སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་ཉི་ཤུ་པ། དཔྱད་ལྔ་གཏར་ག

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 22.12.2022
ཕྱི་མ་རྒྱུད། >> ལེའུ་ཉི་ཤུ་པ། དཔྱད་ལྔ་གཏར་ག



ལེའུ་ཉི་ཤུ་པ། དཔྱད་ལྔ་གཏར་ག

དེ་ནས་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག དཔྱད་ལྔའི་མཆོག་གྱུར་གཏར་གའི་བརྡེག་ཐབས་ལ། །ཆ་བྱད་བརྟག་པ་ཐབས་དང་སྐྱོན་ཡོན་ལྔ།།

དང་པོ་ཆ་བྱད་རྣོ་མཉེན་ལྡན་པའི་ལྕགས། །མགར་བ་མཁས་པས་སྦུ་གུའི་སྒྲོ་འདྲའི་དབྱིབས། །རྩེ་སྒུར་ཚེས་གཉིས་ཟླ་བ་ལྟ་བུ་འམ། །ལྟག་ཉལ་སོ་དྲང་བྲང་བ་ཅན་དང་ནི། །སྟ་རེའི་ཁ་འདྲ་ཀུན་ཀྱང་སྲིད་སོར་དྲུག །ཐར་འབྱོངས་ངར་ལྡན་བརྡུངས་འཐེམས་བརྡར་ལེགས་པ། །རྣོ་ཚད་གྱེན་དུ་སྤུ་གཤོག་ནུས་པ་སྟེ། །གཟེ་དང་མི་གཟེ་དེ་ལ་རག་ལས་པས། །གཙགས་ལེགས་རྟག་ཏུ་ལུས་ལ་བཅང་བར་བྱ།།

བརྟག་པ་རུང་དང་མི་རུང་ནད་གཞི་བརྟག །རན་དང་མི་རན་དུས་ཚོད་བརྟག་པའོ། །གཏར་དུ་རུང་བའི་ནད་གཞི་འགྲམས་འཁྲུགས་རིམས། །སྐྲངས་པ་རྨ་དང་དྲེག་ནད་སུར་ཡ་དང༌། །མེ་དབལ་ཆུ་སེར་མཛེ་ནད་ལ་སོགས་པའི། །ཚ་བ་ཁྲག་མཁྲིས་ལས་གྱུར་གཏར་བའི་ནད། །མི་རུང་གདོན་ཅན་ཟུངས་ཟད་སྦྲུམ་མ་དང༌། །བཙས་རྗེས་སྐྱ་རྦབ་གཅོང་ཆེན་མེ་དྲོད་ཉམས། །མདོར་ན་བད་རླུང་ལས་གྱུར་ནད་ལ་སྤང༌། །འོན་ཀྱང་ཁྲག་མ་ཕྱེད་དང་རིམས་མ་སྨིན། །སྟོངས་ཚད་དུག་མ་གསོད་དང་གཉན་ཚད་དང༌། །ཟུངས་ཟད་ཚ་བ་ཡིན་ཡང་གཏར་མི་རུང༌། །བད་རླུང་ནད་ཀྱང་ཁྲག་མཁྲིས་བསྡོངས་ན་གཏར། །དོག་དང་རྩ་མདུད་བླ་གནས་སར་མི་གཏར། །དུས་ཚོད་ཐོག་མ་བར་དང་ཐ་མ་གསུམ། །བྱང་ཁོག་ཁྲག་བབས་དོན་ལ་ཟིན་པ་དང༌། །ཁྲག་མ་ཆོད་དང་རྒྱས་འཁྲུགས་སྨིན་ལོང་མེད། །དུས་ལ་མི་བསྡད་བརྩོན་པས་ཐོག་མར་གཏར། །བར་དུ་གཏར་དུས་གཟེར་དུས་གྲང་ཤུམ་ཆད། །རྩ་རྒྱུད་ལྕི་སྦྲིད་རྒྱས་པའི་དུས་ན་གཏར། །ཁྲག་ཕྱེད་རི་མོ་མེད་ན་དུས་ལ་ཕེབས། །དེ་ལྟར་མིན་ན་ཐང་གིས་ཕྱེ་ལ་གཏར། །ཁྲག་མཁྲིས་ངན་ཁྲག་རྩ་མིག་བྱེར་བ་དང༌། །ཟས་ཀྱིས་ཚ་རོ་བསྐྱེད་ལ་ཐ་མར་གཏར། །གཏར་བ་སྔས་ན་རླུང་སྐྱེ་ཚ་བ་འབྱེར། །ཕྱིས་ན་ངན་ཁྲག་རྩར་འགྲམས་རོ་མི་ཐོན། །ཚ་སྟོབས་ཆེ་ན་རྩ་དོན་རྣག་ཏུ་འདྲུལ།།

གཏར་ཐབས་སྔོན་འགྲོ་དངོས་གཞི་ཕྱི་རྗེས་གསུམ།གཏར་བའི་སྔོན་འགྲོ་རིང་དང་ཉེ་བ་གཉིས། །རིང་བ་མ་སྨིན་སྨིན་པར་བྱ་བ་དང༌། །ནད་ཁྲག་ཟུངས་ཁྲག་ཐང་གིས་དབྱེ་བར་བྱ། །ཐང་མ་བཏང་བར་གཏར་ན་ཟུངས་ཁྲག་འཆོར། །ནད་ཁྲག་མི་ཐོན་རླུང་སྐྱེ་ཚད་རོ་ལྡས། །ཉེ་བའི་སྔོན་འགྲོ་མེ་ཉིས་དྲོས་པར་བསྲོ། །འགྲུལ་བསྲུང་བསྙལ་སོགས་ཡབ་ཆ་སྟ་གོན་བྱ། །དངོས་གཞི་བསྙལ་ཐབས་གདབ་ཐབས་གདབ་དམིགས་དང༌། །ཁྲག་པྲ་དབྱུང་ཚད་ལོག་གནོན་བསྟན་པའོ། །བསྙལ་ཐབས་དཔྲལ་རྩ་ལྟག་རྩ་མཚོགས་གསང་རྣམས། །སྨིན་སྟེང་ཐི་གུས་བསྐོར་ལ་ཤིང་བུས་གཅུ། །རྩེ་ཆུང་གཉིས་ལ་མཆན་ཁུང་ག་ཤར་བསྡམས། །ཐོང་རྩ་ཐི་གུས་སྐེ་བསྐོར་རྒྱབ་ནས་འཐེན། །ལྕེ་རྩ་སྨྱུག་སྐམ་དར་དྲིལ་བར་དུ་ལྟེམ། །དཔུང་རྩ་ལུག་གཞུག་འོག་ཏུ་ཐི་གུས་བསྡམ། །ཨ་སོ་དྲུག་འགོ་སྒང་རྩ་རུ་ཐུང་དང༌། །གཤའ་རིངས་ལ་སོགས་གྲེ་ཁུང་སོར་གསུམ་གོང༌། །སྐྱོར་གོང་ཕྲན་བུ་རྒྱབ་རྩ་དྲུག་འདུས་སོགས། །པྲན་རྩེའི་བར་རྩ་མཁྲིག་མའི་གོང་དུ་བསྡམ། །རྩ་བོ་ཆེ་ལ་པུས་ནང་མཛུབ་གང་སར། །སྒབ་རྩ་རྟ་མཐུར་བྱིན་གཞུག་ལྷམ་སྒྲོག་སྟེང༌། །ལོང་རྩ་གདོང་རྩ་ཡོབ་གོང་བྱིན་ཀྱོག་དང༌། །རྒྱུ་རྩ་ལ་སོགས་ལོང་བུའི་སྟེང་དུ་བསྡམ། །སྦུབས་ཀྱི་རྩ་རྣམས་རྩ་རྒྱུད་ཤིང་བུས་གཅུ། །གང་ཡང་བསྙལ་སྟན་སྟེང་དུ་བསྙལ་ཐག་གིས། །པགས་པ་མ་འཆུས་རྩལ་མཉམ་འཐེན་ལ་བསྡམ། །སྦྲིད་ཆིལ་རྩ་རྒྱུད་ལྟང་གིས་བྱུང་ན་སྡོམས། །མ་སྡོམས་མི་ཐེབས་འཆུས་ན་ཁྲག་མི་ཐོན། །བསྙལ་རྗེས་རྩ་རྣམས་ལག་པས་མཉེ་ཞིང་བསྲུབ། །ཤ་སྦྲིད་རྩ་རྣམས་རྒྱས་པས་ཐེབས་པ་སླ། །བསྙལ་མ་ཐོག་ཏུ་མི་གཏར་ཐེབས་པ་དཀའ། །གདབ་ཐབས་རྩ་མ་འཆུས་པར་མཐེ་བོས་མནན། །ཅུང་ཟད་ཐུར་དུ་འཐེན་པས་རྩ་མི་འགྱུར། །ཕལ་ཆེར་བསྙལ་འོག་སོར་གསུམ་འོག་ཏུ་གཏར། །གློ་ཕུག་སྒང་གཤགས་དོལ་ཆོད་ཉིས་ལེན་དང༌། །སྨྱུག་ཁ་ལ་སོགས་གང་བདེ་གང་གོམས་གདབ། །དེ་ཡང་རྩ་ཆེན་རྣམས་ལ་སྒང་གཤགས་བྱ། །རྩ་ཕྲན་སྨྱུག་ཁ་ཤིན་ཏུ་ཕྲ་བ་བཅད། །གནད་སྟེང་རྩ་ལ་ཉིས་ལེན་བསྔགས་པ་ཡིན། །ཁྲག་པས་རླངས་ཕན་རྨ་ཁ་ཆེ་བར་བྱ། །རྨ་ཆུང་སྐྲངས་དང་ཁྲག་གི་རླངས་མི་ཐོན། །རྩ་ཁ་ལྤགས་ཁ་མཉམ་ན་ལེགས་པ་ཡིན། །རུས་སྟེང་རྩ་ལ་སྟ་རེ་སོ་ཡིས་གཏར། །རྩ་སྟེང་མི་འགྱུར་འཕྲེད་བཙུགས་བེམ་ཏོལ་བརྡེག །ལྟག་རྩ་སྡུད་སྒོའི་གཡས་གཡོན་གྱེན་སོར་གསུམ། །རྩ་སྟེང་ཐིག་གདབ་གཏར་རྗེས་མེ་ཡིས་བསྲུང༌། །མཚོགས་གསང་སྐྲ་མཚམས་སོར་བཞི་གྱེན་དུ་གཤག །མུར་གོང་འཕར་རྩ་སྐྲ་ཡི་གསེབ་ཏུ་གཏར། །རྩེ་ཆུང་མས་ཀྱི་སོར་བཞི་བཅལ་བར་གཏར། །རུ་ཐུང་གཞུ་མཆོག་སྣ་ནས་སོར་བཞིར་གཏར། །བྱིན་གཞུག་རྟིང་པའི་གྱེན་མཛུབ་གང་དུ་གཏར། །གཏར་མ་ཐོག་ཏུ་མི་གློད་ཁྲག་མི་ཐོན། །མགོ་སྐེ་ལོང་རྩ་གསུམ་ལ་གློད་མི་བྱ། །གཞན་དག་ཁྲག་ཆད་དུས་ན་ཆ་ཡིས་གློད། །གདབ་དམིགས་གཉའ་རེངས་འགྱུར་དཀའ་ལྟག་རྩ་གཏར། །བད་མཁྲིས་མགོ་ནད་ཆང་འཐུང་དྲོས་ཚེ་ན། །དཔྲལ་གཟེར་མཚོགས་ཁ་ལྕི་ཞིང་མིག་མི་ཐེག །མཚོགས་གསང་དབྱེ་ཞིང་གསེར་མདུང་དངུལ་གདུང་གཏར། །མིག་དམར་ལིང་ཐོག་མོད་ན་མིག་རྩ་གཏར། །སྣ་ནད་སྣ་རྩ་རྣ་བ་རྣ་རྩ་གཏར། །སྙིང་ཚད་སྐོམ་དད་སྨྲ་དཀའ་ལྕེ་རྩ་གཏར། །སོ་མིག་སྣ་འགྲམས་ནད་ལ་ལྟག་རལ་གཏར། །སོ་ནད་སོ་རྩ་རྩེ་ཆུང་དཔུང་རྩ་གཏར། །གློ་ལུ་སྙིང་ཚད་མྱོས་ཤིང་དབུགས་མི་བདེ། །སྐད་འགགས་ཨོལ་གོང་བར་གྱི་ཐོང་རྩ་གཏར། །ཀླད་སྲིན་བྱང་ཁོག་ཁྲག་བབས་དོན་ལ་ཟིན། །རྒྱས་འཁྲུགས་གློ་འགྲམས་སོ་ལ་ཁྲག་ཚད་རྒྱས། །སྐྲངས་ལོང་འབྲས་ནད་ཀུན་ལ་རྩེ་ཆུང་གཏར། །སྟོད་གཟེར་གློ་ཚད་མགོ་ན་དཔུང་རྩ་གཏར། །གློ་ཚད་སྟོད་ལྕི་དབུགས་ཐུང་གཟེར་ཆེ་ལ། །དྲུག་འགོ་སྒང་རྩ་གཉིས་ལ་གཏར་བར་བྱ། །གློ་སྙིང་མཆིན་དྲི་བྲང་རྒྱབ་སྦྲགས་ཤིང་ན། །དོན་སྣོད་ཐུན་མོང་ནད་ལ་སྣོད་ཀ་གཏར། །གློ་སྙིང་ཁྲག་རྒྱས་གློ་སྙིང་འདོམ་རྩ་གཏར། །མིག་སེར་ལུས་ལྕི་དང་ག་འགགས་པ་ལ། །མཁྲིས་རྩ་གཤའ་རིངས་ཕྲན་བུ་གཉིས་ལ་གཏར། །མཆིན་མཆེར་མཆིན་དྲི་འགྲམས་འཁྲུགས་གཟེར་བ་དང༌། །སྨུག་པོ་ཚ་བའི་སྐྲན་ལ་རུ་ཐུང་གཏར། །སྐད་འགགས་གཅོང་ཐབས་ལུ་ལ་སྒང་རྩ་གཏར། །རོ་སྟོད་ཕོ་མཆིན་མཆིན་དྲི་འཁོར་ཞིང་ན། །མཆན་འོག་གཟེར་ལ་གློ་མཆིན་འདོམ་རྩ་གཏར། །ཁྲག་མཁྲིས་ནད་ལ་མཆིན་མཁྲིས་འདོམ་རྩ་གཏར། །ཕོ་མཆིན་ཁྲག་ནད་རྒྱབ་རྩ་དྲུག་འདུས་གཏར། །རྒྱུ་ལོང་མཚོན་ཕོག་འགྲམས་དང་རླིག་པ་སྐྲངས། །སྨད་ལྕི་གཞང་འབྲུམ་མངལ་ནད་རྩ་ཆེན་གཏར། །གཞུང་རེངས་ལྟག་འགྱེ་དཔྱི་རྐེད་འཁོར་བ་དང༌། །མངལ་ཁྲག་འཛག་ལ་སྒྱིད་ཁུང་སྒབ་རྩ་གཏར། །མཆེར་པ་སྣད་འགྲམས་ཤུ་བ་ཟ་རྐོང་དང༌། །མཁྲིས་ནད་ཆུ་སེར་འོར་ལ་རྟ་མཐུར་གཏར། །མཁལ་འགྲམས་མཚོན་ཕོག་རྐེད་པ་སྨད་མི་ཐེག །རྐང་བཤལ་བྱིན་པ་འགས་སྙམ་དཔྱི་མིག་གཟེར། །སུར་ཡ་མངལ་ཁྲག་འབྱམས་ལ་བྱིན་གཞུག་གཏར། །སྨད་དུ་མཚོན་ཕོག་གླང་ཐབས་མངལ་ཁྲག་འཛག །དྲི་ཆུ་འགག་ལ་ལོང་རྩ་གཏར་བར་བྱ། །རྒྱུ་མར་ཁྲག་རྒྱས་མགོ་སྐྱོན་སྙིང་ལ་བབས། །སྙིང་ནད་ཅིས་ཀྱང་མ་ཕན་རྒྱུ་རྩ་གཏར། །རྐང་པའི་མཐིལ་དང་བོལ་སྐྲངས་ཚ་འབྲབ་བྱེད། །ཆུ་སེར་ནད་ལ་གདོང་རྩ་ཡོབ་གོང་གཏར། །མདོར་ན་སྟོད་ནད་རྩེ་ཆུང་སྒང་རྩ་གཏར། །སྨད་ཀྱི་ནད་ལ་ལོང་རྩ་བྱིན་གཞུག་གཏར། །བར་གྱི་ནད་ལ་སྣོད་ཀ་རུ་ཐུང་གཏར། །རོ་སྟོད་ནད་ལ་སྒང་རྩ་དྲུག་འགོ་གཏར། །ནུ་མཆིན་བྲང་ནད་སྣོད་ཀ་རུ་ཐུང་གཏར། །སྙིང་ཚད་སྣོད་ཀ་ལྕེ་རྩ་ཐོང་རྩ་གཏར། །གློ་ཚད་དྲུག་འགོ་སྒང་རྩ་ཀྱོར་གོང་གཏར། །གློ་སྙིང་གཉིས་འདོམས་རྩེ་ཆུང་འདོམས་རྩ་གཏར། །མཆིན་པའི་ཚ་བ་རུ་ཐུང་སྒང་རྩ་གཏར། །མཆེར་ཚད་རྟ་མཐུར་སྲིན་ལག་རྒྱབ་རྩ་གཏར། །ཕོ་ཚད་ཕོ་བའི་རྭ་དང་དྲུག་འདུས་གཏར། །མཁྲིས་ཚད་གཤའ་རིངས་ཕྲན་བུ་གསེར་མདུང་གཏར། །མཁལ་ཚད་བྱིན་གཞུག་ཕོ་མཚན་འགྲམ་རྩ་གཏར། །རྒྱུ་ལོང་ལོང་རྩ་དཀུ་འགྲམས་བྱིན་ཀྱོག་གཏར། །ཤ་ཡི་ཚད་པ་གློ་མཆིན་རྩ་ལ་གཏར། །རུས་པའི་ཚ་བ་མཁལ་མའི་རྩ་ལ་གཏར། །ལྤགས་ཚད་ཆུ་སེར་མཆིན་མཁྲིས་རྩ་ལ་གཏར། །ཟུག་ཆེ་གློ་རྩ་བྱིང་འཐིབས་རུ་ཐུང་གཏར། །དང་ག་འགགས་ན་བད་མཁྲིས་རྩ་ལ་གཏར། །འོན་ཀྱང་གང་ཉེ་གང་རྒྱས་གཏར་བ་ཤིས། །ཚ་བ་སྟོབས་ལྡན་རྩེ་ཆུང་ཡས་བབས་གཏར། །སྟོབས་ཆུང་ནད་ལ་རྩ་ཕྲན་མས་འཛག་གཏར། །ཚབས་ཆེའི་ནད་ལ་རྩ་ཕྲན་མང་གཏར་བ། །རྩེ་ཆུང་ལ་སོགས་རྩ་ཆེན་གཏར་བ་བསྔགས། །དེ་ལྟར་མ་ཡིན་གཏར་དམིགས་མ་ཤེས་པས། །སྨད་ཁྲག་སྟོད་དུ་དྲངས་པས་ལུས་ཟུངས་འཆོར། །སྟོད་ཁྲག་སྨད་དུ་དྲངས་ན་མེ་དྲོད་འཆི། །ཁྲག་པྲ་ཤུགས་དྲག་སླ་ལ་སེར་དུགས་སྦོ། །བྱ་ཝང་རྒྱབ་འདྲ་ལྦུ་བ་དཀར་བ་དང༌། །བེ་སྣབས་རྣག་མཁྲིས་ཆགས་ན་ནད་ཁྲག་སྟེ། །ཟུག་ཆོགས་སྐྱེད་ཆེ་ནད་འབྱང་སླ་བ་ཡིན། །དམར་ནག་རི་མོ་བྱུང་ན་ཐང་རྗེས་གཏར། །རྣག་མཁྲིས་ཆགས་ན་ལུས་ཟུངས་གསོ་ཞིང་གཏར། །དམར་ལ་སྐ་ན་ཕན་མེད་གཏར་སྐྱེད་སྦྱར། །རླུང་ཁྲག་ནག་ཅིང་རྩུབ་ལ་ལྦུ་བ་དམར། །མཁྲིས་པའི་ཁྲག་ནི་སེར་སླ་རྣག་དྲི་མནམ། །བད་ཀན་ཁྲག་ནི་དམར་སྐྱ་སྐ་ལ་འཇམ། །མཚལ་ཁུ་ཚོས་ཁུ་འདྲ་བ་ཟུངས་ཁྲག་ཡིན། །དེ་རྣམས་ཅུང་ཟད་ཙམ་ཡང་གཏར་མི་རུང༌། །དབྱུང་ཚད་ནད་ཐོན་ཟུངས་ཁྲག་བྱུང་ན་བཅད། །ཟུངས་ངན་ཁྲག་ཞབས་མེད་ཀྱང་རན་ཚོད་བཟུང༌། །དོན་གཟེར་ཟུག་གཅོག་ཁྲག་གཟེར་དབྱུང་བ་དང༌། །འོལ་ཀ་བསྒྱུར་གསུམ་ཟུངས་ཁྲག་ཡིན་ཡང་གདོན། །ཟུངས་ཟད་རླུང་ལྡན་ངན་ཁྲག་ཡིན་ཡང་བཞག །རྒྱས་འཁྲུགས་གཟེར་དང་བྱང་ཁོག་ཁྲག་རྒྱས་དང༌། །ཡན་ལག་སྐྲངས་ཤོར་བུངས་སྐྱེད་ཁྲག་ཤེད་སྨད། །དེ་མ་ཡིན་ལ་མང་གཏར་ཉུང་དུ་དབྱུང༌། །ལྦུ་བ་ཁྲག་དམར་སྤྲིས་གཡོགས་གཏར་འཕྲོ་བཅད། །ཟུངས་ངན་གཏར་ཚད་རྣག་ཏུ་འོང་བ་འམ། །གཏར་ཁྲག་ཆུ་དང་འདྲ་ན་གཏར་ཚོད་བཟུང༌། །རྣག་ལ་བལྟས་ནས་མང་དུ་གཏར་བ་ཡིས། །ཟུངས་འཛད་གསོ་དཀའ་དམུ་ཆུར་འགྱུར་བ་ཡོད། །ལོག་གནོན་ཁྲག་མ་ཐོན་དང་ངན་ཁྲག་མེད། །ཁྲག་མ་ཆོད་དང་སྐྲངས་འབོག་རླུང་སྐྱེས་དྲུག །དང་པོ་ལུས་གྲང་མཚོན་རྟུལ་འགྲངས་དྲགས་བྲེད། །གདོན་དང་འགྲུལ་སྣ་ཁ་ཆུང་པགས་པ་འཆུས། །བསྙལ་མ་ཐོག་གཏར་གཏར་མ་ཐོག་ཏུ་གློད། །དེ་དག་ཁྲག་མི་འབྱུང་པའི་རྒྱུ་ཡིན་པས། །རྒྱུ་བཅུ་སྤངས་ན་གཏར་ག་བརྡུགས་དོགས་མེད། །རྩ་ཆེན་གཏར་ཡང་ངན་ཁྲག་མེད་པ་ན། །རྗེས་དེ་བོར་ལ་རྩ་གཞན་གཡར་བྱས་ཏེ། །ནང་པར་གཏར་བས་ནད་ཁྲག་འབྱུང་བ་ཡིན། །ཚ་བ་ལམ་ཆད་རྩ་སྟོངས་ཁྲག་མེད་ན། །ཁོང་ཁྲག་ཕྱིར་ལ་འཕུལ་བའི་མན་ངག་གཅེས། །ཁྲག་མ་ཆོད་ན་རྩ་རྒྱུད་ཆུ་ཡིས་བསྒྲང༌། །ཕྱིང་པ་ཆུར་བཅུག་གླན་ལ་དཀྲིས་མས་བསྡམ། །སྐྲངས་ན་ཚྭ་མར་ཁྱི་གཞོབ་བྱུགས་ལ་མཉེ། །དེས་མ་ཐུབ་ན་ཨ་ས་བ་ཡིས་བདུག །ཁྲག་གིས་བོག་ན་གསུར་བདུག་ཁ་ཕྲུ་གདབ། །ཚབས་ཆེ་བ་ལ་གསོན་ཁྲག་སོབས་སུ་བླུད། །གཏར་རྗེས་རླུང་སྐྱེས་བསྐུ་མཉེ་བུ་རམ་མུར། །བུར་ཆང་རུས་ཐང་འཚོ་ཁུས་རླུང་སྣ་གླན། །ཕྱི་རྗེས་བསྙལ་བཀྲོལ་རྨ་ཁ་མཐེབ་མོས་མཉེ། །རྡོ་གྲང་གླན་ཞིང་བལ་དཀྲི་འགྲོ་འགུལ་གཟབ། །ཁྲག་ངན་སྐྱེ་བས་ཆང་བསིངས་མི་བཏང་བསྲུང༌།།

གཏར་སྐྱོན་དམན་ལྷག་ལོག་དང་ཉེས་པ་བཞི། །གཏར་ཞན་ཁྲག་རོ་མི་ཐོན་ནད་གཞུག་ལུས། །མཆིན་སྐྲན་སྨུག་པོ་མཛེ་འབྲས་སུར་ཡ་སྐྱེད། །བྱང་ཁོག་ཡན་ལག་ཆུ་སེར་རྣག་ཏུ་འགྱུར། །གཏར་དྲགས་ཟུངས་འཛད་རླུང་སྐྱེ་མེ་དྲོད་འཆི། །གྲང་སྐྲན་སྐྱ་རྦབ་དམུ་ཆུར་འགྱུར་བ་མང༌། །ལོག་པ་མི་རུང་ནད་ལ་གཏར་བ་འམ། །ཉེས་པས་ཤ་གདན་སྣད་དམ་ཆུ་རྒྱུས་བཅད། །གནད་ལ་སོང་ངམ་འཕར་རྩ་བཅད་པ་ཡིས། །སྨན་པའི་ལག་དགྲས་བྱ་ཉེས་བསད་པ་ཡོད། །དེ་ཕྱིར་སྐྱོན་ལ་མཁས་པས་གཟབ་པར་རིགས།།

གཏར་ལེགས་ཡོན་ཏན་རྩ་ནད་ངན་ཁྲག་སྦྱོང༌། །གཟེར་བ་ཟུག་གཅོག་སྐྲངས་པ་རྒྱུ་ནས་འཇོམས། །འདྲུལ་བ་བརྟས་བྱེད་རྣག་ཆུ་རྩད་ནས་གཅོད། །རྨ་ཡི་མདོག་འབྱིན་ཁོལ་བུའི་ནད་རླངས་འདོན། །སྦོམ་པོ་འབྲི་ལ་སྐེམ་པོ་ཤ་རྒྱས་བྱེད། །ནད་དངོས་ཕྱིར་འབྱིན་དཔྱད་མཆོག་གཏར་གར་བཤད། །ཅེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དཔྱད་ལྔ་གཏར་གའི་ལེའུ་སྟེ་ཉི་ཤུ་པའོ།། །།



 

མཐའ་མའི་འདོན་ཐེངས་།: 22.12.2022 ཉིན། 12:02 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།