སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ང་བརྒྱད་པ། གྲུམ་བུའི་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 24.08.2011
མན་ངག་རྒྱུད། >> ལེའུ་ང་བརྒྱད་པ། གྲུམ་བུའི་ནད་གསོ་བ།

ལེའུ་ང་བརྒྱད་པ་གྲུམ་བུའི་ནད་གསོ་བ་ལ་གསུམ། ཉན་པར་གདམས་པ་དང༌། གཞུང་དོན་བཤད་པ་དང༌། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ལ་གཉིས་མདོར་རྒྱས་སོ། །དང་པོ་ནི། གྲུམ་བུའི་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང་གྲུམ་བུའི་ནད་ཀྱིས་རྒྱུ་རྐྱེན་སྤྱིར་བསྟན་པ་དང༌། དེ་བཞིན་དབྱེ་བ། རྟགས། བཅོས་ཐབས་དང་བཞིར་བསྟན་པའོ། །གཉིས་པ་རྒྱས་པར་བཤད་པ་ལའང་བཞི་ལས། དང་པོ་ནི། རྒྱུ་རྐྱེན་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། རྒྱུ་དེ་རྐྱེན་པར་བྱེད་པ་ནི་རླན་སྣུམ་ཆེ་བའི་ཡུལ་དུ་བསྡད་དྲགས་པ་དང༌། སྣུམ་བཅུད་ཆེ་བའི་ཟས་ཟོས་དྲགས་པ་དྭངས་མ་གནས་སུ་མ་སྨིན་པར་ཆུ་སེར་རྒྱས་ནས་ཤ་རུས་རྩ་རྒྱུས་པ་རྣམས་ལ་གནས་བཅས་པས་གྲུམ་བུའི་ནད་དུ་གྱུར་པའོ། །གཉིས་པ་དབྱེ་བ་བཤད་པ་ནི། དབྱེ་བ་ཞེས་རྐང་པ་གཉིས་ཀྱིས་བསྟནཏེ། དེ་ལྟར་རྣམ་པ་དྲུག་སྟེ་ཤ་ཏྲེམ་དང༌། རུས་ཏྲེམ་དང༌། རྩ་ཏྲེམ་དང༌། ཆུ་ཏྲེམ་དང༌། ཏྲེམ་དཀར་དང༌། ཏྲེམ་ནག་དང་རྣམ་པ་དྲུག་གོ །གསུམ་པ་རྟགས་བཤད་པ་ལ་གཉིས་མདོར་རྒྱས་སོ། །དང་པོ་ནི། དེ་ཡིས་ཞེས་རྐང་པ་གཅིག་གིས་བསྟན་ཏེ། དེ་ཡང་སྤྱིའི་རྟགས་དང༌། བྱེ་བྲག་གི་རྟགས་གཉིས་སོ། །གཉིས་པ་རྒྱས་པར་བཤད་པ་ལའང་གཉིས་ལས། དང་པོ་ནི། སྤྱི་རྟགས་ཞེས་རྐང་པ་དྲུག་གིས་བསྟན་ནོ། །གཉིས་པ་བྱེ་བྲག་གི་རྟགས་བཤད་པ་ལའང་དྲུག་ལས། དང་པོ་ནི། བྱེ་བྲག་ཅེས་རྐང་པ་བཞི་ཡིས་བསྟན་ནོ། །གཉིས་པ་ནི། རུས་ཏྲེམ་ཞེས་རྐང་པ་བཞིས་བསྟན་ནོ། །གསུམ་པ་ནི། རྩ་ཏྲེམ་ཞེས་རྐང་པ་གསུམ་གྱིས་བསྟན་པའི་སྟ་ཤ་ཆད་སྙམ་བྱེད་པ་ནི། དཔྱིའི་སྟ་ཟུར་གྱི་ཤ་དེ་འཆད་སྙམ་བྱེད་པའོ། །བཞི་པ་ནི་ཆུ་ཏྲེམ་ཞེས་རྐང་པ་གཅིག་གིས་བསྟན་ནོ། །ལྔ་པ་ནི་ཏྲེམ་དཀར་ཞེས་རྐང་པ་གཅིག་གིས་བསྟན་ནོ། །དྲུག་པ་ནི་ཏྲེམ་ནག་ཅེས་རྐང་པ་གཅིག་གིས་བསྟན་ནོ། །བཞི་པ་བཅོས་ཐབས་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། བཅོས་པའི་ཞེས་རྐང་པ་གཅིག་གིས་བསྟན་ཏེ། སྤྱིའི་བཅོས་དང༌། བྱེ་བྲག་གི་བཅོས་གཉིས་སོ།།

        གཉིས་པ་རྒྱས་པར་བཤད་པ་ལ་གཉིས། དང་པོ་ནི། སྤྱིའི་བཅོས་ཞེས་རྐང་པ་ཉེར་དྲུག་གིས་བསྟན་ཏེ།  བོང་ཁྲག་ཉེར་ལྔ་པའི་བེ་དོ་ནི་བེ་དོ་ལ་ཞེས་ཏེ་སྤང་རྩི་དོ་བོའོ། །བོང་ཁྲག་ནི་བོང་ཐོར་ལས་བྱེད་མ་མྱོང་བའི་ཁྲག་བྱུང་ན་བཟང་བར་བཤད་དོ། །འབྲས་བུ་གསུམ་གྱི་རྒྱུན་སྦྱོངས་ནི་ཨ་རུ་མཆུ་རིང་བ་རུ་སྐྱུ་རུ་ར་ལྕུམ་རྩ་དུར་བྱིད་སྤོས་དཀར་བ་ཆུར་བསྡུ་ཞེས་པ་དེའོ། །སྲན་ཆན་ཞེས་པ་སྲན་མ་བཙོས་པའོ། །གཉིས་པ་བྱེ་བྲག་གི་བཅོས་བསྟན་པ་ལ་དྲུག་ལས། དང་པོ་ནི་ཤ་ཏྲེམ་ཞེས་འབྲུ་བདུན་དང་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ནི་རུས་ཏྲེམ་ཞེས་རྐང་པ་དྲུག་གིས་བསྟན་པའི་བཤུལ་ཞེས་པ་ནི་བཤུལ་ཆགས་ཤ་སྟེ། རྟ་བོང་དྲེའུ་རྐྱང་སོགས་ཀྱི་ཤའོ། །གསུམ་པ་ནི། རྩ་ཏྲེམ་ཞེས་རྐང་པ་བརྒྱད་ཀྱིས་བསྟན་པའི་ལི་དོང་གྲ་ཞེས་པ་རྒ་རྒོད་དམར་པོའོ། །བཞི་པ་ནི་ཆུ་ཏྲེམ་ཞེས་རྐང་པ་བརྒྱད་ཀྱིས་བསྟན་པའི་མུ་ལ་གསུམ་ནི། ར་ཎ་མུ་ལ་ཙི་ཏྲ་ཀའི་རྩ་བ། པི་པི་ལིང་གི་མུ་ལ་པི་པི་ལིང་གི་རྩ་བ། པུཥྐར་མྰུ་ལ་མེ་ཏོག་རྩ་བ་སྟེ་ཁམ་རུས་གསུམ་མོ། །ལྔ་པ་ནི་ཏྲེམ་དཀར་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །དྲུག་པ་ནི་ཏྲེམ་ནག་ཅེས་རྐང་པ་ལྔ་དང་འབྲུ་གསུམ་གྱིས་བསྟན་པའི་གུར་གུམ་བཤལ་ནི་གུར་གུམ་དུར་བྱིད་དན་ད་ལྕུམ་རྩ་ཤྲིའ་ཁནྜ་པི་པི་ལིང་སྟར་བུ་རྣམས་སོ། །རུས་རྩ་གཏར་བ་ནི་སྤྱིར་རུས་པའི་ཚ་བ་མཁལ་མའི་རྩ་ལ་གཏར། ཞེས་མཁལ་རྩ་རྣམས་གཏར་ལ། དམིགས་བསལ་ནི་གསེར་མཆན་དུ་པུས་མོའི་གཉན་གོང་ནས་གྱེན་དུ་ཁྱིད་གང་བཅལ་བར་སོར་གསུམ་གཤགས། དེ་ན་རྩ་ནག་པོ་གྲོ་སོག་ཙམ་གཅིག་ཡོད་པ་དེ་ལ་ཁྲག་ཕུལ་གང་འདོན་ཞེས་འབྱུང་ངོ༌། །གསུམ་པ་ལེའུའི་མཚན་ནི། བདུད་རྩི་ཞེས་པ་ནས་ལྔ་བཅུ་རྩ་བརྒྱད་པའོ་ཞེས་པས་བསྟན་ནོ།།

 

 

མཐའ་མའི་འདོན་ཐེངས་།: 24.08.2011 ཉིན། 2:42 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།