སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ང་དྲུག་པ། ཚད་པའི་འཁྲུ་བ་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.11.2023
མན་ངག་རྒྱུད། >> ལེའུ་ང་དྲུག་པ། ཚད་པའི་འཁྲུ་བ་གསོ་བ།



ལེའུ་ང་དྲུག་པ།  ཚད་པའི་འཁྲུ་བ་གསོ་བ། 

གཅིན་སྙིའི་ནད་གསོ་བའི་ལེའུ་གསུངས་ཚར་བའི་མཇུག་ཐོག་དེ་མ་ཐག་དེ་ནས་ཡང་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཉོན་ཅིག་ཅེས་གདམས་ཏེ། རྒྱ་ནད་ཚད་འཁྲུ་ཞེས་བྱ་བའི་རྒྱུ་མཚན་རྒྱ་གར་རྒྱ་ནག་སོགས་ཚད་རླངས་ཆེ་སར་འབྱུང་བ་དང་འཁྲུ་བ་ནི་དངོས་མིང་སྟེ་དེའི་རྒྱུ་རྐྱེན་དང༌། དབྱེ་བ་དང་རྟགས་དང༌། བཅོས་པའི་ཐབས་དང་རྣམ་པ་བཞིའི་སྒོ་ནས་བསྟན་ཏེ།

རྒྱུ་རྐྱེན་གཞི་མཐུན་ནི་ཕོ་བའི་མེ་དྲོད་མི་སྙོམས་ཤིང་ཆུང་བ་དེ་ལ་དྲོད་ཅན་རླངས་ཆེ་བའི་ཡུལ་རྒྱ་བལ་མོན་སོགས་ཀྱིས་མཚོན་པའི་སར་ཆུ་མང་དུ་བཏུང་བ་དང༌། ཟས་ཀྱི་ཚོད་མ་ཟིན་པར་ཟོས་པ་དང༌། ཤ་རིད་པོ། ཤིང་ཏོགའབྲུ་གསར་པ་སོགས་བཅུད་མེད་པའི་ཟས་ཀྱིས་མེ་དྲོད་ཕྱི་ལ་བཏོན། ཕྱི་ཡུལ་གྱི་དྲོད་རླངས་ཆེ་བས་མཆིན་ཚད་བསྐྱེད་ནས་ལུས་ཀྱི་ཆུ་ཁམས་ཐུར་དུ་བསྐྱོད་པས་འཁྲུ་བར་འགྱུར་རོ། །

དབྱེ་བ་ཕྱེ་ན་རླུང་དང༌། མཁྲིས་པ་དང༌། ཁྲག་དང༌། བད་ཀན་དང་བཞིའོ། །

དེ་རྣམས་ངོས་འཛིན་གྱི་རྟགས་སྤྱི་བྱེ་བྲག་གཉིས་ལས། དང་པོ་སྙིང་ག་རྩིབ་ལོགས་ལྟོ་བ་བཤང་ལམ་བཅས་ལ་ཟུག་དང༌། ལུས་སྙོམ་པ་དང་ཁོང་པ་སྦོ་ཞིང་ཟས་མི་འཇུ་བར་བཤང་བ་སྲི་ལ། མ་སྨིན་པའི་ཚེ་ལྟོ་སྦོ་དྲི་ཆུང་ངུ་ཆུར་འབྱམས་ཤིང་སྨིན་པའི་ཚེ་དེ་ལས་མ་ཞུ་བ་མེད་པའི་གོ་ལྡོག་ཏུ་འཁྲུ། རླུང་ལས་གྱུར་པ་ནི་ལྦུ་བ་སྒྲ་བཅས་བུར་ཁུ་འདྲ་བའམ། ཆུར་འཁྲུ་བའམ་སྐབས་སུ་གར་པོས་འགག་ཅིང་གོང་བུར་འབྱུང་བ་དང༌། གཟེར་ཞིང་རྒྱུ་མ་ཆད་སྙམ་བྱེད་ཅིང་ཁ་སྐམ་ལ་བ་སྤུ་ལྡང་བ་ཡིན། མཁྲིས་པ་ལས་གྱུར་པ་འཁྲུ་མདོག་སེར་ནག་སྔོ་ལ་དྲི་མ་ཆེ་བ་དང༌། བཤང་ཁ་ཚ་ཞིང་ལུས་རྔུལ་ལ་ཚ་བ་སྐྱེས་ཏེ་སྐོམ་དད་ཆེ། ཁྲག་ལས་གྱུར་པ་ཁྲག་ཏུ་འཁྲུ་ཞིང་གཞང་ཁ་འདྲུལ། བད་ཀན་ལས་གྱུར་པ་སྐམ་ཞིང་འབྱར་བག་འཁྲུ་བ་དང༌། གཉིད་ཆེ་ལ་ཕོ་བ་ལྕི་ཞིང་ཡི་ག་འཆུ།

བཅོས་པའི་ཐབས་སྤྱི་བྱེ་བྲག་གཉིས་ལས་མ་སྨིན་པ་དང་པོའི་དུས་ཉིད་དུ་ནང་ནུབ་ཆུ་བསྐོལ་ཚན་མོ་བཏུང་ཞིང་ཟུངས་བཟང་ན་སྨྱུང་བ་བྱ། སེ་འབྲུ། བིལ་བ། ད་ཏྲིག ཟུར་པ་སྟེ་མ་ནུ་ཤུ་ཟུར་དང་སྒ་འུ་སུ་རྣམས་སྦྱར་བའི་ཐང་གིས་སྨིན་པར་བྱེད་ཅིང་འཁྲུ་བ་གཅོད། བཤང་བ་འགྱིང་ན་བྱི་ཏང་ག་དང༌། འབྲས་བུ་ཨ་བར་སྐྱུར་གསུམ། པི་པི་ལིང་རྣམས་བསྐོལ་བའི་ཁྲུས་བཏང་ཞིང་ནི་རུ་ཧ་སྦྱོར་བ་བར་འཇམ་གྱིས་དྲངས་ལ། འབྲས་སམ་ཕྱེ་ཐུག་གང་རིགས་ལ་སྒ་དང་སྤོད་སྣ་བྲན་པ་དང༌། ལུག་དང་བ་ལང་སོགས་སྐམ་པའི་ཤ་གསར་རྣམས་དང༌། དར་གསར་ཆང་གསར་ཆུ་བསྐོལ་གྲང་སོགས་ཕོ་བའི་མེ་དྲོད་དང་སྦྱར་བའི་ཟས་སྤྱོད་བསིལ་དྲོད་ཚ་ཆེས་གྲང་ཆེས་མ་ཡིན་པར་རན་པར་མཉམ་ཞིང་ཟས་ཚོད་བཟུང༌། གླ་སྒང༌། བོང་ང་དཀར་པོ། པི་ལིང༌། སྒ། ཤིང་ཀུན། དུག་མོ་ཉུང་རྣམས་ཀྱི་ཁུ་བ་བསྡུས་འཇམ་བཏང་བ་དང༌། བིལ་བ་འུ་སུ། གླ་སྒང༌། བ་ལེ་ཀདོང་ག་རྣམས་བསྐོལ་གྲང་གི་ཁུ་བའང་བླུད་པར་བྱ་ཞིང༌། འཁྲུ་བ་མ་སྨིན་མི་བཅད་དེ་ཉེས་པ་ན་ཟུག་ཆེ་བར་འབྱུང་བས་མི་གཅོད་པ་དང༌། འཁྲུ་ནད་སྟོབས་ཆུང་ལ་ཟས་དང་སྤྱོད་ལམ་གཉིས་ལ་གཟབ་ཅིང་བཏང་སྙོམས་སུ་བཞག་པས་ཞི།

རླུང་ལས་གྱུར་པར་བིལ་བ། སྒ་དང༌། པི་པི་ལིང༌། བུ་རམ་རྣམས་ཏིལ་མར་ལ་སྦྱར་བ་བཏང་ཞིང་འོ་དྲོན་བླུད། མཁྲིས་པ་ལས་གྱུར་པར་དུག་མོ་ཉུང་དང༌། བོང་ང་དཀར་པོ། འབྲས་ཀྱི་ཁུ་བར་སྦྲང་དང་སྦྱར་ལ་བླུད་པར་བྱ་ཞིང༌། ཡང་ན་བོང་ང་དཀར་པོ། དུག་མོ་ཉུང༌། བ་ལེ་ཀབིལ་བ། གླ་སྒང་རྣམས་འབྲས་ཀྱི་ཁུ་བར་སྦྲང་དང་སྦྱར་བ་བླུད་པར་བྱ། ཁྲག་ལས་གྱུར་པར་ཏིལ་ནགཀ་ར་རའི་འོ་མ་བཅས་པའམ། ཡང་ན་ཙན་དན་དམར་པོ་འབྲས་ཀྱི་ཁུ་བར་སྦྲང་དང་སྦྱར་ལ་བཏང་བ་དང༌། ཧོང་ལེན། སྐྱེར་ཤུན། རྒྱ་སྐྱེགས། པི་པི་ལིང་རྣམས་སྦྱར་བའི་སྨན་མར་རམ་འབྲས་ཀྱི་ཐུག་པ་དང་སྦྱར་ལ་བཏང༌། བད་ཀན་ལས་གྱུར་པར་བིལ་བ། ཨ་རུ་ར། སྒ་དང༌། གླ་སྒང་རྣམས་བསྐོལ་བའི་ཁུ་བ་བླུད་ཅིང༌། གནྡྷ་པ་ཏྲ། གླ་སྒང༌། བིལ་བ། མོན་ཆ་ར། སྒ་དང་འུ་སུ། བུ་རམ་དར་བ་དང་བཅས་པ་བྱིན། བཅོས་པའི་རྗེས་སུ་གཅིན་མང་ཞིང་བཤང་བ་ཉུང་ལ་བསྐ་བ་དང༌། ཕྱེན་གྱི་སྒྲ་ཐོན་ཅིང་ཟས་འཇུ་ན་ནད་བྱང་བའི་རྟགས་ཡིན་པས་ཟས་དང་སྤྱོད་ལམ་གཉིས་པོ་གཟབས་པས་འཚོ་བར་འགྱུར་རོ་ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་ལས་ཐོར་བུའི་ནད་ཀྱི་ནང་ཚན་ཚད་པའི་འཁྲུ་བ་གསོ་བའི་ལེའུ་སྟེ་ལྔ་བཅུ་རྩ་དྲུག་པའོ།། །།


མཐའ་མའི་འདོན་ཐེངས་།: 29.11.2023 ཉིན། 3:15 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།