སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་གསུམ་པ། ཞི་བྱེད་དང་པོ་ཐང་གི་སྡེ་ཚན་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 05.09.2011
ཕྱི་མ་རྒྱུད། >> ལེའུ་གསུམ་པ། ཞི་བྱེད་དང་པོ་ཐང་གི་སྡེ་ཚན་བསྟན་པ།

གསུམ་པ་ཇི་ལྟར་གསོ་བའི་ཚུལ་བསྟན་པ་ལ་གཉིས། དྲི་བས་མཚམས་སྦྱར་བ་དང༌། ལན་གྱིས་རྒྱས་པར་བཤད་པའོ། །དང་པོ་ནི། དེ་ནས་ཞེས་པ་ནས་བཤད་དུ་གསོལ་ཞེས་པའི་བར་དེ་ཡང་བརྟག་ཐབས་རྣམ་པ་གཉིས་ཀྱིས་ལེགས་པར་བརྟགས་ཤིང༌། །བར་དུ་གསོ་བའི་ཚུལ་རྣམ་པ་དགུས་གསོ་བའི་ཚུལ་བསྟན་པའི་མཇུག་ཐོག་དེ་མ་ཐག་ཏུ་དེ་ནས་ཡང་བྱ་བ་གཞན་གྱིས་བར་མ་ཆོད་པར་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །དེ་ཡང་ཀྱེ་སྟོན་པ་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས་ཞེས་མཚན་ནས་བོས་ཏེ་གསོ་ཐབས་ལག་ལེན་བཅོ་བརྒྱད་ཀྱི་སྒོ་ནས་ནད་ཀྱི་དགྲ་དཔུང་འཇོམས་པའི་རྐང་གྲངས་ལག་ཏུ་བླང་བའི་ཐབས་ཅི་ལྟར་བགྱི་ཞེས་འདྲི་ན། འཚོ་མཛད་སྨན་པའི་རྒྱལ་པོ་ཁྱོད་ཀྱིས་བཤད་དུ་གསོལ་ཞེས་ཞུས་པའོ། །གཉིས་པ་ལན་གྱིས་རྒྱས་པར་བཤད་པ་ལ་རྐང་གྲངས་བཅོ་བརྒྱད་མདོར་བསྟན་པ་དང་རྒྱས་པར་བཤད་པ་གཉིས་ཀྱི་དང་པོ་ནི། སྟོན་པས་གསུངས་པ་ཞེས་པ་ནས་མཚོན་ཆ་ཡིན་ཞེས་པའི་བར་ཚིགས་བཅད་བཞི་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང་སྟོན་པས་གསུངས་པ་ཀྱེ་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ཞེས་བོས་ཏེ་གསོ་ཐབས་ལག་ལེན་དངོས་ཀྱི་རྐང་གྲངས་མདོར་བསྡུས་ན་འདི་ལྟ་སྟེ། ལག་ཏུ་བླང་བའི་གཉེན་པོ་མཐའ་དག་སྨན་དང་དཔྱད་གཉིས་སུ་འདུས་པ་ཡིན་ལ། སྨན་དེ་ལ་དབྱེ་ན་ཞི་བྱེད་དང་སྦྱང་བ་གཉིས་ཏེ། དེའི་དང་པོ་ཞི་བྱེད་ལ་ནང་གསེས་ཐང་དང་ཕྱེ་མ་དང༌། རིལ་བུ་དང༌། ལྡེ་གུ་དང༌། སྨན་མར་དང་ལྔ་ཡིན་པས་སྡེ་ཚན་ལྔ་ཞེས་སྤྱི་རུ་གྲགས་པ་ཡིན་ལ། འོན་ཀྱང་སྡེ་ཚན་ལྔ་པོ་དེའི་སྟེང་དུ་ཐལ་སྨན་དང་ཁནྜ་དང༌། སྨན་ཆང་གསུམ་བསྣན་པའི་སྡེ་ཚན་བརྒྱད་ཀྱིས་ཞི་བྱེད་ཀྱི་སྦྱོར་བ་བསྟན་ཞིང༌། ཞི་བྱེད་དེ་ཐམས་ཅད་ཀྱི་ལོག་གནོན་རིན་པོ་ཆེའི་སྦྱོར་བ་དང་བཅས་པས་སྡེ་ཚན་དགུ། །དེའི་སྟེང་དུ་གློ་བུར་ཐུག་འཕྲད་ལ་སྔོའི་སྦྱོར་སྡེ་དང་བཅས་པས་སྡེ་ཚན་བཅུ་ཡིན་པ་དེ་ཡང་ཐལ་སྨན་ནས་སྔོ་སྦྱོར་གྱི་བར་ནི། ཐང་ནས་སྨན་མར་བར་གྱི་སྡེ་ཚན་ལྔ་རུ་མ་འདུས་པ་མེད་དོ། །སྦྱོང་བྱེད་ཀྱི་ལས་ལ་ལྔར་ཡོད་པའི་སྔོན་འགྲོ་སྣུམ་བཅོས་དང༌། དངོས་གཞི་བཤལ། སྐྱུགས། སྣ་སྨན། འཇམ་རྩི། ནི་རུ་ཧ་དང་ལྔ་སྦྱོངས་ཀྱི་ལོག་གནོན་རྩ་ནས་སྦྱང་བ་དང་བདུན། དཔྱད་ལ་གཏར་བ་དང༌། བསྲེག་པ་དང༌། དུགས་དང༌། ལུམས་དང༌། བྱུགས་པ་སྟེ་ལྔ་ཡིན་ལ་དེའི་ལོག་གནོན་ཐུར་མའི་དཔྱད་དང་བཅས་པ་དྲུག་སྟེ། དེ་ལྟར་སྤྱི་རུ་བསྡོམས་པས་རྒྱས་པར་བཤད་ན་ཉི་ཤུ་རྩ་གསུམ་ཡོད་ཀྱང་མདོ་རུ་བསྡུས་པའི་ལག་ལེན་དུ་ཞི་བྱེད་ལ་ལྔ། སྦྱོང་བྱེད་ལ་བདུན། དཔྱད་ལ་དྲུག་སྟེ་བཅོ་བརྒྱད་པོ་འདི་ནི་ནད་ཀྱི་དགྲ་དཔུང་མ་ལུས་འཇོམས་པའི་མཚོན་ཆ་ངར་མ་དང་འདྲ་བ་ཡིན་ནོ་ཞེས་པའོ།།

        གཉིས་པ་རྒྱས་པར་བཤད་པ་ལ་ཐོག་མར་སྨིན་སྡུད་འབྱེད་པ་ལ་ནུས་པ་རྣོ་མྱུར་དང་ལྡན་པ་ཐང་གི་སྦྱོར་བ་བསྟན་པ། གལ་ཏེ་དེས་མ་སེལ་ན་ཕྱེ་མའི་སྦྱོར་བ། དེས་མ་ཐུལ་ན་རིལ་བུའི་སྦྱོར་བ། རྙིངས་ཤིང་ཞེན་པའི་ནད་ལྷག་འདོན་པ་ལྡེ་གུའི་སྦྱོར་བ། ལུས་སྟོབས་བསྐྱེད་ཅིང་དབང་པོ་གསལ་བ་སྨན་མར་གྱི་སྦྱོར་བ། གྲང་ནད་གཙོ་ཆེན་སེལ་བ་ཐལ་སྨན་གྱིས་སྦྱོར་བ། ཚ་བའི་ནད་ཤས་ཆེར་སེལ་བ་ཁནྜའི་སྦྱོར་བ། རླུང་ལྡན་ཕལ་ཆེར་སེལ་བ་སྨན་ཆང་གི་སྦྱོར་བ། ནད་པ་འབྱོར་ལྡན་རྗེས་སུ་འཛིན་པ་རིན་པོ་ཆེའི་སྦྱོར་བ། དབུལ་ཕོངས་རྗེས་སུ་འཛིན་པ་སྔོ་སྦྱོར། སྦྱོང་བྱེད་མཐའ་དག་གི་སྔོན་དུ་བྱ་བ་སྣུམ་བཅོས། ཐུར་དུ་སྦྱོང་བ་བཤལ། གྱེན་དུ་འདྲེན་པ་སྐྱུགས། ནམ་ཚོང་ཡན་གྱི་ནད་སེལ་བ་སྣ་སྨན། རྒྱུ་ལོང་གི་ནད་འཇམ་པོས་སེལ་བ་འཇམ་རྩི། དྲག་པོས་སེལ་བ་ནི་རུ་ཧ། སྦྱོངས་ཐམས་ཅད་ཀྱི་ལོག་གནོན་རྩ་སྦྱོངས། ཚ་བའི་ནད་རོ་དབྱུང་བ་གཏར་ཁ། གྲང་བའི་ནད་སྟོབས་གཞོམ་པ་མེ་བཙའ། ལྡན་འདུས་བད་ཀན་ཤས་ཆེ་བའི་གཉེན་པོ་དུགས། ལྡན་འདུས་མཁྲིས་ཤས་ཆེ་བའི་གཉེན་པོ་ལུམས། ལྡན་འདུས་རླུང་ཤས་ཆེ་བའི་གཉེན་པོ་བྱུག་པ། དཔྱད་ཐམས་ཅད་ཀྱི་ལོག་གནོན་ཐུར་མ་སྟེ་ཉི་ཤུ་རྩ་གསུམ་ལས། དང་པོ་མདོ་དོན་གཉིས་པ་ཞི་བྱེད་ཀྱི་ཐོག་མ་ཐང་ལ་གསུམ་མདོར་བསྟན་པ། རྒྱས་པར་བཤད་པ། ལེའུའི་མཚན་བསྟན་པའོ། །དང་པོ་ནི་དེ་རྣམས་ཞེས་པ་ནས་གཉིས་ཞེས་པའི་བར་ཚིགས་བཅད་གཅིག་གིས་བསྟན་ཏེ། དེ་ལྟར་ཉི་ཤུ་རྩ་གསུམ་པོ་རྣམས་ལག་ཏུ་བླང་བའི་རིམ་པ་ནི་དང་པོར་ཞི་བྱེད་སྨན་གྱི་སྡེ་ཚན་ལ་བཅུར་ཡོད་པའི་དང་པོ་ཐང་གི་སྦྱོར་བ་བསྟན་ན། ཀྱེ་ཞེས་བོས་ཏེ་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ཁྱོད་མ་ཡེངས་པར་གུས་པས་ཉོན་ཅིག་ཅེས་མཚམས་སྦྱར་ནས། ཐང་སྦྱོར་གྱི་སྡེ་ཚན་དེ་ལ་ཡང་ཚ་སེལ་དང༌། གྲང་སེལ་གཉིས་སུ་ཡོད་པ་ཡིན་ནོ་ཞེས་པའོ། །གཉིས་པ་ལ་ཚ་སེལ་བཤད་པ། གྲང་སེལ་བཤད་པ། དེའི་ཆོ་ག་བཤད་པ་དང་གསུམ། དང་པོ་ལ་བཞི། གནས་ཀྱི་ཚ་སེལ་བཅུ་བདུན་བཤད་པ། རིགས་ཀྱི་ཚ་སེལ་བརྒྱད་བཤད་པ། ཁ་འཐོར་བ་བཅུ་གཅིག་བཤད་པ། ཆིག་ཐང་བཅུ་བཞི་བཤད་པའོ། །དང་པོ་ལ། སྤྱིའི་དོན་དང་ཚིག་གི་དོན་གཉིས་ཀྱི་དང་པོ་ནི།

        དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་སྦྱོར་བ་བརྒྱ་པ་ལས། སླེ་ཏྲེས་གླ་སྒང་བྱི་ཚེར་བཅའ་སྒ་དང༌། །བྱི་ཚེར་གླ་སྒང་ཏིག་ཏ་པརྤ་ཏ། །བཱ་སྭྰ་བྱི་ཚེར་བཅའ་སྒ་གླ་སྒང་རྣམས། །སྐོལ་ཐང་རླུང་མཁྲིས་བད་ཀན་རིམས་ལ་བཏུངས། །ཀྵུ་ཏྲ་ཀནཌ་ཀ་རི་སླེ་ཏྲེས་བཅའ་སྒ་པཥྐོོ་ར། །སྐོལ་བའི་ཐང་བྱས་བད་ཀན་རླུང་མཆོག་ལ། །ལུད་པ་དབུགས་མི་བདེ་བཅས་དང་ག་མེད། །གཞོགས་གཟེར་ཉེས་གསུམ་ལས་བྱུང་རིམས་ལའང་བསྔགས། །དོང་ག་དྲོད་སྨན་ནར་རྩ་གླ་སྒང་དང༌། །ཧོང་ལེན་ཨ་རུ་ར་རྣམས་སྐོལ་བའི་ཐང༌། །གཟེར་བཅས་ཚད་པ་བད་རླུང་ལྡན་རིམས་ལ། །ཕན་ནོ་དྲོད་སྐྱེད་ཞུ་བ་བྱས་པས་ཀྱང༌། །རྒུན་འབྲུམ་གླ་སྒང་ཧོང་ལེན་ཨ་རུ་ར། །དོང་ག་པ་རུ་ཊ་ཀའི་ཐང་བྱས་ལ། །མཁྲིས་བྱུང་རིམས་དང་བླ་བཅོལ་བརྒྱལ་བ་དང༌། །མགོ་འཁོར་ཚ་སྒོ་སྐོམ་དང་ལྡན་རྣམས་ལ། །ཀནྜ་ཀ་རི་བཅའ་སྒ་སླེ་ཏྲེས་སྐོལ། །དྲོད་སྨན་ནར་མོ་བསྲེས་པའི་ཐང་འཐུངས་པས། །གསུས་གཟེར་ལུད་པ་ཚད་རྙིང་དང་ག་མེད། །ཕོ་བའི་ནད་ཆབ་དབུགས་མི་བདེ་རྣམས་འཇོམས། །བྱི་ཚེར་པ་རྤ་ཊ་ཀ་ཨ་རུ་ར། །བ་ཤ་ཧོང་ལེན་ཏིག་ཏ་པྲི་ཡང་ཀུ། །ཀ་ར་ཆེར་བཏབ་སྐོལ་བའི་ཐང་འཐུངས་པས། །སྐོམ་དད་ཁྲག་མཁྲིས་རིམས་དང་ཚད་ལྡན་འཇོམས། །སྐྱེར་རྩ་འབྲས་བུ་གསུམ་དང་བིའ་ཤཱ་ལ། །སྐྱེར་རྩ་ཕྱེ་མར་བྱས་ལ་ངེས་པར་སྐོལ། །ཐང་ལ་སྦྲང་རྩི་ལྡན་པ་འཐུངས་པ་ཡིས། །གཅིན་ཁ་སྙི་བའི་ནད་སྐྱེས་མ་ལུས་འཇོམས། །ཨུ་དི་ཙྱ་དང་ཀ་བེད་བོང་ང་དཀར། །གླ་སྒང་དུག་མོ་ཉུང་བཅས་ཐང་བྱས་པ། །ཚད་པ་གཟེར་བཅས་ཁྲག་འཁྲུ་དང་བཅས་ལ། །ཡུན་རིང་ཞུགས་པའི་འཁྲུ་བ་རྣམས་ལ་ཕན། གླ་སྒང་བཅའ་སྒ་བོང་ང་དཀར་པོར་བཅས། །སླེ་ཏྲེས་ཆ་མཉམ་ཆུ་ལ་སྐོལ་འཐུངས་པས། །མེ་དྲོད་ཞན་པའི་དགུན་གྱི་ནད་རྣམས་དང༌། །ཚད་ཟིན་འཁྲུ་བའི་ནད་ཀྱང་སེལ་བར་འགྱུར། །པགས་ནད་ལྟོ་བ་ན་དང་སྐྱ་རྦབ་ན། །སྦོས་དང་ཆམ་པ་བད་ཀན་མགུལ་འགགས་ལ། །བུ་ན་རྣཱ་བཱ་ཐང་ཤིང་ཨ་རུ་ར། །སླེ་ཏྲེས་བ་གཅིན་གུ་གུལ་ལྡན་པ་བཏུང༌། །གླ་སྒང་ཤི་ཀྲུ་ཐང་ཤིང་དནྟི་འབྲས། །བི་ཏང་དྲོ་སྨན་ནར་ཕྱེ་བཅས་ཐང་གིས། །རྒྱུན་དུ་ཁ་རྐུབ་ནས་འབྱུང་སྲིན་བུ་དང༌། །སྲིན་ལས་སྐྱེས་པའི་ནད་ཀྱང་འཇོམས་པར་འགྱུར། །སུསྨཥ་དྲོ་སྨན་ཤིང་མངར་ན་ལེ་ཤམ། །ཨསྨ་བྷེ་དང་ཨ་རན་བཱ་ཤ་གཟེ། །བྲག་ཞུན་གཙོ་ཆེན་སྐོལ་བའི་ཐང་འཐུངས་ན། །རྡེའུ་གསེག་མ་དང་བཅས་གཅིན་སྲི་སེལ། །བྲག་ཞུན་ཨསྨ་བྷེ་དང་སུཀྵྨེ་དང༌། །དྲོད་སྨན་ཕྱེ་མ་འབྲས་བཀྲུས་ཆུ་བཏབ་བཏུང༌། །ཡང་ན་བུ་རམ་དང་བཅས་འཐུངས་སམ་ན། །གཅིན་སྲི་འཆི་ལ་ཐུག་པའང་འཚོ་བར་འགྱུར། །དོང་ག་དང་ནི་གཟེ་མ་ཨ་རུ་ར། །བྱི་ཚེར་ཨ་སྨ་བེ་ཏ་བ་ཤ་ཀ། །སྐོལ་བའི་ཐང་ལ་སྦྲང་རྩི་ལྡན་འཐུངས་ན། །ཚ་ཞིང་གཟེར་བཅས་གཅིན་སྲི་གྲོལ་བར་འགྱུར། །དོང་ག་དང་ནི་སླེ་ཏྲེས་བཱ་ཤ་རྣམས། །ཨེ་རན་མར་ཁུ་སྐོལ་ཐང་འཐུངས་པ་ན། །རླུང་བྱུང་རྣམ་འགྱུར་མ་ལུས་ཁྲག་གི་ནད། །སྟེང་འོག་ལུས་ཀུན་ནས་འཛག་རིམ་བས་འཇོམས། །ཏནྜ་ལ་ཀའི་རྩ་བ་ལིག་བུ་མིག །འབྲས་ཀྱི་ཆན་ལ་སྦྲང་རྩི་ལྡན་འཐུངས་ན། །ཀུན་གྱིས་བསྐྱེད་པའི་ཁྲག་ནད་ངེས་པར་འཇོམས། །དབུགས་མི་བདེ་ལ་བྷྰརྒྰི་བཅའ་སྒས་སོ། །བྲི་ཧ་ཏི་གཉིས་ཨེ་རན་ཀ་བེད་དང༌། །མ་རུ་ཨསྨ་ཀྵཱ་ར་ཤིང་ཀུན་གཟེ། །སནྡྷོ་ཨེ་རན་མར་ཁུར་བསྲེས་བྱས་ཐང༌། །རྐེད་པ་སྙིང་ནུ་ཕོ་མཚན་གཟེར་བས་བཏུང༌། །ཛམྦུ་དུག་ཉུང་ཨརྒ་ཤི་ཀྲུ་སྣུ། །ཧ་བ་ས་ཤིང་བྱ་གྷི་བྲི་ཧ་ཏིའ། །སཱརི་ཀ་བེད་ཚོས་ཤིང་ཛ་ཌཱ། །ཨ་བཱམ་རྒ་ནི་མྦྷ་ཙི་ཏྲཀ། །བ་ཥ་སུཥྐ་ར་པ་ཊ་ལ་དང༌། །སིནྡ་ལྡན་པ་བསྲེགས་ཐལ་སྐོལ་བ་ལ། །སྔར་བཤད་ཤིང་ཀུན་ལ་སོགས་པ་ཡི། །ཁུ་བ་ལྟོ་སྐྲན་བད་ཀན་ནད་ལ་བཏུང༌། །ཞེས་དང༌། ཐང་ཤིང་བོང་ང་དཀར་པོ་སླེ་ཏྲེས་བཅས། །དུག་ཉུང་ཧོང་ལེན་མ་ནུ་བཱ་ཐཱའི་ཐང༌། །བ་གཅན་ལ་གྲུབ་སྦྲང་རྩི་དང་ལྡན་པ། །མགྲིན་པའི་ནད་དང་ཀུན་ལ་བཏུང་བར་བྱ། །ཞེས་དང༌། རུ་རྟ་དང་ནི་སྐྱེར་པའི་རྩ་བ་སེང་ཕྲོམ་བཙོད། །ཡུང་ཧོང་གླ་སྒང་སཱ་ཐཱ་ཏེ་ཛ་ནི། །ཞིབ་བཏགས་སོ་རྣམས་འདེག་པར་བྱེད་པ་དང༌། །གཟེར་ཞིང་འཁྲུགས་ལ་ནད་ཁྲག་འབྱིན་པར་བྱེ། །ཅེས་མཁུར་བཀང་སོགས་གསུང༌།

        སྤྱིར་ཐང་ཕྱེ་མ་ལྡེ་གུ་སོགས་ཀྱི་ཕན་ཡོན་ཟླ་ཟེར་ལས། སྨན་ཁུ་ལྡེའུ་སྐོལ་དང་གྲང༌། །ཕན་ཧ་ཞེས་ནི་བྱ་བ་སྟེ། །སྨན་ནི་རྣམ་པ་ལྔ་རུ་བརྟག །སྔ་མ་བཞིན་དུ་མཐུ་སྟོབས་ཆེ། །ཞེས་བྱ་བ་ལ་སྨན་ཁུ་ལ་སོགས་པ་ལྔ་པོ་མངར་བ་ལ་སོགས་པའི་དབྱེ་བས་ཕྱེ་བ་དག་ནི་དབྱེ་བ་རྣམ་པ་ལྔར་འགྱུར་ཏེ། སྨན་ཁུ་ནི་སྨན་གྱི་རང་གི་ཁུ་བ་སྟེ་མིང་གི་རྣམ་པར་སྨན་གྱི་བཅུད་ཅེས་ཀྱང་བྱའོ། །ལྡེ་གུ་ནི་གཤེར་བའི་རྫས་དང་བསྲེས་ཏེ་རྡོ་ལེབ་ལ་བཏགས་པའོ། །སྐོལ་བ་ནི་བཅོས་པའི་ཁུ་བ་སྟེ། སྐོལ་བའི་སྨན་ཁུ་ཞེས་བྱའོ། ། གྲང་བ་ནི་སྨན་གྱི་ཁུ་བ་སྐོལ་ཏེ་མཚན་མོ་འདས་པར་བྱས་པའོ། །སྨན་གཏུབས་དེ་བཅུག་ནས་འཕྲལ་དུ་བཙགས་པ་ནི་ཕན་ཏ་ཞེས་བྱ་སྟེ། དེ་ལྟར་སྨན་གྱི་ཁུ་བའི་སྦྱོར་བ་ནི་རྣམ་པ་ལྔ་ཡིན་ནོ། །དེ་ལས་སྔ་མ་བཞིན་མཐུ་སྟོབས་ཆེ་བ་ཡིན་ཏེ། ཕན་ཏ་བས་ནི་གྲང་བ་མཐུ་སྟོབས་ཆེ་ལ། །གྲང་བ་བས་ནི་སྐོལ་བའོ། །སྐོལ་བ་བས་ནི་ལྡེ་གུའོ། །ལྡེ་གུ་བས་ནི་སྨན་ཁུ་མཐུ་སྟོབས་ཆེ་བ་ཡིན་ནོ། །ཞེས་དང༌། གཉིས་པ་ཐང་དངོས་ཀྱི་ཆོ་ག་ནི། །དེ་ཉིད་ལས། དེ་སྐོལ་བ་ནི་སྐོལ་བ་ཡིན། །ཞེས་བྱ་བ་ལ་སྐོལ་བ་ནི་སྨན་དེ་ཉིད་ཕྲ་མོར་བླགས་ཤིང་བཏགས་ལ་བཅད་པར་བྱ་བར་ཡང་བཅད་དེ་ཆུའི་ནང་དུ་སྐོལ་བའི་སྨན་གྱི་ཁུ་བ་དེ་ནི་སྐོལ་བ་ཞེས་བྱའོ། །གྲང་བ་མཚན་མོ་བཞག་པ་ཡིན། །ཞེས་བྱ་བ་ལ་གྲང་བ་ནི་སྨན་གངས་ཆུ་གྲང་མོ་ནང་སྦངས་ཏེ་མཚན་མོ་བཞག་པའི་ཞག་ལོན་པ་ནང་པར་བཙགས་པའོ། །ཞེས་དང༌། སྐོལ་བ་སྨན་ནི་སྲང་གཅིག་བྱ། །བྲེ་ཕྱེད་ཆུར་སྐོལ་བཞི་ཆ་ལུས། །ཞེས་བྱ་བ་ལ་སྨན་སྐོལ་བའི་འབྲིང་ཚད་སྨན་སྲང་གཅིག་ཆུ་བྲེ་ཕྱེད་ཅེས་བྱ་བ་སྲང་བཅུ་དྲུག་གི་ནང་དུ་སྐོལ་བ། དེ་ལས་བཞི་ཆ་སྟེ་སྲང་བཞི་ལུས་པ་ན་ཕབ་སྟེ་བླུད་པར་བྱའོ། །གྲང་བ་སྲང་གཅིག་སྲང་དྲུག་གི། །ཞེས་བྱ་བ་ལ་གྲང་བའི་སྨན་ཁུ་ནི། སྨན་སྲང་གཅིག་ཆུ་ལ་སོགས་པ་གཤེར་བའི་རྫས་སྲང་དྲུག་གི་ནང་དུ་ནུབ་མོ་སྦངས་ཏེ་བླུད་པར་བྱའོ་ཞེས་སོ།།

        གཉིས་པ་ཚིག་གི་དོན་ནི། དེ་ལ་ཞེས་པ་ནས་མངལ་ཚད་སེལ་ཞེས་པའི་བར་ཚིགས་བཅད་བརྒྱད་ཀྱིས་བསྟན་ཏེ། དེ་ལ་དང་པོར་ཚ་བ་སེལ་བའི་ཐང་གི་སྡེ་ཚན་ལ་ནི། དེ་ཡང་མི་ཐོད་རྙིང་པ་ཞེས་པ་ས་འོག་ནས་ཐོན་པའི་དུར་ཐོད་རྙིང་པའམ། །ཡང་ན་ཆར་ཉིས་ཁྱེར་བའི་ཐོད་སུངས་རྙིང་པ་སྣུམ་ཚི་ཟད་པ། དེ་ཡང་རབ་སྐྱེས་པ་ལ་བུད་མེད། བུད་མེད་ལ་སྐྱེས་པ། རྒན་པོ་ལ་གཞོན་པ། གཞོན་པ་ལ་རྒན་པོ་ལྟ་བུ་དང༌། འབྲུག་རུས་ནི་སྲོག་ཆགས་འབྲུག་གི་རུས་པ་སྟེ། འབྲུག་དེ་དབྱར་བས་སྣང་ལ་གནས་ཤིང་དགུན་བྱེ་མའི་ཀླུང་ཆེན་པོར་ཉལ་བར་གྲགས་པ་ལས། ཚང་རུལ་ནས་ཤི་བའི་བྱེ་གསེབ་ནས་སྡར་མོ་སོགས་ཀྱི་གཟུགས་མ་ཉམས་པར་རྙེད་པར་འགྱུར་བས་ན། དེ་དང་ཏིག་ཏ་ལ་སྐྱེ་ཡུལ་གྱི་དབྱེ་བས། རྒྱ་ཏིག བལ་ཏིག བོད་ཏིག་གསུམ་མེ་ཏོག་གི་དབྱེ་བས་ཟངས་ཏིག ལྕགས་ཏིག གསེར་ཏིག དངུལ་ཏིག་བཞི། རིགས་ཀྱི་དབྱེ་བས་དངོས་དང་སུམ་ཅུ་ཏིག་གཉིས་ལས། འདི་ཕྱི་མ་སུམ་ཅུ་ཏིག་གམ་ཁ་དོག་གི་དབང་གིས་གསེར་ཏིག་ཉིད་བསྔགས་ལ། གཞན་ལྕགས་ཏིག་སོགས་ཀྱིས་ཀྱང་རུང་མཐུན་ཙམ་དུ་བཤད་ཅིང༌། དེ་ལྟར་མི་ཐོད་སུམ་ཐང་དེའི་ཁུ་བ་ཆུ་ཕུལ་གསུམ་ཙམ་སྐོལ་ཏེ་སུམ་གཉིས་ཕུལ་དོ་བསྡུས་ལ་སུམ་གཅིག་ཕུལ་གང་ལུས་པའི་དུས་དེར་གྲངས་སུ་བཅུག་ནས་བཏང་བས། རླུང་མཁྲིས་བད་ཀན། ཡ་མ་དཀར་ནག རྨས་པ་སོགས་ཀྱི་མགོ་བོའི་ནད་མཐའ་དག་སེལ་བར་བྱེད་པ་ཡིན་ལ། དེ་བཞིན་དུ་ལྕགས་ཕྱེ་དང་སྐྱེར་པ་ནི་རིགས་དཀར་ནག་གཉིས་མིང་གཞན་ནི་གསེར་ཤིང༌། པ་ལ་ཏ་ཀ། དྷི་ཤ་རི། ཛི་བྱེད་ཏ། ཧ་རི་ཏ། དྷ་ཏུ་ཧ་ལ་དྷ། ཚེར་རྣོན། འབྲས་སྐྱུར་ཞེས་གྲགས་པ། །དཔྱིད་ཆུ་འབུས་ཀྱི་དུས་སམ། སྟོན་འབྲས་བུའི་དུས་ཀྱི་བར་ཤུན་དང༌། འབྲས་བུ་ཨ་བར་སྐྱུར་གསུམ་སྟེ། ཨ་རུ་ར་ལ་སྤྱིར་རིགས་བརྒྱད་དམ། བདུན་ནམ། ལྔར་ཡོད་ལ། སྤྱི་མིང་ནི། མངོན་བརྗོད་འཆི་མེད་མཛོད་ལས་མིང་བཅུ་གཅིག་ཏུ་བཤད་དོ། །ཨ་བྷ་ཡཿ འཇིགས་མེད། ཨ་བྱ་ཐཱ། ནད་མེད། པ་ཐྱྰ། ཕན་པ་ཅན། བ་ཡ་སྠྰ།  ན་ཚོད་གནས། སཱུ་ཏ་ནཱ། ཚི་ཅན། ཨམྲྀ་ཏ། བདུད་རྩི། ཧེ་མ་བ་ཏི། གསེར་ལྡན། ཧ་རི་ཏ་ཀཱེ་ ཨ་རུ་ར། ཙེ་ཏ་ཀིའ། སེམས་བྱེད། ཤྲེ་ཡ་སཱི། དཔལ། པིའ་ཤི་བཱ། ཞི་བ་ཅན་ཞེས་དང༌། ཡན་ལག་བརྒྱད་པར། ཨ་མོ་གྷ། ཞེས་དོན་ཡོད་དང༌། གཞན་ཡང༌། ཛི་ཝནྟི་རཱ་ཛ། འཚོ་བའི་རྒྱལ་པོ། ཧུ་ཏི་ར་ཧ་ར་ར། ཤིང་གི་ལྷ་མོ་ཨེ་ལ། འཇིགས་མེད། གསེར་སྒོང་ཟུར་མང༌། ཤིང་གི་ནོར་བུ། སྨན་མཆོག་རྒྱལ་པོ་སོགས་སུ་བཤད་པ་དང་བ་རུ་ར་ལ། རིགས་ཆེ་ཆུང་གཉིས་ལས་ཆུང་བ་བཟང༌། མིང་མ་ཧེ་ཌ། བ་ཧི་ཌ། བི་བྷིའ་ཏ་ཀ བ་ཧུ་བ་ར། བ་སནྜ་ཀ བ་ལ་ཧ། ཏྲི་ཤ་གོ་ལ། བྷ་ཧེ་ར། ཧམ་ཟིའུ། ཤིང་སྒོང་སྐྱ་བོ་ཞེས་དང༌། སཾ་བུ་ཊར། ཤླེཥྨའི་འབྲས་བུ་ཞེས་བཤད་པ་བ་རུ་རར་བསྒྱུར་བའང་ཡོད་དོ། །སྐྱུ་རུ་ར་ཞེས་པ་རིགས་དཀར་ནག་གཉིས་ལས་དཀར་ལ་ཤ་ཆེ་བ་བཟང༌། མིང་ནི། ཨི་བྷ་ཀ། སོ་མ་སི་ལ། ཛ་མུ་ཤ། དྷ་ཏུནྐུ་ཊ། སྨིན་འགས། སྐོམ་སེལ། ཁྲག་འབྱེད། ཨ་མླ། ཨ་མ་ལ་ཀཾ། ཨ་མཱ་ལ། ཨ་མྲྀ་ཏོདྡྷ་བདུད་རྩི་ལས་བྱུང་སོགས་སུ་གྲགས་པ་རྣམས་ཏེ། ལྕགས་ཕྱེ་ལྔ་ཐང་གི་ཁུ་བ་གྲངས་ནས་བཏང་བ་དེས་མིག་གི་ནད་མཐའ་དག་སེལ་བར་བྱེད་པ་དང༌། ཤ་ཕོ་རུ་རྟ་ནི་མིང་ཀུཥྠ། པོ་བ་ལ་ཀུ་ཏྲ། རིགས་མཆོག་ཕལ་གཉིས། མཆོག་ལ་དཀར་ནག་གཉིས་ལས་དྲི་དང་རོ་ཚ་བ་མདོག་ནག་ཅིང༌། དབྱིབས་ཤ་རུ་རུལ་པ་བཅག་པ་འདྲ་བ་ལ་སྟོད་ནས་འབྱུང་བ་ནི་ནག་པོ་དྲི་རོ་མངར་ཤས་ཆེ་བ་དབྱིབས་མ་ནུ་འདྲ་བ་ཞིག་དང་པུཥྐར་མུ་ལར་གྲགས་པ་ཁམས་ཕྱོགས་ནས་འབྱུང་བ་ནི་དཀར་པོ།།

        ཕལ་པ་རོ་ཁ་ཞིང་སྐྱ་གསོ་བ་ཅིག་ལས་འདིར་སྔ་མ་དང༌། ཨ་རུ་ར་གཉིས་བསྡུས་པའི་ཁུ་བ་རུ་རྟ་གཉིས་ཐང་དུ་གྲགས་པ་དེས་རྣ་བའི་ནང་ནས་རྣག་ཁྲག་འཛག་པ་སེལ་ཞིང་ཟུག་གཟེར་འཇོམས་པར་བྱེད་པ་དང༌། སྐྱེར་པའི་བར་ཤུན་མཁན་སྐྱ་ཞེས་པ་རིགས་དཀར་ནག་གམ་སྐྱ་སྨུག་གཉིས་ཡོད་པ་མིང་ལ། ཟོར་པ། སྤྲེལ་གཞུག་ཀྱང་སྐབས་འགར་ཟེར། ཁྲག་གཅོད་རལ་ཅན། བྲཧྨྰ་མཱུ་ལི། ཧོ་ར། ཁི་ར་ཏ། ན་བི་མ། རྒྱ་ནག་སྐད་དུ་ཅི་ཝང་ཏིའུ་སོགས་སུ་གྲགས་པ་དེ་བསྡུས་པའི་ཁུ་བ་ལ་དོམ་མཁྲིས་དབྱར་དགུན་གཉིས་ཀྱི་དབྱེ་བས་གསེར་མཁྲིས་དང༌། གཡུ་མཁྲིས་གཉིས་ཏེ། མིང་ནི་སྲོག་གི་མེ་ཏོག །ཐུགས་ཀར། མེ་མཉམ། ཨཱ་ཡུ་པུཥྤ། ཏྲི་ཛི་ཏ་རི། ནག་པོ། གཡའ་ཁྱི་བཅད་འབྱོར། རྩ་སྡོམ་ཤུགས་ཆེན་སོགས་ཟེར་པ་དེ་བཏབ་པ་སྐྱེར་པ་སུམ་ཐང་དུ་གྲགས་པ་དེ་བཏང་བས་སྣ་ནས་ཁྲག་འཛག་པ་གཅོད་པ་དང༌། ནག་མཚུར་དང་སེང་ཕྲོམ་སྟེ་རྒོད་ལོ་མ་འཐུག་ཅིང་སེར་ཚོས་བཏུབ་པ་དང༌། གཡུང་ལོ་མ་ཕྲ་འཇམ་སྲབ་པ་གཉིས་མིང་འཆི་མེད་མཛོད་ལས། ཀྲ་མུ་ཀ་སྟེ་ཞུ་མཁན། ལཱཀྵཱ་བྲ་པཱ་ད་ན་རྒྱ་སྐྱེགས་དངྭས་བྱེད། པཌྜི་སོགས་དང་གཞན་ཡང་པ་དུ། པ་རི་ཥ། སྐག་གྲོགས། བརྒྱ་བྱིན་སོགས་སུ་གྲགས་པ་དེ་དང༌། ཨ་རུ་ར་རྣམས་ཀྱི་གྲངས་ཐང་སྟེ་ནག་མཚུར་སུམ་ཐང་གི་ཁུ་བ་མཁུར་བཀང་སྟེ་ཁ་ནང་དུ་བཟུང་ཞིང་འཕོབ་ཡང་ཡང་བྱས་པ་དེས་ཁ་ཡི་ནང་གི་ཁྲག་ནད་དང་ཟུག་གཟེར་འཇོམས་པ་དང༌། བོང་ང་ཞེས་པ་ནུས་པས་དབྱེ་ན་སྨན་དང་དུག་གཉིས། སྨན་ལ་རིགས་ཀྱིས་དཀར་དམར་སེར་གསུམ་དང༌། དུག་ལ་ལྔའམ་གསུམ་དུ་དབྱེ་བ་སོགས་ཡོད་ཀྱང་འདིར་སྨན་བོང་ང་དཀར་པོ་དང༌། ཤིང་མངར་ཕོ་མོ་མ་ནིང་གི་རིགས་གསུམ་ལས་ཕོ་རིགས་ལྡུམ་རར་སྐྱེ་བའི་གསེར་གྱི་ལྕུག་མ་འདྲ་བ། མོ་ནི་ཆུ་འགྲམ་གྱི་ཞིང་ལ་སྐྱེས་ཏེ་འཛིངས་པ་ཞེས་བྱའོ། །མ་ནིང་ནགས་ཀྱི་ཆུ་འགྲམ་ལ་སྐྱེ་སྟེ། ལྦངས་མོ་ཟེར་རོ། །སྤྱི་མིང་ནི། བྷི་མ་མཱུ་ལ། ཡཥྠིམ་དྷུ། ཙ་རཾ་ཙི། །ཐིམ་བི། ཝང་ཅིའུ། ལྕེ་འཁྲིས། རྩར་རྒྱུག གློ་གཉེན་ཞེས་གྲགས་ལ། སྨན་ལ་ནི་ཕོ་རིགས་བསྔགས་ཤིང་མ་རྙེད་ན་གཞན་གཉིས་པོས་ཀྱང་ཚབ་རུང་བ་དེའོ། །སྤང་རྒྱན་དཀར་སྔོ་ཁྲ་སྨུག་བཞི་ལས་དཀར་པོ་གསུམ་བསྡུས་པའི་ཁུ་བར་ཅུ་གང་སྟེ་མིང་ཏག་ཤིང༌། རྩི་འཇམ་ཏཱ་ལ་ཀྵེ་རི། བྷཾ་ས་ལོ་ཙ་ན། ངོ་བོ་ཤིང་སྨྱིག་མ་འདྲ་བའི་རྐང་ལས་འབྱུང་བ་དེ་དང་ཀ་ར་སྦྱར་བ་བོང་ང་ལྔ་ཐང་སྟེ་སྐད་འགགས་པ་དང༌། གྲེ་བ་ཚ་ཞིང་སྐམས་པ་སེལ་ལ། སོ་ཕག་ནི་ས་བཟང་པོའི་ཕ་གུ་སོ་ཚོས་པར་བཏང་བའམ། མ་རྙེད་ན་རྫ་གསར་པ་ཐི་ཀ་རིར་གྲགས་པ་རྣམས་བསྡུས་པའི་ཁུ་བར་འུ་སུ་རིགས་སེར་ནག་གཉིས་ལས་སེར་པོ་ལྡུམ་རར་སྐྱེས་པའི་འབྲས་བུ་གའུ་ཁ་སྦྱར་འདྲ་བ་མིང་ཟུར་དང༌། སྐོམ་སེལ་དུ་གྲགས་པ་དང༌། ཀ་ར་བཏབ་པའི་མཁུར་བཀང་སོ་ཕག་སུམ་ཐང་ངམ་སྟོད་པ་རྣམས་འུ་སུ་སུམ་ཐང་ཟེར་བ་དེས་ཁ་དང༌། ལྕེ་དང༌། གྲེ་བ་སྐམས་པ་སེལ། ཙན་དན་ནི་དཀར། དམར། སུ་རུ་ཙན་དན། སྨུག་པོ་སོགས་བཞི་སྤྱི་མིང་དུ་མངོན་བརྗོད་འཆི་མེད་མཛོད་ལས། གནྡྷ་སཱ་ར་དྲིའི་སྙིང་པོ་དང༌། གལ་མ་ཛ་མ་ལ་ཡ་སྐྱེས་ཏེ་རི་བོ་མ་ལ་ཡ་ནས་བྱུང་བ། བྷ་དྲ་ཤྲིའ་དཔལ་བཟང་པོ། ཙན་དན། ཙན་དན་ཞེས་གྲགས་ཏེ་ཚིམ་བྱེད་དང༌། ཙན་དན་དཀར་པོ་ལ་མིང་གསུམ་སྟེ། ཏེ་ལ་བརྞི་ཀ་ ཏིལ་མར་འདབ་ཅན་ཞེས་བྱ་བའི་ཙན་དན་རི་བོ་མ་ལ་ཡའི་ཕྱོགས་གཅིག་ནས་འབྱུང་པའོ། །གོ་ཤིརྵ། ས་མཆོག་མ་བ་ལང་མགོ་ཞེས་བྱ་བ་སྟེ། བ་ལང་མགོའི་རྣམ་པ་ཅན་མ་ལ་ཡའི་ཕྱོགས་སུ་སྐྱེ་བའོ། །ཧ་རི་ཙན་དན། ཞེས་པ་ལ།

        ཧ་རི་ནི་སྦལ་པ་སྟེ་དེའི་དབྱིབས་ཅན་གྱི་རི་བོ་ཞིག་ལ་སྐྱེས་པས། ཧ་རི་ཙན་དན། ཤུ་ཀླ་ཙན་དན་ཞེས་དང༌། ཙན་དན་དམར་པོའི་མིང༌། ཏཻ་ལ་པརྞི། ཏིལ་མར་འདབ་ཅན་ནོ། །པ་ཏྲངྒཾ༌། འདབ་མའི་ལུས་ཅན་ཏེ། དབུས་དམར་བའི་འདབ་མ་ཅན་ནོ། །རཉྩ་ནཾ། ཆོས་བྱེད་དོ། །རཀྟ་ཙན་དན། ལ་ལ་ཙན་དན། ཙན་དན་དམར་པོའོ། །ཀུ་ཙནྡན། ཙནྡན་ངན་པའི་མིང་ངོ་ཞེས་བཤད་པ་ལས་འདིར་དཀར་པོ། ཛཱ་ཏི་ལ་མཆོག་དང་ཕལ་པ་གཉིས། མིང་འཆི་མེད་མཛོད་ལས། ཛཱ་ཏི་སྣ་མའམ། སྲི་ཤིང་སྣ་མ་དང༌། ཀོ་ཥ་སྦུབས་ཅན། ཛཱ་ཏི་ཕ་ལ་ཛཱ་ཏིའི་འབྲས། སྤོས་ཀྱི་རྒྱལ་པོ། ལིག་ཤེ་ཝེར་ཞེས་དང་གཞན་ཡང་བྷ་དྲ། ཛ་ཧུ། ཕལ་སྐད་དུ་ཛ་ཡི་ཕ་ལ། ཨ་ཙེ་ཕ་ལ་དང༌། རླུང་འཇོམས་གཙོ་བོ་སོགས་སུ་གྲགས་པ་དེ་དང་སྙིང་ཞོ་ཤ་སྟེ་ཨམྦྷ་ལི་བཅས་ཙན་དན་སུམ་ཐང་ངམ། སྟོད་ལུགས་པ་ཞོ་ཤ་སུམ་ཐང་དུ་གྲགས་པའི་བསྡུས་གྲང་དེས་སྙིང་གི་ཚ་བ་འཇོམས་པར་བྱེད་པ་དང༌། སྲོ་ལོ་ལ་དཀར་སྨུག་གཉིས་ལས་དབྱེ་བ་འབྱེད་སྐབས་སྲོ་ལོ་ཆུ་ནང་དུ་བཅུག་སྟེ་སྐོལ་བ་དགུན་དུས་ལྟ་བུ་སྔོན་དུ་འཁྱགས་པ་ཆགས་པ་དེ་དཀར་པོ་ཡིན་པས། འདིར་དཀར་པོ་དང༌། ཤིང་མངར། རྒྱ་སྐྱེགས། དེ་ལའང་ཤིང་རྒན་གཞོན་དང་འཐུ་དུས་ཀྱི་ནམ་ཟླས་དྲོ་ཚོས་དང༌། ནག་ཧྲུབ་གཉིས་སུ་ཡོད་ལ། །འཆི་མེད་མཛོད་ལས་མིང་དྲུག་སྟེ། ལཱཀྵ་དང༌། རཱ་ཀྵ་རྒྱ་སྐྱེགས། ཛནྟུ་སྐྱེ་ལྡན། ཡཱ་བ་དང༌། ཨ་ལ་གྟ་རྒྱ་ཚོས། དྲུ་མཱ་མ་ཡ་ནིང་ཤོད་ཅེས་དང༌། གཞན་ཡང༌། ལི་ཏི། ལྷ་མོའི་ཟླ་མཚན། ཀེང་ཤུ་ཀ ལ་ཁ། སྲིན་པོའི་ཁྲག །རྒྱ་སྐག ཁྱབ་འཇུག་གི་རིལ་མ་སོགས་སུ་གྲགས་པ་དེ་དང༌། ལི་ག་དུར་ལ་ཕོ་རིགས་རྨེན་བུ་སྐམ་པོ་འདྲ་བ་དང༌། མོ་རིགས་བྱ་རོག་གི་སུག་པོ་འདྲ་བ་གཉིས་ནུས་པ་མཚུངས་པས་གང་རུང་མིང་ན་ག་ཏི། བཻ་ཛ་ར། མ་རྙེད་ན་སྤོད་ལ་ཚབ་རུང་བ་སྟེ་སྲོ་ལོ་བཞི་ཐང་དེས་གློ་བའི་ཁྲག་ཚད་ཀྱི་གཟེར་དང་ལུད་པ་འགོགས་དཀའ་བ་རྣམས་སེལ་བར་བྱེད། བྲག་ཞུན་ནི། གསེར་ཞུན། དངུལ་ཞུན། ཟངས་ཞུན། ལྕགས་ཞུན། ཚོན་མོ་ཏེང་ངམ་ཞ་ཉེའི་བྲག་ཞུན་ཏེ་རིགས་ལྔ་གང་རུང༌། བ་ལེ་ཀ་ཞེས་པ་ཤིང་སྨན་དབྱི་མོང་གི་དབྱིབས་ཅན་མིང་མ་ཎི་བྲྀཀྵ་ས་དུ་ཀྵཱ་རི། ག་པུར་དྲི་ལྡན། བ་ལ་ཀ་ བ་ལི་ཀ་སོགས་སུ་གྲགས་པ་དེ་དང༌། བ་ཤ་ཀ་ཞེས་པ་ཤིང་འདབ་ཚོད་མ་རུང་བ་ལྷོ་མོན་ནས་འབྱུང་བའི་རོ་ཁ་བ་མིང་ཁྲག་སྐེམ་གཙོ་བོ་མ་ཏ་པརྞི་སི་ཀ་ཤ་སོགས་སུ་གྲགས་པ་རྣམས་བསྡུས་པའི་ཁུ་བར་གུར་གུམ་ལ་མིང༌། ཀུངྐུ་མ་སྟེ་གུར་གུམ་དང༌། ཀ་ཤྨིར་ཛནྨ་  ཁ་ཆེ་སྐྱེས། སིདྨུ་ཐ། ཊི་ཙནྡྷུ། ཙི་ཙི། ཀུ་ས་ནི། ཀེ་ས་ར། མཆིན་སྨན་གཙོ་བོ་ཞེས་གྲགས་པ་དེ། མ་རྙེད་ན་བསལ་ཡུལ་ནས་འོང་བའི་ལྡུམ་ར་གུར་གུམ་མམ། རྩ་ལེ་བརྒན་རྩི། ཀུ་སུམ་བྷ། བཙུན་མོ་གུར་གུམ་འདིས་ཀྱང་ཚབ་རུང་བར་བཤད་པ་དེ་དང་དོམ་མཁྲིས་བཏབ་པའི་བྲག་ཞུན་ལྔ་ཐང་དེ་བཏང་བས་མཆིན་པའི་ཚ་བ་སེལ་བ་དང༌།

        ལི་ཤི་ལ་འཆི་མེད་མཛོད་ལས་མིང་གསུམ་སྟེ། ལ་བཾ་ཀ་ ལི་ཤི། དེ་བ་ཀུ་སུ་མ། ལྷའི་མེ་ཏོག་ཤྲིའ་སཾ་ཛྙ། དཔལ་གྱི་མིང་ཅན་ནོ་ཞེས་པ་དང་གསེར་གྱི་མེ་ཏོག་སྟེ་མིང་པ་ཏོ་ལ་དང༌། ས་རྟོལ། གསེར་མགོ གཟོང་མཆུ། སོ་ན་པུཥྤ་སོགས་སུ་གྲགས་པ་འཁྲིལ་ཤིང་གི་རིགས་དེ་དང༌། ཨ་རུ་ར་སྟེ། ལི་ཤི་སུམ་ཐང་གིས་མཆེར་ཚད་དང་སྦོ་འཁྲོག་སེལ་བར་བྱེད་ལ། ཨ་རུ་ར་དང་རྒྱ་སྐྱེགས་དང༌། ཞུ་མཁན་དང༌། བཙོད་མདུད་དེ་ཨ་རུ་བཞི་ཐང་གྱི་དོན་མཁལ་མའི་ཚད་པ་དང་གཟེར་འཁྲིག་པ་དང༌། རྒྱུ་མ་དང་ལོང་སོགས་སྨད་ཀྱི་ཚ་བ་སེལ་བར་བྱེད། ལོ་བརྒྱད་དྲི་ཆུ་སྟེ་མིང་ཨེ་ཀྲོ་ཏར་གྲགས་པ་དང་ཡང་ན་དགེ་སློང་གི་དྲི་ཆུ་ཡང་ནུས་པ་མཚུངས་ཤིང༌། རྒྱ་སྣག་ནི་རི་བོ་རྩེ་ལྔའི་ལོགས་ལ་སྐྱེས་པའི་རྩ་ཀུན་ཏུ་བཟང་པོ་ཞེས་པ་གན་སྤོས་ཀྱི་རྒྱུ་དེ་ཉིད་ཆུ་རུ་སྦངས་པའི་ཁུ་བ་བསྲེས་པའི་སྣག་ཚ་དྲི་རོ་ཕུན་སུམ་ཚོགས་ཤིང་བསིལ་ནུས་བཟང་པོ་དང་ལྡན་པ་སྟེ་དྲི་ཆུ་གཉིས་ཐང་དུ་གྲགས་པ་དེས་ཕོ་བའི་ཚད་པ་སེལ་བ་དང༌། སྙ་ལོ་ཞེས་པ་དཀར་ནག་གཉིས་ལས། དཀར་པོ་ལྡུམ་བུའི་སྐབས་བཟའ་རུང་བ་དེ་དུས་སུ་བཏུས་པའི་རྩ་བ་དང༌། བཙོད་དང༌། བོང་ང་དཀར་པོའི་ཐང་སྟེ་སྙ་ལོ་སུམ་ཐང་དང༌། དུག་མོ་ཉུང་རྒོད་འབྲས་བུ་ཆེ་བ་ལྷོ་མོན་ནས་འབྱུང་བ་བསིལ་ལ། གཡུང་བོད་སྐྱེས་འབྲས་བུ་ཆུང་ཅུང་ཟད་དྲོ་བ་གཉིས་ལས་རབ་རྒོད་དང༌། མ་འབྱོར་ན་གཡུང༌། མིང༌། ཀུ་ཊ་ཛཿ བཅད་སྐྱེད། ཤཀྲཿ བརྒྱ་བྱིན་ཤིང༌། བཏྶ་ཀཿ བུ་ཅན། གི་རི་མལླི་ཀཱ་རིགས་ཕྲེང༌། ཨེ་ཏ་སྱེེ་བ་དེའི་འབྲས་བུ། ཀ་ལིཾ་ག    ཨིནྡྲ་ཡ་བཾ། དབང་བའི་ནས། བྷ་དྲ་ཡ་བཾ་ནས་བཟང༌། པ་ལ། འབྲས། ཀྲྀརྞ་པཱ་ཀ འབྲས་ནག གཞན་བཙྪཀ་དང༌། སུ་མུ་ཁ་སྟེ་བཞིན་བཟང་སོགས་སུ་གྲགས་པ་དེ་དང༌། བོང་ང་དཀར་པོ་དང༌། ལི་ག་དུར། བ་ལེ་ཀ་སྟེ་ཨིནྡྲ་བཞི་ཐང་གང་རུང་གིས་རྒྱུ་ལོང་སོགས་སྨད་ཀྱི་ཚད་པ་མ་ལུས་པར་སེལ་ལ་དེ་ལ་ཀ་པེད་ཅེས་པ་སོགས་ཐོད་པ་འདྲ་བ་ཁ་དོག་དམར་སྐྱ་ནང་ན་འབྲས་བུ་ལེབ་མོ་ཡོད་པ་རོ་སྐྱུར་བ་དེ་དང༌། མོ་རིགས་བིཝར་གྲགས་པ་དབང་དང་བཀྲ་ཤིས་པའི་རྫས། ཕོ་རིགས་ཀྱི་མིང་ལ་ཁ་ཌ་ཀ། རསྨི་ཙི། འཁྲུ་གཅོད་གཙོ་གོ་མོ་རིགས་ཀྱི་མིང་ལ་འཆི་མེད་མཛེད་ལས། བིཝ། ཤཱནྜི་ལྱ། ཤཻ་ལཱུ་ཥ། མཱ་ལཱུར། ཤྲིའ་པ་ལ་སྟེ་དཔལ་འབྲས་བྷཻལ་རྣམས་སུ་གྲགས་པ་དེ་གཉིས་ནུས་པ་ཁྱད་མེད་པས་གང་རུང༌། འབྲས་ལ་རིགས། ལ་ལུ། ཕལ་པ། སོ་བ་གསུམ་ལས་མིང་ཨཱ་ཤུ། དྷཱ་ནྱ། ནནྜུལ། ཤཱལི་ཕྲལ་སྐད་དུ་ཙ་ཝུ་ལ། བི་ན་ཛྱེ། ཀ་ར་བེའུ། ཁ་ཟས་མཆོག འཚོ་བྱེད་ཡིད་འོང་དུ་གྲགས་པ་གཉིས་ཁ་ཚར་དུ་བཏབ་པ་ཀ་པེད་དྲུག་ཐང་གིས་ཚད་པས་འཁྲུ་བ་གཅོད་ཅིང༌། ཐང་འདི་གསུམ་གནས་ཀྱི་ཚ་སེལ་བཅུ་བདུན་གྱི་རྐང་གྲངས་གཅིག་ཏུ་ངོས་འཛིན་དགོས་ཏེ་སྔ་མ་ནི་ནུས་པ་མཚུངས་ལ་ཕྱི་མ་ནི་ཁ་ཚར་དུ་བཤད་པ་མ་གཏོགས་ཐང་རིགས་གཅིག་ཡིན་པའི་ཕྱིར། གཟེ་མ་ར་མགོ་དང༌། ལྕམ་པ་ནི་ཕོ་རིགས་མེ་ཏོག་ཧ་ལོ། །མོ་རིགས་མེ་ཏོང༌། རྒྱ་ལྕམ། མ་ནིང་ནི་གར་ཡང་སྐྱེ་བ་མིང་ལྕམ་པ་ལྷ་མོ།

        སུརྱ་བྷ་ཀྟེ་སྟེ་ཉི་དགའ་འམ་ཉི་མར་གུས། ཨརྐ། ཨརྫ་ཀ། སོ་མ་བརྫ། བྷྲ་ཧ་མི་སོགས་སུ་གྲགས་པའི་མ་ནིང་ཉིད་བསྔགས་ལ། ཁ་ཅིག་ཧ་ལོ། མ་ནིང་ཡིན་གསུང༌། སྡིག་སྲིན་ནི། གསོ་དཔྱད་ཅེ་བ་ནས། སྡིག་པ་ཡང་ཡིན་ལ། སྲིན་བུ་ཡང་ཡིན་ནོ་ཞེས་བཤད་པས་མིང་གཉིས་ཀ་སྡིག་པ་ལ་ངོས་འཛིན་པ་སྟེ། སྡིག་པ་ཀ་ཀ་ར་ཞེས་དང༌། སྲིན་བུ་ཀ་ཀ་རུ་ཞེས་མིང་ཐུན་མོང་དང་འདི་གཉིས་ལ་ནུས་པ་སོ་སོར་བཤད་པ་མེད་ཅིང༌། སྨན་སྦྱོར་གྱི་གྲངས་རྩི་བ་ན་ཡང་སོ་སོར་བགྲང་བ་མེད་དོ། །སྡིག་པ་འདི་ལ་ལྷོ་མོན་དུ་བརླན་ལ་གནས་པའི་སྡིག་པ་ཆེ་བ་དང༌། གཞན་དུ་སྐམ་ལ་གནས་པའི་སྡིག་པ་ཕལ་པ་སྟེ་ཆུ་སྨན་སོགས་སྨན་གྱི་སྐབས་ཕལ་མོ་ཆ་ལ། སྡིག་པ་ཆེ་བ་བསྔགས། གཉན་རྒོད་འདུལ་བ་དང་རྫས་ཀྱི་སྐབས་ལ་ལར་ཆུང་བ་ཡང་འགྲོའོ། །གསོ་དཔྱད་ཕྲན་བུ་དང་མན་ངག་འགའ་ནས། སྡིག་པ་དང་སྲིན་བུ་གཉིས་སུ་ཕྱེ་བ་ལས། སྲིན་བུ་དམར་ཞིབ་ལྷོ་མོན་གྱི་ཆུ་ནང་དུ་འབྱུང་བ་འདི་དང༌། དུང་གི་གཟུགས་ལྟ་བུ་ལ་གཤོག་པ་སོག་ལེ་ཅན་འདི་གཉིས་ཡིན་པས་གཉིས་ཀའང་ཆུ་སྨན་ཡིན་ཏེ་ནུས་པ་གཅིག་པར་བཤད་དོ། །ཡང་རོ་ཙའི་མན་ངག་ལ་ལར་སྲིན་བུ་ཀ་ཀ་རུ་ཞེས་པ་ཉ་ཁྱི་བ་ལ་འཇུག་པའང་ཡོད་ཀྱང་འདིར་ནི་སྡིག་དཀར་ཏེ་གཟེ་མ་སུམ་ཐང་གིས་ཆུ་འགགས་སེལ་བ་དང༌། བ་སྤྲུ་བ་ལ་རིགས་མེ་ཏོག་གིས་ཕྱེ་བའི་དཀར་ནག་གཉིས་ལས་དཀར་པོ་བྲི་ཤི་ཀ་ཞེས་བ་སྤྲུ་བ་འབྲས་བུ་མོད་པ། ཤ་རི་ཝ། ཀ་ཤོ་ཀ་མྦྷ། ཨ་ཤྭ་གནྡྷ་འམ། ཐལ་དྲེས་སོགས་སུ་གྲགས་པ། །དེ་ཡང་ཐང་ཁྲོམ་དང་རིགས་འདྲ་བས་ཆུས་བར་མ་ཆོད་ན་སྨན་དུ་སྦྱར་མི་རུང་བར་བཤད་པ་དང༌། ར་མཉེ་སྟེ་མིང་ཀ་ཀོ་ལ་འོ་མ་མེད། ཀྵི་ར་ཀ་ཀོ་ལི་འོ་མ་ཅན་བི་ར། ཅོར་རྣམས་དང་བརྡ་རྙིང་པར་ར་མོ་ཤ་ཟེར། རྡོ་རྗེ་མཁའ་འགྲོའི་འགྲེལ་པར་ཙོར་ནི་རྒན་པོ་གཞོན་ནུར་བྱེད་པའོ། །ཞེས་བཤད་པའང་འདི་ཉིད་ཡིན་ཅིང༌། དེ་དང་གཟེ་མ་སྟེ་བ་སྤྲུ་སུམ་ཐང་གིས་མངལ་གྱི་ཚད་པ་སེལ་བ་སྟེ། དེ་ལྟར་བཅུ་བདུན་པོ་ནི་གནས་ཀྱི་ཚ་བ་སེལ་བའི་ཐང་དུ་གྲགས་པ་ཡིན་ནོ།།

        གཉིས་པ་རིགས་ཀྱི་ཚ་སེལ་བརྒྱད་ནི། འབྲས་གསུམ་ཐང་གིས་ཞེས་པ་ནས། མཁྲིས་ཚད་འཇོམས་ཞེས་པའི་བར་ཚིགས་བཅད་བཞིས་བསྟན་ཏེ། ཨ་བར་སྐྱུར་གསུམ་སྟེ་འབྲས་བུ་སུམ་ཐང་གིས་རིམས་འཁྲུགས་ཚ་བའི་ནད་གསར་རྙིང་མ་ལུས་སེལ་ཞིང་སྨིན་པར་བྱེད་པ་དང༌། མ་ནུ་ཞེས་པ་སྤྱིར་མ་ནུ་པ་ཏྲ། མ་ནུ་ཏ་རྐང༌། མ་ནུ་ཤུ་ཟུར། མ་ནུ་གསེར་ཤིང༌། མ་ནུ་ལྕགས་ཐག་སོགས་རྣམ་གྲངས་མང་བ་དང༌། རྒྱ་ནག་ལུགས་ཀྱི་བསྟན་བཅོས་ལ་བྱ་ཕུར་ལེབ་ཀྱང་མ་ནུར་འདྲེན་པར་གྲགས་པས་འདིར་ལྡུམ་རར་སྐྱེ་བའི་མ་ནུ་པ་ཏྲ་དེ་དང༌། ཀནྜ་ཀ་རི་ལ། འཆི་མེད་མཛོད་ལས་མིང༌། བིད་ལིའ་ཀླ། །མཁས་མའོ། །སྤྲྀ་ཤིའ། རེག་བྱ་མའོ། །བྱཱ་གྷྲྰི་སྟག་ལྡན་ནམ་སྟག་ཚེར། པྲ་ཧ་ཏིའ། ཡངས་པའམ་ཆེན་མོའོ། །ཀནྜ་ཀཱ་རི་ཀ། ཚེར་མ་བྱེད་པའོ། པྲ་ཙོ་ད་ནིའ། རབ་ཏུ་སྐུལ་བྱེད་མའོ། །ཀུ་ལིའ། རིགས་ཅན་མའོ། །ཀྵུ་དྲ། ཕྲན་ཚེགས་མའོ། །དུཿསྤརྴྰ། རེག་ཀ་མའོ། །རཥཊི་ཀ། ཡུལ་འཁོར་སྐྱེས་པ་རྣམས་དང༌། མིང་གཞན་ག་པྲ་རིགས་དཀར་སྨུག་གཉིས་སུ་ཡོད་པ་དེ་དང༌། སླེ་ཏྲེས་ཏེ། མིང་གཞན་གུ་རི་ཙི་དང༌། ཨ་མྲྀ་ཏ་སྟེ་བདུད་རྩི་དང༌། ཚིནྣ་རུ་ཧ་སྟེ། བཅད་སྐྱོས་དང༌། བི་རཱྀ་ག་སྟེ་མཆོག་གི་ལུས་དང༌། བ་ཡཥྠ་སྟེ་ན་ཚོད་གནས། །པཏྶྰད་ནི། བུ་སྲས། ཏནྟྲི་ཀཱ། རྒྱུད་ལྡན། གྷུ་ར་ཙ་ཡ། གྷི་ལོ་ཡ་ཞེས་པ་དང༌། ཀནྐི་ཀ་ཅེས་པ་བཅུད་ལེན་དང་བུམ་རྫས་ཀྱི་སྐབས་སུ་སྔོ་རྟག་ཏུ་ངུར་འཇུག་པ་ཡོད་པས་སྐབས་ཕྱེད་པར་བྱ་དགོས། སྒ་ལ་རིགས། སྨན་སྒ། སྒ་སྐྱ། སྒ་གཤེར་གསུམ་ལས་དོང་ལ་ཤུནྜི། ཤུནྜི་ཤྲིངྒ༌། དོང་གྲ། ལི་དོང་གྲ། ཀེ་ལ་ཀ།  བི་ཤྭ་བེ་ཤ། བཅའ་སྒ་རྣམས་སུ་གྲགས་པ་ལས་འདིར་ཤུནྜི་ཨ་ར་ཏྲ་སྟེ་སྒ་སྐྱར་གྲགས་པ་རྣམས་སྦྱོར་ལུགས་རིགས་མང་ཡང་རྗེ་ཟུར་མཁར་བའི་རང་ལུགས་མ་ནུའི་འཁྲུལ་འཁོར་བདུད་རྩིའི་ཟིམ་ཆར་ལས། མ་ནུ་སླེ་ཏྲེས་ཆ་མཉམ་ན། །ཀནྜ་ཀ་རི་ཉིས་འགྱུར་བཏང༌། ཞེས་གསུངས་པས། དེ་ལ་སྒ་སྐྱ་ཚ་འདེབས་ཙམ་བསྣན་ཏེ་མ་ནུ་བཞི་ཐང་དུ་གྲགས་པའི་ཐང་གིས་རིམས་ཚད་སྨིན་པར་བྱེད་ཅིང༌། བད་ཀན་སྐྱ་བོ་རང་རྒྱུད་པ། སྨུག་པོ་སྟོངས་ཚད། ཁྲག་གཟེར་རྣམས་སེལ་བར་བྱེད་དོ། ཏིག་ཏ་རིགས་བཞི་གང་རུང༌། སླེ་ཏྲེས། གསེར་གྱི་མེ་ཏོག བྱི་ཚེར་ཏེ་མིང་བ་རི་ལ་ཀནྜ་རྣམས་ཏེ་ཏིག་ཏ་བཞི་ཐང་གིས་རིམས་ཚད་ལྕི་ཞིང་འཐིབས་པ་སེལ་བ་དང༌། ཡང་ཏིག་ཏ་དངོས་སམ་ལྕགས་ཏིག་དང་ཏིག་ཏེ། ཧོང་ལེན་མིང༌། པུ་རྩེ་ཤེལ་དང༌། གཡའ་རུག་མ་སོགས་སུ་གྲགས་པ་དང༌། སྐྱུ་རུ་ར། བ་ཤ་ཀ་སྟེ་ཏིག་ཏ་བཞི་ཐང་འདིས་ཁྲག་འཁྲུགས་ཀྱི་ཚ་བ་རོལ་ཏུ་གསོད་ཅིང༌། དྭངས་སྙིགས་འབྱེད་པ་དང༌། ཨ་རུ་ར་ལྡུམ་བུ་ཞེས་པ་རེ་རལ་ཏེ་མིང་ངུར་མོ་འབྲི་ལྕེ། ཧང་འབག་པ། རྩ་ལག་པ། རྩངས་པ་རལ་གྲི། གཡུ་སྦྲུལ་འཁྱིལ་བ་དང༌། ནང་གསེས་བེ་སྐྱེས་རེ་རལ་ལ། བེ་ལྗང་བདུད་རྩི་ཞེས་ཀྱང་གྲགས་པ་དེ་དང༌། བོང་ང་དཀར་པོ་རྣམས་བསྡུས་པའི་ཁུ་བ་ལ། ཚ་ལ་ཞེས་པ་མིང་ཏིག་ཎ་ཁད། ཧི་ངྐུ༌། དར་ཚུར། ཟངས་རྩི། རྨ་འབྱོར། ཤེལ་རྩེ་སོགས་སུ་གྲགས་པ་བཏབ་པའི་རེ་རལ་བཞི་ཐང་དེས་བྱར་དུག་དང༌། ཤ་དུག་སེལ་བ་དང༌། མ་ནུ་པ་ཏྲ། རུ་རྟ། པུ་ཤེལ་རྩེ་ཞེས་པ་རྩྭ་འཇག་མ་འདྲ་བའི་ག་པུར་གྱི་དྲི་དང་ལྡན་པ་མིང་ཨུ་ཤིར། རྩ་ག་པུར་ཞེས་ཀྱང་གྲགས་པ་དེ། བ་ཤ་ཀ་རྣམས་ཀྱི་བསྡུས་གྲང་པུ་ཤེལ་བཞི་ཐང་དུ་གྲགས་པ་དེས་སྨུག་པོ་རྒྱས་པའི་ཟུག་ཕྲལ་དུ་བཅོག་པར་ནུས་པ་དང༌། སེང་ལྡེང་ལ་མིང་ཁ་དི་ར་པི་ཏ། སེང་ལྡེང་དཀར་པོ། པི་ཊ་ཁ་དི་ར། བཤང་བའི་སེང་ལྡེང་སྟེ་ཆུ་མེད་པའི་མྱ་ངམ་ཐང་དུ་སྐྱེས་པ་བཤང་བ་དང་འདྲ་བའི་དྲི་ཅན། ཨ་རི་མེད། ཚིལ་སྒྲ། སོ་མ་བལྐ། ཟླ་བའི་ཡལ་ག ཛི་བཀྵ། ཆུ་སེར་ཁྲག་འཐུང༌། ཁུ་བ་མཛེ་འཇོམས་དང༌། ཕྲལ་སྐད་ཁ་ཧིར་སོགས་སུ་གྲགས་པར་རིགས་ཀྱིས་དབྱེ་ན་ཙན་དན་སེང་ལྡེང༌། སྐྱེར་སེང་ལྡེང༌། སོམ་སེང་ལྡེང་གསུམ་ལས་གོང་མ་གཉིས་བཟང་བས་དེ་དང༌། ཨ་རུ་ར། ཀྱི་ལྕེ་བ་འདི་ལའང་རིགས་གཉིས་ཀྱི་དཀར་པོ་ལ་ཤ་ལང་པ། བོང་བུ་རྣ་བ། ཀུ་ཀར་ཀ། བ་ཥྟུ་ཀྲནྟ། གནོད་སྦྱིན་ལྕེ། ཤེལ་ཏང་དཀར་པོ་ཞེས་དང༌། ནག་པོ་ལཾ་ཛ་མ་ཞེས་པ། སྤྱི་མིང་དུ་ཏྲ་ཡ་ན་དང༌། ཏྲ་ཡ་མཱ་ན་སྟེ་སྐྱོགས་བྱེད་ཅེས་པ་ལས་འདིར་དཀར་པོ། སྐྱེར་པའི་བར་ཤུན་རྣམས་ཏེ་སེང་ལྡེང་བཞི་ཐང་གིས་ཆུ་སེར་གྱི་ཚ་བ་རྒྱས་པ་སྐེམས་པར་བྱེད་དོ། །ཏིག་ཏ། ཀྱི་ལྕེ་དཀར་པོ། བོང་ང་དཀར་པོ་སྟེ་ཏིག་ཏ་སུམ་ཐང་གིས་མཁྲིས་ཚད་རྒྱས་པ་འཇོམས་སོ་ཞེས་པའོ།།

        གསུམ་པ་ཁ་འཐོར་བ་བཅུ་གཅིག་ནི། འབྲས་བཀྲུས་ཁུ་བ་ཞེས་པ་ནས་དང་ཁ་འབྱེད་ཅེས་པའི་བར་ཚིགས་བཅད་ལྔ་དང་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ཡང་འབྲས་སྣུམ་མེད་ཆུ་ནང་དུ་བཀྲུས་པའི་ཁུ་བར་ཕུ་ཤེལ་རྩེ་དང༌། སྦྲང་རྩི་ལ་རིགས་རྒོད་གཡུང་གཉིས་དང༌། འབྱུང་སས་ཕྱེབ་ཤིང་སྦྲང་བྲག་སྦྲང་གཉིས་སུ་གྲགས་ཀྱང༌། སྐབས་འདིར་གཡུང་བཏབ་པའི་འབྲས་བཀྲུས་སུམ་ཐང་སྟེ་རྩེ་གུར་ཞེས་པ་དུས་མེད་པར་ཉུང་དུ་ཉུང་ངུར་བཏང་བས་སྐྱུག་པ་གཅོད་པར་བྱེད། ཤིང་ཏོག་བིལ་བ་དང༌། མོ་ཉྪ་ར་སྟེ་ཀློག་གདངས་ཀྱི་ཁྱད་པར་ལས་མོན་ཆ་ར་ཞེས་པ་བེ་ནག་གི་ཁྲག་གམ་འབྲས་བུ། རྗེ་རང་བྱུང་བས་བེ་ནག་འབྲས་བུ་མོན་ཆ་ར། །འཁྲུ་བ་གཅོད་པའི་གདམས་པ་ཡིན། །ཞེས་པ་དེ་མིང་ཤ་མ་ལི། །སྣ་ནེ་ར། འགྲེམས་གཅོད་ཅེས་གྲགས་པ་དེ་དང༌། ད་ཏྲིག་ནི་ཤིང་འབྲས་བུ་དམར་ཆུང་ལུག་ཤིག་གི་སྒོ་ང་འདྲ་བ་མིང་ཨ་མྦྷི་ཡ། སྐྱུར་མོ། དན་ཏྲིག་ཅེས་པ་དེ་དང༌། སྐྱེར་པའི་མེ་ཏོག་རོང་དོག་པོའི་སྲིབས་སུ་སྐྱེས་པ་མིང༌། པཱ་ལ་ཏ་ཀའི་མེ་ཏོག་ཅེས་པ་རྣམས་ཞོ་སྨིན་ལ་མར་བྱུང་བའི་དར་བར་བཏབ་པར་བྱས་ཏེ། བིལ་བ་བཞི་ཐང་དེ་རྩེ་གུར་བཏང་ན་ཚ་གྲང་ཐུན་མོང་གི་འཁྲུ་བ་གཅོད་པར་བྱེད་དོ། །སོ་མ་ར་ཛ་ཞེས་པ་ལྷོ་མོན་ནས་འབྱུང་བ་འབྲས་བུ་ལ་ཕུག་གི་ས་བོན་ཙམ་དབྱིབས་མཁལ་མ་འདྲ་ཞིང་པགས་པ་ལ་ནེའུ་ལེའུ་རི་མོ་ཡོད་པ་མིང༌། སོ་མ་ར་ཛ། ཟླ་བའི་རྔུལ། སུ་བལླིཀ་ འདབ་ཟང༌། སོམ་ལླི་ཀཱ། ཟླ་བའི་ལྕུག་མ། ཀྰལ་མི་ཥི། ལུག་ནག ཀཱ་ཥྣ་ཕ་ལཱ། འབྲས་བུ་ནག་པོ། བཱ་གུ་ཛཱ་པཱུ་རི་ཕ་ལིའ། རུལ་བའི་འབྲས་བུ། ན་ཏྲི་མ་ར། མཛེ་འཇོམས། བི་ཛ་ཡ་སོགས་སུ་གྲགས་པ་དང༌། བོང་ང་དཀར་པོ་བསྡུས་པའི་བོང་ང་གཉིས་ཐང་དེས་དུག་ཚད་ཀྱི་སྐྱུག་པ་གཅོད་པར་བྱེད་དོ། །གུར་གུམ་དང༌། དོམ་མཁྲིས། ཚོས་ཏེ་རྒྱ་སྐྱེགས་རྣམས་བསྡུས་པའི་གུར་གུམ་སུམ་ཐང་དེས་ཁྲག་ཚད་ཀྱི་སྐྱུག་པ་གཅོད་པ་དང༌། སྤྲུ་རྩ་དཀར་ནག་གཉིས་ལས་འདིར་དཀར་པོ། སྐྱེར་པའི་བར་ཤུན། རམ་པ་སྟེ། འཆི་མེད་མཛོད་འགྲེལ་ལས། ངཱུ་རྦ་ལ་སོགས་པ་དྲུག་སྟེ། དཱུ་རྦ་ནི་དུར་བར་གྲགས་པ། ཤ་ཏ་པིརྣ་ཀཱ་ནི། ཚིགས་བརྒྱ་པ། ས་ཧ་སྲ་བི་ནི། ནུས་པ་སྟོང་ལྡན། བྷཱརྒ་བྱ་ནི་བྷྲི་གུའུའི་བུའམ་ངན་སྤོང་སྐྱེས། རུ་ཧཱ། སྐྱེ་ལྡན། ཨནྟ། མཐའ་ཡས་རྣམས་སོ། །དཱུ་རྦ་དཀར་པོའི་མིང་ལ་གོ་ལོ་མི། གླང་གི་སྤུ་སྐྱེས། ཤ་ཏ་པུཥྤ། ནུས་པ་བརྒྱ་པ། ཁནྜ་ཡི། དུམ་བུ་འཛིན། ཤ་ཀུ་ལཱཀྵ། བྱ་ཡི་མིག་གོ། །ཞེས་དང་སྡིག་པའི་དུག ཚེ་འཕེལ། ཞེས་གྲགས་པ། རྒྱ་ཆོས་རྣམས་བསྡུས་པའི་ཁུ་བར། གུར་གུམ་དང༌། དོམ་མཁྲིས། མི་མཁྲིས། སྲོག་ཆགས་ཀྱི་སྨན་སྡེར་བཤད་པའི་སྤྲུ་མ་དཀར་པོའི་འབུ་མིང་ཤུ་ཏེ་ཀྱ་པ་ཞེས་པ་དེ་དང༌། སྲན་མ་ནག་པོའི་མེ་ཏོག་མ་ཥི་པུཥྤ་ཞེས་པ་དེ་རྣམས་བཏབ་པའི་སྤྲུ་རྩ་བཅུ་ཐང་ངམ་རྡོ་རྗེ་ཁྲག་གཅོད་དུ་གྲགས་པའི་ཐང་འདིས་ནི་ཁྲག་ཤོར་མ་ལུས་ཁོང་དུ་སྦེད་པའི་མཆོག་ཅེས་པ་ཡིན་ལ། གཞན་ཡང་འདི་ལ་སྦྱོར་སྡེ་མི་འདྲ་བ་ཟུར་མཁར་བས། དེ་ལ་ཁོང་ནས་སྨན་གྱིས་བཅད་པ་དང༌། །ཕྱི་ནས་རྫས་དང་དུ་བ་གསུམ་ཡིན་ལ། །ཁོང་སྨན་སྣ་ཁྲག་རང་སྐེམས་གུར་གུམ དང༌། །དོམ་མཁྲིས་ས་རྩི་ཀ་དང་ཤིང་ཚ་རྣམས། །སྦྱར་བ་རྒྱ་ཡི་དར་ཐེམསབཞི་པ་སྟེ། །ཁྲག་ཤོར་རྒྱ་མཚོ་ཙམ་ཡང་གཅོད་པར་བྱེད། །གུར་གུམ་དོམ་མཁྲིས་ཟབ་འགྲོན་ཐལ་བ་དང༌། །སྤྲུ་མ་རེང་བུའི་མགོར་སྐྱོན་སྣ་ཡར་རྩང༌། །བུད་མེད་གསང་སྤུ་སྲམ་དང་རྟ་ཡི་སྤུ། །ཤོག་བུས་དྲིལ་བའི་དུ་བ་སྣ་ནང་བདུག །འདི་གསུམ་སྦྱོར་བས་སྣ་ཁྲག་གཅོད་པར་ངེས། །ལྟག་རྩ་དཔྲལ་རྩ་དཔུང་གསང་མེ་ཡིས་གནོན། །ཞེས་བཞེད།

        དབངཔོ་ལག་པ་ནི་ཨི་ནྡྲ་ཧ་སྟ་ཞེས་པ་སོར་མོ་བདུན་ནས་གཅིག་གི་བར་འབྱུང་ཞིང་མིང་གཞན་ཨིནྡྲ་པཱ་ཎི་དང་ཧབྠང་ཚེའུར་ཡང་གྲགས་པ་དེ་དང༌། སླེ་ཏྲེས་དང༌། ཏིག་ཏ་སྟེ་དབང་ལག་གསུམ་ཐང་གི་ཡན་ལག་ཀོར་ལེར་ཚ་བ་ཞུགས་པ་སེལ་ཞིང༌། སླེ་ཏྲེས། བྲག་ཞུན་ཨ་རུ་སྟེ་སླེ་ཏྲེས་སུམ་ཐང་གིས་དྲེག་ནད་སོགས་རྐང་པའི་ཆུ་སེར་ཚ་བ་ཐམས་ཅད་སེལ། ཤིང་མངར། ཙན་དན་དཀར་པོ། གླ་རྩི་ནི་མྲྀངྒ་མཱ་ནཱ་བྷི་རི་དྭགས་ལྟེ་བ། མྲྀངྒ་མ་ད་རི་དྭགས་ཆང༌། ཀསྟུ་རི། གླ་རྩི། རྩི་མ་གི་ཏ། མར་ཙ་འཇམ་རིལ། ལྟེ་བའི་དྲི། དྲི་ཅན་ལྕེ་བ། འདོམས་ཀྱི་ངར་རྩི། སྦྲུལ་དུག་པ་ཞེས་སོགས་སུ་གྲགས་པ་དང་ལི་ག་དུར་ཏེ་ཤིང་མངར་བཞི་ཐང་གིས་རྩ་ཡི་ཚད་པ་སེལ་བར་བྱེད་དོ། །བ་སྤྲུ་བ། སྐྱེར་པ། སླེ་ཏྲེས། ཨ་རུ་ར་རྣམས་བསྡུས་ཁུར། གུ་གུལ་དཀར་པོ་སྟེ་སྤྱིར་གུ་གུལ་ལ་དཀར་ནག་གཉིས་ལས་དཀར་པོ་ལ་སྤོས་དཀར་དང་སྤོས་ནག་གཉིས། །ནག་པོ་ལ། ཀུམྦྷ་སྟེ་བུམ་ཅན། ཨུ་ལཱུ་ཁ་ལ། ཀཽ་ཤི་ཀ་ གུགྒུལ། ཀུ་ར། འདྲེ་འཇིགས་ཐང་ཆུ། བགེགས་བསྐྲོད། ཀླུ་དུག་པ། གསོད་བྱེད་སྦྱང་ནག །རྫས་ཀྱི་ཕྱག་རྡོར། འདྲེ་གསོད་ཅེས་པ་ལས་འདིར་དཀར་པོ་མིང་འཆི་མེད་མཛོད་དུ་ཨཱ་ར་ལ། ཟུར་ཆག་པས་རཱ་ལ་ཞེས་པ་དེ། ནར་ལ་བཏེག་པའི་ཞོ་གཉིས་བཏབ་པ་བ་སྤྲུ་ལྔ་ཐང་གིས་ཤ་དང་དངས་མ་ཞུ་བའི་ཆུ་སེར་དང་པགས་པའི་ནད་ཀུན་སེལ་ཞིང༌། ཏིག་ཏ། བྱི་ཚེར་བ། ཛཱ་ཏི། སྐྱུ་རུ་ར་སྟེ་ཏིག་ཏ་བཞི་ཐང་གིས་མིག་སེར་དང་མཁྲིས་པ་ཕོ་བར་བབས་པའི་ཟུག་གཟེར་འཇོམས་པར་བྱེད་དོ། །ཡང་སེ་འབྲུ་སྣུམ་ལ་སྐྱུར་བའི་ཤིན་ཏུ་བཟང་བ་མིང་མ་དྷུ་ར་དང༌། ཕོ་བའི་གཉེན་ཞེས་པ་དང༌། གོ་སྙོད་ནི། ནི་ལི་ནི། མིག་གི་གཉེན་ཞེས་གྲགས་པ་དང༌། སྦྲང་རྩི་བཏབ་པའི་སེ་འབྲུ་སུམ་ཐང་དེས་ཚ་བའི་དང་ག་འགགས་པ་འབྱེད་པར་བྱེད་དོ་ཞེས་པའོ།།

        བཞི་པ་ཆིག་ཐང་བཅུ་བཞི་ནི། ཨ་རུའི་ཆིག་ཐང་ཕོ་བའི་མཁྲིས་པ་སེལ་ནས། ཏིག་ཏའི་ཐང་གིས་བད་ཀན་ཚད་པ་སེལ་ཞེས་པའི་བར་ནི་གོ་སླའོ། །གཉིས་པ་གྲང་སེལ་གྱི་ཐང་གི་སྡེ་ཚན་ལ་ཁ་འཐོར་བ་བཅུ་གཅིག་བཤད་པ་དང་ཆིག་ཐང་བཅུ་གཉིས་བཤད་པ་སྟེ་གཉིས། དང་པོ་ནི། གྲང་སེལ་བཅའ་སྒ་ཞེས་པ་ནས་སྦོས་པ་སེལ་ཞེས་པའི་བར་ཚིགས་བཅད་དྲུག་དང་རྐང་པ་གཅིག་གིས་བསྟན་ཏེ། གྲང་བ་སེལ་བའི་ཐང་གི་སྡེ་ཚན་ལ་བཅའ་སྒ་སྟེ་སྒ་སྨུག་གམ་ཤུནྡེ། རྒྱམ་ཚྭ་ནི་དངོས་རྡོ་ལས་བྱུང་བའི་ཤེལ་ལྟར་དངྭས་བའི་རོ་མངར་ཤས་ཆེ་བ་རྒྱ་མཚོའི་ཚྭ་ཞེས་གྲགས་པ་དེ་དང༌། མ་རྙེད་ན་ལན་ཚྭ་བཟང་པོ་སྔོ་དྭངས་ལྷད་མེད་ཀྱིས་ཚབ་རུང་ཞིང༌། ཨ་རུ་ར་རྣམས་བསྡུས་པའི་ཁུ་བ་ཚ་མོ་རྒྱམ་ཚྭ་གསུམ་ཐང་གིས་ལུས་དྲོད་ཆུང་བ་དང༌། གྲང་བའི་ནད་མ་ལུས་པ་སེལ། དེ་ལ་པི་པི་ལིང་ཞེས་པ་རིགས་ཕོ་མོ་གཉིས་ལས་འདིར་མོ་རིགས་ཕྲ་ཞིང་གྲོག་རྐེད་ཅན་བྱུང་ན་བཟང༌། མིང་པི་པྦྰ་ལི། ཀྲྀཥྣ་ནག་པོ། བཻ་དེ་ཧི། ལུས་འཕགས་སྐྱེས། མ་ག་དྷི། ཡུལ་དབུས་སྐྱེས། ཙ་བ་ལཱ་ཀ་ན། ཟེགས་མ་གཡོ་བྱེད། ཨུ་ཤ་ཎ། སྲེག་བྱེད། ཤཽནྜ། ནག་པོ་ཚན་དེ། དྲོད་སྨན་ལྗོང་མོ། སྤོད་ནར། སྨན་ནག །ག་ཛ་པི་པ་ལི་ཏེ་གླང་པོའི་པི་པི་ལིང་རིང་ཐུང་སོར་བཞི་ཙམ་ཡོད་པ་ཞིག་དང་ཚ་བ་ལ་ཞེས་པ་དེ་བསྣན་པའི་རྒྱམ་ཚྭ་བཞི་ཐང་དེས་སྨན་མ་ཞུ་བ་ཀུན་འཇུ་ཞིང༌། སྒ་དང༌། ཤིང་ཀུན་ནི། ཤིང་གི་ཐང་ཆུ་གུ་གུལ་ལྟ་བུ་མིང་རྩི་བོ་ཆེ་དང༌། ཧི་ངྐུ་མ། སྤོད་དྲི་ཆེན་མོ་གནོད་སྦྱིན་རྐང་མར་ཞེས་པ་དེ་གཉིས་བསྡུས་པའི་ཁུ་བ་ལ། ཁ་རུ་ཚྭ་ཞེས་པ་བཅོས་ཚ་ཁ་དོག་སྔོའམ་དམར་པོ་ལ་ཤེལ་ལྟར་དྭངས་པའི་སུལ་ཅན་རྭ་གཞོབ་ཅན་དེ་ཉིད་བཏབ་པའི་ཤིང་ཀུན་སུམ་ཐང་དེས་སྙིང་རླུང་སེལ་བར་བྱེད་ཅིང༌། སྒྲོན་ཤིང་ནི་ཐང་མ་གོར་ཙན་དན་ཞེས་པ་སྣུམ་ལྕི་སྲ་མཁྲེགས་བཟང་ལ། དེ་བ་ད་རུ་ཞེས་པ་ཤུག་པ་ཙན་དན་གཉིས་ལའང་འཇུག་ཀྱང༌། གྲང་རླུང་ཆུ་སེར་འཇོམས་པ་དང༌། འཇམ་རྩིའི་སྐབས་སུ་སྒྲོན་ཤིང་གི་མིང་ལ་འཇུག་པར་ཟུར་མཁར་བ་བཞེད་པ་དེ། གླ་སྒང་ནི་མོན་ལུག མོན་ཆུ་རུབ་པ། ལང་གུ་བ། རུས་མདུད། མུབྟཾ་སོགས་སུ་གྲགས་པ་དང༌། ཤིང་ཀུན། ཨ་རུ་ར་སྟེ་སྒྲོན་ཤིང་བཞི་ཐང་འདིས་ནི་རླུང་ལྡན་གྱི་རིམས་དང་གྲང་རླུང་དང་དེས་བསྐྱེད་པའི་ཁ་གདོང་གཡོ་བའི་ནད་སེལ། སེ་འབྲུ་དང་པི་པི་ལིང་དང༌། སྒ་བསྡུས་པའི་ཁུ་བར་འབྲས་ཡོས་དང་སྦྲང་རྩིའི་ཁ་ཚར་བཏབ་པའི་སེ་འབྲུ་ལྔ་ཐང་གིས་གྲང་བས་འཁྲུ་བ་དང༌། སྐྱུགས་པ། སྤོ་བ། སྒྲེག་པ། སྐྱིགས་བུའི་ནད་རྣམས་སེལ། ད་ལིས་ནི་བ་ལུ་སྟེ་རིགས་དཀར་ནག་གཉིས་ཀྱི་དཀར་པོའི་མེ་ཏོག སུག་སྨེལ་ནི་དངོས་རྒྱ་གར་ནས་འབྱུང་བའི་དཀར་པོ་ཆུང་བ་དེ་ཡིན་ལ། མ་རྙེད་ན་གློ་སུག་གམ་མོན་སུག་ཏུ་གྲགས་པ་སྨུག་པོ་ཆེན་པོ་དེས་ཚབ་རུང་ཞིང༌། མིང་སུཀྵ་མེ་ལ། ཨེ་ལ་ཕྲ་མོ། ཕྲལ་སྐད་དུ་ཨེ་ལ་ཙི་ཟེར། ཏྲི་པི་ཏྲི། སེག་རྡར་རིས་སུ་གྲགས་པ་དེ་དང༌། སྒ་གསུམ་བསྡུས་པའི་ད་ལིས་སུམ་ཐང་དེས་ནི་ལྕེ་དང་མཆུ་དཀར་བ་དང༌། སྙིང་འདར་ཞིང་འཁྲུག་པ། མཆིན་རྒུད་དང༌། ཁ་ཟས་མ་ཞུ་བ་དང༌། ཤེད་ཆུང་བ་སྟེ་ངལ་བའི་ནད་སེལ་ལ། ཁ་རུ་ཚྭ། ཟི་ར་ནི། རིགས་དཀར་ནག་སེར་གསུམ་དཀར་པོ་བསིལ། ནག་པོ་དྲོད། སེར་པོ་ཟིན་ཏིག་པ་སྟེ་ལྷོག་འདུལ་ལམ་གཟའ་དུག་པ་ཡིན་ལ་འདིར་ནི་ནག་པོ་དེ་དང༌། པི་པི་ལིང༌། ཤིང་ཚ་ཞེས་པ་ཤིང་ཀཉྩ་ཐའི་བར་ཤུན་རོ་ཚ་ཞིང་དབྱིབས་ཟངས་མ་ཁ་དོག་དམར་བ་དེ་འདྲ་བཟང་ལ། མཐུག་ཅིང་རྒྱ་སྐྱ་རོ་ཚ་ཤས་ཆུང་བ་ད་ཚྭར་གྲགས་པ་དེ་ངན་པས་འདིར་སྔ་མ་དང༌། ལ་ལ་ཕུད་ལ་དཀར་ནག་གཉིས་ལས་འདིར་དཀར་པོ་མིང་ཨ་ཛ་མོ་དང༌། ཨ་ཛ་ཝ་ན། ལུག་དགའ། ཨུ་གྲ་གནྡྷ། དྲག་ཤུལ་དྲི། བྲཧྨ་ག ཚངས་པའི་སྙིང་པོ། ཡ་མ་ནིའ་ཀ་ཡོལ་བ་ཅན་སོགས་གོ་སྙོད་དཀར་པོར་གྲགས་པ་དང༌། ཕོ་བ་རིས་ནི་དྲོད་སྨན་ཧྲིལ་མོ་སྟེ་མིང༌། མ་རིའ་ཙེ། ཨ་བ་ཀུ་ཙ། ཨ་བལྐུ་ཛ། ཧ་རེ་ནུ། ཤི་ཀྲུ་ཞེས་དང༌། གབ་ཚིག་ཏུ་ན་ལེ་ཤམ། རྒྱ་གར་ཕལ་སྐད་དུ་ཕོ་ཚེ། མ་རི་ཙི་ཞེས་གྲགས། རིགས་དཀར་ནག་གཉིས་ལས། དཀར་པོ་ལ་བྷ་ཚ་ནི་སཽ་བཉྫ་ན་ཟེར། འདིར་ནག་པོ་སྟེ་ཁ་རུ་ཚྭ་དྲུག་ཐང་གིས་ཁ་ཟས་མི་འཇུ་བའི་གྲང་བས་སྐྱུག་པ་སེལ། ཤིང་ཚ། ཁ་རུ་ཚྭའི་སྟེང༌། སྒ། པི་པི་ལིང༌། ཕོ་བ་རིས་ཏེ་ཚ་བ་གསུམ་རྣམས་འོ་མར་བཏབ་སྟེ་བཏང་བའི་ཤིང་ཚ་ལྔ་ཐང་དེས་གྲང་བ་སེལ་ཞིང་གྲང་བས་འཁྲུ་བ་གཅོད་པར་བྱེད། སུག་སྨེལ། ཟི་ར་དཀར་པོ། པི་པི་ལིང་རྣམས་འོ་མར་བསྡུས་པའི་སུག་སྨེལ་སུམ་ཐང་གིས་གཉིད་མེད་ཅིང་ཡེར་བ་འགུགས་པ་དང༌། སྒོག་སྐྱ་ནི་མིང༌། ལ་ཤུ་ན། ལྷ་མིན་ཁྲག །བྱེ་ཀུ་ན། རླུང་ནད་སེལ་བའི་བིག་པན་དུ་གྲགས་པ་དེ་སྲང་བཞི་དང༌། ཆུ་དང་འོ་མ་སྲང་བརྒྱད་འགྱུར་དུ་སྦྱར་ཚུལ་ཀྱང་ཆུ་སྲང་བརྒྱད་བསྡུས་ཏེ་སྒོག་པར་ཐིམ་པ་དང༌། སླར་སྒོག་པ་དེ་འབྲིའི་འོ་མར་བཙོས་པའི་སྒོག་པ་དང་འོ་མ་གཉིས་ཀའི་ཁུ་བ་སྒོག་སྐྱ་གཉིས་ཐང་དེས་རླུང་སྐྲན་དང་རླུང་རིམས་དང་གཟུགས་འཁུམས་པ་ལ་སོགས་པའི་རླུང་ནད་མ་ལུས་པ་སེལ་ཞིང༌། འདི་ལ་འཚོ་བྱེད་དཀོན་ཅོག་སྐྱབས་ཀྱི་དོན་ཁྲིད་ལས། སྨན་གྱི་སྦྱར་ཚད་པོ་སོན་ཆ།

        །ཞོ་ནི་བརྒྱད་ལ་སྲང་གང་སྟེ། །སྲང་གཅིག་སྦར་གང་སྲང་གཉིས་ཁྱོར། །སྲང་བཞི་སྙིང་གང་སྲང་བརྒྱད་ནི། །བྲེ་ཕྱེད་བཅུ་དྲུག་བྲེ་གང་སྟེ། །གཉིས་གཉིས་མིང་གི་རྣམ་གྲངས་ཡིན། །སྔ་ཕྱི་ཉིས་འགྱུར་གཉིས་ཀྱིས་ཏེ། །སྨན་ནི་སྐམ་པོའི་གཞལ་ཚད་ཡིན། །རློན་པ་དེ་ཡི་ཉིས་འགྱུར་གཞུག །ཅེས་བཤད་ཅིང༌། ཆུ་དང་འོ་མ་སོགས་གཤོར་བའི་སྲང་ཚད་ནི་ཡན་ལག་བརྒྱད་པའི་རང་འགྲེལ་དུ། སྲང་གཉིས་ལ་ཁྱོར་བ་གང་ངོ༌། །སྲང་བཞི་ལ་སྙིམ་པ་གང་ངོ༌། །ཞེས་གསུངས་པ་ལྟར་ཡིན་པས་མ་འཕྱུགས་པར་བྱའོ། །ཨ་རུ་ར་བསྡུས་པའི་ཁུ་བས་དོང་གྲ་སྟེ་སྒ་སྨུག་བཏབ་སྟེ་སྐོལ་བར་བྱས་པའི་ཨ་རུ་གཉིས་ཐང་དེ་ནང་རེ་བཞིན་བཏང་ན་སྐྲན་དང་མཁྲིས་པ་མིག་སེར་སེལ་བ་དང༌། ཐལ་ཚྭ་ཞེས་པ། ཐལ་བར་བཅོས་པའི་ཚྭ་རིགས་ཏེ་ཐལ་བའི་རིལ་བུ་འདྲ་བ་དང་བུ་རམ་འདྲ་བ་གཉིས་ནུས་པ་མཚུངས་པས་གང་རུང་དང་ཡ་བཀྵར་ཞེས་པ་ཟླ་ཟེར་ལས། ཡ་བཀྵ་ར་ནི་ནས་ཚིག་འཁུས་པའི་ཐལ་བའོ་ཞེས་གསུངས་པས་དངོས་ཚྭ་རིགས་ནས་ཚིག་བསྡུས་པའི་ཐལ་བར་གྲགས་ཀྱང་བོད་དུ་བུལ་ཏོག་རིགས་སྨན་གྱི་སྡེ་ཚན་ལན་ཚྭའི་རོ་བྲོབ་བག་ཕྱེ་ལྟ་བུ་སྟེ། ཐལ་ཚྭ་གཉིས་ཐང་དེས་སྦོས་པའི་ནད་རིགས་མཐའ་དག་སེལ་བར་བྱེད་དོ་ཞེས་པའོ།།

        གཉིས་པ་ཆིག་ཐང་གི་སྡེ་ནི། ཁ་རུ་ཚྭ་ཡི་ཆིག་ཐང་ཕོ་ལོག་འཇོམས་ནས། སྲེ་ལོང་ཐང་གིས་ཐོར་བུའི་རླུང་སྣ་གནོན་ཞེས་པའི་བར་ནི་གོ་སླ་ལ། རྡོ་ཐལ་ནི་རྡོ་ཞུན་རིགས་ལྔ་བསྲེགས་པའམ། ཅོང་ཞིའི་ཐལ་བའོ། སྲད་དཀར་ཞེས་པ། སྤྱིར་སྲད་མ་དཀར་ནག་དམར་གསུམ། བྱེའུ་སྲད་མའམ། སྲད་ཆུང་མ་ཞེས་པ་རྣམས་ལས། སྲད་ནག་ལ། སྨན་མཆོག་སྡོང་པོ། གཟི་མདངས་མེད་པ། གསང་བའི་སྨན་རྒྱལ་ཞེས་འབྱུང་སྟེ། འདིར་སྲད་དཀར་རོ། །སོག་ཚིགས་ནི། ནས་སྔོན་གྱི་ཚིགས་པ་དགོས་པར་བཤད་དོ། སོག་པ་ཞེས་པ་ལུག་ཐོང་ངམ་གཡག་རྒོད་ཀྱི་སོག་པ་ཤ་མེད་དགོས་པར་འགྲེལ་པ་ནས་བཤད་ལ། མིང་གཞན་སྤྲིན་མགོ་མེ་ལོང་ངམ། སོག་པའི་མེ་ལོང་ཞེས་བྱ་ཞིང༌། མ་ཞུ་ཚབས་ཆེ་ན་སོག་པ་བསྲེགས་ཐལ་གཏོང་བར་བཤད་དོ། །ནས་བསྡུས་ཞེས་པ། ནས་སྔོན་གྱི་བསྡུས་ཁུ་རྣམས་ཡིན་ནོ། །དེ་ལྟར་ཚ་སེལ་གྱི་ཐང་ལྔ་བཅུ་དང་གྲང་སེལ་ཉི་ཤུ་རྩ་གསུམ་བསྡོམས་པས་བདུན་ཅུ་དོན་གསུམ་དུ་བཞེད་པ་ལ་འགའ་ཞིག་གནས་ཀྱི་ཚ་སེལ་ལ་བཅོ་བརྒྱད་དང༌། ཆིག་ཐང་གི་ཚ་སེལ་ལ་བཅུ་བདུན་དུ་བྱས་པའི་ཚ་སེལ་ལ་ང་བཞིར་བྱེད་ཀྱང་གནས་ཀྱི་ཚ་སེལ་གྱི་སྐབས། ཆིག་ཐང་གི་ཚ་སེལ་ལ་བཅུ་བདུན་དུ་བྱས་པའི་ཚ་སེལ་ལ་ང་བཞིར་བྱེད་ཀྱང་གནས་ཀྱི་ཚ་སེལ་གྱི་སྐབས། སྙ་ལོ་བཙོད་དང་བོང་ང་དཀར་པོའི་ཐང༌། །དུག་ཉུང་བོང་ང་ག་དུར་བ་ལེ་ཀའི། །ཐང་གིས་རྒྱུ་ལོང་སྣོད་ཚད་མ་ལུས་སེལ། །ཞེས་སྙ་ལོ་གསུམ་ཐང་དང་ཨིནྡྲ་བཞི་ཐང་གཉིས་ནུས་པ་མཚུངས་ཕྱིར་ཐང་སྦྱོར་གཅིག་ཏུ་བསྡུས་པས་བཅུ་བདུན་དུ་གྲངས་ངེས་ཤིང༌། དེ་བཞིན་དུ་ཚ་སེལ་ཆིག་ཐང་གི་སྐབས། གླ་སྒང་ག་དུར་སྲོ་ལོ་དཀར་པོ་ཡི། །ཆིག་ཐང་གློ་ཡི་ཚད་པ་མ་ལུས་སེལ། །ཞེས་གླ་སྒང་ཆིག་ཐང༌། ག་དུར་ཆིག་ཐང༌། སྲོ་ལོ་ཆིག་ཐང་གསུམ་ཡང་ནུས་པ་མཚུངས་པས་ཐང་སྦྱོར་གཅིག་ཏུ་བསྡུས་པ་དང་བཙོད་དང་སྤང་རྒྱན་ཆིག་ཐང་འབྲུམ་ནག་སེལ་ཞེས་བཅོད་ཆིག་ཐང་དང༌། སྤང་རྒྱན་ཆིག་ཐང་ཀྱང་ནུས་པ་མཚུངས་ཕྱིར་ཐང་སྦྱོར་གཅིག་ཏུ་བསྡུས་པས་ཆིག་ཐང་བཅུ་བཞིར་གྲངས་ངེས་སོ།།

        གསུམ་པ་དེའི་ཆོ་ག་བཤད་པ་ལ་དེ་སོགས་ཞེས་པ་ནས་མཐུན་པ་གཅེས་ཞེས་པའི་བར་ཚིགས་བཅད་ཕྱེད་དང་གཉིས་ཀྱིས་བསྟན་ཏེ། གོང་དུ་སྨོས་པའི་ཐང་གི་སྦྱོར་བ་དེ་དག་ལ་སོགས་པ་ཁུ་བའི་སྡེ་ཚན་མཐའ་དག་སྦྱར་བའི་ཐབས་ནི་གྲང་ཐང་བྱེད་ན་ཁུ་བ་ཐོན་པར་སྦང་བ་གཅེས་ལ། བསྡུས་ཐང་ཀུན་ལ་ཁུ་བ་ཆ་གསུམ་དུ་བྱས་པའི་སུམ་གཉིས་བསྡུ་ལ་སུམ་གཅིག་ལུས་པའི་བར་བསྐོལ་ལ་གཏོང་བ་དང༌། དེ་ཡང་ཚ་སེལ་གྱི་ཐང་ནི་གྲང་མོར་བྱས་ལ་བཏང་ཞིང་གྲང་སེལ་གྱི་ཐང་རྣམས་ནི་ཚ་མོར་བཏང་བ་དང༌། དེ་བཞིན་ཚ་གྲང་འདྲེས་མའི་ནད་ལ་ནི་ཐང་ཡང་དྲོ་འཇམ་ཙམ་དུ་བསྟེན་ཞིང་ཟས་དང་སྤྱོད་ལམ་ཀྱང་ནད་ཚ་གྲང་འདྲེས་མ་སོ་སོ་དང་མཐུན་པ་བཅོས་པ་གཅེས་པ་ཡིན་ནོ་ཞེས་གསུངས་སོ།།

        གསུམ་པ་ལེའུའི་མཚན་ནི་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་བཞི་པ་ཕྱི་མ་འཕྲིན་ལས་རྒྱུད་ཀྱི་ཞི་བྱེད་དང་པོ་ཐང་གི་སྡེ་ཚན་བསྟན་པ་ཞེས་བྱ་བའི་ལེའུ་སྟེ་གསུམ་པའོ་ཞེས་པའི་དོན་ནོ།།

 

 

མཐའ་མའི་འདོན་ཐེངས་།: 05.09.2011 ཉིན། 11:42 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།