སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་གོ་གཉིས་པ། བུ་མེད་པ་བཙལ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.11.2023
མན་ངག་རྒྱུད། >> ལེའུ་གོ་གཉིས་པ། བུ་མེད་པ་བཙལ་བ།



ལེའུ་གོ་གཉིས་པ། བུ་མེད་པ་བཙལ་བ། 

རོ་ཙའི་ལེའུ་གསུངས་ཚར་བའི་རྗེས་དེ་མ་ཁད་ནས་སླར་ཡང་ཡོན་ཏན་ལས་སྤྲུལ་པའི་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་གསུང་སྤྲུལ་ཡིད་ལས་སྐྱེས་སོགས་འཁོར་རྣམས་ལ་འདི་སྐད་ཅེས་གསུངས་སོ། །ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཉོན་ཅིག་ཅེས་གདམས་ཏེ། གོང་དུ་བཤད་པའི་རོ་ཙའི་ཡན་ལག་གི་རྒྱུ་བུད་མེད་དཔལ་དང་ལྡན་པ་བཙལ་བའི་ཐབས་ཇི་ལྟར་སྙམ་ན། གང་གི་མཐུན་པའི་ཕྱོགས་ན་མཐུན་ཕྱོགས་འགྲུབ་པའི་ངེས་པ་ཐོབ་བྱ་བུ་མི་འབྱུང་བ་དེའི་རྒྱུ་གདོན་དང༌། ཟས་སྤྱོད་དམན་ལྷག་ལོག་པས་འདུ་བ་འཁྲུགས་པ་དང༌། བུའི་རོ་མ་ནང་དུ་ལུས་པ་དང༌། བུ་རྩི་ཞེས་བུ་མི་འབྱུང་བའི་སྨན་བཏང་བ་དང༌། མོ་གཤམ་ཞེས་བུ་མི་འབྱུང་བ་དང་རྣམ་པ་ལྔ་ལས།

དང་པོ་གདོན་དེ་ཉིད་དབྱངས་འཆར་བའི་རྒྱུད་ནས་གསུངས་པ་དང༌། བླ་མ་དགོངས་པ་འདུས་པ་ནས་བཤད་པའི་མཁའ་འགྲོའི་མོ། གཞན་ཡང་གཡུང་དྲུང་བོན་གྱི་ལུགས་ཇུ་ཐིག་སོག་མོ་དང༌། སྤོར་ཐང་ནས་གསུངས་པའི་གཟའ་བཞི་རྒྱ་མ་གི་གོང་གི་སྦྱོར་བ་སོགས་པའི་རྩིས་ཕྱྭ་ལས་བརྟག་པར་བྱས་ལ་གནོད་པ་འདུག་ན་ཞི་བའི་གཏོར་མ་སྟེར་བ་སོགས་དང༌། དྲག་པོ་སོགས་ལ་མནན་བསྐྲད་བསྲེག་སྔགས་ཀྱི་སྒོ་ནས་གདོན་དེ་བཅོས་དགོས་སོ། །

འདུ་བ་རླུང་དང་མཁྲིས་པ་བད་ཀན་དང་རྣམ་པ་གསུམ་ཡོད་པ་ལས། རྟགས་སུ་རླུང་གིས་བསྐྱེད་པས་ཟླ་མཚན་ནི་མདོག་སེར་པོ་ལ་དུས་མིན་ཞེས་ངེས་མེད་དུ་འཛག་པ་དང༌། མངལ་གྱི་ཁ་ཧར་པོར་ཡོད་པར་སེམས་ཤིང༌། སྐབས་སུ་མངལ་ཁྲག་སྡོམ་ཞིང་རྒྱུ་ཞབས་སྦོ་བར་བྱེད་དོ། །མཁྲིས་པས་བསྐྱེད་པ་ནི་རྒྱུ་ཞབས་ཚ་བྲབ་བྱེད་ཅིང༌། མངལ་ཁྲག་དུད་ཁུ་དང་རྣག་ལྟ་བུར་འཛག་པ་འབྱུང༌། བད་ཀན་གྱིས་བསྐྱེད་པ་ནི་བསིལ་ཞིང༌། མངལ་ཁྲག་ཞོའི་ཁའི་ཆུ་འདྲ་བར་འཛགདེ་དག་བཅོས་པའི་ཐབས་ནི། རླུང་ལ་ནང་ནུབ་ཏུ་སྒེ་གཤེར་གོང་བཤད་ཀྱི་ཐང་བཏང་ཞིང༌། འབའ་ཆ་དང༌། འབྲུ་སྣ་ཚོགས་པའི་དུགས་ཀྱིས་རྒྱུ་ཞབས་ལ་བདུགདེ་རྗེས་གོང་དུ་མོ་ནད་བཅོས་སྐབས་ལྟར་གྱི་ཕྱིའི་རྩ་གཤེར་གང་འོས་རེངས་བུར་བྱས་པས་བསལ་བ་དང༌། དེ་འོག་མོ་ནད་བཅོས་སྐབས་ཀྱི་རྒྱུ་བཅུད་སྦྱོར་བ་དང༌། གཟེ་མའི་ཐང་བཏང་ལ་མར་བཅུད་ཀྱང་མོ་ནད་སྐབས་ལྟར་གྱི་སྦྱོར་བས་ཕྱི་རྗེས་རྣམས་བཅད་པར་བྱའོ། །མཁྲིས་པ་དང་བད་ཀན་ལ་མེ་ཏོག་སྣ་ཚོགས་པའི་དུགས་ཀྱིས་རྒྱུ་ཞབས་ལ་བདུག་ཅིང༌། དེ་ནས་མོ་ནད་སྤྱིར་བཤད་པའི་ཁྲུས་གཤེར་ཆེན་མོས་ཁོང་སྦྱང་ལ། དེ་རྗེས་ཕྱིའི་རྩ་གཤེར་གང་འོས་ཀྱིས་མངལ་གྱི་སྐྱོན་རྣམས་བསལ་བ་དང༌། དེ་རྟིང་ལ་མོ་ནད་དུས་ཀྱི་རྒྱུ་བཅུད་སྦྱོར་བས་ཕྱི་རྗེས་བཅད་དགོས་སོ། །

མངལ་དུ་བུ་ལུས་པའམ། བུ་རོ་དང༌། ནད་རོ་ལུས་པ་དང༌། ནད་ཡུན་རིང་དུ་ལུས་པ་དང༌། བུ་བཙས་པའི་རྗེས་ལ་ཁྲག་གི་རོ་ལུས་པ་དང༌། མངལ་གྱི་ཁ་འཆུས་པས་མངལ་ནང་དུ་ཁྲག་གི་སྐྲན་ཆགས་པ་སོགས་བུ་རོ་ནད་རོ་གང་ཡིན་པར་གྱུར་ཀྱང་བུ་ཆགས་བཞིན་དུ་འདྲིལ་ཞིང༌། སྐབས་སུ་རྒྱུ་ཞབས་དང༌། མཁལ་མ་དང༌། ཚིགས་པ་རྣམས་ན་ལ། མངལ་ཁྲག་དམར་རྩའམ། ཡང་ན་རེས་འགའ་ནག་པོར་འཛག་པ་འབྱུང་བས། དེ་ལ་ནང་ནུབ་ཏུ་སྒ་སྐྱའི་ཐང་བཏང་བར་བྱས་ལ། བྱ་བྲ་སྤྱང་ཚེར་ལ་ངོས་བཟུང་བ་ཡང་འདུག་རུང་ཕུག་རོན་གྱི་བྲུན། གྲོག་ཞིང་ཁང་ཐོག་ཏུ་སྐྱེ་བ་སྤང་ངམ། ཐ་མ་ཁ་འདྲ་བ་དེ་དག་གིས་རྒྱུ་ཞབས་སུ་བདུག དེ་ནས་ཨ་རུ་མཆུ་སྙུང་གཅིག དྭ་ཚ་ཞེས་ཤིང་ཚ་མཐུག་པོ་དང༌། རྩབས་ཤིང་ཞེས་ལྕུམ་རྩ་གཉིས་ཞོ་རེ་སྟེ་གསུམ་པོ་སོ་སོར་གདུས་ནས། དེ་གསུམ་བསྲེས་པའི་ཁུ་བ་ལ་དུར་བྱིད་ཞོ་གང༌། ཁྲོན་བུ་ལུག་གི་རིལ་མ་ཙམ། འོལ་མོ་དང་རྒྱ་ཚྭ་གཉིས་ཞོ་རེ་དང༌། ཤིང་ཚ་ཞོ་ཕྱེད་རྣམས་བཏབ་ལ་ཁྱེའུ་སུས་ཞེས་ཐོ་རངས་ཕོ་བའི་བད་ཀན་བེ་སྣབས་བྱང་ཞིང་ཟས་མ་ཟོས་པའི་དྲོད་ཆེ་བའི་དུས་ན་བཏང༌། དེས་མ་ཐེབས་ན་རྒྱ་ཚྭ་ཆ་གཅིག ཕྲུ་བ་ནི་ཚད་མ་རྣམ་འགྲེལ་ལས། ཕྲུ་བ་སྲིད་པ་ཅན་ཉིད་ཕྱིར། །ཕྲུ་བའི་འབྲས་ནི་ཚོས་པ་བཞིན། །ཞེས་སོགས་ལྟར། ཁོག་མ་སྟེ་དེའི་དྲེག་པ་ཆ་གཉིས། འོལ་མོ་ཆ་གསུམ་དང༌། ཤ་རུའི་ཐལ་བ་ཆ་བཞི་རྣམས་རིམ་པར་བསྐྱེད་པ་དེ་ཆང་ལ་སྦྱར་ནས་བཏང༌། ཡང་ན་སྒ་དང༌། པི་པི་ལིང༌། ཕོ་བ་རིས་ཏེ་ཚ་བ་གསུམ་བྲེ་ཕྱེད་དང༌། ཨ་རུ་ར་ལྔ། རྒྱམ་ཚྭ་ཤོ་ཙམ་དང༌། དྭ་ཚ་ཞེས་ཤིང་ཚ་མཐུག་པོ་རྒྱབ་སྐྱ་བོར་ཡོད་པ་དེ་ཞོ་གང༌། ལྕུམ་རྩ་ཡང་ཞོ་གང་རྣམས་སོ་སོར་གདུས་པའི་ཁུ་བ་བསྲེས་པ་ལ། དུར་བྱིད་མཛུབ་མོ་ཙམ་དང༌། འོལ་མོ་ལུག་རིལ་ཙམ་དང༌། རྒྱ་ཚྭ་ཞོ་གང་དང༌། ཤིང་ཚ་ཞོ་ཕྱེད་རྣམས་བཏབ་ལ་ཐོ་རངས་ཀྱི་དུས་ལ་བཏང་ཞིང༌། ཟུག་དང་གཟེར་སྐྱེས་པ་ན་ཕོ་བར་རྡོ་བསྲོས་པ་དང༌། རྒྱུ་ཞབས་སུ་འབྲུ་ནས་ལ་སོགས་པའི་དུགས་བྱ་བ་དང༌། གལ་ཏེ་སྦྱོང་མ་ཕིག་པར་སྲིད་ན། རྒྱ་ཚྭ་དང་ཆང་སྦྱར་བ་བཏང་བ་སོགས་ཀྱིས་བུ་རོ་དང༌། མངལ་སྐྲན་དང༌། རྣག་འཐུམས་དང༌། ཁྲག་གི་ཚབས་དང༌། མངལ་གྱི་ཁ་འཆུས་ཏེ་བུ་མེད་པའམ། མི་འབྱུང་བ་དེ་བུ་སྐྱེད་པར་བྱེད་དོ། །དེ་ལྟར་བྱས་པའི་རྟིང་ལ་མོ་ནད་སྤྱིར་བཤད་པའི་ཕྱིའི་རྩ་གཤེར་ཆེན་མོས་སྦྱངས་ལ། དེ་འོག་མོ་ནད་དུས་ཀྱི་རྒྱུ་བཅུད་དང༌། ཕྱི་རྒྱུད་ལྟར་གྱི་གཟེ་ཆང་གིས་ཕྱི་རྗེས་བཅད་པ་དང༌། ལོ་གཅིག་གི་བར་དུ་དྲོད་བསྟེན་ལ་ཟས་དང་སྤྱོད་ལམ་གཟབ་དགོས་སོ། །

བུ་མི་འབྱུང་བའི་སྨན་བུ་རྩི་བཏང་བས་མངལ་ཁྲག་རྟག་ཏུ་ཆད་དམ་རྟག་ཏུ་འབྱང་བ་ཞེས་འབྱམས་པ་ལ་ནང་དང་ཕྱའི་རྩ་གཤེར་མོ་ནད་སྤྱི་བཅོས་ལྟར་ཆེ་ཆུང་རིམ་པས་སྦྱར་ལ་སྦྱང་བ་དང༌། དེ་རྗེས་ལ་ཕྱི་རྒྱུད་ལྟར་གྱི་གཟེ་མའི་ཆང་དང་ཁྲག་བཅུད་ཀྱང་མོ་ནད་སྤྱི་བཅོས་ལྟར་སྦྱར་རོ། །

མོ་གཤམ་ནི་མངལ་ཁྲག་མང་ལ་མདོག་མི་འགྱུར་བར་ཟླ་བ་རེ་རེ་བཞིན་དུ་དུས་ཚིགས་ཐོག་འབྱུང་པ་ཡིན་ཏེ་དེ་ལ་བུ་འོང་བའི་ཐབས་ཀྱིས་བུ་ཚ་བཙལ་བར་ནུས་པ་མ་ཡིན་པས། དེས་ན་དེ་འདྲ་སྤང་བ་དང༌། མཚན་ལྡན་ནི། ཡན་ལག་བརྒྱད་པ་ལས། གང་གི་མིང་ཐོས་ན་ཡང་སྙིང་དགའ་ཞིང༌། །མཐོང་ན་ངོམས་པར་འགྱུར་བ་མེད་པ་དང༌། །དབང་པོ་ཀུན་འདྲེན་ལྕགས་ཀྱུར་གྱུར་པ་དེ། །བུད་མེད་ཁྱོ་ཡི་རྗེས་འཇུག་འཕྱོན་མ་མེད། །སྒྱུ་རྩལ་འཇོ་སྒེག་ན་ཚོད་ལུས་ཀྱི་རྒྱན། །ཕྱིར་ནི་ངོ་ཚ་དབེན་པར་སྤྱད་པ་ཡང༌། །ཚིག་སྙན་སྨྲ་ཞིང་མཚུངས་པར་མངོན་དགའ་བཅས། །བུད་མེད་དེ་ཡིས་རོ་ཙའི་དོན་མཆོག་བྱ། །ཞེས་པ་ལྟར། མཚན་ཉིད་དང་ལྡན་པ་གྲོགས་སུ་བཙལ་བར་བྱའོ་ཞེས་གསུངས་ནས་ཡོན་ཏན་གྱི་སྤྲུལ་པ་དྲང་སྲོང་རིག་པའི་ཡེ་ཤེས་དེ་ཉིད་གདུལ་བྱའི་སྣང་ངོར་སྨན་པའི་རྒྱལ་པོའི་སྐུའི་ལྟེ་བར་ཐིམ་པར་གྱུར་ཏོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་རོ་ཙའི་ཡན་ལག་བུ་མེད་པ་བཙལ་པའི་ལེའུ་སྟེ་དགུ་བཅུ་རྩ་གཉིས་པ་འདི་སྐབས་དང་ཡན་ལག་རོ་ཙའི་ཁོངས་སུ་བསྡུ་དགོས་པའོ། །བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་ལ་དུམ་བུའམ་རྒྱུད་བཞི་ཡོད་པ་ལས་གསུམ་པ་ལག་ལེན་དམར་ཁྲིད་མན་ངག་ཡོན་ཏན་གྱི་རྒྱུད་ཅེས་བྱ་བ་རྫོགས་སོ།། །།

 

སྨྲས་པ། དུག་ལྔའི་རང་མདངས་ཕྱི་རོལ་མ་དག་པའི། །སྣང་ངོར་ཤར་བས་ལུས་སེམས་ཀུན་གདུང་ཞིང༌། །རིང་མིན་དལ་འབྱོར་ལུས་རྟེན་སྐད་ཅིག་ལ། །ཟད་བྱེད་བཞི་བརྒྱ་རྩ་བཞི་ཟུག་རྔུ་ཡིས། །འགྲོ་བ་མནར་ལ་གཉེན་པོའི་སྨན་དབུལ་བར། །ཡོན་ཏན་མ་ཚང་མེད་པ་ནོར་བུ་ལྟའི། །རྒྱུད་ཆེན་གསུམ་པ་འདི་ཡི་དགོངས་པའི་དོན། །ཕ་མཐའ་མི་མངོན་དཀྱུས་རིང་ཚོད་འཇལ་གྱིས། །རྟོགས་མིན་ཁུངས་ལྡན་དམ་པའི་གྲུ་གཟིངས་ལ། །ཤེས་རབ་དར་ཆེན་བརྩོན་པའི་རླུང་བསྐུལ་བའི། །སྔོན་མེད་ལེགས་བཤད་འབྲུ་འགྲེལ་བསམ་འཕེལ་དབང༌། ཁོ་བོས་དྲངས་སོ་འདོད་དགུར་ད་སྤྱོད་ཅིག་། ཅེས་མན་ངག་ཡོན་ཏན་གྱི་རྒྱུད་རྫོགས་པའི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །།

 

 

མཐའ་མའི་འདོན་ཐེངས་།: 29.11.2023 ཉིན། 4:57 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།