སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ང་བཞི་པ། ཆུ་འགགས་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.12.2022
མན་ངག་རྒྱུད། >> ལེའུ་ང་བཞི་པ། ཆུ་འགགས་གསོ་བ།



ལེའུ་ང་བཞི་པ། ཆུ་འགགས་གསོ་བ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག གཅིན་འགགས་ནད་ལ་རྒྱུ་རྐྱེན་དབྱེ་བ་དང༌། །རྟགས་དང་བཅོས་ཐབས་རྣམ་པ་བཞི་ཡིས་བསྟན།།

རྒྱུ་རྐྱེན་ལྒང་པའི་ཁ་ཉིད་ཐུར་བལྟས་པའི། །ངོས་གཉིས་ཆུ་རྒྱུའི་རྩ་ཡོད་རྒྱུ་མར་འབྲེལ། །དེ་ལ་ཟས་སྤྱོད་གདོན་གྱིས་འདུ་བ་འཁྲུགས། །ལྒང་པའི་རྩར་ཞུགས་གཅིན་ནད་སྐྱེད་པར་བྱེད།།

དབྱེ་བ་གཅིན་སྲི་བ་དང་གཅིན་འགགས་གཉིས། །སྲི་བ་རླུང་མཁྲིས་བད་ཀན་འདུས་པ་བཞི། །འགགས་ལ་ཁ་འཆུས་རླུང་འཁྱིལ་ཁྲག་དང་སྤུ། །སྐྲངས་དང་ཁུ་བ་བཤང་བ་རྡེ་འགགས་བརྒྱད།།

དེ་རྟགས་རླུང་གྱུར་ཡང་རྩུབ་ཟས་སྤྱོད་ཀྱིས། །ཆུ་སྔོ་ལྒང་པ་ཕོ་མཚན་ན་ལ་གཟེར། །མཁྲིས་གྱུར་དམར་སེར་ཚ་བ་ཆེ་ལ་ན། །བད་ཀན་བསིལ་ཞིང་སྐ་འབྱར་ཡུན་དུ་ཐོགས། །འདུས་པ་ཀུན་གྱི་རྟགས་དང་ལྡན་པ་ཡིན། །གཅིན་བསྡམས་ལྒང་པ་རྒྱས་ཏེ་ཁ་འཆུས་པས། །རྒྱུ་ཞབས་སྒང་ཞིང་གཅུས་སྙམ་བཙིར་ན་འབྱུང༌། །ཐུར་སེལ་གྱེན་དུ་འཁྱིལ་བས་ཆུ་སོར་ཟུག །ཉུང་ཤས་བཤང་གཅི་གཏོང་བའི་དུས་སུ་འབྱུང༌། །མཁལ་མ་བསམ་སེའི་རྩ་འགྲམས་ཁྲག་འཁྲུགས་པས། །ཆུ་དམར་ཁྲག་རོ་བཅས་འབྱུང་རྒྱུ་ཞབས་ན། །ཁ་ཟས་སྤུར་འདྲེས་ལྒང་པའི་རྩར་འགྲིམས་པས། །ཟུག་ཆུང་སྙི་ལ་ཆུ་འཛིམ་སྤུ་ཉག་འབྱུང༌། །ལྒང་པའི་ཁ་འམ་བཤང་ལམ་བར་དུ་སྐྲངས། །སྲ་ཞིང་ན་ལ་བཤང་གཅི་ཕྱེན་དབུགས་སྡོམ། །ཚངས་སྤྱོད་པ་འམ་གཅིན་བྲོ་ཉལ་པོ་བྱས། །ཁུ་བ་གཅིན་འདྲེས་ཐལ་ཁུ་འདྲ་བ་འབྱུང༌། །བཤང་བ་འགགས་པ་རྟུག་པ་གཅིན་བསྡམས་སམ། །བཤང་གཅི་འདྲེས་ན་གཅིན་ལ་བཤང་དྲི་མནམ། །རྡེ་འགགས་བད་མཁྲིས་ཁུ་ཆུ་ཁྲག་ཅན་སྤུ། །བད་ཀན་ལ་བསྟེན་ཆུ་བཙོས་རླུང་གིས་སྒྲིལ། །མངོན་ཚུལ་ཕོ་མཚན་གཞང་ཁ་བར་རྣམས་ན། །གཅིན་འགགས་སྦྲེ་མནམ་ལྒང་པར་སྦོ་བར་བྱེད། །ནད་རྒྱས་གཅིན་འབྱུང་དུས་ན་སོ་འཆའ་འདར། །འཁུན་ཞིང་ཁུ་ཚུར་བཅང་དང་མཚན་མ་ཉེད། །དེ་ཡང་འཆོལ་རྡེ་ཟུག་རྡེ་གཉིས་སུ་སྲིད། །འཆོལ་རྡེ་གཅིན་ཡང་བར་མཚམས་བཅད་ཅིང་འོང༌། །རྟ་ཞོན་དྲག་ཤུལ་རྗེས་ལ་ཁྲག་ཅན་འཛག །ཟུག་རྡེ་ཁ་ལ་ཟུག་ནས་རྒྱུན་དུ་སྡོམ། །གཏིང་དུ་ཟུག་ན་ན་གཟེར་ཆུ་མི་འགག།

དེ་རྣམས་བཅོས་ཐབས་རླུང་གྱུར་ཆུ་སྲི་ལ། །རྒྱ་ཚྭ་སྡིག་སྲིན་སུག་སྨེལ་ཁ་རུ་ཚྭ། །ཉི་དགའ་བུ་རམ་ཆང་དང་སྦྱར་ལ་བླུད། །བསྐུ་བྱུག་སྣུམ་དུགས་དྲོད་བཅུད་ཟས་ཀྱིས་བཅོས། །མཁྲིས་གྱུར་ཉེ་ཤིང་གཟེ་མ་པུ་ཤེལ་ཙེ། །རྒུན་འབྲུམ་དུར་བ་འབྲས་དང་བ་ད་ར། །བསྐོལ་ཁུར་ཀ་ར་སྦྲང་རྩི་བཏབ་པ་བླུད། །གླ་རྩི་སྐྱུ་རུ་བྲག་ཞུན་ཆིག་ཐང་བཏང༌། །བད་གྱུར་རྒྱ་ཚྭ་སུག་སྨེལ་ཚ་བ་གསུམ། །སྡིག་སྲིན་ལྕམ་པ་ཆང་དང་སྦྱར་ལ་བཏང༌། །བྱ་རྒོད་རུས་པ་སུག་སྨེལ་ཚ་བ་གསུམ། །གཟེ་མ་སྦྲང་བླུད་འདུས་པ་ཀུན་གྱིས་གསོ། །ཁ་འཆུས་རྐང་པ་ནས་སྤྲུག་ལག་པས་བསྲང་། །རླུང་འཁྱིལ་དུགས་དང་བྱུག་པ་འཇམ་རྩི་བྱ། །ཁྲག་འགགས་ཆུ་ཚན་ནང་སྤྱིང་ལོང་རྩ་གཏར། །དམར་པོ་བཞི་དང་མཁྲིས་སྣ་སྦྱར་ལ་བཏང༌། །སྤུ་འགགས་ལྒང་པའི་ཁ་ནས་མཉེ་ཞིང་བཞོ། །སྐྲངས་འགགས་ཆུ་ལུམས་དུགས་དང་གཏར་བ་དང༌། །མས་བཏང་གོང་མས་སྐྲངས་པ་བཞུ་བར་བྱ། །ཁུ་བ་ཆགས་པ་སྤྱད་ཅིང་མཉེས་ལ་བཞོ། །བཤང་བ་འགགས་པ་ནི་རུ་ཧ་ཡིས་དྲང༌། །གང་ཡང་ཐོན་དཀའ་ཆུ་ཐུར་གསང་བ་ལ། །ཕོ་ལ་མཐོ་གང་སྦོམ་ཕྲ་གྲོ་སོག་ཙམ། །མོ་ལ་སོར་བཞི་སྦོམ་ཕྲ་ནས་སོག་ཙམ། །རྒྱུས་བལྡད་ཁ་དྲིལ་གསང་དུ་བཏང་བ་དབྱུང༌། །རྡེའུས་འགགས་ལ་སྨན་བཤིག་དཔྱད་ཀྱིས་དབྱུང༌། །རྡེ་སྨན་ཁྲུང་ཁྲུང་རྔ་མོ་བོང་རུས་དང༌། །དབྱི་མོང་གཟེ་མ་སྨན་སྒ་ཆང་སྦྱར་བཏང༌། །རྣོན་པོ་གསུམ་དང་ཉི་དགའ་གླ་རྩི་དང༌། །སོ་བྱའི་སྒྲོ་གཞོབ་ཆུ་ངན་སྦྱར་ལ་བཏང༌། །ཟེ་ཚྭ་རྒྱ་ཚྭས་སྣ་དྲངས་ཚྭ་སྣ་ཚོགས། །གསེར་གྱི་བྱེ་མ་སྡིག་སྲིན་འབྲས་སྣ་གསུམ། །ཉི་དགའ་སུག་སྨེལ་གླ་རྩི་ཚ་བ་གསུམ། །སྤོས་དཀར་འབུ་སྐྱོགས་བུར་དཀར་ཆང་སྦྱར་བཏང༌། །ཡང་ན་བ་ཚྭ་ནག་མཚུར་སྨན་མར་ལ། །ཁ་ཚར་བཏབ་བཏང་ཟས་སྤྱོད་དྲོད་དུ་བསྟེན། །ཆུ་འགགས་ཀུན་སེལ་ཁྱད་པར་རྡེའུ་བཤིག །རྒྱ་ཚྭ་སུག་སྨེལ་གླ་རྩི་སྡིག་སྲིན་དང༌། །བོང་རྨིག་བྱིང་བྱིང་ཐུ་ལུ་ཆང་སྦྱར་ལ། །ཨོཾ་རཾ་རཾ་ཤག་ཤག་རྩིར་རྩིར་ཚེག་ཚེག་རྦད་སྙིལ་སྭཱཧཱ། །སྨྲ་བ་བཅད་དེ་རྒྱུན་དུ་བཟླས་ལ་བྱིན། །དཔྱད་ཀྱིས་དབྱུང་བ་རྡེ་ཕྲན་ལམ་ནས་དྲལ། །སྨན་གྱིས་མ་བཤིགས་རྙིངས་ཤིང་རྒྱས་པ་ལ། །སྣུམ་བསྐུས་དུགས་བྱ་རྟ་ཤིང་ལ་བསྐྱོན་ནས། །ནད་པ་ཁ་ཟས་མ་ཟོས་ཉམ་སྨད་དེ། །པུས་མཉམ་ནས་ཀྱི་ཁྲི་ལ་པང་པས་བརྟེན། །སྒྱིད་ཁུང་བཀུག་ལ་གཡོག་བཅས་རས་ཀྱིས་བཅིང༌། །ལག་གཡས་སོར་མོ་ལྟེ་འོག་གཡོན་ནས་བཙིར། །གཡོན་པའི་གུང་མོས་གཞང་ཁར་རྡེའུ་བསྒུག །ཆུ་རྩ་སྲོག་རྩ་སྲིད་རྩ་ལས་བྱོལ་བའི། །མདུན་གསང་ཟུར་གསང་རྒྱབ་གསང་གར་ཁུགས་སར། །རྡེའུ་བཙལ་ལ་གཙགས་ཀྱིས་ལེགས་དྲལ་ཏེ། །ཆ་བྱད་སྦྲུལ་མགོ་ལྟ་བུས་དབྱུང་བར་བྱ། །ཆུ་དྲོན་ནང་སྤྱིང་རྨ་ལ་སྦྲང་རྩི་བྱུག །བུ་རམ་སྦྲང་བྱིན་ནས་ཐུག་མར་བཅས་བླུད། །ཞག་བདུན་འདས་ནས་གཅིན་ལམ་མ་འགྱུར་ན། །རྨ་དེ་སྤྲ་བས་བསྲེག་ཅིང་ཕྱིང་པས་བདུག །རྟ་ཞོན་ཉལ་པོ་རི་ཤིང་འཛེག་པ་དང༌། །ཆུ་ཡི་ལས་དང་རླན་སྟེང་ལོ་དུས་སྤང༌།  ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ཆུ་འགགས་གསོ་བའི་ལེའུ་སྟེ་ལྔ་བཅུ་རྩ་བཞི་པའོ།། །།


 

མཐའ་མའི་འདོན་ཐེངས་།: 21.12.2022 ཉིན། 9:26 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།