སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་གོ་གཉིས་པ། བུད་མེད་བཙལ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.08.2011
མན་ངག་རྒྱུད། >> ལེའུ་གོ་གཉིས་པ། བུད་མེད་བཙལ་བ།

 ལེའུ་དགུ་བཅུ་གོ་གཉིས་པ་བུད་མེད་བཙལ་བའི་ལེའུ་ལ་གསུམ། ཉན་པར་གདམས་པ་དང༌། གཞུང་དོན་བཤད་པ་དང་། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་གཞུང་དོན་ལ་གཉིས་མདོར་རྒྱས་སོ། །དང་པོ་ནི། རོ་ཙ་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ཡང་རོ་ཙའི་ཡན་ལག་བུད་མེད་དཔལ་དང་ལྡན་པ་བཙལ་བའི་ཐབས་ལ། གང་གི་མཐུན་པའི་ཕྱོགས་ན་མཐུན་ཕྱོགས་འགྲུབ་པའི་ངེས་པས། ཐོབ་བྱ་བུ་མི་འབྱུང་བ་དེའི་རྒྱུ་ནི། གདོན་པ་དང༌། འདུ་བ་དང༌། བུ་རོའམ་ནད་རོ་ལུས་པ་དང༌། བུ་རྩི་བཏང་བ་དང་མོ་གཤམ་དང་རྣམ་པ་ལྔའོ།།

        གཉིས་པ་རྒྱས་བཤད་ལའང་ལྔ་ལས། དང་པོ་ནི། དང་པོ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ལྟར་གདོན་ལ་མོ་རྩིས་ཕྱྭ་ཡི་སྒོ་ནས་ངོས་བཟུང་ལ། ཞི་བ་གཏོར་ཆོག་དྲག་པོ་མ་ནན་སྐྲད་བསྲེག་པ་སོགས་གདོན་དེ་ལ་གང་བསྔགས་པའི་ཆོག་བསྟེན་ནོ། །གཉིས་པ་ནི། འདུ་བ་ཞེས་རྐང་པ་བཅུ་བཞིས་བསྟན་ཏེ། དེ་ལྟར་རླུང་གིས་བསྐྱེད་པ་ནི། ཟླ་མཚན་མདོག་སེར་ཞིང་དུས་མིན་དུ་འཛག་པ་དང་མངལ་གྱི་ཁ་ཧར་པོར་ཡོད་པར་སེམས་ཤིང་སྐབས་སུ་མངལ་ཁྲག་སྡོམ་པ་དང་རྒྱུ་ཞབས་སྦོ་བར་བྱེད་དོ། །མཁྲིས་པས་ནི་རྒྱུ་ཞབས་ཚ་བྲ་བྱེད་ཅིང་མངལ་ཁྲག་དུད་ཁུ་དང་རྣག་ལྟ་བུར་འཛག་པར་བྱེད་དོ། །གཞན་ཡང་རྩ་གཤེར་རིངས་བུ། དམར་བཅུད་སྦྱོར་བ། འཁྲུས་གཤེར་ཆེན་པོ། རྩ་གཤེར་གྱི་མངལ་སྐྱོན་བསལ་བ་སོགས་གོང་གི་མོ་ནད་སྤྱི་བཅོས་སུ་གསལ་བ་ལྟར་རོ། །གསུམ་པ་ནི། མངལ་དུ་ཞེས་རྐང་པ་ཉེར་ལྔས་བསྟན་ཏེ། བྱ་བྲ་ཞེས་སྤྱང་ཚེར་གྲོག་ཤིང་སྟེ་ཁང་ཐོག་གྱང་ལོགས་མཆོད་རྟེན་ལོགས་སུ་སྐྱེ་བ་སྤང་གི་རྣམ་པ་འདྲ་བ་སྔོ་རྩག་གེ་བ་དེས་རྒྱུ་ཞབས་བདུགས། དེ་ནས་ཨ་རུ་མཆུ་སྙུང་གཅིག ད་ཚྭ་ཞེས་ཤིང་རྩ་འཐུག་པོ་དང༌། རྩབས་ཤིང་ཞེས་དེ་ལྕུམ་རྩ་གསུམ་སོ་སོར་བསྡུས་ནས་སླར་བསྲེས་པའི་ཁུ་བ་ལ། དུར་བྱིད་དང་ཁྲོན་བུ་རིལ་མ་ཙམ། འོལ་མོ་ཞོ་གང༌། རྒྱ་ཚྭ་ཞོ་གང༌། ཤིང་ཚྭ་ཞོ་ཕྱེད་བཏབ་ཉུང་རིམ་བཞིན་བཏང༌། མ་ཐེབས་ན་རྒྱ་ཚྭ་ཆ་གཅིག ཆང་སྣོད་ཀྱིས་པྲུ་བའི་དྲེག་པ་ཆ་གཉིས། འོལ་མོ་སེ་ཆ་གསུམ། ཤ་རུའི་ཐལ་བ་ཆ་གསུམ་རྣམས་ཆང་ལ་སྦྱར་ལ་བཏང༌། ཡང་ན་ཚ་བ་གསུམ་བྲེ་ཕྱེད་ཨ་རུ་ར་ལྔ། རྒྱམ་ཚྭ་ཤོང་ཙམ། དྭ་ཚ་སྟེ་ཤིང་ཚ་མཐུག་པོ་རྒྱབ་སྐྱ་བོར་ཡོད་པ་དེ་ཞོ་གང༌། ལྕུམ་རྩ་ཞོ་གང་རྣམས་སོ་སོར་ཆུས་བསྡུས། དེ་ནས་ཁུ་བ་བསྲེས་པ་ལ་དུར་བྱིད་མཛུབ་མོ་ཙམ་པ། འོལ་མོ་སེ་ལུག་རིལ་ཙམ། རྒྱ་ཚྭ་ཞོ་གང་ཤིང་ཚ་ཞོ་ཕྱེད་རྣམས་བཏབ་ལ་ཐོ་རངས་བཏང༌། ཟུག་གཟེར་སྐྱེས་ན་ཕོ་བར་རྡོ་དང༌། རྒྱུ་ཞབས་སུ་འབྲུ་སྣ་ཚོགས་ཚད་བཅོས་པའི་དུགས་ཀྱིས་བདུག་གོ །དེས་ཀྱང་ལྟོ་སྦྱོངས་མ་ཕིགས་སྲིད་ན་རྒྱ་ཚྭ་ཆང་དང་སྦྱར་ལ་བཏང་བར་བྱའོ། །དེའི་རྟིང་ལ་མོ་ནད་སྤྱི་བཅོས་སྐབས་ཀྱིས་རྩ་གཤེར་ཆེ་མོས་སྦྱང་བར་བྱའོ། །བཞི་པ་ནི། བུ་རྩི་ཞེས་རྐང་པ་གསུམ་ཀྱིས་བསྟན་ཏེ། འདི་དག་གི་བཅོས་ཐབས་ནི་མོ་ནད་གསོ་བའི་ལེའུ་རྒྱས་པར་བསྟན་པས་དེར་རྟོགས་པར་བྱའོ། །འདིར་ནི་མ་སྤྲོས་སོ། །ལྔ་པ་ལ་གསུམ། མོ་གཤམ་གྱི་རྟགས་དང༌། དེ་སྤང་བར་གདམས་བ་དང་མཚན་ལྡན་བཙལ་བར་རྗེས་སུ་བསྟན་པ་གསུམ་མོ། །དང་པོ་ནི་མོ་གཤམ་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ནི། དེ་ལ་ཞེས་རྐང་པ་གཅིག་གིས་བསྟན་ཏེ་དེ་ནི་སྤང་བར་བཤད་པའི་ཚིག་གོ །གསུམ་པ་མཚན་ལྡན་བཙལ་བར་རྗེས་སུ་བསྟན་པ་ནི། དེས་ན་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ཡན་ལག་བརྒྱད་པ་ལས། གང་གི་མིང་ཐོས་ན་ཡང་སྙིང་དགའ་ཞིང༌། །མཐོང་ན་ངོམ་པར་འགྱུར་བ་མེད་པ་དང༌། །དབང་པོ་ཀུན་འདྲེན་ལྕགས་ཀྱུར་གྱུར་པ་དེ། །བུད་མེད་ཁྱོ་ཡི་རྗེས་འཇུག་འཕྱོན་མ་མེད། །རྒྱུ་རྩལ་འཇོ་སྒེག་ན་ཚོད་ལུས་ཀྱི་རྒྱན། །ཕྱིར་ནི་ངོ་ཚ་དབེན་པར་སྤྱོད་པ་ཡངས། །ཚིག་སྙན་སྨྲ་ཞིང་མཚུངས་པར་མངོན་དགའ་བཅས། །བུད་བྱེད་དེ་ཡིས་རོ་ཙའི་དོན་མཆོག་བྱ། །ཞེས་བྱུང་བ་ལྟར་བཙལ་ཞིང་བསྟེན་པར་བྱའོ། །ཞེས་གསུངས་ནས་དྲང་སྲོང་རིག་པའི་ཡེ་ཤེས་དེ་སྨན་པའི་རྒྱལ་པོའི་སྐུའི་ལྟེ་བར་ཐིམ་པར་གྱུར་ཏོ་ཞེས་པ་ནི་གདུལ་བྱའི་སྣང་ངོར་སྤྲུལ་པ་བསྡུས་པ་སྟེ། དང་པོར་སྤྲུལ་པའི་གནས་སུ་ཐིམས་པར་སྣང་ངོ༌།།

        གསུམ་པ་ལེའུའི་མཚན་ནི་བདུད་རྩི་ཞེས་པ་ནས་དགུ་བཅུ་གཉིས་པའི་ཞེས་པས་བསྟན་ནོ། །ཐོས་བསམ་སྒོམ་པའི་རོ་ཙམ་ལས་སྐྱེས་པའི། །ཆོས་ཀྱི་སྲས་ཀྱི་དམ་པའི་རིང་ལུགས་འཛིན། །ཟས་སྨན་སྦྱོར་བའི་རོ་ཙ་ལས་སྐྱེས་པའི། །བུ་དེས་ཕལ་ཆེར་ཕ་ཡིས་རིགས་རྒྱུད་འཛིན། །མི་རྣམས་བདེ་བའི་རྟེན་དང་འདོད་པའི་རྩ་ལག་བུ་ཚ་སྟེ། །སྐྱེས་བུ་རེས་ཀྱང་ཆོས་ནོར་བདེ་བས་རང་གཞན་ཚིམས་བྱེད་པ། །དོན་དེ་བུ་དཔལ་ལྡན་པའི་བད་དུ་གནས་པར་མཁྱེན་ནས་སུ། །དགོས་པའི་དབང་གི་རེ་ཞིག་བུད་མེད་བཙལ་བའམ་འདིར་བསྟན་ཏོ། །ཞེས་ཀྱང་སྨྲས་སོ།།

གསུམ་པ། མཇུག་བྱང༌།

གསུམ་པ་ཞུས་ལན་མཐར་ཕྱིན་རྫོགས་ཚིག་བཀོད་པ་ནི། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ལག་ལེན་དམར་ཁྲིད་མན་ངག་རྒྱུད་ཅེས་བྱ་བ་རྫོགས་སོ། །ཅེས་པ་འདི་མཐར་ཐུག་པའོ་ཞེས་པའི་དོན་ནོ། །བདུད་རྩིའི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་གསུམ་པ་མན་ངག་གི་རྒྱུད་ཀྱི་དཀའ་གནས་གསལ་བར་བྱེད་པ་ལེགས་བཤད་གསེར་རྒྱན་ཞེས་བྱ་བ་རྫོགས་སོ།།

        དེ་ལྟར་གསོ་བ་རིག་པའི་གཞུང་ལུགས་དམ་པ་དཔལ་ལྡན་རྒྱུད་བཞི་ལས་དུམ་བུ་གསུམ་པ་མན་ངག་ཡོན་ཏན་རྒྱུད་འདི་ཉིད། སྨན་པ་གང་ཞིག་ནད་པ་རྣམས་གསོ་བའི་ལག་ལེན་ལ་འཇུག་པ་རྣམས་ལ་མེད་ཐབས་མེད་པ་ཞིག་ཡིན་མོད་ཀྱང༌། སྨན་པ་མཁྱེན་ཅིང་གཟིགས་པ་རྣམས་ཀྱིས་ནི་རྩལ་དུ་མ་བཏོན། སྨན་པ་ལ་ལས་མ་རྟོགས་ཀྱང་འོལ་སྤྱི་ཙམ་གྱིས་རྟོགས་སླ་བར་གཟུང༌། འགའ་ཞིག་གིས་རྟོགས་དཀའ་བར་མཐོང༌། །ལ་ལ་ནི་གླེགས་བམ་མཐོང་བ་ཙམ་གྱིས་སྐྲག་པ་སྐྱེ་ཞིང༌། ཁྱད་པར་དུའང་དུས་ཀྱི་དབང་གིས་ཡི་གེ་ཉམས་ཤིངེ་འི་དོན་གྱིས་དཔྱད་པ་མཛད་པའམ་འཁྲུལ་པ་དུ་མ་དང༌། འཆད་ཉན་གྱིས་གཏན་ལ་ཕབ་ནས་རང་གཞན་གྱི་རྒྱུད་ལ་ངེས་པ་བསྐྱེད་པའི་སྲོལ་ཡང་ཆེར་མི་སྣང་ལ། དེའི་དབང་གིས་འགྲེལ་པ་ཡང་ཆེར་མ་བྱུང་འདུག་པའི་རྐྱེན་གྱིས་ཕྱིས་སུ་བླ་རྟ་ལྷ་རྗེའི་རྣམ་བཤད་བདེ་བའི་འདོད་འཇོ་བྱ་བ་མཛད་འདུག་ཀྱང༌། སྐབས་འགའི་སར་རྩལ་དུ་མ་སྟོན་པར་རང་སོར་བཞག་འདུག་པ་དང༌། ཁྱད་པར་དུའང་དེང་སང་གི་དུས་འདིར་ནད་པ་རང་གི་བཅོས་ནས་གཞན་སྲོག་ཡལ་བར་འདོར་བ་མཐོང་ཞིང༌། དེའི་དོན་གྱིས་རྒྱུད་ཆེན་ཡིད་བཞིན་ནོར་བུ་ལྟ་བུའི་གཞུང་ལུགས་འདི་ཉིད་ནུབ་པ་ལྟར་གྱུར་ནས་སྐྱེ་འགྲོའི་བདེ་བ་ཉམས་པར་གྱུར་པ་མ་བཟོད་པར་བརྟེན། རྣམ་བཤད་འདི་ལྟར་དུ་བྲིས་པ་ཡིན་ལ། དེ་ཡང་ཁུངས་གང་ལས་བརྟེན་ནས་ཞེ་ན།

        སྤྱོད་འཇུག་ལས། སྔོན་ཆད་མ་བྱུང་བ་ཡང་འདིར་བརྗོད་མིན། །སྡེབ་སྦྱོར་མཁས་པ་བདག་ལའང་ཡོད་མིན་ཏེ། །ཞེས་སོགས་གསུངས་པ་ལྟར། སྔོན་མ་བྱུང་བ་ནི་འདིར་བརྗོད་རྒྱུ་ཅི་ལ་ཡོད། དེའི་དོན་གྱིས་དཔལ་དུས་ཀྱི་འཁོར་ལོ། བདེ་མཆོག མཁའ་འགྲོ་རྒྱ་མཚོ། འདུལ་བ་ལུང༌། གསེར་འོད་དམ་པ་སོགས་དང༌། ཡན་ལག་བརྒྱད་པ། རང་འགྲེལ། ཟླ་ཟེར། སྨན་མིང་སྒྲ་སྦྱོར་ངེས་པ། སོ་མ་རཱ་ཛ། མངོན་བརྗོད་ཨ་མ་ར་ཀོ་ཥ་སོགས་དང༌། རྡོ་རྒྱུད། དངུལ་ཆུའི་བེ་བུམ། མཧཱ་པནྜི་ཏ་གོ་ད་ར་དང༌། དྷ་ད་དཱས། རཱ་གུ་ནཱ་ཐ་སྟེ་འཕགས་ཡུལ་གྱི་སྨན་པ་གསུམ་གྱིས་གསར་བསྒྱུར་རྣསམ་དང་ཁྱད་པར་དུ་རྗེ་བཙུན་གཡུ་ཐོག་ཡོན་ཏན་མགོན་པོའི་རྒྱུད་ཕྱག་དྲེག་མ་ཆ་ལག་བཅོ་བརྒྱད། ལག་ལེན་པོད་ཆུང༌། སྔོ་འབུམ། སྨན་ངོས་འཛིན་པའི་བསྟན་བཅོས། བྱང་ཁོག་གི་རྩ་བཀྲ་དང༌། གསེར་མཆན། རྫོང་འཕྲང༌། བསེ་སྒྲོམ་སྨུག་པོ། བདུད་རྩི་བུམ་པ། ཆུང་དཔྱད་པདྨ་གཅེས་ཕྲེང༌། གཟའ་རྒྱུད་འཁོར་ལོ་འབར་བ། སྨན་མིང་རྒྱ་མཚོ། སྨན་མིང་གསལ་བྱེད། བླ་རྟའི་འགྲེལ་པ། ཟིན་ཏིག འབུམ་ཁུ་ཚུར། གཅེས་བསྡུས། བྱེ་བ་རིང་བསྲེལ་སོགས། ཁུངས་ཐུབ་ཡིག་ཆ་ཇི་སྙེད་ཅིག་དང༌། ཁྱད་པར་དུ་རྗེ་དྷ་རྨཱ་སྭ་མིའི་རྒྱུད་སྒམ་ནང་མར་གྲགས་པ། དབུར་བརྡ་ཡིག་གི་རྟགས་ཅན་ཡོད་པ། བྲང་ཏིའི་རྒྱུད་ཡིན་ངེས་དང༌། བྱང་པ་བདག་པོའི་རྒྱུད། བྱང་པའི་རྒྱུད་བཞི། བྱང་པ་བཀྲ་ཤིས་དཔལ་བཟང་གི་ཡིག་ཆ་དང༌། གོང་སྨན་པའི་ལུགས་སོགས་ཡིག་རྙིང་དུ་མའི་མཆན་བུ་རྣམས་ཕན་ཚུན་སྒོ་བསྟུན་ཏེ། གསོ་རིག་གི་བསྟན་པ་དང༌། སེམས་ཅན་ལ་ཕན་རེའི་བསམ་པ་བཟང་པོས་ཉེར་བར་བླངས་ཏེ་འདི་ལྟར་དུ་ཕྱོགས་གཅིག་བསྒྲིགས་པ་ཡིན་ལ། རང་ཉིད་ལ་རྙེད་པ་དང་བཀུར་སྟེ་དང་མཁས་འདོད་ཀྱི་དྲེགས་པ་ནི་ནམ་ཡང་མ་ཡིན་ཞིང་སླད་ནས་ཤེས་ལྡན་བློ་གྲོས་ཀྱི་རྩལ་དང་ལྡན་པ་འབྱུང་བ་དེ་རྣམས་ཀྱིས་དཔྱད་པ་ཡང་དག་པ་ཡོང་རེའི་ཆེད་དུ་དོགས་སློང་ཙམ་དུ་བྲིས་པ་འདི་ལ་ནོར་འཁྲུལ་བྱུང་ན་རྩོད་ལྡན་མཁས་པ་རྣམས་ཀྱིས་བཟོད་པར་གསོལ་ཞེས་པ་འདི་ཡང་ཡར་ཤར་ནུབ་གཉིས་ལས་ཤར་གྱི་སའི་ཆ་རུ་ཕ་མེས་ཀྱིས་གསུང་རབ་བཞེད་ས་པའི་དཀར་ཆག་ཏུ་ཀླུ་སྒྲ་སྙིང་པོའི་རིགས་རུས་ཡིན་ཟེར་བ་ལས་བྱུང་བའི་རུས་སུ་སྐྱེས་པ་སྨན་རམས་པ་སུ་དྷིའ་དྷ་རྨ་ཀི་རྟིས་རང་བྱུང་འཕགས་པའི་གཙུག་ལག་ཁང་དམར་པོ་རིའི་སྨན་ཤག་བསམ་འགྲུབ་གླིང་དུ་བགྱིས་པ་འདིས་ཀྱང་གསོ་བ་རིག་པའི་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེར་འབྱུང་བའི་རྒྱུར་གྱུར་ཅིག །དེ་ལྟར་རྒྱུད་ཆེན་འགྲེལ་པ་དང་བཅས་པ་རྣམས་དབང་ལུང་བཤད་སྦྱངས་སློབ་དཔོན་གྱི་གསུང་བཞིན་གྱི་སྒོ་ནས་དར་རྒྱས་སུ་མཛད་པ་རྣམས་ལ་སྲུང་སྐྱོབ་སྤེལ་བ་དང༌། ལོག་ལྟ་ཅན་གྱ་ཚོམས་སུ་སྤྱོད་པ་རྣམས་དྲག་པོས་ཚར་གཅོད་པའི་གྲོགས་གནོད་སྦྱིན་ཆེན་པོ་རྡོ་རྗེ་བདུད་འདུལ་ལྷ་དགུས་མཛོད།།

        ལྟ་ན་སྡུག་པ་སྤྲུལ་པའི་གྲོང་ཁྱེར་ཆེར། །དུག་གསུམ་ནད་སེལ་སྨན་གྱི་བླ་མ་ཡིས། །བྱིན་རླབས་བདུད་རྩི་ཡན་ལག་བརྒྱད་ལྡན་བཀའ། །གསང་བ་མན་ངག་རྒྱུད་རྒྱལ་མཚན་གྱིས་སྙན། །འཕེལ་ཟད་འདུ་འཁྲུགས་ཕྲ་མོའི་དབྱེ་བ་ཡང༌། །མ་འདྲེས་སྤུ་རིས་ཕྱེ་སྟེ་གཙུ་གཏོར་ནས། །རྐང་མཐིལ་བར་གྱི་ཟུག་རྔུ་གསོ་བའི་ཐབས། །ལུས་ཅན་ཡོངས་ཀྱི་སྤྱི་ནོར་འདི་རྨད་བྱུང༌། །གཡུ་ཐོག་མཁྱེན་ཡངས་རིན་ཆེན་ཀེ་ཏ་ཀས། །ལོག་རྟོག་རྙོག་མ་མཐའ་དག་བགྲུངས་བྱས་པ། །ལེགས་བཤད་དྭངས་མཚོར་མི་འཆར་འགྲོ་རྣམས་ཀྱི། །ཕན་བདེའི་གཟུགས་བརྙན་གསར་པ་གཞན་ཡོད་མིན། །ཟབ་དོན་ས་ཧ་ཀ་རའི་སྙེ་མ་ལ། །སྤྱོད་མཁས་མཉམ་ཉིད་རྡོ་རྗེ་གཞན་གསོས་གླུས། །གངས་ཅན་བསོད་ནམས་དབྱར་སྐྱེས་རིང་པོས་མགྲོན། །ཚངས་རིས་གྲུབ་པའི་བློ་ལྡན་འབྲས་ཁུར་དུད། །ཚིག་དོན་རིན་ཆེན་བརྡ་སྤྲོད་སྤུག་གི་ནོར། །མཁས་མང་བཞེད་སྲོལ་གྲུ་གུའི་རྒྱལ་ཁམས་ནས། །བློ་གྲོས་བརྩོན་པས་འདྲེན་མཁས་དར་མོ་པ། །མཐོ་རིས་སྨན་པ་ཐ་སྐར་སྐྱེས་ཀྱི་སྤུན། །ན་ཡམས་བཤད་པ་ལོ་མའི་ཕང་ཕུང་གིས། །ལག་ལེན་དངོས་དོན་མི་བསྒྲིབ་མཐོང་བའི་མོད། །རོ་ནུས་ཞུ་རྗེས་སྲོག་གི་ཀ་བ་རུ། །སོང་ཚེ་ལས་ཀྱི་མེ་ལོང་དེས་ཅི་བྱ། །རྩ་བཤད་ཕྱི་མའི་ཌིའཀྐ་སྤྱི་དོན་མཁན། །བྱང་གཙང་དབུས་དགས་ཀོང་ནས་མ་བྱུང་ཡང༌། །མན་ངག་རྒྱུད་ཆེན་དོན་འགྲེལ་ལྕི་བའི་ཁུར། །མེས་པོས་ཁྱོད་ཀྱི་ཕྲག་པར་བཀལ་བ་བཞིན། །དཀའ་ཚེགས་ཆུང་ངུས་གྲངས་མེད་པུསྟ་ཀཿ། །བསྐྲུན་བྱེད་པར་གྱི་མཆོད་སྦྱིན་སྒོ་ཕྱེ་བས། །ལུས་ཅན་མཐའ་ཀླས་གདུང་སེལ་གསོ་རིག་གི། །འཆད་ཉན་སྲིད་མཐའི་བར་དུ་དར་བར་ཤོག །ཁྱད་པར་དོན་འགྲེལ་ཚངས་པའི་མཁུར་ཚོས་ལས། །ལེགས་བཤད་ཨཱ་ཐའི་སྒྲ་འདིས་སེམས་ཅན་རྣམས། །རིང་པོར་འཚོ་ཐབས་ཚེ་ཡི་རིག་བྱེད་ཀྱི། །རྫོགས་ལྡན་གཞོན་ནུའི་དགའ་སྟོན་མྱོང་བར་ཤོག །གསོ་དཔྱད་གཙུག་ལག་འཛིན་ནོ་ཅོག་ཀུན་གྱིས། །ཐོས་དང་བསམ་པར་བྱས་ནས་བསྟན་བཅོས་འདི། །དགུ་ཚིགས་ཞགས་པས་འཆིང་མིན་འཕྲིན་ལས་ཀྱི། །འཆི་མེད་ལམ་གྱི་ཕ་འཐའ་འཇའ་བར་ཤོག །གསེར་མདོག་ཅོད་པན་འཆང་བའི་རིན་ཆེན་གདུགས། །ཅེས་སྲིད་ཡུ་བས་རབ་བཏེག་གྲིབ་བསིལ་དུ། །རྒྱ་ཧོར་བོད་ཀྱི་སྐྱེ་དགུ་མ་ལུས་པ། །སིམ་པའི་ཚོར་བར་ངལ་གསོ་བྱེད་པར་ཤོག །ཕུན་ཚོགས་དགའ་ལྡན་དཔལ་ལྡན་ཕོ་བྲང་གི་ །རྒྱལ་ཐབས་གྲུ་ཆེན་འཛིན་པ་མི་ཡི་ལྷ། །སྟོབས་ཀྱི་དཔྱད་པས་ནོར་འཛིན་དཀྱིལ་འཁོར་ལ། །དབང་སྒྱུར་གནམ་ཀྱི་ཤེ་མངོ་ཐོབ་པར་ཤོག །ལྷ་མིན་གདོན་ཀུན་ཞི་དུལ་སྙིང་རྗེར་ལྡན། །སྨན་དང་རིག་སྔགས་རྣམས་ཀྱི་ནུས་མཐུ་འགྲུབ། །འཇིག་རྟེན་ཁམས་སུ་རྒུད་པའི་མིང་ཙམ་ཡང༌། །མི་གྲགས་སྒོ་གསུམ་བདེ་ཞིང་སྐྱིད་པར་ཤོག །འདིར་འབད་ཐམས་ཅད་བཞི་བརྒྱ་རྩ་བཞི་ཡི། །ནད་ཀྱིས་མནར་བས་ནམ་ཡང་བརྫི་མིན་པར། །བཻ་ཌཱུར་སྣང་བའི་དག་ཞིང་ཉམས་དགའ་བར། །སྐྱེས་ནས་ཐེག་ཆེན་ཆོས་ལ་ལོངས་སྤྱོད་ཤོག །གནོད་སྦྱིན་སྡེ་དཔོན་རྡོ་རྗེ་བདུད་འདུལ་ཆེ། །གསང་ཡུམ་ཀུན་གྲུབ་འཁོར་ཚོགས་རྒྱ་མཚོ་ཡིས། །ལྷ་དང་དྲང་སྲོང་ཕྱི་ནང་རིགས་འཛིན་གྱི། །གསོ་རིག་བསྟན་པ་དར་བའི་བཀྲ་ཤིས་ཤོག །

        ཅེས་དཔོན་ཚང་དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་སམ་དར་གན་བྲིང་གི་རྀའ་ཨེ་ཅེན་ཨོ་ཐོ་ཆི་ཁན་དུ་འབོད་པས་གསང་བ་མན་ངག་གི་རྒྱུད་ལེའུ་གོ་གཅིག་པའི་དཀའ་འགྲེལ་ལེགས་བཤད་གསེར་རྒྱན་བརྩམས་པ་པར་དུ་བརྐོས་པའི་བདག་རྐྱེན་སྡེ་པ་སངས་རྒྱས་རྒྱ་མཚོ། ཞུས་ཆེན་དང་དོ་དམ་གཉིས་ཀ་བྱེད་མི། ཡར་འབྲོག་པ་དགེ་སློང་བློ་གྲོས་བརྟན་པ། །རྩེ་སྐོར་པ་དགེ་སློང་བློ་གསལ་མཁས་པ། བཀྲ་ཤིས་གླིང་པ་དགེ་སློང་སྨྲ་བའི་དབང་ཕྱུག་གསུམ་དང༌། ཡིག་མཁན་བློ་བཟང་དམ་ཆོས། བློ་བཟང་ཉི་མ། དགའ་ལྡན་བསྟན་འཛིན། ཐོགས་མེད་རྒྱ་མཚོ། བློ་བཟང་རབ་འབྱོར། ཀུན་དགའ་རྣམ་རྒྱལ། བསྟན་པ་རྒྱལ་མཚན། ངག་དབང་བསྟན་འཛིན། རྐོས་མཁན། དབུ་མཛད་དགོས་སླེབས། དབུ་ཆུང་རྒྱལ་མཚན། བྱིངས་གྲས་རབ་བརྟན། གཞུང་རྡོར། ནམ་རབ། གྲགས་པ། ནོར་ལྷས། ཨ་གཅེས། རབ་རྒྱས། དཔལ་ཁང་པ། སྒྲོལ་དབང༌། ཡར་འཕེལ། ཚེ་རིང་དཔལ་འབྱོར། འོམ་དཔལ། དཔུང་སོགས། གསུམ་པ། བྲག་དབང༌། རྡོར་དབང༌། སྨོན་འགྲོ་ཀུན་ཚེ། ནོར་བུ་ཚེ་བརྟན། ཕུན་ཚོགས། ཚེ་རིང་དར་རྒྱས། ཀུན་ཚུལ། སྙིང་པོ། ཚེ་དབང་དཔལ་ལྡན། ཚངས་པ། འབྱོར་རྒྱས། རྡོ་རྗེ་བཀྲ་ཤིས། བླ་མ་རྒྱ་མཚོ། ཀུན་དགའ་ཚེ་དབང༌། སུམ་དར། དོན་གྲུབ། ལྔ་དར། པདྨ། དཔལ་ཆེར། དོན་དབང༌། བླ་མ་ཚེ་བརྟན། དབང་པོ། གཙང་པ་ཀུན་དགའ་ཚེ་བརྟན། གཡུལ་རྒྱལ་རྣམས་དང༌། ཤིང་བཟོ་བསོད་ནམས། དབུ་ལྷ་འདྲི་མི་བཞད་པ་ཀུན་དགའ་མཐའ་ཡས། ཡོ་བྱད་སྤྲོད་མི་ཁང་སེར་མ་ཤིས་རབ་དཔལ་བཟང་དང༌། ཀ་བཞི་སྨད་པ་བསོད་ནམས་ནོར་བུ་གཉིས་ཀྱིས་བགྱིས་པའི་ཚེ་པར་བྱང་སྨོན་ལམ་དང་བཅས་པ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གསོལ་དཔོན་སྔགས་རམས་པ་ངག་དབང་དགེ་ལེགས་ཀྱིས་བགྱིས་པ་སརྦ་ཛ་གྲྭ་མྲྀ་ཏཱ་ཡུ་རསླིདྡྷི་པྲ་ཡཙྪ། མངྒ་ལཾ།།

 

མཐའ་མའི་འདོན་ཐེངས་།: 23.08.2011 ཉིན། 3:17 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།