སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ང་དགུ་པ། ཆུ་སེར་གྱི་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.12.2022
མན་ངག་རྒྱུད། >> ལེའུ་ང་དགུ་པ། ཆུ་སེར་གྱི་ནད་གསོ་བ།



ལེའུ་ང་དགུ་པ། ཆུ་སེར་གྱི་ནད་གསོ་བ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག ཆུ་སེར་ནད་ལ་གྱུར་ཚུལ་དབྱེ་བ་དང༌། །རྟགས་དང་བཅོས་ཐབས་རྣམ་པ་བཞི་ཡིས་བསྟན།།

དང་པོ་གྱུར་ཚུལ་ཁ་ཟས་དྭངས་མ་དེ། །མཁྲིས་པ་དམར་སྒྱུར་ལས་ཀྱིས་ཁྲག་ཏུ་འགྱུར། །ཁྲག་གི་སྙིགས་མ་མཁྲིས་པའི་ནང་དུ་གསོག །མཁྲིས་པའི་དྭངས་མ་ཆུ་སེར་ཉིད་དུ་འགྱུར། །གནས་ནི་ཤ་རུས་དོན་སྣོད་ཕྱི་ནང་ཁྱབ། །ཁྱད་པར་ཤ་མདངས་བར་དང་ཚིགས་པར་གནས། །ཚད་ནི་རང་གི་སྙིམ་པ་བཞི་རུ་བཤད།།

དབྱེ་བ་ཆུ་སེར་རིགས་དང་འཇུག་པའི་སྒོ། །རིགས་ནི་ཆུ་སེར་དཀར་པོ་ནག་པོ་གཉིས། །ཆུ་སེར་དཀར་པོ་བད་རླུང་གྲང་བར་བསྡོངས། །ཆུ་སེར་ནག་པོ་ཁྲག་མཁྲིས་ཚ་བར་བསྡོངས། །འཇུག་སྒོ་ལྤགས་གྲམ་ཤར་རྒྱས་རྩ་རུ་རྒྱུག །རུས་ཞེན་དོན་བབས་སྣོད་དུ་ལྷུང་བའོ།།

དེ་ཡི་རྟགས་ལ་སྤྱི་དང་བྱེ་བྲག་གཉིས། །སྤྱི་རྟགས་ཟ་འཕྲུག་ཐོར་པ་ལེབ་མོར་འོང༌། །སྐབས་སུ་ལུས་ཀུན་སྦོ་ཞིང་སྐྲངས་པ་དང༌། །ཤ་མདོག་སྔོ་ལ་རྩུབ་ཅིང་འབྲུམ་པ་འོང༌། །གྲ་མ་ཕུབ་མས་རེག་ན་ཟ་འཕྲུག་བྱེད༌།  སྐྲ་དང་སྨིན་མ་བྱི་ཞིང་འདྲུགས་པའོ། །ཁྱད་པར་ཆུ་སེར་དཀར་པོ་རྩ་ཆུ་གྲང༌། །ནམ་ཞོད་རླན་དུགས་ཆུར་ཞུགས་གྲང་ཚེ་ལྡང༌། །ལུས་དྲོས་དྲོད་བཅུད་ཟོས་རྗེས་བདེ་བར་མངོན། །ཆུ་སེར་ནག་པོ་རྩ་ཆུའི་ཚ་བ་སྐྱེ། །མེ་ཉིས་དྲོས་ཤིང་ཆང་འཐུངས་སྟོན་དུས་ལྡང༌། །ཆུ་སེར་ལྤགས་གྲམ་ཁྱད་པར་ཟ་འཕྲུག་བྱེད། །ཐོར་ཆུང་མང་ལ་ཕྲུགས་ན་ཆུ་སེར་འཛག །ལྤགས་མདོག་སྔོ་རྩུབ་གྱོང་ལ་སྲིན་ཐོར་མང༌། །ཤ་ལ་རྒྱས་ན་ཉྭ་སྒང་ཤུ་བ་འབྱུང་། །ཤ་ཀུན་འགུལ་འཕྲིག་སྐྲངས་ཤིང་སྦོ་བ་ཡིན། །རྩར་རྒྱུག་རྩ་ཀུན་སྦྲིད་དང་འཁྱུག་པ་དང༌། །ཚ་མྱག་ཚ་བར་གྲང་བསིལ་ཟ་བེར་འོང༌། །རྩ་མིག་ནང་དུ་སྲོག་ཆགས་རྒྱུ་བ་འདྲ། །རུས་ཞེན་རུས་པ་ལྷང་ལྷང་ན་བ་དང་། །ཚིགས་དམིགས་ན་ཞིང་བརྐྱང་བསྐུམ་འགྲོ་འདུག་དཀའ། །ཚིགས་ཁ་སྐྲངས་ཤིང་ཟ་ལ་ཤུ་ཐོར་འབྱུང༌། །དོན་བབས་སྙིང་ལ་ཆུ་སེར་ཞུགས་པ་ཡིས། །ཤེས་པ་འཕྱོ་འདར་སྟོད་རྒྱངས་སྙིང་མི་དགའ། །དངངས་ཤིང་ཚིག་པ་ཟ་ལ་ཁྲོ་ཚིག་བྱེད། །བྲང་ལ་སྲིན་ཐོར་ཤ་བཀྲ་འོང་བ་དང༌། །ལྕེ་ལ་ཐོར་པ་རྒྱུན་དུ་འོང་བ་ཡིན། །གློར་ཞུགས་གློ་མང་མིག་དང་རྐང་བོལ་སྐྲངས། །བྲང་རྒྱབ་གཟེར་ལ་སྐད་འགག་མཚུལ་པ་སྐམ། །མཆིན་ཞུགས་མིག་ནས་མཆི་མ་རྒྱུན་དུ་འཛག །ལུས་ལྕི་སྣ་ཁྲག་འོང་ཞིང་ཕོ་མཆིན་ན། །མཆེར་ཞུགས་སྦོ་འཁྲོག་མཆུ་ནད་རྒྱུན་དུ་འབྱུང༌། །མཁལ་ཞུགས་རྐེད་པ་དཔྱི་དང་བརླ་སུལ་ན། །སྨད་ལྕི་རྐང་པ་སྦྲིད་ཅིང་རྩ་ཀུན་འཁྱུག །སྣོད་བབས་མིག་སེར་ཚ་འགྱུར་སྣ་གླང་ལྡང༌། །སྐབས་སུ་ཆུ་སྡོམ་སྐབས་སུ་སེར་སྨུག་འཁྲུ།།

བཅོས་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས། །སྤྱི་ལ་བཅོས་ཐབས་སྨན་དཔྱད་ཟས་སྤྱོད་བཞི། །ཆུ་སེར་དཀར་ནག་གཉེན་པོ་སོ་སོར་བསྟེན། །ཆང་དང་ཆུ་སེར་དཀར་པོ་ལུག་ཤ་དང༌། །མར་རྙིང་འཕྱི་བ་རྟ་བོང་ཤ་རྣམས་དང༌། །བུ་རམ་ཆང་སྦྱར་གཟེ་མའི་ཟན་ཆང་དང༌། །ར་མཉེ་རྩ་བའི་ཟན་ཆང་བུར་སྦྱར་བཏང༌། །སྤྱོད་ལམ་རླན་གྲང་བསེར་བུ་ཕུབ་ལས་སྤང༌། །སྨན་དུ་ར་མཉེ་ལྕ་བ་གཟེ་མ་དང༌། །ཉེ་ཤིང་བ་སྤྲུ་གོང་མས་ཆ་བསྐྱེད་པའི། །བསྡུས་ཁུའི་ཁཎྜ་སྦྲང་དང་བུ་རམ་སྦྱར། །བཅའ་སྒ་པི་པི་ལིང་དང་ཙི་ཏྲ་ཀ །སུག་སྨེལ་ཛཱ་ཏི་སྦྱར་ཏེ་བཏང་བར་བྱ། །རྩ་བ་ལྔ་དང་སེང་ལྡེང་འབྲས་བུ་གསུམ། །ཟོ་མར་བཅས་པའི་མར་ཁུ་བུ་རམ་སྦྱར། །བཅའ་སྒ་ལ་སོགས་ཕྱེ་མ་ཁ་ཚར་གདབ། །གྲང་བའི་ཆུ་སེར་མ་ལུས་འཇོམས་པར་བྱེད། །སྦྲང་སྨྱོན་ཆ་ཡིས་གོམས་པས་བྲིད་པ་བསྟེན། །བཙན་དུག་ཨ་རུ་གུ་གུལ་ཤུ་དག་དང༌། །རུ་རྟ་ཤིང་ཀུན་ཛཱ་ཏི་བྱི་ཏང་ག །ཙི་ཏྲ་ཀ་དང་དྲོད་སྨན་བུ་རམ་སྦྱར། །རིལ་བུ་སྲན་ཙམ་བསྟེན་ན་ཆུ་སེར་སྐེམ། །མུ་ཟི་འབྲི་མར་ནང་དུ་བསྡུས་པ་ཡིས།  །མར་ནག་མདོག་འགྱུར་སྦྲང་དང་སྦྱར་ལ་བཟའ། །དཔྱད་དུ་གང་བབས་གསང་ལ་མེ་བཙའ་བྱ། །ཆུ་སེར་ནག་པོ་ཟས་སྤྱོད་བསིལ་བས་བཅོས། །བ་ར་མཛོ་ཡི་ཞོ་དར་མར་གསར་དང་། །ཆབ་ཚ་བ་ལང་རི་དྭགས་ཤ་གསར་བསྟེན། །ཆང་དང་མར་རྙིང་རུལ་སུངས་བུ་རམ་སྤང་། །སྤྱོད་ལམ་བསིལ་སར་དལ་བར་གནས་པར་བྱ། །སྨན་དུ་སྔོན་བུ་ལྕུམ་རྩ་ཨ་རུ་ར། །ཐར་ནུ་རེ་ལྕག་ཆུ་རྩ་བྱི་ཏང་ག །ཆུ་སེར་སྨན་གསུམ་བ་ཆུར་སྦངས་པས་བཀྲུ། །དེ་རྗེས་རྩ་བཤལ་བཏང་ལ་ཆུ་སེར་སྦྱངས། །སྐྱེར་པ་སེ་རྒོད་སེང་ལྡེང་བ་རུ་ཡི། །ཕྱེ་མ་གུ་གུལ་བཅུ་དང་སྦྱར་ལ་བཏང་། །བ་ཡི་རྣམ་ལྔ་སེང་ལྡེང་སྨན་མར་སྦྱར། །དངུལ་ཆུའི་རིལ་བུ་བསྟེན་པས་ཆུ་སེར་སྐེམ། །དཔྱད་དུ་གང་ལ་བབས་པའི་རྩ་ལ་གཏར། །བྱེ་བྲག་ཆུ་སེར་ཤ་ལྤགས་རྒྱས་པ་ལ། །སྔོན་བུ་སྲུབ་ཀ་ཞོ་དང་སྦྱར་བས་བྱུག །སོ་མ་ར་ཛ་ཤུ་དག་ལི་ཤི་དང༌། །ཙི་ཏྲ་ཀ་དང་མར་སྦྱར་བྱུག་པར་བྱ། །སྲད་དཀར་ཐལ་བ་རྟ་བོང་འོ་མས་བྱུག །ཐལ་ཀ་རྡོ་རྗེ་གཡེར་མ་མར་སྦྱར་བྱུག །སྦུར་བ་དོང་གྲ་འོ་མ་སྦྱར་བའམ། །བ་རུ་ར་དང་སྦྲུལ་ཐལ་མར་སྦྱར་བྱུག །སོ་མ་ར་ཛ་བ་བླ་བ་གཅིན་བྱུག །མ་ཕན་རྩ་སྦྱོངས་སེང་ལྡེང་སྨན་མར་སྦྱར། །རྩར་རྒྱུག་གཏར་དང་རྩ་སྦྱོངས་རྗེས་ལ་སྐམ། །རུས་ཞེན་ལྟོ་དང་རྩ་ནས་སྦྱངས་བྱས་ལ། །རྩ་བ་ལྔ་དང་མུ་ཟིའི་སྨན་མར་སྦྱར། །ཚིགས་དམིགས་ཆུ་སེར་ལྟ་བུར་མེ་ཐུར་བྱ། །ཤ་ལྤགས་རྩ་རུས་ཀུན་ལ་ཆུ་ལུམས་བསྔགས། །དེ་རྗེས་སེང་ལྡེང་སྨན་མར་ནད་རྗེས་བཅད། །སྙིང་ལ་ཞུགས་ན་སྦལ་རྒྱབ་ཆིག་ཐུབ་དང༌། །གསེར་རྡོ་མཚལ་དཀར་ཕ་ཝཾ་ལོང་བུ་དང༌། །ཚ་ལ་བཟང་དྲུག་ཆུ་སེར་སྨན་གསུམ་དང༌། །གུ་གུལ་ཤིང་ཀུན་གླ་རྩི་སྙིང་ཞོ་ཤ །རུ་རྟ་སྐྱུ་རུ་ར་དང་ཨ་ག་རུ། །ཨ་རུ་ར་དང་ཀ་ར་སྦྱར་ལ་བཏང༌། །སྙིང་རྩ་གཏར་ཞིང་ཚིགས་པ་དྲུག་པ་བསྲེག །བཙན་དུག་རིལ་བུ་སེང་ལྡེང་སྨན་མར་སྦྱར། །གློར་ཞུགས་ཅུ་གང་རུ་རྟ་ཤིང་མངར་དང༌། །ཙན་དན་རྒུན་འབྲུམ་ཆུ་སེར་སྨན་གསུམ་དང༌། །ག་དུར་དམར་པོ་གསུམ་དང་སྦྲང་སྦྱར་ལ། །གློ་ཡི་རྩ་གཏར་ཚིགས་པ་བཞི་ལྔ་བསྲེག །མཆིན་མཆེར་ལ་ཞུགས་རྩ་ལྟོས་སྦྱང་བ་གཅེས། །གུར་ཀུམ་བྲག་ཞུན་གླ་རྩི་པི་པི་ལིང༌། །ཀ་ར་སྦྱར་བཏང་མཆིན་པའི་རྩ་ལ་གཏར། །མཁལ་བབས་དམར་པོ་བཞི་ཡི་ཐང་བཏང་ཞིང༌། །རྩ་སྦྱོངས་རྗེས་ལ་རྩ་བའི་སྨན་མར་སྦྱར། །གང་དུ་བབས་པའི་གསང་དུ་མེ་བཙའ་བྱ། །སྣོད་དུ་ཆུ་སེར་བབས་པ་སྦྱོངས་ཀྱིས་དབྱུང༌། །མདོར་བསྡུས་ཆུ་སེར་འཕེལ་བས་ནད་འགྱུར་ཏེ། །ཤ་བཀྲ་གླང་ཤུ་སྲིན་ཐོར་ཁྱེ་མ་དང༌། །ཤུ་བ་ཟ་རྐོང་ཟ་འཕྲུག་ཆུ་སེར་བྱེད། །འོར་དང་སྐྱ་རྦབ་དམུ་ཆུ་ཆུ་སེར་བྱེད། །སུར་ཡ་མེ་དབལ་དྲེག་གྲུམ་གག་ལྷོག་དང༌། །རྙོགས་པའི་ཚ་བ་ཐམས་ཅད་ཆུ་སེར་བྱེད། །མགོ་དང་ཡན་ལག་བྱང་ཁོག་ལ་སོགས་པ། །རྨ་ཡི་ཉེས་པ་ཐམས་ཅད་ཆུ་སེར་བྱེད། །འབྲས་དང་མཛེ་ནད་ཆུ་སེར་ལས་འབྱུང་བས། །དེ་ཕྱིར་ཆུ་སེར་ནད་ལ་བྱ་ར་གཅེས། །དངུལ་ཆུ་མུ་ཟི་སེང་ལྡེང་སོ་མ་ར། །ཐལ་ཀ་རྡོ་རྗེ་གུ་གུལ་དཀར་ནག་གཉིས། །སྐྱེར་པ་བྲག་ཞུན་སྔོ་ཡི་ཚ་བ་གསུམ། །བྱང་པ་རྩ་བ་ལྔ་དང་བོང་བུའི་ཤ། །སྦྲང་རྣམས་ཆུ་སེར་འཇོམས་པའི་གཉེན་པོ་ཡིན། །ནད་གང་བསྡོངས་པའི་གཉེན་པོ་བསྡེབས་ཏེ་བསྟེན། །ཆུ་སེར་ཟད་ན་ཤ་དང་ལྤགས་པ་སྐམས། །ཉམ་སྟོབས་མི་སྐྱེ་ཤ་དང་ཆང་གིས་གསོ། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ཆུ་སེར་གྱི་ནད་གསོ་བའི་ལེའུ་སྟེ་ལྔ་བཅུ་རྩ་དགུ་པའོ།། །།


 

 

མཐའ་མའི་འདོན་ཐེངས་།: 21.12.2022 ཉིན། 9:36 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།