སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་གོ་གཉིས་པ། བུ་མེད་པ་བཙལ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.12.2022
མན་ངག་རྒྱུད། >> ལེའུ་གོ་གཉིས་པ། བུ་མེད་པ་བཙལ་བ།



ལེའུ་གོ་གཉིས་པ། བུ་མེད་པ་བཙལ་བ། 

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག རོ་ཙའི་ཡན་ལག་བུད་མེད་བཙལ་བའི་ཐབས། །དེ་རྒྱུ་གདོན་དང་འདུ་བ་རོ་ལུས་དང༌། །བུ་རྩི་བཏང་དང་མོ་གཤམ་རྣམ་པ་ལྔ།།

དང་པོ་མོ་རྩིས་ཕྱྭ་ལས་བརྟག་པར་བྱ། །ཞི་དང་དྲག་པོ་སྔགས་ཀྱིས་གདོན་དེ་བཅོས།།

འདུ་བ་རླུང་མཁྲིས་བད་ཀན་རྣམ་པ་གསུམ།  །རླུང་གིས་ཟླ་མཚན་སེར་ལ་དུས་མིན་འཛག །ཧར་པོར་ཡོད་སེམས་སྐབས་སུ་སྡོམ་ཞིང་སྦོ། །མཁྲིས་པས་ཚ་འབྲབ་དུད་ཁུ་རྣག་ཏུ་འབྱུང༌། །བད་ཀན་བསིལ་ཞིང་ཞོ་ཁ་ཆུ་འདྲ་འཛག །རླུང་ལ་ནང་ནུབ་སྒེ་གཤེར་ཐང་བཏང་ཞིང༌། །འབའ་ཆ་འབྲུ་ཡི་དུགས་ཀྱིས་རྒྱུ་ཞབས་བདུག །དེ་རྗེས་ཕྱི་ཡི་རྩ་གཤེར་རེང་བུས་བསལ། །དེ་འོག་རྒྱུ་བཅུད་གཟེ་མའི་ཐང་བཏང་ལ། །མར་བཅུད་སྦྱོར་བས་ཕྱི་རྗེས་བཅད་པར་བྱ། །མཁྲིས་པ་བད་ཀན་མེ་ཏོག་དུགས་ཀྱིས་བདུག །དེ་ནས་ཁྲུས་གཤེར་ཆེན་མོས་ཁོང་སྦྱངས་ལ། །དེ་རྗེས་ཕྱི་ཡི་རྩ་གཤེར་མངལ་སྐྱོན་བསལ། །དེ་རྟིང་རྒྱུ་བཅུད་སྦྱོར་བས་ཕྱི་རྗེས་བཅད།།

མངལ་དུ་བུ་ལུས་བུ་རོ་ནད་རོ་ལུས། །ནད་ལུས་བུ་བཙས་རྗེས་ལ་ཁྲག་རོ་ལུས། །མངལ་ཁ་འཆུས་པས་མངལ་ནང་ཁྲག་སྐྲན་ཆགས། །གང་ཡིན་གྱུར་ཀྱང་བུ་ཆགས་བཞིན་དུ་འདྲིལ། །སྐབས་སུ་རྒྱུ་ཞབས་མཁལ་མ་ཚིགས་པ་ན། །མངལ་ཁྲག་དམར་རྩའམ་རེས་འགའ་ནག་པོར་འཛག །དེ་ལ་ནང་ནུབ་སྒ་སྐྱའི་ཐང་བཏང་ལ། །བྱ་བྲ་གྲོག་ཞིང་དག་གིས་རྒྱུ་ཞབས་བདུག །དེ་ནས་ཨ་རུ་དྭ་ཚ་རྩབས་ཤིང་གསུམ། །སོ་སོར་བསྡུས་ནས་བསྲེས་པའི་ཁུ་བ་ལ། །དུར་བྱིད་ཁྲོན་བུ་འོལ་མོ་རྒྱ་ཚྭ་དང༌། །ཤིང་ཚ་བཏབ་ལ་ཁྱེའུ་སུས་དུས་ན་བཏང༌། །མ་ཐེབས་རྒྱ་ཚྭ་ཕྲུ་དྲེག་འོལ་མོ་དང༌། །ཤ་རུས་ཐལ་བ་རིམ་སྐྱེད་ཆང་སྦྱར་བཏང༌། །ཡང་ན་ཚ་བ་གསུམ་དང་ཨ་རུ་ར། །རྒྱམ་ཚྭ་དྭ་ཚ་ལྕུམ་རྩ་སོ་སོར་བསྡུ། །ཁུ་བ་བསྲེས་པ་དུར་བྱིད་འོལ་མོ་དང༌། །རྒྱ་ཚྭ་ཤིང་ཚ་བཏབ་ལ་ཐོ་རངས་བཏང༌། །ཟུག་གཟེར་སྐྱེད་ན་རྡོ་དང་འབྲུ་དུགས་བྱ། །མ་ཕིགས་སྲིད་ན་རྒྱ་ཚྭ་ཆང་སྦྱར་བཏང༌། །བུ་རོ་མངལ་སྐྲན༌།རྣག་འཐུམས་ཁྲག་ཚབས་དང༌། །མངལ་ཁ་འཆུས་ཏེ་བུ་མེད་བུ་སྐྱེད་དོ། །དེ་རྟིང་ཕྱི་ཡི་རྩ་གཤེར་ཆེན་མོས་སྦྱང༌། །དེ་འོག་རྒྱུ་བཅུད་གཟེ་ཆང་ཕྱི་རྗེས་བཅད། །ལོ་གཅིག་བར་དུ་དྲོད་བསྟེན་ཟས་སྤྱོད་གཟབ།།

བུ་རྩི་བཏང་བས་ཆད་དམ་རྟག་ཏུ་འབྱང༌། །ནང་དང་ཕྱི་ཡི་རྩ་གཤེར་རིམ་པས་སྦྱར། །དེ་རྗེས་གཟེ་མའི་ཆང་དང་ཁྲག་བཅུད་སྦྱར།།

མོ་གཤམ་མངལ་ཁྲག་མང་ལ་མདོག་མི་འགྱུར། །ཟླ་བ་རེ་བཞིན་དུས་ཐོག་འབྱུང་བ་སྟེ། །དེ་ལ་ཐབས་ཀྱིས་བཙལ་བར་ནུས་མ་ཡིན། །དེས་ན་མཚན་ལྡན་གྲོགས་སུ་བཙལ་བར་བྱའོ། །ཞེས་གསུངས་ནས་དྲང་སྲོང་རིག་པའི་ཡེ་ཤེས་དེ་སྨན་པའི་རྒྱལ་པོའི་སྐུའི་ལྟེ་བར་ཐིམ་པར་གྱུར་ཏོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་བུ་མེད་པ་བཙལ་བའི་ལེའུ་སྟེ་དགུ་ཅུ་རྩ་གཉིས་པའོ། །བདུད་རྩི་སྙིང་པོ་ཡན་ལག་བརྒྱད་གསང་བ་མན་ངག་གི་རྒྱུད་ལས་ལག་ལེན་དམར་ཁྲིད་མན་ངག་གི་རྒྱུད་ཅེས་བྱ་བ་རྫོགས་སོ།། །།



མཐའ་མའི་འདོན་ཐེངས་།: 21.12.2022 ཉིན། 10:48 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།