྐྲངས་པ་འཇོམས་ཤིང་ཆུ་སེར་འཇིག

སྦྲུལ་གྱི་པགས་པས་ཤ་བཀྲ་དང་གླང་ཤུ་སེལ། འབྱུང་གདོན་ལ་ཕན། བསེ་གོང་བཤད་ཀྱི་ཀོ་བ་དང༌། གླང་ལ་སྤྱིར་མིང་བཅུ་བཞི་འདིར་གཅིག དེའི་ཀོ་བ་གཉིས་ཀྱིས་འབྲུམ་ནག་སེལ། བྱི་བ་ལ་སྤྱིར་མིང་དགུ་འདིར་གཅིག དེའི་པགས་པས་རྣག་སྣ་འདྲེན་པར་བྱེད།

ཆུ་སྲིན་ལ་སྤྱིར་མིང་ཉི་ཤུ་རྩ་གཉིས་འདིར་གཅིག དེའི་སྡེར་མོས་རུས་པའི་ཚད་པ་སེལ་ཞེས་པ་ནི་ཆུ་སྲིན་གྱི་སྡེར་མོ་དངོས་དེའམ་དེ་མ་འབྱོར་ན་ནཱ་གི་ཞེས་པ་སྤོས་སྦྱོར་ལ་གཏོང་བ་དེའོ། །བོང་བུ་ནག་པོ་ལོ་གཅིག་སོང་བའི་ལག་གཡས་པའི་རྨིག་པས་ཆུ་འགགས་དང་རིམས་ནད་སེལ། རྟ་ལ་སྤྱིར་མིང་བཅུ་དྲུག་འདིར་གཅིག དེའི་རྨིག་པས་སྐྲན་གྱི་ནད་སེལ་ཞིང་ཀླུ་གདོན་ལ་ཕན། རྟ་བོན་པ་ཞེས་རྟའི་ལག་པའི་ལྡེབས་ཀྱི་ར་ལྟ་བུ་འབུར་བ་དེ་ཡིས་ཉྭ་ལོག་དང་ཀླུ་གདོན་འཇོམས་པར་བྱེད།

རྨ་བྱའི་མདོངས་ཀྱིས་དུག་དང་གློ་རྣག་རྣ་ནད་ཀླུ་གདོན་རྣམས་སེལ། སོ་བྱ་ལ་སྤྱིར་མིང་བཅུ་བཞི་འདིར་གཅིག དེའི་སྒྲོ་ཡིས་ཆུ་འགགས་པ་འབིགས་ཤིང་གདོན་སེལ། འུག་པ་ལ་སྤྱིར་མིང་བཅོ་ལྔ་འདིར་གཅིག དེའི་སྒྲོ་ཡིས་དམུ་ཆུ་སེལ་བར་བྱེད། བྱ་མ་བྱི་ལ་སྤྱིར་མིང་དྲུག་འདིར་གཅིག དེའི་མཇུག་སྒྲོས་མངལ་ནད་འབྱིན། གནའ་བ་ལ་སྤྱིར་མིང་བརྒྱད་འདིར་གཅིག དེའི་སྤུ་ཡིས་དུག་ནད་སེལ། ར་ཐུག་པོའི་རྨོངས་སྤུས་ལྷོག་པ་འཇོམས།

མི་ཆུས་གཉན་སྲིན་སེལ་ཞིང་རིམས་ནད་ཀྱང་བསྲུང༌། བ་ལ་སྤྱིར་མིང་བཅུ་འདིར་གཅིག དེའང་མཆོག་དམར་ཟལ་དང་གཞན་གང་བྱུང་གི་ཆུས་ཆུ་སེར་དང་ཚད་རྙིང་སྦྱོང་བར་བྱེད།

རྒོད་བྲུན་གྱིས་དྲོད་སྐྱེད་ཅིང་སྐྲན་བཤིག་པ་དང་སྐྲང་པ་འགུགས། ཕག་བྲུན་གྱིས་མ་ཞུ་གཉན་རིམས་དང་མཁྲིས་སྐྲན་སེལ། མི་བྲུན་གྱིས་མཁྲིས་སྐྲན་དང་དུག་ནད་སེལ་ཞིང་སྐྲངས་པ་དང་གདོན་འཇོམས། རྟའི་མིང་གོང་སོང་གི་སྦངས་ཀྱིས་སྲིན་ནད་སེལ་ཞིང་མཁྲིས་རླུང་དང་སྐྱུག་པ་གཅོད་གདོན་ལ་ཕན། ཆར་ཉིས་ཁྱེར་བ་སེར་ག་མ་ཞེས་པའི་དུགས་ཀྱིས་ཁྲག་འཁྱགས་ལ་ཕན། རི་བོང་གི་བྲུན་གྱིས་དམུ་ཆུ་ཐམས་ཅད་ཐུར་དུ་སྦྱོང་བར་བྱེད་ཅིང་རྨ་ལ་ཕན། ཁྱིའི་མིང་གོང་དུ་སོང་ཞིང་བྲུན་གྱི་ཁྱད་པར་ནུས་པས་གདོན་ལ་ཕན་པ་དང༌། སྤྱང་ཀིའི་མིང་གོང་དུ་སོང་བ་དང༌། གོང་མོ་ལ་སྤྱིར་མིང་དྲུག་འདིར་གཅིག་ཏུ་བཤད་པ་དེ་གསུམ་གྱི་བྲུན་གྱིས་སྐྲངས་པ་འཇོམས། བྱ་བྲུན་དང་བྱི་བའི་བྲུན་གཉིས་ཀྱིས་རྣག་སྣ་འདྲེན་ཞིང་བྱི་བྲུན་སྒེར་གྱིས་སྐྱིགས་བུ་སེལ། ཕུག་རོན་ལ་སྤྱིར་མིང་དགུ་འདིར་གཅིག དེའི་བྱ་བྲའི་བྲུན་གྱིས་སྐྲངས་པ་རྣམས་རྣག་ཏུ་འགུགས་ལ་དུགས་ཀྱིས་བད་ཀན་གྲུམ་བུ་དཀར་པོར་ཕན།

བྱང་པ་ལ་སྤྱིར་མིང་བཅུ་བཞི་འདིར་གཅིག དེའི་ལུས་ཀྱིས་རྩའི་ནད་རྣམས་སྦྱོང་བར་བྱེད། སྡིག་སྲིན་ལ་སྤྱིར་མིང་དགུ་འདིར་གཅིག་ཏུ་འདོད་པ་དང༌། ཆུ་ནང་གི་སྦུར་བ་མྱུར་བར་འགྲོ་བའི་སྦུར་ཆུང་ལ་སྤྱི་དང་འདིར་མིང་གཅིག དེ་གཉིས་ཀྱིས་ཆུ་འགགས་པ་སེལ་ཞིང་ཆུ་སྦུར་གྱིས་ཁྱད་པར་དུ་རྩ་ནད་འཇམ་པོར་སྦྱོང༌། བསེ་སྦུར་ལ་སྤྱི་དང་འདིར་མིང་གཅིག དེའང་འདི་ལ་ཁ་ཅིག་གཉིས་སུ་འབྱེད་པ་འདུག་ཀྱང་དེ་ལྟར་བྱེད་པ་ནི་ནུས་པ་སོགས་གང་གི་སྒོ་ནས་ཀྱང་མི་མཚུངས་པས་ན་བསེ་དྲི་མནམ་པའི་སྦུར་བ་དེ་རང་ལས་གཞན་དང་འཁྲུལ་པ་མེད་པ་དེས་གཉན་ཚད་དང་བྱིས་པའི་ལྟེ་མཁྲང་ལ་ཕན་པ་དང༌། བྱིང་བྱིང་ཐུ་ལུ་ལ་སྤྱིར་མིང་ལྔ་འདིར་གཅིག་ཏུ་བཤད་པ་དེ་གཉིས་ཀྱི་ནུས་པས་གླང་ཐབས་འཇོམས་ཤིང་བྱིང་བྱིང་ཐུ་ལུ་སྒེར་གྱིས་ཆུ་འགགས་འབིགས། སྤྲུ་མའི་འབུ་ལ་སྤྱི་དང་འདིར་མིང་གཅིག དེ་ཡིས་རྩའི་ཁྲག་ཤོར་བ་ཁོང་ནས་སྡོམ། ན་བུན་བུ་མོ་ལ་སྤྱིར་མིང་བརྒྱད་འདིར་གཅིག །དེས་ཀླད་པ་འཛག་པ་གཅོད། ཆུ་བྱི་ལ་སྤྱི་དང་འདིར་མིང་གཅིག་སྟེ་དེ་དག་ནི་ཕལ་སྐད་ཆུ་ཡེར་འབོད་པ་ཙི་ཙི་དང་ཕྱོགས་མཚུངས་ལ་དེ་ལས་མཆུ་དང་མཇུག་མ་རིང་ཞིང་ཕྲ་བ་དེ་དང༌། རྦ་བྱེ་ལ་སྤྱི་དང་འདིར་མིང་གཅིག དེ་ནི་བྱེའུ་ཨོག་མ་དཀར་པོ་རྦའི་དཀྱིལ་དུ་འཛུལ་འགྲོ་ཞིང་རྦ་བྱེ་ཨོག་དཀར་དུ་གྲགས་པ་དང་གཉིས་ཀྱི་ཤས་ཤ་དུག་སེལ། རྨིགས་པ་ལ་སྤྱིར་མིང་དགུ་འདིར་གཅིག་ཏུ་བཤད་པ་དེས་སྲིན་ནད་དང་དུག་ནད་སེལ་བར་བྱེད་ཅིང་དེ་ལྟར་དུ་བཤད་པ་རྣམས་ནི་རྐྱང་སེལ་གྱི་ལེའུ་འདིར་གསུངས་པ་རྣམས་གོ་རིམ་མ་འཁྲུགས་པ་དང་ནུས་པ་དངོས་བཤད་དང་ཁྱད་པར་ཅན་རྒྱུད་བཞི་འདིར་ཡོད་པ་རྣམས་དང་བཅས་འགྲེལ་བཤད་དུ་བགྱིས་པ་ཡིན་ཞིང༌།

གཞན་ཡང་མན་ངག་སོགས་ནས་བཤད་པ་བཅས་སྨན་གྱི་རིགས་སྐྱེས་མཐོང་མཐའ་དག་ཡིན་པས་བརྗོད་པའི་མཐའ་དང་བྲལ་བ་བློ་ལྡན་རྣམས་ཀྱིས་རྟོགས་པ་དེ་ཡིན་མོད། འོན་ཀྱང་བཤད་རྒྱུད་ཀྱི་སྨན་ལེ་འདི་ཉིད་དུ་མ་སྨོས་ཀྱང་རྒྱུད་གཞན་གསུམ་སོགས་ནས་གསུངས་པ་རྣམས་སྔར་ཕན་ངོ་ཇི་བཞིན་མེད་པར་ཚོད་ཚོད་འབའ་ཞིག་ལ་ཡིད་གཏོད་པ་ཞིག་འདུག་པར་སྨན་མིང་མི་གཅིག་ཀྱང་དོན་རྐྱང་སེལ་དུ་འཁོད་པ་རྣམས་རྒྱུད་གཞན་གསུམ་ལ་སོ་སོའི་ཐད་དུ་འགྲེལ་བཤད་བགྱིས་ལ་འདིར་མིང་སྨོས་ཙམ་དང་ནུས་པ་ཁྱད་པར་ཅན་གྱི་རིགས་བཅས་བཀོད་རྒྱུད་གཞན་གསུམ་ནས་གསུངས་པ་བཤད་རྒྱུད་འདིར་མེད་པ་རྣམས་དེ་དག་ངོས་འཛིན་པར་བློ་དམན་རྣམས་ལ་ཕན་ཁྱད་བཅས་ནས་གོ་རིམ་སོགས་ཀྱི་པར་བཀབ་ཆེར་མེད་པར་ཁ་སྐོང་དུ་ངོས་འཛིན་དང་ནུས་པ་ཅུང་ཟད་བརྗོད་པ་ལ།

དཀར་ཕྲ་མེན་ལ་སྤྱིར་མིང་བཅུ་གཉིས་འདིར་གཅིག དེ་ལ་ངོས་འཛིན་མང་ཡང་འཁྲུལ་མེད་གཟི་མིག་དགུ་པ་དེ་ཡིན་པས་སྟེང་གདོན་སྲུང༌། དངུལ་ཐལ་གྱིས་དམུ་ཆུ་སྐེམ་ཞིང་རུལ་གཅོད་འབྲས་ལ་ཕན། ལྕགས་འབྱུང་བའི་རྡོས་ཚེའི་བཅུད་ལེན་བྱེད། ལྕགས་དྲེག་ནི་གོང་སོང་གི་ནོར་སོ་མེད་པའི་ལྕགས་རིགས་གང་རུང་གི་དྲེག་པས་མིག་ནད་རྣམས་སྦྱོང་ཞིང༌། ལྕགས་ཐལ་དང་ལྕགས་ཕྱེས་འོར་དང་དམུ་ཆུ་སྐེམ། ཐོང་ལྕགས་ཀྱི་དུགས་ཀྱིས་ཚད་གཟེར་འཇོམས། རྩེའི་ཕྱེ་མས་ཟུག་རྔུ་འབྱིན། དུར་ནས་ཐོན་པའི་ལྕགས་ཀྱི་བཙས་མཆིན་པར་ཕན། ཐོག་ལྕགས་རྩ་དཀར་གྱི་ནད་ལ་བསྔགས། རག་ལ་སྤྱིར་མིང་ལྔ་འདིར་གཅིག དེའང་ཟངས་དང་ཏི་ཚ་བསྲེས་པ་ལས་བྱུང་བའི་སེར་པོ་དེ་དག་བསྲེགས་པའི་དུ་བས་མིག་བད་ཀན་གྱིས་ཚག་པ་རྣམས་སེལ། ཟངས་ནི་གོང་སོང་ནོར་ས་མེད་པ་དེའི་དྲེག་པས་འོར་དང་དམུ་ཆུ་སྦྱོང༌། ཐལ་བས་དམུ་ཆུ་དང་རྣག་ཁྲག་སྐེམ་གློ་བ་ལ་ཕན། ཟངས་རྡོ་ནི་ཁ་དོག་ངེས་མེད་ཟངས་ཚག་ཡོད་པ་དེ་ནུས་པ་ཟངས་དང་མཚུངས་ཤིང་ཁྱད་པར་དུ་གློ་བའི་རྣག་འདྲོངས་པར་བཤད། ས་རྩི་ཞེས་པ་སྤྱི་དང་འདིར་མིང་གཅིག དེའང་ཟངས་སྣོད་དུ་ཞོ་བསྙལ་བའི་གཡའ་དེས་མིག་ཚག་པ་སོ་སྲིན་སྦྱར་དུག་སོགས་ལ་ཕན། ཞ་ཉེ་ལ་སྤྱིར་མིང་དྲུག་འདིར་གཅིག དེའང་ནོར་སོ་མེད་ལ་དེས་རྨ་སོགས་ཀྱི་ཤ་རོ་གཅོད་ཅིང་རང་ལ་སྦྱར་བའི་དུག་སེལ། སྤང་མ་ལ་སྤྱིར་མིང་བཞི་འདིར་གཅིག་སྟེ་ཡོངས་ལ་གྲགས་ཤིང་ཚོན་བྱེད་པ་དེས་ཆུ་སེར་སྐེམ་པ་དང་མིག་གི་ལིང་ཐོག་གཅོད་ཅིང་སྐྲ་བྱི་བ་དང་ཕོ་མཚན་གྱི་ནད་ལ་བསྔགས། མཐིང་ལ་སྤྱིར་མིང་བདུན་འདིར་གཅིག་ནི་ཡོངས་གྲགས་ཚོན་བྱེད་པ་དེས་མཁལ་ནད་ཆུ་སྲི་བ་དང༌། ཆུ་བ་དང་རྒྱུས་པ་འགྲམས་པ་ལ་ཕན། ཆུ་རྡོ་ལ་སྤྱི་དང་འདིར་མིང་གཅིག དེའང་ཆུ་ནང་གི་རྡོ་གང་བྱུང་གི་དུགས་ཀྱིས་ཚ་བའི་ཁྲག་གཟེར་འཇོམས། རྒྱ་མཚོའི་ལྦུ་བ་ལ་སྤྱིར་མིང་བརྒྱད་འདིར་གཅིག དེའང་མཆོག་དཀར་པོ་མཁྲེགས་ཉམས་ཅུང་ཟད་ཡོད་པ་དང༌། དམན་པ་དེ་ལས་སོབ་པ་གཉིས་ཀྱིས་མཁལ་མ་དང་མིག་གཙོར་གྱུར་གྱི་ཚ་བའི་ནད་ལ་ཕན། ལྷང་ཚེར་ལ་སྤྱིར་མིང་ལྔ་འདིར་གཅིག དེ་ལ་དཀར་ནག་རིགས་གཉིས་ཀྱི་དཀར་པོས་རྨ་ལ་ཕན། ནིམ་པ་ལ་སྤྱིར་མིང་དྲུག་འདིར་གཅིག དེའང་འཁྲུངས་དཔེ་ཚད་ལྡན་མ་མཐོང་ཡང༌། ཤིང་སྨན་རྐང་དང་ལོ་མ་ཁ་དོག་སོགས་ཟྭ་ཤིང་དང་མཚུངས་པ་རོ་ཁ་བའི་མཐར་ཐུག་ཧ་ཅང་མཁྲེགས་པ་མ་ཡིན་པ་ནུས་པ་སླ་བསིལ་རྟུལ་མཉེན་དང་ལྡན་པ་དེས་མཁྲིས་པ་མིག་ནད། ཚ་བའི་ནད་རིགས་མཐའ་དག་དང་ཡི་ག་འཆུས་པ་སྐོམ་དད་ལྤགས་ནད་མེ་དབལ་གདོན་སོགས་ལ་ཕན་ཞིང་ཁྱད་པར་རུས་པའི་ཚད་པ་སེལ་བ་དང༌། རྩེ་མོས་མཁྲིས་པ་ཞི་སྦྱོང་བྱེད་ཅིང་རྨ་རེད་ཀྱང་སྦྱོང༌། ཕུར་མོ་ནི་ཨ་ཀྲོང་རིགས་བཞིའི་སྐབས་ཀྱང་འདྲེན་པ་ལ། འཁྲུངས་དཔེར། ཕུར་མོ་དཀར་ནག་སྨུག་པོ་གསུམ། །ཕུར་དཀར་བདུད་རྩི་ཟིལ་པ་ཅན། །ཉིན་སྲིབས་རི་མཐོ་དག་ལ་སྐྱེ། །ལོ་མ་སྔོ་ལ་སྡོང་པོ་རིང༌། །མེ་ཏོག་དཀར་པོ་དྲི་ཞིམ་ཁ། །རོ་ནི་ཚ་ལ་ཁ་བ་ཡིན། །ཞེས་པ་ལྟར་སྡོང་པོ་མགོ་ཐམས་ཅད་རྩ་བ་གཅིག་ལ་འདྲིལ་བ་ནོར་ས་མེད་པ་དེ་དང༌། འཁྲུངས་དཔེར། །ཕུར་ནག་སྲིབས་ཀྱི་ཁ་སྨད་སྐྱེ། །མེ་ཏོག་སྔོ་ལ་ནག་པ་སྟེ། །དྲི་ནི་མི་ཞིམ་རོ་ཡང་ཁ། །ཞེས་པ་ལྟར་ལོ་མ་སིབ་ཅན་མདོག་ནག་ངམ་གྱི་ཕུང་པོ་བཟང་བ་དང་སྨུག་པོ། འཁྲུངས་དཔེར། ཕུར་སྨུག་ཉིན་གྱི་བྲག་ལ་སྐྱེ། །ལོ་མ་མེ་ཏོག་སྨུག་ངམ་ཅན། །ནུས་པས་ཕོ་ལོག་གླང་ཐབས་སེལ། །ཞེས་མདོག་གི་ཁྱད་ལས་སྐྱེ་ཚུལ་སྔ་མ་བཞིན་གྱི་ནག་སྨུག་གཉིས་ཀྱི་མཆོག་ནག་པོར་བྱས་པའི་ཐལ་བས་གཉན་སྲིན་ལ་ཕན་ཞིང་སྐྲན་བཤིག་པ་དང་ཤུ་བ་སྐེམ། དཀར་པོའི་ཐལ་བས་རྩ་ཐིགས་སྡོམ་པ་དང་གློ་བ་ལ་ཕན། ཚར་འབྲུམ་ལ་སྤྱི་དང་འདིར་མིང་གཅིག །དེའང་འཁྲུངས་དཔེ་ཁུངས་མ་མ་མཐོང་ཡང་ལོ་མ་ཀུ་ཤུ་ལྟ་བུ་ཆུང་ཞིང་མཁྲེགས་པ་ཡུལ་གར་ཡང་ཡོད་པའི་ཚར་པའི་འབྲས་བུ་དམར་པོ་དེས་ཡན་ལག་ལ་ཆུ་སེར་བྱེར་བ་སྡུད། ཡོག་མོ་ལ་སྤྱིར་མིང་བཞི་འདིར་གཅིག དེའང་འཁྲུངས་དཔེ་དང་ངོ་མ་འཕྲོད་ཀྱང་ལོ་མ་སྐྱ་ཤུར་སྒོར་མོ་ཆུང་ངུ་མེ་ཏོག་སྔོ་ནག་ཅན་ཚར་བོང་རིགས་ཤིག་དང་ནོར་སོ་ཡོད་པ་ངོ་བོ་ཤིང་གི་རིགས་དེའི་ཐལ་བས་ཆུ་སེར་ལ་ཕན་ཞིང་ཤུ་བ་སྐེམ། སྤ་མ་ལ་སྤྱིར་མིང་གསུམ་འདིར་གཅིག དེའང་འཁྲུངས་དཔེ་མ་མཐོང་ཡང་ཤུག་པ་འདྲ་རུང་བ་དེའི་འབྲས་བུས་མཁྲིས་པ་སྡུད་ཅིང་གཞང་འབྲུམ་དང་ཆུ་སེར་སེལ། ལོ་མས་མཁྲིས་པ་ཤ་ལྤགས་ལ་རྒྱས་པ་ཕན། སྒྲོ་བ་ཤིང་ལ་སྤྱི་དང་འདིར་མིང་གཅིག དེའང་འཁྲུངས་དཔེ་ཁུངས་མ་མ་མཐོང་ཡང་མཆོག་ནི་ལོ་མ་ཚོམ་སྐྱེས་སྒོ་ངན་པ་རྐང་ལྡེམ་ཞིང་ཕལ་སྐད་སྤངས་པོ་སྒྲོ་བར་འབོད་པ་དང༌། དམན་པ་ལོ་མ་ཕྲ་ལ་སྒོ་བཟང་སྡོང་རྒན་ཡང་འོང་བ་ཕལ་སྐད་ཁྲག་ཁྲོག་པ་རྒས་པ་ཡིན་ཟེར་བ་དེ་གཉིས་ཀྱི་ནང་ནས་མཆོག་དེའི་མེ་ཏོག་རྒྱ་དཀར་དེས་ཚད་རྙིང་ཞེན་པ་སེལ་ཞིང་རྨའི་སྐྲངས་པོ་ལ་ཕན། ཡོ་འབོག་ལ་སྤྱི་དང་འདིར་མིང་གཅིག འཁྲུངས་དཔེར། ཡོ་འབོག་པ་ནི་སྡོང་པོ་ཅན། །ལྕང་མའི་ལོ་མ་འབྲས་བུ་འདྲ། །རོ་ནི་ཅུང་ཟད་ཁ་བ་ཡིན། །རང་གི་ནུས་པས་ཚིགས་ནད་སེལ།། ཞེས་པ་ལྟར་འདབ་མ་ཐུར་འཕྱང་བ་ཤུན་པས་བཀྲུ་བྱེད་བྱེད་པ་འཁྲུལ་སོ་ཆུང་བ་དེ་བྱུགས་པས་རྨར་ཕན། མ་གལ་ནི་ཡོངས་གྲགས་སྤྱིར་མིང་གསུམ་འདིར་གཅིག་སྟེ་འཁྲུངས་དཔེར། མ་གལ་ཞེས་བྱ་ལྕང་མའི་རིགས། །ལོ་མ་རྒྱབ་སྐྱ་སྤྲ་བ་འདྲ། །པགས་པ་ལྕང་མ་འདྲ་བ་ལ། །རོ་ཡང་ལྕང་མ་དག་དང་འདྲ། །ཞེས་སྡོང་པོ་སྦྱར་པ་ལྟ་བུ་རིང་བ་འདབ་མ་དཀར་པོ་ཕྱིར་སྤྲ་བ་ཡོད་པ་དེས་ཀྱང་རྨར་ཕན། རྩྭ་ཁུ་བྱུག་ལ་སྤྱི་དང་འདིར་མིང་གཅིག དེའང་འཁྲུངས་དཔེར། ལྡུམ་བུ་བྱང་ཆུབ་ཅེས་ཀྱང་བྱ། །ཀུ་ཤ་ས་ལུ་ཞེས་ཀྱང་བྱ། །འཇའ་ཚོན་མྱུ་གུ་ཞེས་ཀྱང་བྱ། །ཁུ་བྱུག་རྩྭ་ལྗང་ཞེས་ཀྱང་བྱ། །སྐྱེ་ས་ལྷོ་བལ་རོང་དུ་སྐྱེ། །ལོ་མ་དྲེས་མ་གཞོན་ནུ་འདྲ། །མེ་ཏོག་མཆོང་གི་བུམ་པ་འདྲ། །རྩ་བ་གསེར་གྱི་སྐོར་རྩེ་འདྲ། །རང་གི་ནུས་པས་རྩ་ཁ་འབྱེད། །ཆུ་འགག་རྡེལ་ནད་མ་ལུས་སེལ། །མེ་ཏོག་མངར་གསུམ་སྦྱར་བ་ཡིས། །བཅུད་ལེན་ཡོན་ཏན་མ་ལུས་འབྱུང༌། །ཞེས་གསུངས་པ་སྐྱེ་ལུགས་དང་ཚིགས་མདོག་སོགས་ཧ་ལམ་འདམ་ལྟ་བུ་ཚིགས་རེ་ནས་ལོ་མ་སྐྱེ་བ། རྩེ་མོ་ལོ་མས་གཏུམས་པའི་ནང་དུ་མེ་ཏོག་དང་འབྲུ་ཟི་ར་འདྲ་བ་ལ་དེ་ལས་ལེབ་ཙམ་འོང་བ་དེས་བུད་མེད་ཀྱི་མངལ་ཁྲག་གཅོད་ལ་མ་རྙེད་ན་ཁུ་བྱུག་རྫི་ཐོག་ཅེས་པ་ཡང་ངོས་མ་ཟིན་པའི་ར་མོ་ཤག་ལ་ངོས་འཛིན་པ་སོགས་དུ་མ་མཆིས་ཀྱང༌། ཁུ་བྱུག་རྫི་ཐོག་དང༌། རྩ་བར་མ་མ་སྒོ་ལྕགས། མ་མ་རྒྱས་རྒྱས། མངའ་རིས་གློ་བོ་སོགས་སུ་ཅིལ་བའི་མཆོང་སོགས་མིང་རྣམ་གྲངས་མང་བའི་རྩྭ་ལོ་མ་མེད་པ་རྩ་བས་མིག་ལ་སྒོ་ལྕགས་ཐེབས་པ་དེས་ཚབ་རུང༌། སྐྲ་བཟང་ལ་སྤྱི་དང་འདིར་མིང་གཅིག དེའང་ཕལ་ཆེར་པརྤ་ཏར་བཞེད་ཀྱང་འདི་ནི་འཁྲུངས་དཔེ་ལས། སྨན་མཆོག་རྒྱལ་པོ་ཟིལ་པ་ཅན། །རྒྱ་གར་བལ་མོན་གསེར་གླིང་སོགས། །ཡུལ་གཞན་མི་སྐྱེ་བོད་ན་སྐྱེ། །ཏི་སེ་གངས་ཀྱི་འདབ་མ་ལ། །ཆུ་དང་རྫ་ཕྲན་འདྲེས་པའི་ནང༌། །ལྷ་དང་དྲང་སྲོང་རྣམས་ཀྱིས་བསྐྱེད། །ལོ་མ་ཕྲ་ལ་སིབ་པ་སྟེ། །སྡོང་པོ་ཁོང་སྟོང་དམར་མདངས་ཅན། །མེ་ཏོག་སྔོ་སེར་པུ་ཤུད་མགོ། །འདི་ཡི་ནུས་པའི་སྟོབས་དག་གིས། །ཤིང་བཅུད་ག་བུར་ཟིལ་གྱིས་གནོན། །རོ་ནི་ཁ་ལ་ནུས་པ་བསིལ། །ཚད་པའི་རིགས་དང་རིམས་རྣམས་སེལ། །ཞེས་པའི་སྐྱེ་ཚུལ་ལོ་མ་སོགས་རེ་སྐོན་འདྲ་བ་ཁོང་སྟོང་རོ་ཁ་ཉམས་ཅན་མེ་ཏོག་སེར་པོ་པུ་ཤུད་མགོ་འཆར་བ་སྔོན་པོའི་རིགས་འབྱུང་བར་བཤད་ཀྱང་ད་ལྟ་ཁ་ཅིག་སེང་གེ་ཟིལ་པར་ཡང་བཞེད་པ་དེས་མཁྲིས་པ་དང་རིམས་ཚད་ལ་ཕན། འོལ་མོ་སེ་ལ་སྤྱི་དང་འདིར་མིང་གཅིག དེའང་འཁྲུངས་དཔེ་ཁུངས་མ་དང་ངོ་མ་འཕྲོད་རུང་སྡོང་པོ་ཆེ་བ་ལོ་མ་ལྗང་གུ་ཆུ་ལོ་ལྟ་བུ་རྩ་རིས་ཅན་འབྲས་བུ་སྨིན་ནས་དམར་པོ་འོང་བ་དེས་ལུས་ཀྱི་ལྤགས་ནད་དང་སྐྲངས་པ་རྣག་ཏུ་འགུགས་ཤིང་མཆེར་འགྲམས་དང་གཞང་འབྲུམ་ཁྲག་ཚབས་རྣམས་ལ་ཕན་པ་དང་རྩ་ནད་སྦྱོང༌། མདའ་རྒྱུས་ལ་སྤྱིར་མིང་བཞི་འདིར་གཅིག དེ་ཡང་འཁྲིལ་ཤིང་གི་རིགས་ལོ་རྐང་ལྗང་གུ་ལོ་དབྱིབས་སྲད་ནག་ལྟར་ལ་གང་བུ་སྲན་མའི་གང་བུ་འདྲ་བའི་ནང་འབྲུར་དམར་རུ་མགོ་ནག་ཅེས་ཡོངས་ལ་གྲགས་ཤིང་འཁྲུལ་སོ་ཆུང་བ་དེས་མཁྲིས་སྐྲན་དང་བུ་བཙར་མི་འདོད་པར་ཕན། དེ་བ་ད་རུ་ལ་སྤྱིར་མིང་མང་འདིར་བ་ད་ར་ཞེས་ཆིག་སྐྱེས་སུ་རྩེ་ཆེ་ལ་སྡོང་རྒན་ནམ་ཐང་ཤིང་ལྟར་གནམ་སྙེག་ཏུ་སྐྱེ་ཞིང་སྡོང་མདོག་ཀྱང་སྨུག་ནག་དང༌། ཆུང་བ་མི་གང་ཙམ་མདོག་དམར་ཉམས་ཅན་འབྱུང་ཞིང་དེ་དག་གི་ལྡེབས་ནས་ངར་པ་གྱེན་ལ་གཏོད་ཅིང་ལོ་མ་ལྗང་གུ་གཡག་མཇུག་ལྟ་བུ་ཁ་ཐུར་དུ་འཕྱང་བའི་ཁྲོད་ནས་མེ་ཏོག་གམ་སྙེ་མ་ཟ་རམ་བརྩེགས་ཆེ་བ་ཁྲུ་གང་ཙམ་ནས་ཆུང་བ་མཛུབ་མོ་ཙམ་དངོས་བསྟན་ཛོ་ཀིས་ཁྱེར་འོང་ཡང་ལྗོངས་འདིར་སུ་རུ་ཙནྡན་ནམ་གོར་ཙནྡན་སོགས་བཞེད་པ་མང་ཡང་གཙང་འགྲམ་དུ་སྐྱེ་བའི་རྒྱ་ཤུག་ལ་འཁྲུངས་དཔེར། རྒྱ་ཤུག་འབྲས་བུ་དྲེད་ལ་བརླན། །གློ་མཆིན་མཁྲིས་པའི་ནད་རྣམས་སེལ། །ཞུ་རྗེས་བསིལ་བའི་མཆོག་ཡིན་ནོ། །ཞེས་ཆུ་ཀླུང་འགྲམ་དུ་སྐྱེ་བའི་ཤུག་པ་ཁྲོ་ཞལ་གྱི་རྣམ་པ་ཡོད་པ་དེའི་འབྲས་བུས་གཅིན་འགགས་འབིགས་ཤིང་རླུང་དང་དྲེག་ནད་མོ་ནད་སོགས་སེལ། བ་མཁལ་ལ་སྤྱིར་མིང་དྲུག་འདིར་མཆིན་པ་ཞོ་ཤ་དང་གཉིས་དེའང་གླ་གོར་ཞོ་ཤའམ་མཆེར་པ་ཞོ་ཤ་དང་འཁྲུལ་པ་མང་ཡང་གོང་དུ་འཁྲུལ་སེལ་གླ་གོར་ཞོ་ཤའི་དུས་བཤད་པ་བཞིན་ཡིན་ལ་ངོ་བོ་ནི་འཁྲུངས་དཔེར། བ་མཁལ་སྨུག་པོ་ཞེས་བྱ་བ། །ལྷོ་རོང་ཚད་པའི་ཡུལ་དུ་སྐྱེ། །ཤིང་སྡོང་མཆོག་ཏུ་ཆེ་བ་ལ། །གང་བུ་འདོམ་ཕྱེད་ཙམ་ནང་ནས། །འབྲས་བུ་དམར་པོ་གླང་མིག་འདྲ། །ཞེས་པ་ཤིང་སྡོང་ཆེ་ལ་གང་བུ་འདོམ་ཕྱེད་ཙམ་གྱི་ནང་ནས་འབྲུ་དམར་པོ་ལེབ་ཆགས་མཆིན་པའི་མདོག་ལྟ་བུ་གླང་མིག་ཅེས་མཆིན་པ་ཞོ་ཤ་འོང་བ་དེས་རྩ་དཀར་དང་དུག་མཆིན་པའི་ནད་སོགས་ལ་ཕན། བྱི་ཤང་དཀར་མོ་ལ་སྤྱི་དང་འདིར་མིང་གཅིག །དེའང་ར་དཀར་འོ་མ། ཀྱི་ལྕེ་དཀར་པོ། བཤའ་རྡོ། རྡོ་བྱེལ་མགོ་འདྲ་བའི་རྡོ་དཀར་རྡོ་ཐལ་དངོས་ཅོང་ཞི་སོགས་ལ་བཞེད་པ་མང་ཞིང་འཁྲུངས་དཔེར། བྱི་ཤང་དཀར་མོ་སྤང་ལ་སྐྱེ། །འདབ་མ་གཅན་གཟན་སྨ་ར་འདྲ། །གློ་ཡི་ནད་ལ་ཕན་པར་བྱེད། ཅེས་སྔོ་རྐང་ཕྲ་བ་ངར་པའི་ཕོན་སྐྱེ་བ་ལས་འདབ་མ་ཆེར་མེད་པ་མེ་ཏོག་དཀར་པོ་འཆར་བ་དེས་གློ་བར་ཚད་པ་ཞུགས་པ་དང་ཕྱི་སྐྲན་ལ་རེང་བུ་བཙུག་ན་ཕན། གྲོ་ལོ་ས་འཛིན་ནམ་འབོལ་ལོ་ལ་སྤྱིར་མིང་གཉིས་འདིར་མིང་གཅིག དེ་ཡང་འཁྲུངས་དཔེར། གྲོ་མ་ཞེས་བྱ་ལོ་མ་སྐྱ། །མེ་ཏོག་ཁ་དོག་སེར་བ་སྟེ། །རྩ་བའི་སྡོང་པོ་ཀུན་གྱིས་ཟ། །རང་གི་ནུས་པ་བསིལ་བ་ཡིན། །ཞེས་ཡོངས་གྲགས་གྲོ་མ་ཞེས་པ་བ་ཐག་དམར་སེར་ཅན་དང༌། ཙི་ཙི་ས་འཛིན་ལ་སྤྱི་དང་འདིར་མིང་གཅིག འཁྲུངས་དཔེ་ཁུངས་མ་དང་ངོ་མ་འཕྲོད་ཀྱང་རྐང་སྦོམ་ལ་ལོ་མ་རལ་གྲི་འདྲ་བ་སྐོགས་འབྲུ་ལྗང་གུ་དེ་གཉིས་ནུས་པ་དྲོ་བས་ལོང་རླུང་སེལ། ཚན་ཞེས་པར་སྤྱི་དང་འདིར་མིང་གཅིག་དེ་ཡང་རིགས་བདུན་གར་འཁྲུངས་དཔེ་མ་མཐོང་ཡང་བྲག་སྲུབས་དང་ན་སྤང་ལ་སྐྱེ་བའི་རྩ་བ་དམར་པོ་ལོ་མ་ལྗང་ཆུང་རྐང་ཕྲ་བ་མེ་ཏོག་ཁ་ཞིབ་པོ་སིབ་སིབ་དེ་ལ་རྐང་དང་མེ་ཏོག་གི་དབྱེ་བས་དཀར་དམར་སེར་པོ། ཨ་ཙི་ནི་ལོ་མ་ཚེར་མ་ཕྲན་བུ་ཡོད་པ་ཟུར་གསུམ་མེ་ཏོག་སེར་པོ། ཚན་ནག་རྐང་སྦོམ་པ་ལོ་མ་ནག་སྨུག་འོང་བ། དཀར་པོ་རྐང་ཕྲ་བ་རྩ་བ་བྱི་མཇུག་འདྲ་བ་ལོ་མདོག་ལྗང་གུ་མེ་ཏོག་དཀར་པོ་འཆར་བ་སོགས་རིགས་མང་བ་དེ་རྣམས་ཀྱིས་ཚད་པའི་རིགས་དང་ཁྱད་པར་དཀར་པོས་སྙིང་གི་ཚད་པ་སེལ། ཟྭ་འབྲུམ་ལ་སྤྱི་དང་འདིར་མིང་གཅིག དེའང་འཁྲུངས་དཔེར། ཟྭ་ནི་རི་ཐང་མཚམས་སུ་སྐྱེ། །སྐྱེ་སྡོང་སེ་བ་སྨྱག་ཤད་འདྲ། །ངར་པ་སྨུག་ཅིང་དྲང་བ་སྟེ། །ལོ་མ་ལྗང་ནག་ཟུག་པར་བྱེད། །ཕོ་བའི་དྲོད་སྐྱེད་རླུང་འཇོམས་ཤིང༌། །ཚད་པ་རྙིང་པ་སེལ་བར་བྱེད། །ཅེས་པ་སྔོ་ལོ་མ་ཆེ་བ་མདོག་ནག་ངམ་ཚེར་ཆུང་གིས་ཤ་རྗེན་པར་རེག་ན་ལག་པ་སོགས་བལྡགས་འོང་བ་དེ་ལ་རྒོད་གཡུང་གཉིས་ལས་རྒོད་རི་དང༌། དམན་པ་ཀླུངས་སུ་སྐྱེ་པའི་འབྲུ་དེས་སྔོ་ངད་འཇུ་བར་བྱེད། ཟྭའི་ཕྱི་མོ་ལ་སྤྱིར་མིང་ལྔ་འདིར་གཅིག དེའང་ཨ་ཡ་ཟྭ་ཚོད་སོགས་ཡུལ་སྐད་དུ་ཟེར་བ་མན་ངག་ཏུ་ཕག་དུག་པར་ཡང་གྲགས་པ་འཁྲུངས་དཔེ་དང་ངོ་མ་འཕྲོད་ཀྱང་དབྱིབས་ཟྭ་འདྲ་བ་ཟུག་རྒྱུ་མེད་པ་དེས་རྨ་ལ་ཕན། སྒོག་འཛིམ་ལ་སྤྱི་དང་འདིར་མིང་གཅིག དེའང་རིགས་གཉིས་ལས་མཆོག་ནི་འཁྲུངས་དཔེར། ཤ་སྒོག་ཅེས་བྱ་རི་ནར་སྐྱེ། །ལོ་མ་བཙོང་འདྲ་མེ་ཏོག་སྔོ། །རོ་ནི་མངར་ལ་ཅུང་ཟད་ཁ། །རང་གི་ནུས་པས་མོ་ནད་དང༌། །སྲིན་ནད་མ་ལུས་འཇོམས་པར་བྱེད། །ཅེས་པ་སྐྱེ་ཚུལ་རྩ་བ་སོགས་བཙོང་ལྟ་བུ་དེ་ལས་ཆུང་ཞིང་ལོ་མ་ཕྲ་སྦོམ་གའུ་ཙམ་པ་ཚོམ་སྐྱེས་སུ་འོང་བ་མེ་ཏོག་གམ་སྙེ་མ་འུ་སུའི་འབྲས་བུ་ལྟར་ཆགས་པ་དེ་དང་དམན་པ་ལོ་མ་སྒོག་སྐྱའི་དབྱིབས་ཅན་ཕྲ་སིབ་དང་རྩ་བ་ར་མོ་ཤག་འདྲ་བ་བཞི་ཙམ་ཕྲལ་ཕྲུལ་དུ་འོང་བ་སོགས་འཛིམ་རིགས་ཀྱིས་སྔོ་ངད་ཀྱི་རིགས་འཇུ་བར་བྱེད། བྱི་བཟུང་ལ་སྤྱི་དང་འདིར་མིང་གཅིག་དེའང་འཁྲུངས་དཔེར། བྱི་བཟུང་མུ་དང་ལྡུམ་རར་སྐྱེ། །སྡོང་པོ་རིང་ལ་ལོ་མ་ཆེ། །ཚེར་མའི་ལྕགས་ཀྱུས་གཏུམས་པའི་ནང༌། །འབྲས་བུ་དམར་ཞིང་ནུས་པ་ཡིས། །སྐྲན་བཤིག་རྡོ་ནད་སེལ་བར་བྱེད། །ཅེས་ལོ་མ་ཆེ་བ་འབྲས་བུ་སྨུག་པོ་ཀུ་ཤུའི་ཚི་གུ་འདྲ་བ་ཚེར་མ་ལྕགས་ཀྱུའི་ཕུང་པོར་གནས་པས་གོས་དང་བྱི་བ་འཛིན་པ་དེས་རྡོའི་སྐྲན་རྣམས་བཤིག་པར་བྱེད། གནྔྷ་བྷ་དྲ་ཞེས་པར་སྤྱི་དང་འདིར་བོད་སྐད་དྲི་བཟང་གི་སྐད་དོད་ཟུར་ཆག་གི་གནྔྷ་པ་ཏྲ་དང་པ་ཋ་གཉིས་དེ་ལ་ངོས་འཛིན་མང་ཞིང་ཚད་པ་སོགས་ཀྱི་སྐབས་རིག་བརྟགས་ཀྱི་སྤང་སྤོས་གཏོང་བ་སོགས་མཆིས་རུང་ཁ་དང་མཁལ་མའི་ནད་ལ་གོ་ཡུ་གཏོང་བ་གཤམ་དུ་འཆད་ལ། ངོ་བོ་ནི་འཁྲུངས་དཔེ་དང་ངོ་མ་འཕྲོད་རུང་ཡིག་རྙིང་གི་འདྲ་དཔེའི་དུས། གནྔྷ་བྷ་དྲ་སྤྲ་བའི་ཐོག་གུ་འདྲ། །ཞེས་སྔོ་སྨན་སྤྲ་བའི་ཐོག་གུ་འདྲ་བ་རྐང་རིང་བ་ལོ་མ་རྒྱ་ཁུར་འདྲ་བ་ཕྲ་ཉམས་ཅན་མེ་ཏོག་སེར་པོ་དར་ཕོད་ཀྱི་དབྱིབས་ཅན་དང༌། མེ་ཏོག་སྐྱ་སོབ་འདབ་མ་ཟུར་བཞི་པ་འཆར་བ་དྲི་བཟང་ཞིང་ཞིམ་པ་དཀར་སེར་གཉིས་ཀྱིས་སྐྲན་བཤིག་ཅིང་བད་ཀན་སྐྱ་རྦབ་དྲེག་དང་མཁལ་ནད་ཆམ་པ་དུག་སོགས་ལ་ཕན། པ་ཋ་ལ་སྤྱིར་མིང་བདུན་འདིར་གཅིག དེའང་འཁྲུངས་དཔེ་ཁུངས་མ་དང་ངོ་མ་འཕྲོད་ཀྱང་ཤིང་སྡོང་པོ་མདོག་སྤང་སྐྱ་ཆེ་བ་རྩ་རྩེ་མེད་པར་ཕྲ་སྦོམ་སྙོམས་པ་ལོ་མ་ལྗང་གུ་རིང་བ་དང་འབྲས་བུའི་ཕྱི་སྐོགས་རྩྭ་ལྟ་བུ་རིམ་པ་གསུམ་གྱིས་གཏུམས་པ་ཁ་ཐུར་དུ་བསྟན་པའི་ནང་འབྲུ་རིལ་མོ་ཡོངས་གྲགས་གོ་ཡུ་ཞེས་པ་དེས་ཁ་དང་མཁལ་མའི་ནད་སེལ། སྤྲུ་མ་ལ་སྤྱིར་མིང་གསུམ་འདིར་གཅིག །དེའང་འཁྲུངས་དཔེར། སྤྲུ་མ་དག་ལ་རྣམ་པ་གཉིས། །ཉིན་སྲིབས་རི་ཐང་ངེས་མེད་སྐྱེ། །ལོ་མ་ནག་ངམ་སྤུ་ཞོལ་ཅན། །མེ་ཏོག་དཀར་པོའི་གདུགས་ཕུབ་པ། །དཀར་པོ་ལོ་མ་སྔོ་ལ་མཉེན། །སྡོང་པོ་རིང་ལྡེམ་མེ་ཏོག་དཀར། །རང་གི་ནུས་པས་ཁྲག་གཅོད་ཅིང༌། །ལྷོག་པ་འདུལ་ཞིང་སྐྲངས་པ་འཇོམས། །དྲི་དུགས་ཆེ་བས་གདོན་རྣམས་འཇོམས། །གཞན་ཡང་ཡོན་ཏན་བསམ་མི་ཁྱབ། །ཅེས་པ་ལོ་མ་ཆེ་བ་ཉ་ག་ཅན་ཕྱི་སྤུ་སྐྱས་ཁེངས་པ་སྡོང་པོ་ཆེ་བ་ཁོག་སོབ་མེ་ཏོག་ཏང་ཀུན་འདྲ་བ་དཀར་པོ་དང༌། ནུས་པ་མཆོག་ནི་མདོག་སེར་ཉམས་ཅན་དྲི་དུགས་ཆེ་བ་ལོ་མ་སྒོར་འཇོང་མེ་ཏོག་སྤུ་དཀར་གྱི་དབྱིབས་ནག་པོ་དེ་བས་ཀྱང་ཆེ་ཞིང་རྔམས་པ་མེ་ཏོག་སེར་པོ་འཆར་བ་གསུམ་གྱི་རྩ་བས་གཉན་དང་ཚད་པ་རིམས་སྲིན་སོགས་འཇོམས་ཤིང་ཁྲག་ཤོར་གཅོད་ལ་འབྲས་འདུལ་མཛེ་ནད་ལ་ཕན། འབྲུ་ལ་ཤུ་ཏི་སྟེ་རྣ་བའི་ནད་གླང་ཐབས་མེ་དབལ་རླུང་གི་རིགས་སོགས་ལ་ཕན། སྨྱུག་མ་ལ་སྤྱིར་མིང་དགུ་འདིར་གཅིག །དེའང་འཁྲུངས་དཔེ་མ་མཐོང་ཡང་རྟོགས་སླ་བ་གཞོན་ནུའི་རྩིས་བྱིས་པའི་ལྟེ་མཁྲང་དང་མོ་ཚབས་དང་བྱང་ཁོག་གི་རྨ་ཚ་བ་རྙིངས་པ་སོགས་ལ་ཕན། མིང་ཅན་སེར་པོ་ལ་སྤྱིར་མིང་བཞི་འདིར་གཅིག དེ་ལ་འཁྲུངས་དཔེར། མིང་ཅན་སེར་པོ་ཞེས་བྱ་བ། །རོ་ནི་ཅུང་ཟད་ཁ་བ་ཡིན། །རང་གི་ནུས་པས་ལྷོག་པ་འཇོམས། །ཞེས་པ་ཙམ་ལས་མ་གསལ་ཀྱང་ལུག་མིག་ལས་ཆེ་ཙམ་མེ་ཏོག་སེར་པོ་རལ་གྲི་གཤིབས་པ་འདྲ་བ་དྲི་དུགས་ཆེ་བ་འུག་པ་ལག་པར་གྲགས་པ་དེ་དང༌། ནག་པོ་ལ་སྤྱིར་མིང་གསུམ་འདིར་གཅིག །དེའང་འཁྲུངས་དཔེར། སྔོ་སྨན་རྒྱལ་པོ་ཆིག་ཐུབ་གམ། །མིང་ཅན་སྲིབས་ཀྱི་རི་ལ་སྐྱེ། །སྡོང་པོ་རིང་ཐུང་མཐོ་གང་ཙམ། །ལོ་མ་པདྨ་འདྲ་ལ་མཐུག །སྣུམ་ཞིང་འབྱར་བག་དྲི་དང་ལྡན། །མེ་ཏོག་གསེར་གྱི་འཁོར་ལོ་འདྲ། །ཟེའུ་འབྲུ་ནག་པོ་ལུག་མིག་འདྲ། །གཉན་ནད་གག་ལྷོག་སེལ་བར་བྱེད། །ཅེས་པ་ལ་ལུག་མིག་རྒོད་ཡག་ཏུ་སྐྱེས་པ་ལ་ངོས་འཛིན་པ་དང༌། ལྷོག་དུག་པའམ་སྔོ་སྒ་དང་ནོར་སོ་ཡོད་པ་དྲི་དུགས་པ་དེར་ངོས་འཛིན་པ་གཉིས་ནས་འཁྲུངས་དཔེའི་མེ་ཏོག་གསེར་གྱི་འཁོར་ལོ་དང་དྲི་རོས་རྩ་བ་ཟངས་ཁ་འདྲ་བ་དམར་བས་གྲིལ་ནས་ཡོད་པ་ལོ་མ་མཐུག་ལ་མེ་ཏོག་སེར་པོ་ཟེའུ་འབྲུ་སེར་ནག་ཅན་ཕྱི་མ་མཆོག་དང༌། དམན་པ་འཁྲུངས་དཔེར། མིང་ཅན་རྫ་འདབ་ཁྲོད་དུ་སྐྱེ། །ལོ་མ་སྤུ་འཇམ་འབྱར་བག་ཆེ། །དྲི་དུགས་མེ་ཏོག་ལུག་མིག་འདྲ། །རིང་ཐུང་མཐོ་རེ་མཁྱིད་རེ་ཙམ། །གཉན་གཟེར་གག་ལྷོག་རབ་ཏུ་འཇོམས། །ཟེར་བའི་རིང་ཐུང་མཐོ་རེ་ཁྲུ་རེ་ཙམ་ལོ་མ་ཆེ་ཞིང་རིང་བ་མེ་ཏོག་དབྱིབས་སྒྲོལ་མ་མེ་ཏོག་ཟེར་བ་དང་མཚུངས་པ་དྲི་དུགས་པ་དེ་རྣམས་ཀྱིས་ཀླུ་གདོན་དང་གཟེར་རིགས་འཇོམས་ཤིང་ནག་པོས་སྐྲངས་པ་གདོན་རིམས་དུག་སོགས་ལ་ཕན། བྲེ་གུ་སེར་ཐིག་ལ་སྤྱི་དང་འདིར་མིང་གཅིག །དེའང་འཁྲུངས་དཔེར། བྲེ་གུ་སེར་ཐིག་ཅེས་བྱ་བ། །བྲག་དང་ཕ་བོང་སྤང་ལ་སྐྱེ། །ལོ་མ་ཕྲ་ལ་ལྡེམ་པ་སྟེ། །ཕྱི་ནང་གཉིས་པོ་སེར་ཐིག་ཅན། །རོ་ནི་མངར་ལ་ཅུང་ཟད་ཁ། །རང་གི་ནུས་པས་དབྱིག་དུག་སེལ། །ཞེས་པ་ལོ་མ་སོག་ལེ་ཁ་ཁྲང་བོར་སྐྱེ་བ་ཕྱི་ནང་གཉིས་སུ་སེར་ཐིག་ཡོད་པ་རོ་མངར་ལ་ཁ་ཉམས་ཅན་དེས་དབྱིག་དུག་དང་མཁྲིས་རིམས་སེལ་ཞིང་བྱང་ཁོག་གི་རྨ་ལ་ཕན། གཡར་མོ་ཐང་ལ་སྤྱི་དང་འདིར་མིང་གཅིག དེའང་འཁྲུངས་དཔེར། གཡར་མོ་ཐང་ཞེས་བྱ་བའི་སྨན། །སྤང་གཤོང་ནེའུ་སིང་ཀུན་ལ་སྐྱེ། །མེ་ཏོག་པདྨ་རཱ་གའི་མདངས། །ས་གཞི་དམར་པོར་སྒྱུར་བར་བྱེད། །ལོ་མ་ཕྲ་ཞིབ་ཉ་ག་ཅན། །རང་གི་ནུས་པས་སྐྲངས་པ་འཇོམས། །ཞེས་པ་སྤང་གཤོང་དང་ནེའུ་སིང་ལ་སྐྱེ་བ་མེ་ཏོག་པད་རཱག་གི་མདངས་ཅན་ཁ་ལོ་ཕྲ་སིབ་ཉག་མ་ཅན་དེས་སྐྲངས་པ་འཇོམས་ཤིང་རྨ་གསོ། སྦྲང་ཆང་ལ་སྦྱར་ན་ཆུ་སེར་སྐེམ། པད་རྩ་ཞེས་པ་པདྨར་མིང་མང་ཡང་ཟུང་འགྲེལ་ལ་སྤྱི་དང་འདིར་མིང་གཅིག་དེའང་དངོས་དང་པུཎྜ་རྰི་ཀའི་རྩ་བ་སོགས་བཤད་ཚུལ་མང་ཡང་གངས་ལའི་རྩ་བས་མེ་དབལ་ལ་ཕན། ནད་མ་ལ་སྤྱི་དང་འདིར་མིང་གཅིག དེའང་འབྲུ་སྣལ་མར་འབྱར་ཞིང༌། དེའི་རིགས་དཀར་སྔོ་གཉིས་ལས་དཀར་པོ་ལ་ནད་མ་ཀྱི་མ་སྟེ་འཁྲུངས་དཔེ་ཁུངས་མ་དང་ངོ་མ་འཕྲོད་ཀྱང་མདོག་ལྗང་སེར་རྩ་བ་གཅིག་ནས་ཡལ་ག་རྒྱས་པ་ལོ་མ་སིབ་པ་མེ་ཏོག་དཀར་པོ་སྔོ་མདངས་ཅན་དང༌། ནད་མ་སྦྱར་མ་རྐང་དམར་ཤས་ཅན་ལོ་མ་སིབ་ཆུང་མེ་ཏོག་དམར་སྐྱ་འཆར་བ་དང་སྔོ་སྐྱ་འཆར་བ་རྣམས་དཀར་པོའི་རིགས་དང་སྔོན་པོར་ནད་མ་སྣུན་མ་སྟེ་འཁྲུངས་དཔེར། ནད་མ་སྣུན་མའི་མཚན་ཉིད་ནི། །ཆུ་ཀླུང་ཆེན་པོའི་འགྲམ་ན་སྐྱེ། །ལོ་མ་སྒང་ལ་སྟག་པ་འཁྲིལ། །འབྲས་བུ་ལུང་ཐང་འབྲུ་གུ་འདྲ། །ཞེས་པ་མེ་ཏོག་སྔོ་ཆུང་ལོ་མ་ཧ་ལམ་རྒྱ་ཁུར་འདྲ་བ་གསུམ་གྱི་ནང་གསེས་དབྱེ་བ་མང་བའི་དུགས་ཀྱིས་མངལ་སྐྲན་ལ་ཕན། ནད་མ་གཡུ་ལོ་ལ་འཁྲུངས་དཔེར། ནད་མ་གཡུ་ལོ་དབུས་སུ་སྐྱེ། །ཡལ་ག་འཁྱོག་ཅིང་ས་ལ་འབྱར། །མེ་ཏོག་མཐིང་ཤུན་བེའུ་རྩེ་འདྲ། །འདབ་མ་ཡུ་བ་གཡུ་བ་སྟེ། །འབྲས་བུ་འབྱར་འཁྲིལ་རྨ་གསོ་ཞིང༌། །རྣག་སྐེམ་རྩ་བས་སོ་སྲིན་འཇོམས། །ཞེས་པ་ལོ་མ་སྒོར་ཉམས་ཐ་རམ་འདྲ་བའི་སྤུ་ཅན་འཇམ་པ་སྡོང་རྐང་གི་སྤུ་རྩུབ་པ་མེ་ཏོག་སྔོ་སངས་དཀྱིལ་སེར་པོ་འཆར་བ་དེས་རྨར་ཕན། ཤིང་གསོམ་ལ་སྤྱིར་མིང་བདུན་འདིར་གཅིག དེའང་འཁྲུངས་དཔེ་ཁུངས་མ་མ་མཐོང་ཡང་རྐང་འདྲོངས་ལ་ཡལ་ག་སྡེབས་སུ་ཚོམས་སྐྱེས་ལོ་མ་ལྗང་གུ་སིབ་པ་རྒྱང་བལྟས་ཆེ་བ་དེའི་ཐལ་བས་རེག་དུག་ལ་ཕན། སྔོ་སྒ་ལ་སྤྱི་དང་འདིར་མིང་གཅིག དེའང་འཁྲུངས་དཔེར། མཁྲིས་པ་འདུལ་བྱེད་སྒ་ཆུང་པ། །ཤ་བ་ཡུ་ཐུང་ཞེས་ཀྱང་བྱ། །སྲིབས་རི་སྤང་ལ་སྐྱེ་བ་སྟེ། །ལོ་མ་སྣུམ་མཐུག་མདངས་དང་ལྡན། །སྡོང་པོ་རིང་ལྡེམ་མེ་ཏོག་སེར། །རོ་ནི་ཁ་ལ་ཚ་བ་ཡིན། །རང་གི་ནུས་པས་བད་ཀན་དང༌། །དུག་ནད་གཟེར་རིགས་ཐམས་ཅད་སེལ། །ཞེས་པ་སྲིབས་སུ་སྐྱེ་བའི་སྡོང་པོ་ལྗང་གུ་ལོ་མ་ཤ་བའི་རྣ་བ་ལྟ་བུ་མེ་ཏོག་སེར་པོ་རོ་ཁ་ཚ་ཡོད་པ་དེས་ཚད་ནད་དང་མཁྲིས་ཚད་མགོ་ནད་སེལ། གཡེར་མ་ལ་སྤྱི་དང་འདིར་མིང་གཅིག དེའང་འཁྲུངས་དཔེར། གཡེར་མ་ཞེས་བྱ་ཤིང་གི་རིགས། །ཤིང་ནག་གདུག་རྩུབ་ཚེར་མ་ཅན། །མེ་ཏོག་སེར་ཆུང་འབྲས་བུ་ནི། །རོ་དང་ལྡན་ཏེ་རབ་ཏུ་རྩུབ། །རང་གི་ནུས་པས་སྐད་ཀྱང་སྟེར། །རྩ་ཁ་འབྱེད་པའི་མཆོག་ཏུ་བཤད། །ཅེས་པ་རྐང་ཕྲ་ལ་སྡོང་པོ་ཆེ་བ་ཚེར་མ་ཅན་སྐྱེ་ལུགས་སྐྱི་བ་འདྲ་བ་ལོ་མ་སིབ་ཅན་འབྲས་བུ་འཁྲུལ་སོ་ཆུང་བ་དེས་སྲིན་གསོད་ཅིང་རྩ་ཁ་འབྱེ་བ་དང་སྐད་དང་ཁ་ནད་ཟ་འཕྲུག་སོགས་ལ་ཕན་ཞིང་ཆང་ནད་འབྱང་བར་བྱེད། ལུག་ཤོ་ནི་ཤོ་མངས་སྤྱིར་བཤད་ལས་སྒེར་དུ་མིང་གཅིག་པོ་ལས་མེད་ལ། དེའང་གང་དུ་སོང་བའི་ཀླུངས་ཤོ་མེ་ཏོག་གི་དབྱེ་བས་སེར་པོ་འཆར་བར་བཞེད་པ་དང༌། ཆུ་ཤོར་ཀྱང་ངོས་འཛིན་སོགས་མང་ཡང་ངོ་བོ་ནི་འཁྲུངས་དཔེ་དང་ངོ་མ་འཕྲོད་ཀྱང་རིའི་གཡའ་སྤང་མཚམས་ཀྱི་ས་གཞིར་བགྲད་ནས་སྐྱེ་བའི་ལོ་མ་ཆུང་བ་དེས་འབྲུམ་བུ་ཕྱིར་འཕུལ་ཞིང་རྨའི་ཚད་པ་སེལ། རྒྱ་ཤོ་ལ་སྤྱིར་མིང་ལྔ་འདིར་གཅིག དེའང་འཁྲུངས་དཔེར། རྒྱ་ཤོ་བ་ནི་ལྡུམ་རར་སྐྱེ། །ལོ་མ་ལྗང་དམར་ཆེ་བ་ལ། །མེ་ཏོག་ངར་པ་ཤོ་ཕུང་འདྲ། །རྩ་བ་སེར་པོ་ཆུ་རྩ་འདྲ། །རྨ་དང་དུག་ནད་ཤུ་ཐོར་འཇོམས། །ཞེས་པ་ལྟར་སྐྱེ་ཚུལ་སྡོང་པོ་སོགས་ཧ་ལམ་ཡུངས་ཀར་ལྟར་རྩ་བ་གཅིག་ནས་མགལ་ལག་མང་བར་གྱེས་ཤིང་ལོ་དབྱིབས་བོད་ཤོ་ལས་ཟླུམ་པ་ལོ་རྐང་གཉིས་ལྗང་གུ་དང་རྒྱ་སྨུག་ཅི་རིགས་འབྱུང་བ་མེ་ཏོག་བོད་ཤོ་ལྟ་བུ་ལ་དེ་བས་རྒྱ་མདངས་ཤིན་ཏུ་དྭངས་ལ་སིབ་པ་དེས་རུས་པའི་ཚད་པ་སོགས་རྨ་ལ་ཕན། སུག་པ་ལ་སྤྱིར་མིང་ལྔ་འདིར་གཅིག དེའང་འཁྲུངས་དཔེར། བྱ་རྒོད་སུག་པ་ཞེས་བྱ་བ། །རྩ་བ་སྡོང་པོ་དཀར་བ་ལ། །བྱ་རྒོད་ཐང་ལ་བབས་པ་འདྲ། །རོ་ནི་ཁ་ལ་ནུས་པ་བསིལ། །ཞེས་པར་རིགས་གཉིས་ལས་ལོ་མ་དཀར་པོ་ཆེ་ཙམ་ལུག་སུག་དང༌། ལོ་རྐང་ཕྲ་སིབ་ཅན་ར་སུག་སྟེ་དེ་གཉིས་ཀྱི་རྩ་བའི་ཐལ་བས་དྲི་མ་འགགས་པ་སེལ་ཞིང་བྱུགས་ན་ཆུ་སེར་སྐེམ། སྤེན་མ་ལ་སྤྱིར་མིང་བཞི་འདིར་གཅིག དེའང་འཁྲུངས་དཔེར་ངོ་མ་འཕྲོད་རུང༌། །རྐང་དམར་པོ་མེ་ཏོག་སེར་ཆུང་འཆར་བ་དེའི་ཐལ་བས་ནུ་ཚབས་ལ་ཕན་ཞིང་དམུ་ཆུའི་རྩ་ལམ་སྦྱོང༌། ཇུ་རྩེ་ལ་སྤྱི་དང་འདིར་མིང་གཅིག དེའང་འཁྲུངས་དཔེ་ཁུངས་མ་མ་བྱུང་ཡང་རྒྱ་ལྗང་ནས་འོང་བའི་འབྲུ་དེས་རྨ་ལ་ཕན། འབྲི་མོག་ལ་སྤྱི་དང་འདིར་མིང་གཅིག དེའང་འཁྲུངས་དཔེར། འབྲི་མོག་ཅེས་བྱའི་སྨན་མཆོག་ནི། །ས་མཁྲང་གྲམ་པ་དག་ལ་སྐྱེ། །ལོ་མ་སྐྱ་ལ་རབ་ཏུ་རྩུབ། །མེ་ཏོག་རྩ་བ་དམར་བ་ལ། །རོ་ནི་མངར་ལ་ཅུང་ཟད་ཁ། །རང་གི་ནུས་པས་གློ་ནད་སེལ། །ཞེས་པ་ལོ་རྐང་སྤུ་ཆུང་ཅན་དེའི་རྩ་བས་སྣ་ཁྲག་གཅོད་ཅིང་གློ་རྡོལ་སོགས་གློ་ནད་ཁྲག་ཚད་རྣམས་དང་སྦྱར་དུག་སེལ། སྐེ་ཚེ་ལ་སྤྱིར་མིང་གསུམ་འདིར་གཅིག དེའང་འཁྲུངས་དཔེར། སྐེ་ཚེ་ལོ་མ་ནག་ལ་རྩུབ། །སྡོང་པོ་མེ་ཏོག་འབྲས་བུ་གསུམ། །ཡུངས་ནག་དག་དང་འདྲ་བ་ཡིན། །རོ་ནི་ཚ་ལ་རྩུབ་པ་ཡིན། །ནུས་པས་སྐྲངས་དང་ལྷོག་པ་འཇོམས།། ཞེས་བཤད་པའི་རིགས་དཀར་ནག་གཉིས་ལས་དཀར་པོ་ཤང་ཚེ་ནག་པོར་སྐྱེ་ཚེ་སྟེ་ལྡུམ་རར་སྐྱེ་བ་དྲི་དུགས་རོ་ཚ་བ་པད་ཁའི་རིགས་སྣུམ་བཏོན་ན་དྲི་འོང་བ་དེས་ལྕེ་ནད་དང་རྩ་བས་སྲིན་སེལ་སྟེང་གདོན་བསྲུང༌། བ་ལ་སྟེ་པ་ལ་དང་ནོར་བའི་ཧ་ལོའི་རྩ་བ་སོགས་ངོས་འཛིན་མང་ལ་འོན་ཀྱང་འཁྲུངས་དཔེ་མ་མཐོང་རུང་ལོ་མ་སྐྱེ་ལུགས་སོགས་བྲག་སྒོག་ལྟར་སྐྱེ་ལ་རྩ་བ་སེར་སྐྱ་ཤུ་དག་འདྲ་རུང་ནས་རམ་པའི་རྩ་ཕྲན་ལྟ་བུ་ཕྲ་རིང་འོང་བ་དེས་མོ་མཚན་གྱི་ནད་ལ་ཕན། རྩྭ་རམ་པའམ་དཱུར་བ་ལ་སྤྱི་དང་འདིར་མིང་གཅིག །དེའང་འཁྲུངས་དཔེར། རམ་པ་མུ་དང་ཀླུངས་ལ་སྐྱེ། །འདབ་མ་ལྗང་གུ་ངར་པ་ཕྲ། །སྙེ་མ་སྨུག་པོ་བོན་ཚེ་འདྲ། །རྩ་བ་ཚིགས་མང་འབྲེལ་བ་སྟེ། །ཁྲག་གཅོད་ཀུན་གྱི་གཙོ་བོ་ཡིན། །ཞེས་པ་ནི་འཁྲུངས་དཔེ་བཤད་པ་ཙམ་གྱིས་རྟོགས་པ་དེས་སྲོག་ཆགས་ཁོང་པར་སོང་བ་གསོད་ལ་དེའི་དུག་རྣམས་ཞི་བར་བྱེད་ཅིང་ཆུ་འགགས་འབིགས། སེ་རུ་ཞེས་ཆུང་ངུ་དེས་མགོ་གཙོར་གྱུར་ཀྱི་རྨ་ལ་ཕན། ཟོར་བ་ཞེས་ཁ་ལོས་རྩ་ཆད་ཁྲག་ཤོར་ལ་ཕན། སྲན་མ་ལ་སྤྱིར་མིང་བདུན་འདིར་གཅིག དེའང་འཁྲུངས་དཔེ་ཁུངས་མ་མ་མཐོང་རུང་འཁྲུལ་སོ་ཆུང་བ་དེའི་མེ་ཏོག་གིས་མཁྲིས་པ་སེལ་བ་དང་གློ་རྡོལ་གཅོང་ལ་ཕན་ཞིང་ཁྲག་ཤོར་གཅོད་པ་དང་ལོ་མས་ཀྱང་མཁྲིས་པར་ཕན། འབྲུ་བཏོན་པའི་ཕུབ་མའི་དུ་བས་འབྱུང་པོ་ལ་ཕན། དུགས་ཀྱིས་གླང་ཐབས་ལ་ཕན། མེ་ཏོག་ལེ་བརྒན་རྩི་ལ་སྤྱི་དང་འདིར་མིང་གཅིག དེའང་འཁྲུངས་དཔེ་མ་བྱུང་ཡང་རྐང་ཕྲ་ལ་ལོ་མ་དང་མགལ་པ་བར་བར་ནས་འཕྲེད་དུ་སྐྱེ་བ་སྒོ་ངན་པ་ལས་དབྱིབས་བལ་པོ་མེ་ཏོག་འདྲ་བ་མེ་ཏོག་འདབ་མ་བརྒྱད་པ་ནང་གོས་ཕྲུག་རྒྱ་ཚོས་ལྟ་བུ་ཕྱི་ལུ་ཧང་ཟེའུ་འབྲུ་སེར་པོ་རྐང་སྦུབས་ཅན་དེས་རྩ་ཆད་མཐུད་ཅིང་རྨ་ལ་ཕན། པ་ཏོ་ལ་ཞེས་པར་སྤྱི་དང་འདིར་མིང་གཅིག དེའང་མིང་དོན་བརྡ་སྤྲོད་དུ་གསེར་གྱི་མེ་ཏོག་གི་སྐད་དོད་དུ་བཤད་པ་ཙམ་ལ་འཁྲུལ་ནས་དེ་དག་གི་རྗེས་སུ་འབྲང་བ་མཆིས་རུང་བརྒྱད་པ་རྩ་འགྲེལ་དང་ཟླ་ཟེར་སོགས་ནས་ཚོད་མ་བྱེད་པར་གསུངས་པ་དང༌། གཡུ་ཐོག་པ་དང་བྱང་ལུགས་མཐའ་དག་ཀྱང་མཐུན་པར་མ་ཚད་གསེར་གྱི་མེ་ཏོག་གིས་ཚོད་མ་མི་བྱེད་པ་སོགས་ནས་འདི་སྐབས་གཏོང་བ་ཁུར་མང་རིགས་བཞི་འཁྲུངས་དཔེར་བཤད་པའི་ནང་ཚན་རྒྱ་ཁུར་ཞེས་པ་དེ་ཉིད་ལས། རྒྱ་ཁུར་བོངས་རིང་སྡོང་པོ་ལྡེམ། །མེ་ཏོག་ཕྲེང་བས་ཀུན་དུ་ཁྱབ། །རོ་ནི་ཁ་ལ་ཡིད་ཙམ་འབོལ། །ཞེས་པ་ལོ་མ་རལ་གྲི་འདྲ་བ་ཁྲང་པོར་ཐོན་པ་རྐང་རིང་ལ་བཅད་ན་འོ་མ་འཛག་པ་མེ་ཏོག་སེར་པོ་འཆར་བ་དེས་མཁྲིས་པ་དང་ཚད་པའི་རིགས་རྣམས་སེལ། ཁུར་མང་ལ་སྤྱི་དང་འདིར་མིང་གཅིག དེའང་འཁྲུངས་དཔེར། ཁུར་མང་ཞེས་བྱ་དར་ཡ་ཀན། །ནད་སེལ་བདུད་རྩི་སྤུན་བཞིར་བཤད། །ཁུར་མང་དཀར་ནག་རྣམ་གཉིས་ཏེ། །རྒྱ་ཁུར་ཝ་ཁུར་རྣམ་བཞི་འོ། །མེ་ཏོག་དཀར་པོ་ཁུར་དཀར་ཏེ། །སེར་པོ་ནག་པོར་བཤད་པ་ཡིན། །རོ་ནི་ཁ་ལ་ཡིད་ཙམ་འབོལ། །རང་གི་ནུས་པས་ཚད་ནད་སེལ། །ཞེས་པའི་ཁུར་ནག་ལོ་མ་ཉ་ག་ཤིན་ཏུ་མང་བ་ཁྲང་པོར་སྐྱེ་ཞིང་མེ་ཏོག་སེར་པོ་འཆར་བ་ཡོངས་གྲགས་དེའི་རྩ་བས་ཚད་པ་སྤྱི་དང་ཕོ་ཚད་ལོ་མས་སྨུག་པོ་སོགས་སེལ་ཞིང༌། རྐང་བཅད་པའི་ཞོས་རྨ་ལ་ཕན། ཕོ་རོག་མིག་ལ་སྤྱིར་མིང་གསུམ་འདིར་ཕོ་རོག་ནོར་བུ་དང་གཉིས་དེའང་འཁྲུངས་དཔེར། བྱ་རོག་ནོར་བུ་ཞེས་བྱ་བ། །སྲིབ་མོའི་ཁ་སྟོད་དག་ན་སྐྱེ། །ལོ་མ་ལེབ་ལ་ཉ་ག་ཅན། །ལོ་མའི་རྒྱབ་ནི་སྐྱ་བ་ཡིན། །རྩ་བ་སྡོང་པོ་པགས་པ་དམར། །རང་གི་ནུས་པས་འབྲས་རྣམས་སེལ། །ཞེས་པ་ཡུལ་སྐད་བྱ་རོག་ཉུང་མར་གྲགས་པ་བྱེ་སར་སྐྱེ་བའི་ལོ་མ་ལ་ཕུག་ལྟ་བུ་བགྲད་ནས་སྐྱེ་བ་རྩ་བའི་ཕྱི་དམར་པོ་རོ་མངར་བ་དེ་ཡིན་ལ་ཕལ་ཆེར་པ་ཡག་འབྲས་བུར་བཞེད་པའང་ནུས་པ་ཆོ་འདྲ་རུང་ངོ་བོ་གོང་བཤད་འཐད་པས་གློའི་ཚད་པ་དང་ཆུ་སེར་ལ་ཕན། སྤང་ཚན་སྤུ་རུ་ལ་སྤྱི་དང་འདིར་མིང་གཅིག དེའང་མཚན་རིགས་རྐང་ལས་ལོ་མ་སིབ་སིབ་མང་པོ་དོན་པར་ངོས་འཛིན་པ་སྣང་ཡང་ངོ་བོ་ནི་འཁྲུངས་དཔེར། གངས་རི་མཐོན་པོའི་རྫ་ལ་སྐྱེ། །སྤང་ཚན་སྤུ་རུ་ཞེས་ཀྱང་བྱ། །རྩ་བ་ལོ་མ་ཆེ་བ་ལ། །ཕྱི་ནང་སྲིན་བལ་དག་གིས་གཡོགས། །རོ་ནི་ཁ་ལ་ནུས་པ་བསིལ། །རྣག་རྣམས་འདུལ་བའི་དར་ཡ་ཀན། །རྨ་འཚོ་ཤ་མཉེན་རྨེན་པ་སེལ། །ཞེས་པ་ཡུལ་སྐད་བློན་པོ་དར་ཐོད་ཅན་བདུད་རྩི་གངས་ཤམ་ཁྲབ་ཅན་འཁོར་ལོ་བརྩེགས་པ་སོགས་སུ་འབོད་པ་ལོ་མ་རྐོ་མ་ཙམ་རྟ་ལྤགས་འདྲ་བ་སྤུ་ཅན་རྐང་ལོ་མས་ཁེངས་པ་རྙིངས་ནས་ཚེར་མ་འོང་བས་བྱང་ཁོག་གི་དོན་འབྱོར་ཞིང་རྩ་མཐུད་པ་དང་གློ་རྣག་སྐེམ་པར་བྱེད། ནས་ལ་སྤྱིར་མིང་བརྒྱད་འདིར་གཅིག དེའང་འཁྲུངས་དཔེ་ཁུངས་མ་མ་མཐོང་རུང་འཁྲུལ་སོ་མེད་པ་དེའི་ཕུབ་མས་གྲེ་བར་གྲ་མ་ཟུག་པ་སེལ། སྔོ་ཁྲག་གཅོད་ཅེས་པར་སྤྱི་དང་འདིར་མིང་གཅིག དེའང་འཁྲུངས་དཔེར། ཀོན་པ་གབ་སྐྱེས་ཞེས་ཀྱང་བྱ། །ལོ་མ་ནག་སྣུམ་ཉ་ག་ཅན། །ཕྱི་ནི་སྤྲ་བ་དཀར་པོས་གཡོགས། །མེ་ཏོག་རྒྱ་སྨུག་རོ་ནི་ཁ། །གསར་རྙིང་རྨ་རིགས་ཀུན་ལ་བསྔགས། །ཞེས་པ་ནི་ཡུལ་སྐད་སྲད་ནག་མས་ཁྲག་གཅོད་ཅིང་རྨར་ཕན། སྤྲ་བའི་ཐོག་གུ་ལ་སྤྱི་དང་འདིར་མིང་གཅིག དེའང་འཁྲུངས་དཔེ་ཁུངས་མ་དང་ངོ་མ་འཕྲོད་རུང༌། ན་ཁར་སྐྱེ་བའི་མདོག་སྔོ་སྐྱ་སྤུ་ཅན་མེ་ཏོག་སེར་སྐྱ་འཆར་བ་དེས་རྡོ་ལ་སྦྱར་བའི་དུག་རིགས་རིམ་རྣམས་སེལ། མཁན་ཆུང་ལ་སྤྱི་དང་འདིར་མིང་གཅིག དེའང་འཁྲུངས་དཔེ་དང་ངོ་མ་ཐུག་ཀྱང་མཁན་རིགས་ཆུང་ངུ་དེས་ཉྭ་གནད་ལ་རྨ་བཟོས་པར་ཕན། གླ་སྒང་ལ་སྤྱི་དང་འདིར་མིང་གཅིག དེའང་འཁྲུངས་དཔེར། མོན་ལུག་གླ་སྒང་ཞེས་བྱ་བ། །སྤང་ཤལ་མཐུག་པོའི་ས་ལ་སྐྱེ། །ལོ་མ་ཕྲ་ལ་རབ་ཏུ་ཆུང༌། །རྩ་བ་ཕྲ་ལ་གོང་པོ་སྟེ། །ས་འོག་ཐམས་ཅད་ཁྱབ་པར་འགྱུར། །རོ་ནི་ཚ་ལ་བསྐ་དང་བཅས། །རང་གི་ནུས་པས་བད་ཀན་དང༌། །གློ་ལས་གྱུར་པའི་སྐད་འགགས་སེལ། །ཞེས་པ་ལོ་རྐང་ཕྲ་ལ་ཆུང་བ་དེའི་རྩ་བ་ས་འོག་ཏུ་གྲོ་མ་ལྟ་བུར་གནས་པ་རོ་མངར་དང་ལྡན་པས་རིམས་ཚད་དང་ཁྱད་པར་གློ་བ་དང་རྒྱུ་ལོང་ཡུལ་གྱི་ནད་ལ་ཕན། སྣེ་རྒོད་ལ་སྤྱི་དང་འདིར་མིང་གཅིག དེའང་འཁྲུངས་དཔེར། བོད་སྣེ་སྔོན་པོ་ཞིང་ནང་སྐྱེ། །ལོ་མ་གཡུ་ཡི་བསིལ་ཡབ་འདྲ། །རྒྱབ་ཏུ་བདུད་རྩི་ཟིལ་པ་ཆགས། །རོ་ནི་མངར་ལ་ཡིད་ཙམ་ཚ། །ཁོང་བཏང་རྨ་ལ་ཆུ་མི་འཇིག །ཅེས་པ་ལོ་མ་སྒོར་མོ་མདོག་ནག་རྐང་ཕྲ་བ་འབྲུ་ཤོ་མང་འདྲ་བ་དེས་དྲི་མ་འགགས་པ་སེལ། སྣེ་དམར་ལ་སྤྱི་དང་འདིར་མིང་གཅིག དེའང་འཁྲུངས་དཔེར། རྒྱ་སྣེ་དམར་པོ་བེ་འུ་སྔོ། །རིགས་ནི་གཉིས་སུ་བཤད་པ་ཡིན། །སྐྱེ་ས་གྲམ་དང་ལུ་མར་སྐྱེ། །རྩ་བ་སྡོང་པོ་དམར་བ་སྟེ། །ལོ་མ་དམར་པོ་ཤིན་ཏུ་མཐུག །དབྱིབས་ནི་ཟླུམ་ལ་འབྲས་བུ་རྒྱས། །བདུད་རྩི་ཟིལ་པ་ཆགས་པ་སྟེ། །ནད་རྣམས་ཐམས་ཅད་སེལ་བ་ཡིན། །ཞེས་པ་ལོ་མ་ཉག་ཅན་སྦལ་ལག་ཀྱང་འདྲ་རུང་དང༌། རེ་ཅིག་དེ་བས་དཀྱུས་རིང་ཕྲ་ཉག་ཅན་འོང་ཞིང་རྐང་གི་རྩ་རྩེའི་བར་ཟྭའི་རལ་པ་ལྟ་བུ་ཆགས་ཤིང་དྲི་ང་ལ་སྨིན་ནས་ལོ་རྐང་སོགས་ཚང་མ་རྒྱ་དམར་དུ་འགྲོ་བས་ན་ཐ་སྙད་ཀྱང་དེ་ལྟར་དུ་ཆགས་པ་དེས་སྙིང་ཚད་དུག་ཤ་ལྤགས་ལ་བྱེར་བ་དང་སྲིན་སོགས་ལ་ཕན། ཕ་བ་དགོ་དགོ་ལ་སྤྱི་དང་འདིར་མིང་གཅིག དེའང་འཁྲུངས་དཔེར། ཕ་བ་དགོ་དགོ་ཞེས་བྱ་བ། །མདོག་དཀར་དངུལ་གྱི་ལྦ་བ་འདྲ། །རྒས་དུས་ནང་ནས་དུད་པ་འཐུལ། །རང་གི་ནུས་པས་ཁྲག་གཅོད་སྨན། །མ་བསྲེགས་ཐལ་སྨན་ཞེས་སུ་གྲགས། །ཞེས་པ་ན་སྤང་ལ་སྐྱེ་བ་འཁྲུལ་གཞི་ཆུང་ཞིང་སྨིན་ནས་ནང་དུ་བ་ལྟ་བུས་ཁེངས་པ་མེ་མེད་དུ་བར་ཡང་འདྲེན་པ་དེས་ཁྲག་གཅོད་ཅིང་རྨ་རིགས་གསོ་བ་དང་ཁྱད་པར་རེག་དུག་གི་རྨ་ལ་ཕན། ལྕང་མ་ཞེས་པ་ནི་ཡོངས་གྲགས་ལྕང་ནག་ལ་སྤྱིར་མིང་ལྔ་འདིར་གཅིག དེའང་འཁྲུངས་དཔེ་ཁུངས་མ་མ་མཐོང་ཡང་ངོ་བོ་འཁྲུལ་སོ་མེད་པ་དེས་དུག་རིགས་ཀྱི་ན་བ་དང༌། ཁྱད་པར་བ་དུག་གིས་སྐྲངས་པ་སེལ། ཤལ་མ་ལི་ལ་སྤྱི་དང་འདིར་མིང་གཅིག དེ་ནི་ཙ་རི་ནས་འོང་བའི་ཤིང་གི་ཚ་ཚ་འདྲ་བ་དེས་གཞང་འབྲུམ་ལ་ཕན། འཇིབ་རྩི་ལ་སྤྱི་དང་འདིར་མིང་གཅིག དེ་དག་ནི་ཕལ་ཆེར་གྱི་ཚབ་རུང་བའི་པྲི་ཡངྐུ་རང་བཞེད་ནའང་པྲི་ཡངྐུར་རོ་མངར་ཁ་ཡོད་ཙམ་ལས་ཧ་ཅང་མངར་བ་མི་འོང་བས་ན་འདི་ཁ་ནད་སོགས་སུ་བཤད་པ་དང༌། མཆོག་བརྒྱད་ཅུ་ལས། ཁ་ཡི་ནད་ལ་མངར་གྱི་མཁུར་བཀང་མཆོག །ཅེས་པ་སོགས་ནས་དངོས་བྱུང་ན་འདི་ཁ་འཐད་པར་སེམས་ཤིང༌། དེ་ཡང་འཁྲུངས་དཔེ་དང་ངོ་མ་འཕྲོད་རུང་ཡུལ་སྐད་དུ་འཇིབ་པ་དཀར་ཐོག་པ་ཟེར་བ་མེ་ཏོག་དཀར་པོ་པྲི་ཡངྐུ་ཇི་ལྟ་བ་མེ་ཏོག་གི་རྩ་བ་རོ་མངར་བ་ལོ་མ་སྒོར་ཆུང་དེས་ཕོ་མཆིན་གྱི་ཚད་པ་སེལ། ཨ་རུ་དང་བ་རུའི་ཤིང་མིང་འཁྲུངས་དཔེ་སྐྱེ་ཚུལ་སོགས་གོང་དུ་སོང་བའི་ཚི་གུའམ་རུས་པ་བ་རུའི་དེའི་འབྲི་རྐང་ཞེས་པ་གཉིས་ཀྱིས་ཚ་བ་ལས་གྱུར་པའི་ཆུ་དང་ཆུ་སེར་རྣམས་སྐེམ་ཞིང་མཆིན་པར་ཕན་པར་བྱེད། དམར་ཤད་ལ་སྤྱི་དང་འདིར་མིང་གཅིག དེའང་འཁྲུངས་དཔེ་མ་མཐོང་ཡང༌། ལོ་སྡོང་སྐྱ་བོ་ཕང་མ་འདྲ་བ་དེ་ལས་ཆུང་བ་འབྲས་བུ་མེད་པ་དེས་ཤིང་སྣ་བརྒྱད་གྲས་རུས་པའི་ཚད་པ་སེལ། བྱང་སེམས་དཀར་དམར་ལ་སྤྱིར་མིང་བདུན་འདིར་དཀར་པོ་དམན་པར་ས་བོན་དྭངས་མ་དང་གཉིས། དེའང་ཚད་ལྡན་གྱི་དགའ་བཞི་དྲངས་པའི་བྱང་སེམས་སམ་སྐྱེས་པ་དང་བུད་མེད་ཀྱི་ས་བོན་ཐོག་མར་བྱུང་བའི་དཀར་དམར་མཆོག་དང༌། དམན་པ་ནི་མི་ཁུངས་ཚད་ལྡན་གྱི་ནམ་བྱུང་གིས་རུང་ཞིང༌། ཚབ་གཏོང་བར་མི་མཐུན་པ་མང་ཙམ་ཡོད་ཀྱང་གྲགས་ཆེ་བ་བྲག་ཞུན་ལྔ་ལས་ལྕགས་ཞུན་དང༌། ཅོང་ཞི་ལྔ་ལས་མ་ནིང་གཏོང་བ་སོགས་ཀྱིས་མེ་དབལ་དང་ས་བོན་འཛག་པ་ཟླ་མཚན་འབྱམས་པ་དམུ་ཆུ་རྨ་བཅས་ལ་ཕན་ཞིང་བཅུད་ལེན་སོགས་ཀྱི་ཡོན་ཏན་དུ་མ་དང་ལྡན་ནོ། །ཁམ་བུ་ལ་སྤྱིར་མིང་བཞི་འདིར་གཅིག དེའང་འཁྲུངས་དཔེར། ཁམ་བུ་ཞེས་བྱ་ཤིང་གི་མཆོག །སྡོང་པོ་ཆེ་ལ་རབ་ཏུ་མཁྲེགས། །ལོ་མ་རྒྱ་ལྕང་ལོ་མ་འདྲ། །མེ་ཏོག་དཀར་པོ་འབྲས་བུ་མངར། །རང་གི་ནུས་པས་རྨ་ནད་གསོ། །ཞེས་པ་ནོར་འཕྲང་མེད་པ་དེའི་ཚི་གུའི་ནང་གི་མར་དེས་སྨིན་མ་དང་སྨ་ར་བྱི་བ་སྐྱེ་ཞིང་ཕྱི་བསྲེགས་པའི་ཐལ་བས་ཆུ་སེར་སྐེམ། རྩབས་ལ་སྤྱི་དང་འདིར་མིང་གཅིག དེའང་སྤྱིར་འཇམ་དབྱངས་བློ་འཕེལ་དུས་རྩབ་མོའི་བཏུང་བ་ཞེས་སིངས་པོར་བཤད་ཅིང༌། གསོ་དཔྱད་སྐབས་སྐྱེམ་པ་སོགས་ནས་ཀྱི་ཟན་ལངས་པར་ངོས་བཟུང་བ་དང་རྨ་སོགས་ཀྱི་སྐབས་སྦང་རྩབས་དངོས་སུ་བཤད་ནའང་སྤྱིར་བཏང་གི་རྩབས་ནི་དཔལ་ལོའི་ངག་སྒྲོན་ལས། ཞོ་རྩབས་རྩབ་མོ་སེར་རྩའི་གོས། །ཞེས་དང་འཕྲལ་སྐད་དུའང་གཡོར་པོ་ཕྱོགས་ལ་ཞོའི་རུ་མར་རྩབས་ཞེས་གྲགས་ཤིང་བཤད་རྒྱུད་དུའང་སྐྱུར་བའི་སྡེར་བཤད་པའི་ཞོའི་ཕབས་སམ་རུ་མར་རྩབས་ཟེར་བ་དེས་རླུང་དང་པགས་པའི་ནད་ལ་ཕན་ཞིང་འཁྲུ་བ་གཅོད། ཞོ་བཙགས་ཞེས་ཞོར་སྤྱིར་མིང་དགུ་འདིར་གཅིག དེའང་ཞོ་ཐོག་སོགས་ལ་རས་ཀྱིས་གཏུམས་ནས་བཏགས་ཁུ་བ་བཙགས་པ་དེས་རྨ་ལ་ཕན། །ཞོ་བཙོས་ཀྱིས་རྟུག་སྐེམ་འཁྲུ་བ་གཅོད། ཞོའི་ཁར་ཆགས་པའི་ཆུས་ལོང་ནད་རྩ་སྦུགས་སྦྱོང་ཞིང་སོ་སྐྱེ་བར་བྱེད། ཞོ་སྤྲིས་ཀྱིས་རྩ་ཆད་པ་མཐུད་ཅིང་རོ་ཙ། ཆང་གི་ཕབས་ལ་སྤྱི་དང་འདིར་མིང་གཅིག དེས་རྨ་དང་རྩམ་ཆང་མ་ཞུ་བ་ཆུ་རྒྱུས་འགྲམ་པ་བྱིས་པའི་ལྟེ་འཁོར་དང་བུད་མེད་མངལ་ནད་སོགས་ལ་ཕན། ཡུངས་ཀར་ལ་སྤྱི་དང་འདིར་མིང་གཅིག འཁྲུངས་དཔེར། ཡུངས་ཀར་ལོ་མ་སྡོང་པོ་དང༌། །མེ་ཏོག་ཡུངས་ནག་དག་དང་འདྲ། །འབྲས་བུ་སེར་པོ་སྒོ་ང་འདྲ། །རོ་ནི་ཚ་ལ་རྩུབ་ཅིང་སྣུམ། །རང་གི་ནུས་པས་དུག་ནད་སེལ། །ཞེས་པ་རྟོགས་སླ་བ་དེས་དུག་སྡུད་ལྤགས་ནད་སེལ། མར་གྱིས་རླུང་དང་རྣ་བའི་ནད་ལ་ཕན། སེར་ཤ་ལ་སྤྱི་དང་འདིར་མིང་གཅིག དེའང་འཁྲུངས་དཔེར། སྔོ་སྨན་རྒྱལ་པོ་ཤ་མོ་བཞི། །སྐྱེ་སའི་མཚན་ཉིད་བསྟན་པ་ནི། །སེར་ཤ་མོ་ནི་སྤང་ལ་སྐྱེ། །ཕྱི་དབྱིབས་དཀར་སེར་མདངས་དང་ལྡན། །ནང་ནི་གདུགས་ཀྱི་ཡུ་བ་འདྲ། །ནང་ནས་གདུགས་ཡུ་འདེགས་པ་འདྲ། །རོ་ནི་མངར་ལ་འཇམ་པ་ཡིན། །འཁྲུ་གཅོད་ཤ་དུག་ཆུ་སེར་ཕན། །ཞེས་པ་སྤང་གི་ཤ་མོ་དེ་བྱུགས་ན་སྐྲངས་པ་འཇོམས་པར་ཕན། དུད་པ་བྱ་བལ་མ་ལ་སྤྱི་དང་འདིར་མིང་གཅིག དེའང་སྡོམ་གྱི་བལ་ཐག་ལ་བཞེད་པའང་མཆིས་རུང་དོན་འཁྲུངས་དཔེར། ཆུ་ནང་སྐྱེ་བའི་ཆུ་བལ་ནི། །སྔོན་པོ་བལ་དང་འདྲ་བ་སྟེ། །རང་གི་ནུས་པ་སྐམ་རྩི་ཡིན། །ཞེས་པ་ལྟར་ཆུ་བལ་ལྗང་གུས་ཚ་ལྐུགས་དང་རྨ་ལ་ཕན། ཁང་པར་མེའི་དུད་པ་ཆགས་པར་སྤྱི་དང་འདིར་མིང་གཅིག་འཁྲུལ་སོ་ཆུང་བ་དེས་དྲེག་དང་པགས་པ་དང་མངལ་གྱི་ནད་གྱུར་དུག་སོགས་སེལ། སྐར་ཆུ་ལ་སྤྱི་དང་འདིར་མིང་གཅིག དེའང་སྐར་མར་བཏང་བའི་ཆུ་ལུས་ལ་བྲན་པས་ཚ་བ་འཇོམས་ཤིང་སྨིན་ཚད་ལམ་ནས་བཟློག །རྒྱ་སྣག་ལ་སྤྱིར་མིང་གསུམ་འདིར་གཅིག །དེའང་རི་བོ་རྩེ་ལྔའི་ལོགས་རྩ་ཀུན་དུ་བཟང་པོ་ཞེས་གན་སྤོས་ཀྱི་རྒྱུར་སྣག་ཚ་བཟོས་པ་ལས་འབྱུང་སྟེ། དེ་ཡང་མཆོག་མཐུག་ལ་ནག་པ་གསེར་ཙག་དང་ཐམ་ཀ་ཅན་ཞིག་དང༌། དམན་པ་ཕྲ་སྲབ་དེ་གཉིས་ཀྱིས་མེ་དབལ་སོགས་གཉན་མཐའ་དག་དང་ཕོ་བའི་ཚད་པ་སེལ་བར་བྱེད། སོ་ཕག་ལ་སྤྱི་དང་འདིར་མིང་གཅིག དེ་ཡང་ས་བཟང་གི་ཕག་སོ་བཏང་བ་དེའི་གདུས་ཁུས་ཁ་དང་གྲེ་བ་སྐམ་པ་སྐོམ་དད་རྣམས་སེལ་ཞིང༌། བསྲོས་པ་ཕོ་བར་བདུགས་ན་མ་ཞུ་བ་ལ་ཕན། ཕའུ་ལ་སྤྱི་དང་འདིར་མིང་གཅིག་དེའང་སོ་མ་བཏང་བ་དེའི་ཚ་དུགས་ཀྱིས་རླུང་ཚད་འཐབ་དུས་རླུང་གསང་ལ་བདུགས་ན་ཕན། ཕྲུ་དྲེག་ལ་སྤྱི་དང་འདིར་མིང་གཅིག་སྟེ་ཁོག་མའི་དྲེག་པས་མོ་ནད་སྦྱོང༌། སླང་དྲེག་ལ་སྤྱི་དང་འདིར་མིང་གཅིག་དེས་རྨ་ལ་ཕན། འབྲུ་སྣ་ལ་སྤྱི་དང་འདིར་མིང་གཅིག་དེའི་ལུམས་ཀྱིས་རྩ་ཚིགས་རྒྱུས་པའི་ནད་དང་དུགས་ཀྱིས་བུད་མེད་འོ་ཚབས་ལ་ཕན། ལ་ཕུག་ལ་སྤྱིར་མིང་བདུན་འདིར་གཅིག དེའང་འཁྲུངས་དཔེར། ལ་ཕུག་ཅེས་བྱ་ཉུང་མའི་རིགས། །ལོ་མ་ནག་ལ་སྤུ་ཆུང་ཅན། །མེ་ཏོག་དཀར་ལ་དམར་བའི་མདངས། །རྩ་བ་གྱོང་ལ་རོ་ནི་ཚ། །རང་གི་ནུས་པས་མ་ཞུའི་ནད། །ཐམས་ཅད་འཇོམས་སོགས་ཁྱད་པར་སྨན། །ཞེས་པའི་ཁུ་བ་རྣ་བར་བླུགས་ན་རྣ་བ་དང་མགོ་ནད་ལ་ཕན། དེ་བསྲེགས་པའི་ཐལ་བས་དྲི་མ་འགགས་པ་སེལ། དེའི་ས་བོན་འཁྲུལ་སོ་ཆུང་བ་དེས་ཕོ་མཁལ་གྱི་གྲང་བ་འཇོམས་ཤིང་ལོང་མཆེར་འགྲམས་པ་དང་མགོའི་ནད་ལ་ཕན། ཉུང་མ་ལ་སྤྱིར་མིང་ལྔ་འདིར་གཅིག དེའང་འཁྲུངས་དཔེ་མ་མཐོང་ཡང་འཁྲུལ་མེད་དེའི་འབྲས་བུའམ། སོན་གྱི་དུག་ནད་སྤྱི་དང་གྱུར་དུག་གིས་གྲེ་བ་འགགས་པ་སེལ། ཆར་གྱི་ཆུར་བཏབ་པའི་ཉུང་མ་དངོས་དེ་སྦྱར་དུག་ལ་བསྔགས། གྲོག་ཞིང་ལ་སྤྱི་དང་མིང་གཅིག དེའང་འཁྲུངས་དཔེ་དང་ངོ་མ་འཕྲོད་ཀྱང་མཆོག་མཆོད་རྟེན་དང་དེ་མིན་གྱང་ལྡེབས་སུ་ཆགས་པ་དེས་རྨ་ལ་ཕན་ཚ་དུགས་ཀྱིས་མཁལ་མ་གྲང་གཟེར་དང་ལྟོ་བ་སྐྲངས་པ། ཆུ་སྲི་བ་མཆིན་གླང་སོགས་སེལ། རམས་ལ་སྤྱིར་མིང་དྲུག་འདིར་གཅིག དེའང་འཁྲུལ་སོ་ཆུང་བ་དེས་ཚ་སྐྲངས་འཇོམས་ཤིང་རྨ་ལ་ཕན། ས་སྨྱག་ལ་སྤྱི་དང་འདིར་མིང་གཅིག དེ་དག་ནི་དབྱར་ཁ་འོད་པ་སོགས་ཀྱི་ཆུའི་འཁྱིལ་ཤུལ་དུ་ཆགས་འོང་བ་དེས་ཚ་བའི་སྐྲངས་པ་འཇོམས་ཤིང་བྱིས་པའི་རྒྱུ་རྩི་བསྲུང༌། སྦྲང་ལ་སྤྱིར་མིང་བརྒྱད་འདིར་སྦྲང་རྒོད་དང་སྦྲང་སྨྱོན་གཉིས་ཀྱིས་བད་ཀན་མགུལ་འགགས་སེལ་ཞིང་མིག་སྔོ་འགྲིབས་དང་འབྲས་ལ་ཕན། སྦྲང་བསྒར་བའི་ཕྱེ་མས་བྱང་ཁོག་གི་རྨ་ལ་ཕན། གོས་ཆེན་ནང་ལྷུག་ཐགས་འོང་བའི་ཟ་འོག་ལ་སྤྱིར་མིང་བཅུ་གཅིག་འདིར་གཅིག དེ་བསྲེགས་པའི་ཐལ་བས་ཁྲག་དང་རྣག་ཆུ་སྐེམ་ཞིང་སྣ་ནད་སེལ་བ་དང་རྩ་ཁ་བསྡམ། ལེ་བརྒན་ཞེས་པར་སྤྱི་དང་འདིར་མིང་གཅིག་སྟེ་དོན་དར་དམར་ཆས་ཀྱིས་རྨ་ལ་ཕན། འབའ་ཆ་ལ་སྤྱི་དང་འདིར་མིང་གཅིག དེའང་འབྲུ་མར་བཏོན་པའི་རོ་མ་དེའི་ཚ་ལུམས་ཀྱིས་སྟོངས་ཚད་ཀྱིས་གཟེར་བ་དང་ཉྭ་ཚིགས་འགྲམས་པ་རྨའི་རེད་སྦྱངས། རུས་འབྲས། གྲང་བའི་ཆུ་འགགས་སྲོག་རླུང་ནད་མཐའ་དག་ལ་ཕན། ཞིང་གི་བོང་བ་ལ་སྤྱི་དང་འདིར་མིང་གཅིག དེའི་ཚ་དུགས་ཀྱིས་བད་ཀན་ལྷེན་དང་མ་ཞུ་བ་སོགས་སེལ། སྒོག་པ་ལ་སྤྱིར་མིང་བཅོ་ལྔ་འདིར་ལྷ་མིན་ཁྲག་དང་བྱི་ཀུ་བཅས་གསུམ་ལ་འཁྲུངས་དཔེ་ཁུངས་མ་མ་མཐོང་ཡང་ཡོངས་གྲགས་འཁྲུལ་སོ་ཆུང་བ་དེའི་རྩ་བས་རླུང་དང་རྣ་བའི་ནད་དུག་ནད་མཛེ་སོགས་ལ་ཕན་ཞིང་རིམས་དང་སྟེང་གདོན་བསྲུང༌། བཙོང་ལ་སྤྱིར་མིང་ལྔ་འདིར་གཅིག དེ་ལ་འཁྲུངས་དཔེར། བཙོང་སྒོག་རི་དང་ལྡུམ་རར་སྐྱེ། །འདབ་མ་རིལ་མོ་སྦུབས་ཅན་ཏེ། །རོ་ཚ་སྲིན་ནད་ཆུ་སེར་དང༌། །མོ་ནད་སེལ་བར་བྱེད་པ་ཡིན། །ཞེས་པ་དེས་མོ་ནད་རླུང་ཚབས་ལ་ཕན། ཏིལ་ལ་སྤྱིར་མིང་བདུན་འདིར་གཅིག །དེ་ལ་འཁྲུངས་དཔེ་ཁུངས་མ་མ་མཐོང་ཡང་སྡོང་པོ་ལྡེམ་ལ་ལོ་མ་ལྗང་གུ་ཡལ་ག་སོགས་ཆེར་མེད་དུ་སྐྱེ་བ་མདོག་སོལ་པའི་དུས་ལྗང་གུ་གང་བུ་གྲུ་བཞི་པ་མེ་ཏོག་སྔོན་པོ་འཆར་བ་ནག་པོ་དང་དཀར་པོ་འཆར་བ་དཀར་པོ་འབྲུ་ཡང་དཀར་ནག་གི་མིང་ཆགས་པའི་འབྲས་བུས་འབྲས་ཕོ་མཚན་ནང་སྲིན་ལྤགས་མངལ་སྐྲན་སོགས་ལ་ཕན་ཞིང་རོ་ཙ་བར་བྱེད། འབྲས་ལ་སྤྱིར་མིང་བཅུ་གསུམ་འདིར་གཅིག འཁྲུངས་དཔེ་ངོ་བོ་མ་མཐོང་རུང་འཁྲུལ་སོ་ཆུང་བ་དེའི་ཡོས་ཀྱིས་འཁྲུ་སྐྱུག་གཅོད། ནས་མིང་སོགས་གོང་སོང་དེ་གང་བྱུང་ཚིག་པས་རྨ་ལ་ཕན་ཞིང་རྩ་རེམས་ཀྱང་སེལ། ནག་པོས་རྨ་ལ་ཕན། སྔོན་པོས་བྱིས་གློ་ཚ་སུབས་དང་རྒྱུ་གཟེར་ལ་ཕན། སྲན་མ་མིང་སོགས་གོང་སོང་དེས་དུག་སྣོད་བྱེར་སྡུད་ཅིང་མཁྲིས་པའི་ཞག་ལེན་འབྲུམ་པ་དང་རྨ་ལ་ཕན། སྲན་ཆུང་གིས་གཞང་འབྲུམ་དང་འབྲས་ལ་ཕན། གྲོ་ལ་སྤྱིར་མིང་དྲུག་འདིར་གཅིག དེའང་འཁྲུངས་དཔེ་མ་མཐོང་རུང་འཁྲུལ་སོ་མེད་པ་དེས་དུག་སྣོད་བྱེར་སྡུད་ཅིང་བག་ཕྱེ་ཡོངས་གྲགས་དེས་རྨ་སོགས་ཀྱི་སྐྲངས་ལ་ཕན། རྒྱ་སྲན་ལ་སྤྱིར་མིང་ལྔ་འདིར་གཅིག །དེ་ཡང་འཁྲུངས་དཔེ་མ་མཐོང་རུང་འཁྲུལ་མེད་དེས་སོ་སྐྱེ་བར་བྱེད། སོ་བ་ལ་སྤྱིར་མིང་བཞི་འདིར་གཅིག འཁྲུངས་དཔེ་མ་མཐོང་རུང་རྟོགས་སླ་བས་ཟུག་རྔུ་འབྱིན་པར་བྱེད། ཟར་མ་ལ་སྤྱིར་མིང་གསུམ་འདིར་གཅིག དེའང་འཁྲུངས་དཔེར། ཟར་མ་ཁྲེམ་ལ་ལོ་མ་དར། །མེ་ཏོག་མཐིང་ག་མདངས་དང་ལྡན། །ཞེས་ལས་མི་འབྱུང་ཡང་རྟོགས་སླ་བ་དེས་སྐྲངས་པ་རྣག་ཏུ་འགུགས། འབྲུ་གང་ཡིན་གྱི་ཚིགས་ལ་སྤྱི་དང་འདིར་མིང་གཅིག དེའི་ཐང་གིས་རང་རང་ཆང་མ་ཞུ་བ་སེལ། ལན་ཚྭ་ལ་སྤྱིར་མིང་བཅུ་འདིར་གཅིག དེས་ཤུ་བ་དང་ཆང་ནད་ལ་ཕན། ཟོ་མར་ལ་སྤྱི་དང་འདིར་མིང་གཅིག དེའང་འོ་མ་འཇོ་བའི་ཟོ་ལག་ལ་ཆགས་པའི་དྲེག་པས་ཆུ་སེར་ལྤགས་ནད་དང་བད་རླུང་ལ་ཕན། མར་རྙིང་ལ་སྤྱི་དང་འདིར་མིང་གཅིག དེས་སྨྱོ་བརྗེད་ཀྱི་ནད་ལ་ཕན། དངུལ་ཆུ་ལ་སྤྱིར་མིང་དགུ་འདིར་གཅིག །དེས་གཉན་དང་ཆུ་སེར་མཛེ་ནད་འབྲུམ་པ་སོགས་འཇོམས་ཤིང་ཚ་ཆུ་ཆུ་སྐྲན་སྐེམ། འོན་ཀྱང་འདི་ལ་ལོ་རྒྱུས་ཀྱི་འབྱུང་ཁུངས་སོགས་རྒྱས་ཙམ་ཡོད་ཀྱང་འདིར་མ་བརྗོད། རུ་རཀྵ་ལ་སྤྱིར་མིང་བརྒྱད་འདིར་གཅིག དེའང་འཁྲུངས་དཔེར། རུ་རཀྵ་ཞེས་བྱ་བའི་ཤིང༌། །སྡོང་པོ་ཆེ་ལ་ལོ་མ་སྦོམ། །མེ་ཏོག་དཀར་པོ་འབྲས་བུ་ཅན། །གདུག་པ་ཅན་གྱི་ཤིང་ཡིན་ནོ། །ཞེས་པ་སྡོང་པོ་ཆེ་ཆུང་སྣ་ཚོགས་སྐྱེ་ལུགས་སྦྱར་པ་ལྟ་བུ་ལོ་མ་སྦྱར་པ་ལས་མཆུ་རིང་ཞིང་ཆེ་བ་ཁ་དོག་སྔོ་ལྗང་འབྲུ་རིལ་མོ་ཀུ་ཤུ་འདྲ་བ་གཅིག་སྐྱེས་དང་བདུན་བརྒྱད་ཅི་རིགས་འབྱུང་བའི་གདོང་དྲུག་མིག་མེད་མཆོག་དང༌། དེ་མིན་མིག་མེད་གང་བྱུང་མཆོག་དམན་གཉིས་ཀྱིས་གདོན་འཇོམས་དུག་བརྟག སྲོག་ཆགས་གྲོག་མ་ལ་སྤྱིར་མིང་ལྔ་འདིར་རཀྵ་མིག་མེད་དང་གཉིས་དེས་རྩ་ཁ་འབྱེད་ལ་དམུ་ཆུ་སྦྱོང༌། དེའི་ཚང་གིས་ཤ་སྐྲངས་འཇོམས། སྔོན་མོ་ཆབ་འདྲེན་ལ་སྤྱི་དང་འདིར་མིང་གཅིག དེའང་བརྡ་སྤྲོད་ལྔ་པར། སྨུག་པོ་དར་ཡ་ཀན་ཞེས་པ། །སྐྱེ་ས་ཐང་དང་རྡོ་གསེབ་སྐྱེ། །ལོ་མ་ལེབ་ཆུང་སྲན་ཆུང་འདྲ། །མེ་ཏོག་སྔོན་པོ་རྭ་གཟར་འདྲ། །གང་བུ་གྲོག་མའི་གཟུགས་པོ་འདྲ། །རྩ་བ་རྒྱུད་ཕྲན་བཤད་པ་འདྲ། །ཐོད་དཀར་སྨུག་པོ་ཞེས་ཀྱང་བྱ། །སྔོན་མོ་ཆབ་འདྲེན་ཞེས་ཀྱང་བྱ། །ཟེར་བ་དངོས་ཡིན་ཀྱང་འདིར་བརྗོད་ན་གསང་སྨན་དུ་སོང་བས་ནུས་པར་གནོད་དོགས་ལ་ནུས་པ་མཚུངས་ཤིང་ངོས་འཛིན་ཀྱང་བྱེད་པ་ནི་ལོ་མ་སྲད་ནག་དང་སྟག་ཤའི་གང་བུ་འདྲ་བ་སྡོང་པོ་ཆུང་ཞིང་བགྲད་ནས་སྐྱེ་བ་དེས་དམུ་ཆུ་འདྲེན་པར་བྱེད། མེ་ལོང་གཡའ་ལ་སྤྱིར་མིང་བཅུ་འདིར་གཅིག དེས་མིག་སྐམ་ཚག་སེལ། མི་སྐྲ་ལ་སྤྱིར་མིང་བཞི་འདིར་གཅིག དེའི་དུད་པས་མིག་ནད་ཀྱི་རིགས་དང་གདོན་གཞང་འབྲུམ་བཅས་ལ་ཕན། འབྲུ་གང་རུང་གི་ཡོས་ལ་སྤྱི་དང་འདིར་མིང་གཅིག་དེའི་རླངས་པས་སྣ་ཆམ་སེལ། གྲོ་ག་ལ་སྤྱི་དང་འདིར་མིང་གཅིག དེའང་འཁྲུངས་དཔེ་མ་མཐོང་ཡང་འཁྲུལ་སོ་ཆུང་བ་དེས་རྨ་ཁ་མི་ཟུམ་ཞིང་ཐལ་བ་རྣ་བར་བླུགས་ན་དེའི་ནད་ལ་ཕན། སྤྲ་ཚིལ་ལ་སྤྱིར་མིང་དྲུག་འདིར་གཅིག ངོ་བོ་འཁྲུལ་སོ་ཆུང་བ་དེའི་བྱུག་པས་རྨེན་བུ་དང་ལྤགས་ནད་སེལ། སྲིན་བལ་ལ་སྤྱིར་མིང་བཞི་འདིར་རས་བལ་དང་གཉིས། དེའང་འཁྲུངས་དཔེ་མ་མཐོང་ཡང་འཁྲུལ་མེད་དེའི་ས་བོན་ནམ་སྙིང་པོ་སྣར་བླུགས་པས་ཡ་སྲིན་ལ་ཕན་ཞིང་བལ་དེས་ཁབ་ལེན་གཏུམས་པས་ལྕགས་ཁོང་པར་སོང་བ་ལོན་རྨ་ཆས་ལ་བསྔགས། མཚལ་ཐལ་ལ་སྤྱི་དང་འདིར་མིང་གཅིག དེ་ནི་མཚལ་གྱི་ནང་ནས་དངུལ་ཆུ་བཏོན་པའི་ཐལ་བ་བཟོས་པ་དང་བསེ་ཤིང་གོང་སོང་གི་ཞོས་རྨའི་ཤ་རོ་ལ་ཕན། མེ་ཏོག་གླང་སྣ་ལ་སྤྱི་དང་འདིར་མིང་གཅིག དེའང་འཁྲུངས་དཔེར། མེ་ཏོག་གླང་སྣ་ཉིན་ནམ་སྲིབས་ལ་སྐྱེ། །རྩ་བ་སྡོང་པོ་གཅིག་པོ་སྟེ། །མེ་ཏོག་རྒྱ་ཚོས་ཕྲ་བ་ཡིན། །རང་གི་ནུས་པས་རྨ་ལ་ཕན། །ཞེས་པ་ལྟར་ལོ་རྐང་ལྗང་གུ་རྐང་ནས་ལོ་མ་ཉག་ཅན་ཐད་སོར་དོན་པ་མེ་ཏོག་རྒྱ་སྨུག་གི་དཀྱིལ་དུ་གླང་པོ་ཆེའི་སྣ་དབྱིབས་ཤིན་ཏུ་དོད་པ་འོང་བ་དེས་རུས་པའི་ཆུ་སེར་སྐེམ། ཆུ་ངན་ལ་སྤྱི་དང་འདིར་མིང་གཅིག དེའང་ཕོ་མོ་འཁྲིག་པའི་སྐབས་ས་བོན་དཀར་དམར་མིན་པའི་ཆུ་སྣ་རིང་འོང་བ་དེ་བྱུགས་ན་མེ་དབལ་སོགས་རྨ་རིགས་ལ་ཕན། འབྲུམ་སྐོགས་ལ་སྤྱི་དང་འདིར་མིང་གཅིག དེའང་འབྲུམ་བུའི་ནད་ཐེབས་པའི་འབྲུམ་སྐོགས་ཀྱིས་འབྲུམ་བུར་ཕན། ཆང་གི་སྦང་མ་ལ་སྤྱི་དང་འདིར་མིང་གཅིག །དེས་བྱིས་པའི་ལྟེ་འཁོར་དང་རྨ་གསར་རྙིང་གི་རིགས་རྣག་རྡོལ་གྱི་རྫས་སོགས་ལ་བསྔགས། དཀར་རྩི་ལ་སྤྱི་དང་འདིར་མིང་གཅིག དེའང་ས་དཀར་སྤྱི་དང་བྱེ་བྲག་མཆོད་རྟེན་གྱི་ས་དཀར་གྱིས་མོ་ནད་ལ་ཕན། བྱི་ས་ལ་སྤྱི་དང་འདིར་མིང་གཅིག དེ་ནི་བྱི་ཁུངས་ཁ་ཤར་བལྟས་ནས་བཏོན་པའི་ས་དེའི་དུགས་ཀྱིས་གྲང་རླུང་གི་ནད་དང་ཁྱད་པར་ཚབས་ལ་ཕན། བྱེ་མ་ལ་སྤྱིར་མིང་བཞི་འདིར་གཅིག འཁྲུལ་མེད་དེའི་ཚ་དུགས་ཀྱིས་བད་ཀན་མཁལ་བབས་དང་རློན་པའི་ལུམས་ཀྱིས་ཚིགས་འགྲམས་ལ་ཕན། བ་ཚ་ལ་སྤྱི་དང་འདིར་མིང་གཅིག དེ་ནི་ཁང་རྙིང་སོགས་ལ་ཆགས་པའི་ཟེ་ཚྭའི་རྒྱུ་དེ་དང་ན་སོགས་ལ་ཆགས་པའི་ཚྭ་རིགས་གཉིས་ཀྱིས་གཅིན་འགགས་འབིགས་ཤིང༌། སེ་རུལ་ཞེས་གྱང་རྙིང་སོགས་ལ་འོང་བའི་ས་ཁ་དོག་སེར་སྐྱ་རོ་ཁ་ཉམས་ཅན་དེས་འཁྲུགས་ཚད་དུག་ཐབས་ལ་ཕན། བྲང་ཀྲད་ལ་སྤྱི་དང་འདིར་མིང་གཅིག ལྷམ་གྱི་ཀོ་བ་རྙིང་པ་གང་རུང་དང༌། ལྟག་སྤུ་ལའང་སྤྱི་དང་འདིར་མིང་གཅིག་སྟེ། མིའི་ལྟག་སྤུའི་གཞོབ་ཀྱིས་སྤུ་དུག་སེལ། ལྷམ་གྱི་ཀྲད་རུལ་ལ་སྤྱི་དང་འདིར་མིང་གཅིག རྟོགས་སླ་བས་རྨ་ལ་ཕན། མཚེར་སྐྱོང་ཞེས་པར་སྤྱི་དང་འདིར་མིང་གཅིག དེའང་ཕྱུགས་ལྷས་ཀྱི་ཆུ་འཁྱིལ་ཤུལ་གྱི་ས་ནས་ཁྲུ་གང་བརྐོས་པའི་སས་གྱུར་དུག་གི་གྲེ་འགགས་སེལ། ཁྲུ་གང་འོག་ས་ལ་སྤྱི་དང་འདིར་མིང་གཅིག དེའང་ཝ་ཆུ་རྒྱུན་དུ་འབབ་པའི་འོག་ནས་ཁྲུ་གང་བརྐོས་པའི་སས་རྨ་འབྲས་ལ་ཕན། བྲག་ཕུག་ཁ་བྱང་བལྟས་ཀྱི་ཁྲུ་གང་འོག་བརྐོས་པའི་སས་སྦྱར་དུག་ལ་ཕན། འཁར་གོང་ངམ་དཀར་གོང་སྲིན་ཅན་ལ་སྤྱི་དང་འདིར་མིང་གཅིག དེའི་དུགས་ཀྱིས་སྟོངས་ཚད་ལ་ཕན། ལྷམ་མཐིལ་ལ་སྤྱི་དང་འདིར་མིང་གཅིག དེས་ཁ་ཤུ་བརྡོལ་བར་ཕན། ཡུགས་ས་མའི་དོར་རྟ་ལ་སྤྱིར་མིང་གསུམ་འདིར་གཅིག དེས་གཟའ་བསྲུང་རྨ་ལ་ཕན། གྱོ་མོ་ལ་སྤྱི་དང་འདིར་མིང་གཅིག དེའང་གྱོ་རྩི་ཡོད་པའི་རྫའམ། དེ་མིན་རྫས་རྒྱུ་ལོང་འཁྲོལ་བ་དང་གྲང་ནད་མཁར་བ་སེལ། མགར་བའི་སོ་ཐོག་ལ་སྤྱི་དང་འདིར་མིང་གཅིག །དེས་གཉན་གྱི་སྐྲངས་པ་ཞི་བར་བྱེད་ཅིང་རྨ་ལ་ཕན། ལ་ཆ་ལ་སྤྱིར་མིང་བཞི་འདིར་གཅིག དེའང་རྒྱ་ཚོས་ཀྱི་རོ་མ་ལ་བཟོས་པ་དེས་གློ་བ་དང་མཁལ་མའི་འགྲམས་ཚད་དང་མིག་ནད་ལ་ཕན། དེ་བསྒར་བའི་འཁར་པོས་སྙིང་གི་ཆུ་སྐྲན་དང་གྲང་རྣག་ཀྱང་སྐེམ་ཞིང་རྨར་ཕན། དུ་བས་ཀླུ་གདོན་གཙོར་གྱུར་བའི་གདོན་ནད་ལ་བསྔགས། དུག་ནི་མ་གཞི་རྒྱུ་བ་དང་མི་རྒྱུ་བ་སོགས་མན་རྒྱུད་དུག་ལེར་བཤད་པ་ལྟར་མཐའ་ཡས་ཤིང་སྐབས་འདིར་གཉན་གྱི་གཉེན་པོ་བི་ཥའམ་སྨན་ཆེན་དེ་ལ་སྤྱིར་མིང་སོ་གཅིག་འདིར་མདོག་གི་དབྱེ་བ་སོགས་འཛིན་པའམ་ར་དུག་པ་དཔའ་བོའམ་བཙན་དུག་བོང་ནག་སྟེ་བདུན། དེ་ལའང་རྩ་བའི་དུག་ལྔ། ཡན་ལག་གི་དུག་ལྔ་སོགས་ཁ་དོག་གིས་ཕྱེ་བའི་དཀར་སེར་དམར་སྔོ་ནག་པོ་ལྔ་སོགས་དང་བསྡུ་ན་དཀར་སེར་ནག་གསུམ་དུ་རྒྱུད་གསུམ་པ་ལྟར་ལ་འཁྲུངས་དཔེར། བི་ཥ་ནག་པོ་ཞེས་བྱ་སྟེ། །སྲིབས་ཀྱི་ནགས་ཚལ་ས་གཞིར་སྐྱེ། །རིགས་ནི་རྣམ་པ་བཞི་རུ་འདོད། སྤྱི་ཡི་ལོ་མ་མཁན་པ་འདྲ། །མེ་ཏོག་རང་རང་ཁ་དོག་ཡོད། །སྡོང་པོ་རིང་ལ་ལྡེམ་པ་ཡིན། །བོང་ང་དཀར་ནག་དམར་སེར་ཞེས། །དཀར་དམར་སེར་གསུམ་སྨན་ཡིན་ནོ། །ནག་པོ་སྨན་ཡིན་དུག་ཀྱང་ཡིན། །ཞེས་པར་སྤྱིར་བོང་ངའི་ནང་ཚན་ནག་པོ་ཡིན། དེ་ལ་ནང་གསེས་དཀར་པོ་ལ་ར་དུག་པའི་འཛིན་པ། སེར་པོར་དཔའ་བོའམ་བཙན་དུག ནག་པོ་ལ་བོང་ང་ནག་པོ་ཞེས་པ་གསུམ་གར་ནུས་པ་བསིལ་དྲོད་གསུམ་དུ་འབྱུང་སྟེ། དེ་ཡང་བོང་ང་སོ་སོའི་ནུས་པ་སྐྱེས་པ་དར་མ་ནད་མེད་ལ་ནས་གཅིག་གི་རྩིས་བཏང་བས་སྨན་ནད་ལྡང་ན་རབ་དང༌། ཕྱེད་གཉིས་འབྲིང༌། གཉིས་ཕན་ཐ་མ་ཡིན་པས་ན་དེའི་དབང་གིས་སྦྱོར་ལུགས་ཀྱང་ཤེས་དགོས་ཤིང༌། འདི་ལ་མེ་ཏོག་གི་དབང་གིས་སྔོ་སྐྱ་དང་སྔོན་པོར་ར་དུག དམར་ནག་ལ་སྤྱང་དུག་རིགས་གཅིག་ཏུ་འགའ་ཞིག་བཞེད་ཅིང་སྔོ་ནག་དང་སྔོ་སེར་ལ་བོང་ནག་སྟེ་རིགས་གསུམ་དུ་ཕྱེ་བའི་མེ་ཏོག་སྔོ་སྐྱ་དང་སྔོན་པོ་འཆར་བ་དེ་འཛིན་པར་བརྗོད་དེ། དེ་ཡང་ཕྱི་འཛིན་ནི་རྩ་བའི་དུས་བརྐོས་པའི་རྩ་བ་དང༌། ནང་འཛིན་མགོ་བདུན་དགུ་ལྔ་གསུམ་སོགས་ཡ་ཡོད་པ་དང༌། གསང་འཛིན་འབྲས་བུ་ལོ་གཅིག་ལ་སྐྱེས་པ་དེར་བཞེད། ཡང་ཁ་ཅིག་ནི་རྐང་དང་འདབ་མ་མེ་ཏོག་ལ་ཕྱི་འཛིན། རྩ་བར་ནང་འཛིན། ས་འོག་ཏུ་ཁ་འབུས་པའི་མྱུ་གུ་གསང་འཛིན་དུ་ངོས་འཛིན་པ་སོགས་དོན་ལ་ཁྱད་པར་ཆེར་མེད་ཀྱང་སྔོན་མ་འཐད་པར་སེམས་ཤིང་གག་ལྷོག་སོགས་གཉན་རིགས་མཐའ་དག་གི་གཉེན་པོར་བསྔགས་ཤིང་གདོན་དང་སྙིང་རླུང་ཆུ་སེར་གྱི་རིགས་ལ་ཕན། དེ་དག་རྣམས་སྐྱེ་སའི་ཁྱད་པར་གྱིས་ཅུང་ཟད་མི་འདྲ་བ་འབྱུང་སྟེ། དེ་ཡང་ཚ་བ་ཤ་སྟག་སེལ་བར་སྲིབས་སུ་སྐྱེ་བའི་འཛིན་པའི་རྩེ་མོ་དང༌། ལོ་མ་ཁ་འབུས་དུས་སུ་བཏུས་པ་དང༌། རླུང་དང་གྲང་བ་སེལ་བར་གདགས་ལ་སྐྱེས་པའི་བཙན་དུག་དང་བོང་ནག་རྩ་བ་སྟོན་དུས་བརྐོས་པའི་འབྲི་ཚིལ་དེ་འཐད་པར་སེམས་ཤིང་བཙན་དུག་གིས་དམུ་ཆུའང་སྐེམ། སྤྱང་དུག་ལ་སྤྱི་དང་འདིར་མིང་གཅིག དེའང་ལུགས་ཤིག་ལ་མེ་ཏོག་གི་དབྱེ་བ་གོང་དུ་བརྗོད་པ་ལྟར་དང༌། ཡང་སྐྱེ་སའི་ཁྱད་ཀྱིས་སྤྱང་ཚེར་དུ་བཞེད་པ་སོགས་ངོས་འཛིན་མང་ཞིང་འཁྲུལ་མེད་ནི་འཁྲུངས་དཔེ་ཁུངས་མ་མ་མཐོང་ཡང་ལོ་མ་སོག་ལེ་ཁ་མེ་ཏོག་དམར་ནག་ཁ་ཐུར་དུ་འཕྱང་བ་མཐོ་གང་གི་སའི་སྔོ་ཀུན་ཁ་ཕྱི་ལ་འགྱེལ་བ་སྡོང་པོ་མདོག་སྐྱ་བ་ལོ་མའི་རྒྱབ་ཏུ་འབྲུམ་ཡོད་པ་སྤྱང་ཀི་དང་ཕྲད་ན་འཆི་ཞིང་ཕུར་བ་མི་ཁྱིའི་སྣར་བཏབ་ན་བརྒྱལ་འགྲོ་བ་དེ་ཡིན་ལ། ཕན་ཡོན་མངོན་བརྗོད་དུ་གསལ་ཞིང་དུག་རིགས་ཀྱི་ནུས་པ་གསོད་དོ། །དུག་གི་གཉེན་པོར་བསྔགས་པ་བོང་ང་རིགས་གསུམ་སོགས་གོང་དུ་བསྟན་ཟིན་པ་དང༌། རིག་བྱེད་ཀྱི་ལོ་རྒྱུས་ལས་ལྷ་དབང་བརྒྱ་བྱིན་གྱིས་བདེན་ཚིག་བརྗོད་པ་དང་རིན་པོ་ཆེ་ལྔའི་བཅུད་བསྡུས་ནས་རྒྱ་མཚོ་ལ་འཕངས་པ་དེ་ནས་གླང་པོ་ཆེ་དང༌། སྦྲུལ། སྦལ་པ། དོམ། རྨ་བྱ། རྒོད། ངང་པ། ཕུག་རོན་ལ་སོགས་པའི་སྲོག་ཆགས་ཀྱིས་བཏུང་བ་ལ་བསྟེན་དེ་དག་རྣམས་ལས་དབང་རིལ་དཀར་པོ། ལྗང་གུ། སྔོན་པོ། སེར་པོ། དམར་པོ་སོགས་རྩ་བའི་ཁ་དོག་ལྔ་དང་ལྡན་པ་བཅུ་བཅས་འབྱུང་སྟེ། དེ་ཡང་དངོས་མིན་བརྟག་པའི་རིགས་མཐའ་ཡས་ཀྱང་ཆུ་མིག་ཁ་ཤར་བལྟའི་ཆུ་ཉི་མ་ཤར་མ་ཐག་ཏུ་ལི་སྡེར་དུ་བླངས་པ་དེར་ཧ་ལའམ་སྨན་ཆེན་གྱི་ཕྱེ་མ་བཏབ་ལ་དཀྲུགས་པ་དེའི་ནང་དུ་དབང་རིལ་བཞག་པས་དུག་རྣམས་གོས་སུ་གྱོན་ན་རབ་སྟེ་དུག་ནད་ཅན་བདུན་གྱི་སྲོག་འཚོ་གདན་དུ་བཏིང་ན་འབྲིང་སྟེ་དུག་ནད་ཅན་ལྔའི་སྲོག་འཚོ། མཐའ་ནས་བསྡུས་ན་ཐ་མ་སྟེ་དུག་ནད་ཅན་གསུམ་གྱི་སྲོག་འཚོ་ཞིང་དུ་རུ་ཀའི་ཡུལ་རྣམས་སུ་མཆོག་གིས་ཞག་གསུམ་དང་དམན་པས་བདུན་ཚུན་ལ་ཆར་པ་འབེབས་པའི་ལས་ཀྱང་བྱེད། འདི་ལ་སྲོག་ཆགས་སོ་སོའི་ནང་གསེས་ཀྱི་ནུས་པའི་ཁྱད་པར་དང་དཀར་པོ་རྒྱལ་རིགས་སོགས་ལ་སྦྱོར་བས་མཚོན་སྤྲོས་པ་མང་ཡང་འདིར་མ་བརྗོད། དུད་འགྲོ་སྤྱིའི་སློའི་བཙོ་ལ་སྤྱི་དང་འདིར་མིང་གཅིག དེའི་ལུམས་ཀྱིས་རྩ་དཀར་དང་ཆུ་བའི་ནད་བྱིས་པའི་མཆིན་བབས་སོགས་ལ་ལ་བསྔགས། ཀླད་རུལ་ལ་སྤྱི་དང་འདིར་མིང་གཅིག དེའང་ཀླད་པ་ཡུན་སོང་བའི་རུལ་བས་རྨེན་བུ་དང་བྱིས་པའི་ལྟེ་འཁོར་སོགས་ལ་ཕན། སེང་གེ་ལ་སྤྱིར་མིང་སོ་གཉིས་འདིར་གཅིག གཟིག་ལ་སྤྱིར་མིང་བཅུ་གཉིས་འདིར་གཅིག མི་རྒོད་ལ་སྤྱིར་མིང་བདུན་འདིར་གཅིག ར་རྒོད་ལ་སྤྱིར་མིང་བཅོ་བརྒྱད་འདིར་གཅིག གུང་ལ་སྤྱིར་མིང་ལྔ་འདིར་གཅིག་ཏུ་བཤད་པ་སོགས་ཀྱི་ཤ་དང༌། གོ་བོ་ལ་སྤྱིར་མིང་བརྒྱད་འདིར་གཅིག དེའི་ཤ་སྒྲོས་གདོན་འཇོམས་ཤིང༌། གོ་བོའི་གྲེ་བས་རུས་པ་གྲེ་བར་ཟུག་པར་ཕན། ཕོ་བ་དང་བྲུན་གཉིས་ཀྱིས་སྐྲན་བཤིག ལུས་སྟོད་ཀྱི་ཤས་ལྦ་བ་འཇོམས་ཤིང་ཀླད་པས་རྣག་སྐེམ། ཕག་རྒོད་ལ་སྤྱིར་མིང་བདུན་འདིར་གཅིག དེའི་ཤས་གདོན་འཇོམས་ལ་ཟུག་རྔུ་བརྟག་ཅིང་མཆེ་བས་འབྱིན་པར་བྱེད། བྱ་རོག་ལ་སྤྱིར་མིང་ཉི་ཤུ་རྩ་གཅིག་འདིར་གཅིག དེའི་སྙིང་ཁྲག་གིས་སྟེང་གདོན་བསྲུང༌། བྲུན་དང་ཤས་ཟུག་རྔུ་བརྟག་ཅིང་དེ་གཉིས་དང་སྒྲོ་ཆུས་གདོན་ལ་ཕན། མཇུག་སྤུས་ཀྱང་རྨར་ཕན། པུ་ཤུད་ལ་སྤྱིར་མིང་བཅུ་གསུམ་འདིར་གཅིག དེའི་ཤ་དང་སྒྲོས་གདོན་འཇོམས་ཤིང་སྒོ་ངས་རྨ་བྱའི་སྒོང་དུག་སེལ། སྲིན་བྱ་ལ་སྤྱིར་མིང་བཅུ་བདུན་འདིར་གཅིག དེའི་ཤས་སྲེ་མོའི་ཤའི་སྦྱར་དུག་སེལ་ཞིང་ཟུག་རྔུ་བརྟག་སྒྲོ་དང་བཅས་པས་འབྱུང་གདོན་སེལ་ཞིང་ཀླད་པས་རྩ་ཁ་སྡོམ་པ་དང་གློ་འགྲམས་ལ་ཕན། གཟུགས་མོ་བྱི་ཐུར་མིང་གོང་དུ་སོང་བའི་ཀླད་པས་ཀླད་པ་འཛག་པ་གཅོད་ཅིང་བྲུན་སྒྲོ་ཆུས་གདོན་ལ་བསྔགས། ཁྲག་གིས་སྨིན་མ་བྱི་བ་སྐྱེ། །བྱང་ཁོག་གི་ཤ་དང་མཆིན་མཁྲིས་ཀྱིས་སྦྱར་དུག་ལ་ཕན། སྐྱ་ག་ལ་སྤྱིར་མིང་བཅུ་དྲུག་འདིར་གཅིག དེའི་བྲུན་གྱིས་སྐྲངས་པ་རྣག་ཏུ་འགུགས། ཁྲ་ལ་སྤྱིར་མིང་བཅུ་གཉིས་འདིར་གཅིག དེའི་སྒོ་ང་ཆག་མེད་གསང་གནས་སུ་བཏགས་པས་ས་བོན་འཛག་པའི་ནད་རྙིང་བསྲུང་ཞིང་བྲུན་གྱིས་སྐྲངས་པ་རྣག་ཏུ་འགུགས། གླང་པོ་ལ་སྤྱིར་མིང་སོ་བཞི་འདིར་གཅིག དེའི་ཤས་གདོན་འཇོམས་ཤིང༌། མཁྲིས་པས་དུག་གི་ཤ་སྐམ་གསོ་བ་དང༌། གཅི་བ་དང༌། རུས་སྦལ་ལ་སྤྱི་དང་འདིར་མིང་གཅིག །དེའི་ཁོག་པའི་དུ་བས་འདྲེ་ཤིག་བསྲུང་ཡང་ས་བདག་ཀླུ་གཉན་ལ་ཕོག །སྙིང་གིས་མགོ་རྨ་ལ་ཕན་ཤས་ཟུག་རྔུ་བརྟག སྲེ་མོ་ལ་སྤྱི་དང་འདིར་མིང་གཅིག དེའི་ཤས་ཁ་ནད་དང་སྦྱར་བའི་དུག་རིགས་དང་སྨ་རས་བྱར་སྦྱར་གྱི་དུག་སེལ། བྱི་ལ་ལ་སྤྱིར་མིང་བཅུ་འདིར་གཅིག དེའི་རུས་པས་མཚན་བར་བརྡོལ་བའི་རྨ་དང་བྲུན་གྱིས་གདོན་དང་སྨྱོ་བྱེད་འཇོམས་ཤིང་མཇུག་ཏོས་རོ་ཙ་དང་པགས་པས་གཞང་འབྲུམ་ལ་ཕན། ནག་པོ་ལ་དོམ་པ་ལ་སྟེ་དེའི་ཀླད་པས་མགོ་རྨ་ལ་ཕན། ཟི་ལྡི་ར་ལ་སྤྱི་དང་འདིར་མིང་གཅིག དེའང་ངོ་བོ་ཆེ་ལ་ལོ་བཞི་དབྱར་དུ་དབྱར་ཉི་ལྡོག་ནས་འབྱུང་བ་དེ་དང༌། ཆུང་བ་ནམ་དུ་འབྱུང་བ་དེས་རང་གི་ཆུ་ནད་དང་གཉན་རིགས་བྱིས་པའི་ལྟེ་མཁྲང་ལ་ཕན། གོང་མོ་ལ་སྤྱི་མིང་སོགས་གོང་སོང་དེའི་སྒྲོ་གཞོབ་ཀྱིས་མོ་ནད་སྤྱི་ལ་ཕན་ཞིང་བུད་མེད་ཀྱི་ཟླ་མཚན་གཅོད་ཅིང་ཤས་ཀྱང་མོ་ནད་ལ་ཕན། ཆ་ག་པ་ལ་སྤྱིར་མིང་ལྔ་འདིར་གཅིག དེ་ནི་སྟོན་ཀ་སྤང་དུ་འོང་བ་དེ་ཕུར་བའི་ཁ་ཆུ་བདུད་རྩི་སྨུག་པོ་ཞེས་པས་ཀླད་པ་འཛག་པ་གཅོད་ཅིང་རྩ་ནད་འཇམ་པར་སྦྱོང༌། བ་མེན་ལ་སྤྱིར་མིང་དགུ་འདིར་གཅིག དེའི་རྭས་རྣག་ཁྲག་སྐེམ་སྦྲེ་ལ་སྤྱིར་མིང་བཞི་འདིར་གཅིག དེའི་བྲུན་གྱིས་ཤ་སྐྲངས་སེལ་ཞིང་དཔྱི་རུས་ཀྱིས་གག་ལྷོག་དང༌། ཆུ་ཤུལ་དང་རྨོང་སྤུས་ཁ་ཤུ་ལ་ཕན། སྐྱར་མོ་ལ་སྤྱིར་མིང་བཅུ་འདིར་གཅིག དེའི་སྤུ་བསྲེགས་པའི་གཞོབ་ཀྱིས་སྐྲངས་པ་རྣག་ཏུ་འགུགས། ཤས་ཉའི་སྦྱར་དུག་སེལ། ཅོ་ག་ལ་སྤྱིར་མིང་བཅུ་གཅིག་འདིར་གཅིག དེའི་སྒོ་ངས་རྨ་བྱའི་སྒོང་དུག་སེལ། ཉ་ལ་སྤྱིར་མིང་བཅུ་གསུམ་འདིར་མདའི་རྔ་མོ་དང་གཉིས། དེའི་ཨོལ་གོང་པས་མཁྲིས་པ་སེལ། ཤས་རྣག་འཁྱིམ་བརྟོལ་བ་དང་བད་མཁྲིས་སེལ་ཞིང་འབྲས་ལ་ཕན། མཁྲིས་པས་མིག་ཕྱི་འགྲིབ་མེས་ཚིག་རྨ་སོགས་སེལ་ཞིང༌། རུས་པས་དམུ་ཆུ་སྐེམ་པ་དང༌། མིག་མིག་ལ་བྱུགས་ན་གཉིད་བསྲུང༌། ཉ་ཚ་ཞེས་ལྟོ་བ་ནས་འབྱུང་བ་དེས་རྨ་ལ་ཕན། གླ་བ་ལ་སྤྱིར་མིང་ལྔ་འདིར་གཅིག དེའི་རིལ་མའི་ལུམས་ཀྱིས་རྩ་ནད་སྤྱི་དང་ཚ་བ་གབ་པའི་གཟེར་རིམས་ཀླད་པར་བབས་པ་དང་བྱང་ཁོག་རྨ་ལ་ཕན། གནའ་བ་ལ་སྤྱི་མིང་གོང་སོང་དེའི་རས་ཉ་རུས་ཟུག་པ་སེལ་ཞིང་བྱང་ཁོག་རྣག་ཆུ་སྐེམ་པ་དང༌། ཁྲག་གིས་ཆང་ནད་མི་འབྱུང་བ་དང༌། མཇུག་སྤུས་ནུ་ཚབས་ལ་ཕན། དོམ་ལ་སྤྱིར་མིང་དྲུག་འདིར་གཅིག དེའི་སྙིང་གིས་བུད་མེད་སྙིང་ཚབས་ལ་ཕན། སྡིག་པ་ལ་སྤྱི་དང་འདིར་མིང་གཅིག དེའི་ཤས་ཉྭ་ལོག་དང་མིག་ལ་ཕན། ཚེ་གཅིག་ལུས་གཉིས་ཞེས་པར་སྤྱི་དང་འདིར་མིང་གཅིག དེའང་སྦལ་པ་མཇུག་མ་ཡོད་པ་དེའི་ཤ་གཉན་ནད་ཀྱི་གཉེན་པོར་བསྔགས། སྤྱིན་ལ་སྤྱིར་མིང་ལྔ་འདིར་གཅིག དེའང་མཆོག་ནི་ཆུ་སྲིན་དང་ཉའི་ལྟོ་བ་ལས་འབྱུང་བ་སེར་པོ་དང༌། ཤ་བའི་རྭ་སོགས་རྭ་དང་ཀོ་བ་ལ་བཟོས་པ་བཅས་རིམ་པས་དམན་ལ་ནུས་པས་བད་ཀན་འབྱར་བག་ཅན་རྣམས་དང༌། མིག་གི་ལིང་ཐོག་བད་གྱུར་ལེན་ཞིང་ཤ་རོ་དང་རྒྱུ་རྒན་གྱི་རྒྱུ་རྩི་སྦྱོར་བ་དང་རྨ་ལའང་ཕན། སྦལ་པ་ནག་པོ་ལ་སྤྱིར་མིང་བདུན་འདིར་གཅིག དེའི་ཤས་ལྷོག་པའི་ནད་མཐའ་དག་དང་མཛེ་སེལ་ཞིང་སྦྱར་དུག་ལ་ཕན། ཤ་ཁུས་ལྕེ་སྐྲངས་དང༌། ཁྲག་གིས་ཉྭ་ལོག་མེས་ཚིག་རྨ་སོགས་ལ་ཕན། མཆིན་པ་དང་མཁྲིས་པས་ཀྱང་སྦྱར་དུག་སེལ། རྐྱང་ལ་སྤྱིར་མིང་བདུན་འདིར་གཅིག དེའི་གྲེ་བས་ལྦ་བ་འཇོམས། གཙོད་ཀྱི་མིང་སོགས་གོང་སོང་གི་གྲེ་བས་ལྦ་བ་འཇོམས། དགོ་བའི་མིང་སོགས་སྔོན་སོང་གི་གྲེ་བས་ལྦ་བར་ཕན། ལུག་མིང་གོང་སོང་དེ་ཐུག་པོའི་ཆུས་སྣ་ནད་དང་སྣ་ཁྲག་གཅོད་ཅིང༌། ཐུག་འབྲས་ནི་རོ་ཙའི་མཆོག ལུག་ལོ་གསུམ་ལོན་པ་ཕོ་ཐོང་པ་དང༌། མོ་ཚེར་མོའི་མགོས་རླུང་ནད་སེལ་ཞིང༌། མཁལ་མས་མཁལ་ནད་ལ་མཆོག་དང༌། མཆིན་པས་མཆིན་རླུང་དང་མིག་འགྲིབ་སེལ། ཚང་རའི་ཤ་རུས་ཀྱིས་རུས་ཚབས་འཇོམས་ཤིང་ཤ་བལ་གྱི་ཁུ་བས་རྒྱས་ཚད་བ་སྤུར་འདོན། དང་གའི་བལ་འདབ་ཀྱིས་ཚད་སྨྱོར་ཕན། དོན་ལྔ། ལྟོ་ཚིལ། གཞང༌། རླིག་པ། ལྕེ། ཨོལ་གོང༌། རྨེན་བུ། ནམ་ཚོང༌། བྲང༌། ལྟག་པ། གུང་རྩིབ། མཇུག་ཐུང༌། མིག རྐང༌། བཞག ཉྭ་བཞི། ཁྲག་སོགས་ཀྱིས་མོ་ནད་རླུང་ཚབས་སེལ་བ་དང༌། གཞན་མཐའ་དག་གིས་རླུང་ནད་འཇོམས་ཤིང་ཁྱད་པར་ཐོང་པས་མོ་ནད་སྤྱི་དང་སྐེའི་ཏོག་སྟོང་པོས་བད་ཀན་གྱིས་སྐེ་འགགས་པ་སེལ་བ་དང༌། རིལ་མའི་ལུམས་ཀྱིས་ཡན་ལག་སེལ་ན། དེ་མིན་ལུག་གང་རུང་གི་ཤ་རུས་ཀྱིས་རླུང་ནད་སེལ་ཞིང་རྐང་མགོས་རྨ་འཇིབ། མཁྲིས་པ་རྨ་ལ་ཕན། ཁྲག་དང་འོ་མས་དུག་སྡུད། རྒོད་གཡག་སྟེ་འབྲོང་མིང་སོགས་གོང་སོང་གི་རུས་པས་ལུས་དྲོད་སྐྱེད་ཅིང་ཤས་དམུ་ཆུ་སེལ། གྲེ་བས་ལྦ་བ་འཇོམས། རྐང་གིས་རྨར་ཕན། གཡག་ལ་སྤྱིར་མིང་དགུ་འདིར་གཅིག་དང༌། མཛོ་ལ་སྤྱིར་མིང་ལྔ་འདིར་གཅིག དེ་གཉིས་སྲེ་བོའི་སྦུབས་ཞེས་ཁོང་ཁྲག་གིས་རྨ་ལ་ཕན། གཉན་མིང་གོང་སོང་མོའི་གློ་བས་བུད་མེད་ཀྱི་རྒྱུ་ཚབས་སེལ། སྟག་གི་མིང་སོགས་གོང་སོང་གི་ཤ་གདོན་ལ་བསྔགས་ཤིང་སྨ་རས་དུག་ནད་སེལ་བ་དང༌། རྩིབ་རུས་ཀྱིས་ཟུག་རྔུ་བརྟག སྤྲེའུའི་མིང་གོང་སོང་གི་སྙིང་གིས་སྙིང་ཚབས་དང༌། མཁྲིས་པས་སྦྱར་དུག་དང་རྨ། བྲུན་ཆུས་གདོན་རིགས་སོགས་ལ་ཕན། བྱ་རྒོད་མིང་གོང་སོང་གི་རུས་པས་གཅིན་འགགས་སེལ་ཞིང༌། མཁྲིས་པས་རྨ་ལ་ཕན། གྲེ་བས་ཤ་མ་ཞུ་བ་དང༌། སྙིང་གིས་དྲན་པ་ཉམས་པ་ལ་ཕན། ཕོ་བས་དྲོད་སྐྱེད་ཅིང་སྐྲན་བཤིག་པ་དང་སྐྲངས་པ་འགུགས། བྲུན་ཆུ་སྒྲོ་བཅས་པ་གདོན་ལ་བསྔགས། རྨ་བྱ་མིང་གོང་སོང་གི་མཁྲིས་པས་སྦྱར་དུག་ལ་ཕན་ཞིང༌། སྙིང་ཁྲག་གིས་སྟེང་གདོན་འཇོམས། སྲམ་མིང་གོང་སོང་གི་མཇུག་ཏོས་རོ་ཙ་ཞིང་རུས་པ་དང་བྲུན་གྱིས་དམུ་ཆུ་སྐེམ། སྣ་དང་མཆེ་བའི་ཁུ་བས་ཉ་རུས་ཟུག་པར་ཕན། དུར་ཀླད་ལ་སྤྱི་དང་འདིར་མིང་གཅིག དེའང་མི་རོ་དུར་དུ་བཞག་པ་ལོ་ལོན་པའི་ཀླད་པས་འབྲས་ལ་ཕན། འཕྱི་བ་མིང་གོང་སོང་གི་སྙིང་གིས་སྙིང་ཚབས་སེལ་ཞིང༌། ཐོད་པས་དམུ་ཆུ་དང༌། ཤས་རླུང་དང་མོ་ནད་ལ་ཕན། མཁྲིས་པས་ཆང་ནད་འབྱང་ཞིང་རྨ་དང་སྦྱར་དུག་ལ་ཕན། ར་མིང་གོང་སོང་ཐུག་པོའི་དཔྱི་རུས་ཐལ་བས་གག་པ་སེལ་ཞིང༌། བྲུན་གྱིས་གདོན་སྤྱི་དང་ཁྱད་པར་སྨྱོ་བྱེད་འཇོམས། ཐུག་འབྲས་ཀྱིས་རོ་ཙ་བ་དང༌། ཆུས་ཟུག་རྔུ་བརྟག་ཅིང་སྣ་ནད་ལ་ཕན། ར་དཀར་པོའི་རྭ་རུ་བསྲེགས་ཐལ་གྱིས་རྨོངས་རིམས་དང༌། རྩེ་གཡས་པ་བསྲེགས་ཐལ་གྱིས་བ་སྤུའི་ཚ་བ་སེལ། སྤུས་གདོན་དང་ཆུ་བུར་ལ་ཕན། ར་རོག་པོའི་གཉའ་ཁྲག་གིས་ཚིགས་ཀྱི་ཆུ་སེར་སྡོམ་ཞིང༌། རིལ་མའི་ལུམས་ཀྱིས་མཛེ་དུག་ལ་བསྔགས། ལྐོག་སྤུས་རྨ་ལ་ཕན། ར་སེར་སྐྱའི་སྣ་ཁྲག་གིས་རྨ་ལ་ཕན། ར་གང་བྱུང་གི་མཆིན་པ། ཚིལ། གློ། ལྤགས། སྙིང༌། མཆེར་རྣམས་སྲིན་ལ་བསྔགས་ཤིང་ཚིལ་གྱིས་རེག་དུག་སེལ་བ་དང༌། མཆེར་པས་དུག་ཚིགས་བྱེར་སྡུད་པར་ཡང་བྱེད། ཀླད་པས་ཆུ་རྒྱུས་ཆད་པར་ཕན། རྭ་གཞོབ་ཀྱིས་རྨ་དང་གག་ལྷོག་སེལ། འོ་མས་དབུགས་མི་བདེ་བ་དང་མིག་ནད་ཚད་འཁྲུ་སོགས་ལ་ཕན། རེ་བལ་ཞེས་ཁུ་ལུས་རྨའི་ཤའུ་གསོ། རེའུ་སྐྱེས་འཕྲལ་མས་མ་ལྡགས་པའི་ཀླད་པས་ཀླད་པ་འཛག་པ་གཅོད་ཅིང༌། གློ་བས་གློ་ནད་ལ་ཕན། སྤྱང་ཀི་མིང་གོང་སོང་གི་གྲེ་བས་ལྦ་བ་དང༌། སྤུ་དུགས་ཀྱིས་དམུ་ཆུར་ཕན་ཞིང༌། ཤས་ཟུངས་འཕེལ་རྨའི་གྲང་ཁྲོས་ལ་ཕན། ཕག་པ་མིང་གོང་སོང་གི་ཐོད་རུས་ཀྱིས་དམུ་ཆུ་དང༌། མཁྲིས་པས་དུག་དང་རྨ་ཚད་ལ་ཕན། རྐང་མར་གྱིས་སྐྲ་དང་སྨིན་མ་བྱི་བ་སྐྱེ། ནག་པོའི་སྣས་ཉྭ་ལོག་སེལ་ཞིང་ཤས་ཟུག་རྔུ་བརྟག །སྣ་ཁྲག་གིས་ཚིགས་ཀྱི་ཆུ་སེར་སྡོམ། ཕྱ་ཚན་གསུམ་དང་རོ་ཚན་གསུམ་ལ་སྤྱི་དང་འདིར་མིང་རེ། དེའང་མི་རྟ་ཁྱི་གསུམ་སྐྱེས་མ་ཐག་པའི་བྲུན་ལ་ཕྱ་ཚན་གསུམ་དང༌། དེ་མའི་མངལ་དང་སྐྱེས་འཕྲལ་དུ་ཤི་བའི་ལྟོ་བར་ལུས་པའི་བྲུན་ལ་རོ་ཚན་ཏེ་དེ་རྣམས་དུག་ནད་ལ་བསྔགས། ཁྱི་མིང་གོང་སོང་གི་སྤུས་སྲིན་འཇོམས་ཤིང་རྣ་བའི་རྣག་སྐེམ། རྨ་དང་རྣ་སྤབས་ལ་འབྱུག་ཚས་བྱས་ཀྱང་ཕན། མཆེ་བས་གག་པ་སེལ་ཞིང་ཀླད་པས་མིག་ཕྱི་འགྲིབས་དང༌། ཁྲག་གིས་མཛེར་ཕན། དབྲེ་ཞེས་ཁམས་དང་འདྲེས་པའི་ཆུའམ་ཆུ་ཤུལ་གྱི་དྲེག་པས་ཁའི་ཤུ་བརྡོལ་ལ་ཕན། རྨོང་སྤུས་ཁ་ནད་ཀྱི་རྣག་ཆུ་སྐེམ། ནག་པོའི་མཁྲིས་པས་བྱང་ཁོག་གི་རྩ་ཁ་སྡོམ། མཇུག་སྤུས་རྨར་ཕན། དཀར་པོའི་ཤས་ཟུག་རྔུ་བརྟག རྒྱ་བོའི་སྣ་ཁྲག་གིས་རྨ་ལ་ཕན། ཁྱི་ལུད་ཀྱི་དཀྱིལ་དུ་བྲུན་དཀར་པོ་རིལ་རིལ་བྱུང་བ་དེ་རྒྱ་ཚིལ་ཞེས་རེག་དུག་སོགས་གླང་ཤུའི་རིགས་ལ་བསྔགས། ཁྱི་གུ་མིག་མ་བྱེ་བའི་ཀླད་པས་ཀླད་པ་འཛག་པ་གཅོད། བོང་བུ་མིང་གོང་སོང་གྭ་མའི་འོ་མས་མགོ་རྨ་དང༌། མཇུག་ཁྲག་གིས་རྨ་སྤྱི་གསོ། བོང་ཡར་མའི་འོ་མས་གློ་གཅོང་སེལ། བོང་གསེབ་ཀྱི་ཆུས་སྣ་ནད་ལ་ཕན། བོང་བུ་སྤྱིའི་ཤས་ཟུངས་འཕེལ། བོང་ནག་གི་སྦངས་ཀྱིས་རྨར་ཕན། གཡག་སྤྱི་མིང་གོང་སོང་རོག་པོའི་མཁྲིས་པས་བྱང་ཁོག་གི་རྩ་ཁ་སྡོམ། ཝ་མིང་གོང་སོང་གི་ཀླད་པས་རྩ་ཁ་སྡོམ་ཞིང་སྙིང་གིས་དམུ་ཆུ་སྦྱོང༌། གཅིན་བྲུན་གྱིས་གདོན་རིགས་དང་ཁྱད་པར་སྨྱོ་བྱེད་ལ་ཕན། མི་ཕྱུགས་གང་རུང་གི་གཏར་ཁྲག་ལ་སྤྱི་དང་འདིར་མིང་གཅིག དེ་དྲོན་མོ་སྣར་བླུགས་ན་སྲིན་ལ་ཕན། སྲེག་པ་ལ་སྤྱིར་མིང་ལྔ་འདིར་གཅིག དེའི་ཤས་རྨའི་རྗེས་གསོ། བྱ་ཝང་མིང་གོང་སོང་གི་བྲུན་གྱིས་གདོན་ལ་བསྔགས། རྩངས་པ་མིང་གོང་སོང་གི་མཁྲིས་པ་དང་ཀླད་པས་མགོའི་ཤའུ་སྐྱེད། ངུར་པ་མིང་གོང་སོང་གི་མཁྲིས་པས་ཉྭ་ལོག་སེལ། ཤ་བ་མིང་གོང་སོང་དེའི་སློའམ་བཙོའི་ལུམས་ཀྱིས་སྲིན་ནད་ལ་ཕན། བྱ་མིང་གོང་སོང་མཚའ་ལུའི་མཁྲིས་པས་རྨ་བྱ་སོགས་ཀྱི་སྒོང་དུག་སེལ་ཞིང༌། མགོས་རོ་ཙ་བར་བྱེད་པ་དང་རྨ་ལ་ཕན། མདོག་གང་བྱུང་གི་སྒོ་ང་རོ་ཙའི་མཆོག་དང༌། བྲུན་གྱི་ལྡེ་གུས་མིག་ལ་ཕན། བྱ་མོ་ནག་མོའི་ཤས་སྦྱར་དུག་སེལ་ཞིང༌། སྒོང་ཁྲག་བྱུག་པས་ཟུག་རྔུ་བརྟག སྒོ་ང་ལ་སྤྱིར་མིང་གསུམ་འདིར་གཅིག དེའི་ནང་གི་སེར་པོ་དེས་མིག་གི་ལིང་རོ་གཅོད་ཅིང་རྨ་ལ་ཕན། སྤྲིས་དཀར་པོས་ཀྱང་མིག་ལ་ཕན། རྦབ་ལ་སྤྱི་དང་འདིར་མིང་གཅིག དེའང་བྱ་བྲང་དང་སྐེ་དམར་པོ་སྒལ་གཞུང་དམར་གྲོ་ལ་དཀར་ཐིག་ཡོད་པའི་སྒྲོས་གློར་ཕན། སྦྲུལ་མིང་གོང་སོང་གི་སྟོད་ཤས་མཆིན་མཁྲིས་ཀྱི་སྦྱར་དུག་སེལ། མི་མིང་གོང་སོང་གི་མཇུག་ཏོས་རོ་ཙ་བར་བྱེད་ཅིང༌། རྐང་མགོས་འབྲས་འདུལ། མཁྲིས་པས་རིམས་ཀྱི་རྩ་འབྲོས་འཕྲང་བསྡམས་པ་དང༌། རྨ་དུག་མཁྲིས་ནད་སོགས་ལ་ཕན་ཞིང༌། བཤལ་གྱི་རྗེས་གཅོད། ཁྲག་གིས་མཛེ་ལ་ཕན། ཐོད་པའི་ལྷ་རུས་མགོ་རྨ་ལ་ཕན། མི་གྲིར་གློ་བུར་ཤི་བའི་རུས་པས་རྨ་ལ་ཕན། མིའི་ཐལ་ཆེན་དང༌། ཕོའི་མཚན་མའི་སྤུས་ཕོ་གདོན་གཙོར་གྱུར་གྱི་གདོན་ནད་སེལ། བུ་བཙའ་མ་ཐུབ་པ་བཙའ་བར་བྱེད། ཆོས་སྨན་ལ་སྤྱིར་མིང་བཅུ་གཉིས་འདིར་ཨ་མྲྀ་ཏ་དང་གཉིས། དེ་ནི་བདུད་རྩི་སྨན་སྒྲུབ་ཚུལ་བཞིན་བགྱིས་པའི་ཆོས་སྨན་ཨ་མྲྀ་ཏ་དེས་དུག་དང་ཚ་གཟེར་འཇོམས། སྐྱེས་པའི་ལུས་རྔུལ་བ་ཕྱེས་དྲིལ་བ་དང་ས་བོན་གྱི་དྭངས་མས་མངལ་ནད་སེལ། བུ་མོ་ལོ་ལྔ་དང༌། དགུ་ལོན་པའི་དོན་ལྔ་དང་དབང་པོ་ལྔས་དྲིས་ཕོག་པའི་དུག་ལ་ཕན། བུད་མེད་ཀྱི་སྤྱི་བོའི་སྐྲས་ཁྱེའུ་བཙའ་མ་འདོད་པ་བཙའ་བར་བྱེད། ཁྱེའུས་འཐུང་བའི་ནུ་ཞྭོས་སྦྱར་དུག་འཁྲུ་སྐྱུག་གཅོད་སྐྱིགས་བུ་སེལ། ལོ་བརྒྱད་ལོན་པའི་དྲི་ཆུས་གཉན་དང༌། རིམས་ཚད་གདོན། དུག་རུས་ལ་ཞེན་པ་དང༌། དབུགས་མི་བདེ་སོགས་སེལ། གླང་ལ་སྤྱིར་མིང་བཅུ་བདུན་འདིར་གཅིག དེའི་མཁལ་མས་མཁལ་ཚབས་དང༌། མཆེར་པས་རྨ་དང་དུག་ལ་ཕན། ཁྲག་གིས་དུག་སྡུད། གླང་ནག་པོའི་མཁྲིས་པས་སྦྱར་དུག་མིག་ཏུ་ལོག་པ་དང༌། རྭས་མཛེ་ནད་སེལ། རྨོང་སྤུས་རྨར་ཕན། གླང་དམར་པོའི་གསོན་ཁྲག་གིས་དུག་ནད་རྩའི་འབྲོས་འཕྲང་སྡོམ། བྱི་བ་མིང་གོང་སོང་གི་མིག་མིག་ལ་བྱུགས་ན་གཉིད་བསྲུང༌། རྒྱའི་སྤྱི་མིང་གོང་སོང་གི་ཚིལ་གྱིས་མཛེ་ནད་སེལ། རྟ་མིང་གོང་སོང་དཀར་པོའི་རྨིག་པ་བསྲེགས་ཐལ་གྱིས་སྨེ་བ་སོགས་ལྤགས་ནད་དང༌། གང་རུང་གི་མཁལ་མས་མཁལ་ཚབས་སེལ་ཞིང་སྙིང་གིས་དུགས་ཚིགས་བྱེར་བ་སྡུད། མཆེར་པས་རྨར་ཕན། ཤས་རླུང་ནད་དང༌། གྲེ་བས་ལྦ་བའང་འཇོམས། ཐོད་པས་དམུ་ཆུ། ཁྲག་གིས་མཛེ་དང་རྨ་ལ་ཕན། རྟ་སྤུ་ཁ་མོག་གྲོ་དྲུག་སྟེང་ཁྲ་ཐིག་ཡོད་པའི་དྲུག་ཕྲོམ་གྱི་རྐན་ཁྲག་གིས་རྨ་ལ་ཕན། སོ་བྱ་མིང་གོང་སོང་གི་རུས་པས་དམུ་ཆུ་སྐེམ་ཞིང༌། ཤས་གདོན་དང༌། ཤ་ཁུས་ན་རུས་ཟུག་པར་ཕན། གྲེ་བས་ཤ་མ་ཞུ་བ་འཇུ་ཞིང་རྣག་འདྲེན། ལྦ་བས་ལྦ་བ་སོགས་ལ་ཕན། འུག་པ་མིང་གོང་སོང་གི་ཤས་རྨའི་གྲང་ཁྲོས་འདུལ་ཞིང༌། བྲུན་དང་དེ་གཉིས་ཀྱིས་གདོན་དང་ཁྱད་པར་སྨྱོ་བྱེད་སེལ། བྱ་མ་བྱིའི་མིང་གོང་སོང་གི་ཤས་གདོན་ལ་ཕན། རི་བོང་མིང་གོང་སོང་གི་ཤས་རྨ་བྱེར་བའི་རུས་མཛེར་འགོག ཆུས་མགོ་རྨ་གསོ། ནས་ཟན་མིང་གོང་སོང་གི་བྲུན་གྱིས་སྐྱིགས་བུ་སེལ། ཕུག་རོན་མིང་གོང་སོང་གི་མགོ་ཤས་ཁུ་བ་གསོ་ཞིང་རོ་ཙ་བ་དང༌། སྒྲོས་གློ་བ་ལ་ཕན། བྱེ་སྟག་ལ་སྤྱི་དང་འདིར་མིང་གཅིག དེའང་ཕྱེ་མ་ལེབ་སེར་ཁྲའི་ཤས་སོ་སྲིན་དང༌། ཉྭ་ལོག་ལ་ཕན། ཞོ་སྦུར་ལ་སྤྱི་དང་འདིར་མིང་གཅིག འཁྲུལ་མེད་སྦུར་ཆུང་དེས་ཆུ་སེར་ལ་ཕན། རྨིགས་པ་མིང་གོང་སོང་གི་ཁྲག་གིས་བྱང་ཁོག་གི་རྨ་ལ་ཕན། ཏེ་ལོ་ལ་སྤྱིར་མིང་ལྔ་འདིར་གཅིག དེའི་ཀླད་པས་སྦྱར་དུག་སྙིང་ལ་བབས་པར་ཕན། ཁྲུང་ཁྲུང་ལ་སྤྱིར་མིང་བཅུ་གཅིག་འདིར་གཅིག་དང༌། རྔ་མོ་ལ་སྤྱིར་མིང་དགུ་འདིར་གཅིག དེ་གཉིས་ཀྱི་རུས་པས་ཆུ་འགགས་སེལ། རྔ་མོ་ཕྲུ་གུ་ཐོག་མ་སྐྱེས་པའི་ཤ་རྔ་བྲན་ཤ་གསར་དེས་ཤའུ་སོགས་རྨ་ལ་བསྔགས། ནེ་ཙོ་ལ་སྤྱིར་མིང་བཅུ་གསུམ་འདིར་གཅིག དེའི་མཁྲིས་པས་སྦྱར་དུག་ལ་ཕན། ལྕགས་སྦྲུལ་ལ་སྤྱི་དང་འདིར་མིང་གཅིག ཕོ་མོ་གཉིས་ལས་བྲག་ལ་སྐྱེས་པ་དངུལ་གྱི་རྒྱ་ཁབ་གཤིབས་པ་འདྲ་བ་རིང་ཞིང་སྦོམ་པ་དེ་ཕོ། ཐུང་ཞིང་ཕྲ་བ་མོ་སྟེ་དེ་གཉིས་ཀྱི་དུག་བཏོན་ན་མིག་རབ་རིབ་དང་དམར་ཚག་སེལ། བ་མིང་གོང་སོང་དམར་ཟལ་གྱི་ལྕི་བས་ཆུ་སེར་གྱི་ཤུ་ཐོར་སྐེམ་ཞིང༌། མིག་ནད་སྲིན་གྱུར་དང་ཚ་འབྲབ་ལ་བདུགས་ན་ཕན། བ་གསར་ལྕི་བས་དབུགས་མི་བདེ་བར་ཕན། བ་སེར་པོའི་མཁྲིས་པས་སྨྱོ་བྱེད་སེལ་ཞིང༌། གང་རུང་གི་འོ་མས་རྒྱུ་རྩི་སྦྱོར་བ་དང༌། འཁྲུ་བ་གཅོད་ཅིང༌། མཆེར་པས་མིག་དང་དུག་ལ་ཕན། ཁྲག་གིས་དུག་སྡུད། ལྕི་བ་སར་མ་ལྷུང་པས་གྱུར་དུག་ལ་ཕན་ནོ།།

དེ་ལ་སོགས་པ་རྒྱུད་ཡན་ལག་བརྒྱད་ཀྱི་བདག་ཉིད་ཅན་འདིར་བཤད་པའི་སྨན་གྱི་རྟ་ནི་བུ་རམ་གྲང་བ་དང༌། རླུང་ནད་སེལ་བའི་རྟ་དང༌། ཀ་ར་ནི་ཁྲག་དང༌། མཁྲིས་པ་ལས་གྱུར་པ་ཚ་བའི་རིགས་སེལ་བའི་རྟ་དང༌། སྦྲང་རྩི་ནི་ཆུ་སེར་དང༌། བད་ཀན་སེལ་བའི་རྟ་ལ་སོགས་པས་མཚོན་དེ་དག་ནི་སོ་སོའི་སྨན་གྱི་ནུས་པ་བསྟན་པ་ཡིན་སྟེ། དྲང་སྲོང་ཡིད་ལས་སྐྱེས་སོགས་འཁོར་ཚོགས་དང༌། ཕྱིས་གསོ་བ་རིག་པར་འཇུག་འདོད་རྣམས་ཀྱིས་ཀྱང་འདི་ལ་གཅེས་པར་ཟུངས་ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས། དུམ་བུ་གཉིས་པ་བཤད་པའི་རྒྱུད་ཀྱི་སྨན་གྱི་ནུས་པ་དང༌། རྒྱུད་གཞན་གསུམ་གྱི་སྨན་རྣམས་ཁ་སྐོང་དུ་མཁས་པ་མི་བཞི་དང༌། གཡུ་ཐོག་པས་མཛད་པའི་འཁྲུངས་དཔེ་རྙིང་པ་ལྕགས་སྨྱུག་གིས་བྲིས་པ་དང༌། སྔོ་འབུམ་ལེ་ཚན་དང་ཡང་ངོ་གང་འཕྲོད་སྤྲད་དེ་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ།། །།



 

མཐའ་མའི་འདོན་ཐེངས་།: 05.09.2023 ཉིན། 11:12 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།