སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་གཉིས་པ། རླུང་ནད་གསོ་ཐབས་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 01.09.2011
མན་ངག་རྒྱུད། >> ལེའུ་གཉིས་པ། རླུང་ནད་གསོ་ཐབས་བསྟན་པ།

 གཉིས་པ་སྐབས་དོན་བྱེ་བྲག་ཏུ་བཤད་པ་ལ་གསུམ། བོས་ཏེ་ཉན་པར་གདམས་པ། བརྗོད་དོན་མདོར་བསྟན་པ། སླར་ཡང་རྒྱས་པར་བཤད་པའོ། །དང་པོ་ནི་དེ་ནས་ཞེས་པ་ནས་ཉོན་ཅིག་ཅེས་པའི་བར་གྱིས་བསྟན་ཏེ། མན་ངག་རྒྱུད་ཞུས་པའི་ལེའུ་ཞུས་ཚར་བའི་རྗེས་ཐོག་དེ་མ་ཐག་པ་དེ་ནས་ཡང་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །དེ་ཡང་ཀྱེ་ཞེས་བོས་ཏེ་དྲང་སྲོང་ཆེན་པོ་འཁོར་དང་བཅས་པ་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་ཅེས་པའོ། །གཉིས་པ་མདོར་བསྟན་པ་ནི། །དང་པོ་ཞེས་ཚིག་རྐང་གཉིས་ཀྱིས་བསྟན་ཏེ། དང་པོ་ནད་ཐམས་ཅད་བསྐྱེད་པའི་གཞི་ཉེས་གསུམ་གསོ་བའི་སྐབས་བསྟན་པ་ལའང་རླུང་དང་མཁྲིས་པ་དང་བད་ཀན་གསུམ་དུ་བཤད་པར་བྱའོ། །ཞེས་སོ། །གསུམ་པ་རྒྱས་པར་བཤད་པ་ལའང་བཞི་སྟེ། ལེའུ་གཉིས་པས་རླུང་གསོ་བ། གསུམ་པས་མཁྲིས་པ་གསོ་བ། བཞི་པས་བད་ཀན་གསོ་བ། ལྔ་པས་འདུས་ནད་སྨུག་པོ་གསོ་བར་བསྟན་པའོ། །དང་པོ་རླུང་ནད་གསོ་བ་ལའང་གཉིས་ཏེ་གཞུང་དོན་དང༌། ལེའུའི་མཚན་བསྟན་པའོ། །དང་པོ་གཞུང་དོན་བཤད་པ་ལའང་གསུམ་སྟེ། ཐོག་མར་བསླབ་དགོས་པའི་རྒྱུ་མཚན་བསྟན་པ། ཇི་ལྟར་སློབ་པའི་ངེས་པ་བསྟན་པ། རྒྱུན་དུ་བལྟ་རྟོག་དགོས་པར་བསྟན་པའོ། །དང་པོ་ཐོག་མར་བསླབ་དགོས་པའི་རྒྱུ་མཚན་བསྟན་པ་ནི། དེ་ལ་ཞེས་སོགས་ཚིག་རྐང་ལྔས་བསྟན་ཏེ། དེ་ལ་ཞེས་བྱ་བ་ནི་ངེས་པར་བཟུང་བའི་དོན་ཏེ་དེ་ཡང་ཉེས་པ་གསུམ་དང་ལུས་ནད་དང་བཅས་པ་དེ་ལས་རླུང་ནི་ནད་དེ་ཀུན་འཁྲུགས་པའི་རྒྱུ་སྟེ། བཤད་རྒྱུད་དུ། ཐོག་མར་རླུང་འཇུག་དེ་ནས་གཞན་འཁྲུགས་ཕྱིར། །ཞེས་སོ། །སྣ་འདྲེན་ཏེ་ནད་བསགས་པ་ཀུན་བསློང་བར་བྱེད། མཇུག་སྡུད་དེ་ནད་ཀྱི་མཇུག་བསྡུས་ནས་འཆི་བར་བྱེད་པའམ་ཚད་མཇུག་སོགས་འབུད་པའམ་ཡང་ན་བྱེར་བར་བྱེད་ཅིང་འཐོར་བར་བྱེད་དེ་གཡོ་བའི་སྐྱོན་ལས་སོ། །ཚ་གྲང་ཀུན་ལ་ཁྱབ་པར་བྱེད་དེ་གནོད་བྱ་ཀུན་ལ་རྒྱུ་བས་སོ། །རང་གི་ངོ་བོའམ་རང་བཞིན་ནམ་རང་རྒྱུད་གཞན་ལ་གནོད་པའི་འཕྲུལ་རྩོམ་པས་རང་གི་རྒྱུད་གདུག་ཅིང་ནད་མང་པོ་ལ་རྩུབ་པར་བྱེད་པ་དེའི་ཕྱིར་རྒྱུད་འདིར་ཡང་ཐོག་མར་རླུང་གི་གཉེན་པོའི་བཅོས་ཐབས་བཤད་པར་བྱ་ཡིས་དྲང་སྲོང་ཆེན་པོ་ཁྱེད་རྣམས་སེམས་གཞན་དུ་མ་ཡེངས་པར་གྱིས་ལ་ཡིད་གུས་པ་ཆེན་པོས་ལེགས་པར་ཉོན་ལ་ཟུངས་ཤིག་ཅེས་པའི་དོན་ནོ། །དེ་ལྟར་ཡང་ཟླ་ཟེར་དུ། རླུང་ནི་ཕན་དང་གནོད་བྱེད་ལ། །འདི་ནི་སྣ་ཚོགས་རྒྱུ་གཅིག་པུ། །ཁྱད་པར་དུ་ནི་ལུས་ཀྱི་ནི། །ནད་དང་ནད་མེད་རྒྱུ་གཅིག་པུ། །ཞེས་བྱ་བ་ལ། དོན་དང་དོན་མ་ཡིན་པའི་དགེ་མི་དགེའི་ལས་གཉིས་པོ་དེ་དག་བྱེད་ཅིང་རྫོགས་པར་གྱུར་པའི་གཞི་དེ་ལ་རླུང་དེ་ནི་སྲིད་པ་སྣ་ཚོགས་པའི་རྒྱུར་གྱུར་པ་གཅིག་པུ་ཁོ་ན་ཡིན་ལ་ཁྱད་པར་རམ་ལྷག་པར་ནི་ལུས་ལ་ཕན་པར་བྱེད་པ་དང༌། ནད་དང་ནད་མེད་པར་བྱེད་པའི་རྒྱུ་གཅིག་པུ་ཉིད་ཡིན་ནོ། །དེ་ནི་ཀུན་བྱེད་ཀུན་བདག་ཉིད། །སྣ་ཚོགས་གཟུགས་ཅན་སྐྱེ་རྒུའི་བདག །འབྱིན་བྱེད་འཛིན་བྱེད་ཁྱབ་འཇུག་གཙོ། །སྡུད་བྱེད་འཆི་བདག་གཤིན་རྗེར་གྱུར། །དེ་བས་དེ་ལྟར་མི་འགྱུར་བར། །རྟག་ཏུ་འབད་པ་ཉིད་དུ་གྱིས། །ཞེས་བྱ་བ་ལ། ཡང་རླུང་དེ་ནི་ལུས་ལས་སོགས་པ་ཐམས་ཅད་བསྐྱེད་པ་དང༌། སྒྲིབ་པ་དང་འཛིན་པ་ལ་སོགས་པའི་བྱ་བ་ཀུན་བྱེད་པས་ན་ཀུན་བྱེད་ཅེས་བྱའོ། །དེ་བཞིན་དུ་ཀུན་གྱི་བདག་ཉིད་ཀྱང་ཡིན་ཏེ། དེ་ནི་ཐམས་ཅད་ཀྱི་སྲོག་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་སྣ་ཚོགས་པའི་གཟུགས་ཅན་ཡང་ཡིན་ཏེ། རྣམ་པ་ཐ་དད་པའི་རང་བཞིན་ཅན་ཡིན་ནོ། །དེ་ཉིད་ནི་སྐྱེ་རྒུ་རྣམ་གནས་པར་བྱེད་པས་ན་སྐྱེ་རྒུའི་བདག་པོ། དེ་ནི་འབྱིན་པར་བྱེད་པ་ཡང་ཡིན་ཏེ། ཕྱི་དང་ནང་གི་དངོས་པོ་བསྐྱེད་པར་བྱེད་པ་ཡང་ཡིན་ནོ། །སྣ་ཚོགས་པ་འཛིན་པས་ན་འཛིན་པར་བྱེད་པ་ཡང་ཡིན་ནོ། །དེ་བཞིན་དུ་འགྲོ་བ་ཐམས་ཅད་ཁྱབ་པར་བྱེད་པའི་རང་བཞིན་ཅན་ཡིན་པས་ན་ཁྱབ་འཇུག་གོ །དེ་བཞིན་དུ་ཐམས་ཅད་ཟིལ་གྱིས་གནོན་པས་གཙོ་བོའོ། །འགྲོ་བ་རྣམས་སྡུད་ཅིང་འཆི་བར་བྱེད་པས་ན་སྡུད་བྱེད་དོ། །དེ་ཉིད་ཀྱིས་ན་འཆི་བདག་སྟེ་འགྲོ་བ་འཇིགས་པར་བྱེད་པའོ། །དེས་ན་འགྲོ་བ་རྣམས་མཐར་འཆི་བར་བྱེད་པས་ན་གཤིན་རྗེ་ཉིད་དང་འདྲ་བའི་ཕྱིར་གཤིན་རྗེའོ། །གང་གི་ཕྱིར་རླུང་འདིའི་རང་བཞིན་དེ་ལྟ་བུ་ཡིན་པ་དེའི་ཕྱིར་རླུང་དེ་ནི་ལྡང་ཞིང་འཁྲུགས་པར་མི་འགྱུར་བར་རྟག་པར་དུས་ཐམས་ཅད་དུ་འབད་པ་ཁོ་ནར་བྱའོ། །ཞེས་སོགས་རྒྱ་ཆེར་གསུངས་པའི་ཕྱིར་རོ།།

        གཉིས་པ་ཇི་ལྟར་བསླབ་པར་བསྟན་པ་ལ་ཡང་གཉིས་ཏེ། མདོར་བསྟན་པ་དང་རྒྱས་པར་བཤད་པའོ། །དང་པོ་མདོར་བསྟན་པ་ནི་རླུང་གི་ཞེས་སོགས་ཚིག་རྐང་གཉིས་ཀྱིས་བསྟན་ཏེ། རླུང་གི་ནད་དེའི་རྒྱུ་སྤྱིར་བསྟན་པ། དེ་ལ་རྐྱེན་གྱིས་བསྐྱེད་ཚུལ། དེ་ལྟར་རྐྱེན་གྱིས་བསླང་བའི་རླུང་ནད་དེའི་དབྱེ་བ་དང༌། བརྟག་ཐབས། བཅོས་ཐབས་རྣམས་བསྟན་པའོ། །གཉིས་པ་རྒྱས་པར་བཤད་པ་ལའང་ལྔ་སྟེ། རླུང་གི་ནད་ཀྱི་རྒྱུ། རྐྱེན། དབྱེ་བ། རྟགས། བཅོས་ཐབས་བསྟན་པའོ། །དང་པོ་རླུང་ནད་ཀྱི་རྒྱུ་བསྟན་པ་ནི། རྒྱུ་ནི་ཞེས་སོགས་ཚིག་རྐང་གཉིས་ཀྱིས་བསྟན་ཏེ། དེ་ཡང་གདོད་མའི་དབྱིངས་གསལ་རིག་སྟོང་གསུམ་དབྱེར་མེད་དུ་གནས་པ་དེ་ཉིད་ཡུལ་ཡུལ་ཅན་དུ་སྣང་བ་དེ་སྣང་ཙམ་ཉིད་ནས་རང་སྣང་རང་གྲོལ་དུ་མ་རིག་པར་ངའམ་བདག་ཏུ་འཛིན་པ་དེ་ལ་མ་རིག་པ་ཞེས་བྱ་ལ། དེའི་ཀུན་ཏུ་བརྟགས་པ་ལས་ཡུལ་སྣང་དོན་དུ་བཟུང་བ་གཟུང་འཛིན་ལྷན་སྐྱེས་དེ་ལས་ཕྱོགས་དང་རིགས་སུ་སྤྱད་ཅིང་རྒྱུན་འཕྲོས་པས་ཉོན་མོངས་པ་རྣམས་དང༌། དེ་དག་གི་རྩལ་ལམ་གདངས་ཀྱི་སྣང་ཆ་ལས། འབྱུང་བ་སོགས་ཕྱི་ནང་གི་རྟེན་འབྲེལ་གྱི་ཚུལ་དུ་གནས་ཤིང༌། ཞིབ་པར་དཔྱད་ན་གང་ལས་བྱུང་བ་ཞིག་ཡོད་པ་དེར་གཞན་རྣམས་ཡོད་དགོས་ཏེ། རྩ་བའི་གྱེས་གཞི་གཅིག་ལས་བྱུང་བས་སོ། །འོན་ཀྱང་ཤས་གང་ཆེ་བ་དེ་གཙོ་བོར་བྱས་པའི་མིང་སྨོས་པ་ཡིན་ལ། རྒྱུ་བྱུང་བ་གང་ཆེ་བ་དེར་དེའི་མཚན་ཉིད་ཅན་ཉོན་མོངས་པ་དང་ཉེས་པ་མཚུངས་ལྡན་རྒྱུ་འབྲས་ཀྱིས་རྣམ་པར་གནས་ཏེ། ཐལ་འགྱུར་ལས། སྣོད་ཀྱི་ཁ་དོག་བྱེ་བྲག་གིས། །མན་ཤེལ་མདོག་ཀྱང་འགྱུར་བ་བཞིན། །དྲི་མ་མེད་པའི་སེམས་ཉིད་ཀྱང༌། །འབྱུང་བའི་སྣོད་ཀྱིས་དེ་བཞིན་ནོ། །ཞེས་སོ། །འདིར་སྤྱི་རྒྱུ་ནི་མ་རིག་པ། དེ་ལས་འབྱུང་བ་ཉེ་རྒྱུ་ཡུལ་ཡིད་དུ་འོང་བ་ལ་འདོད་ཅིང༌། དེ་ལ་ཆགས་པའི་འདོད་ཆགས་ཀྱིས་རང་གི་ངོ་བོའང་ཡང་གཡོ་སོགས་ཀྱི་རྣམ་པ་ཅན། འབྱུང་བ་རླུང་དང་ཆོས་མཚུངས་དེ་ལ་བརྟེན་ཅིང་དེས་བསྐྱེད་པའི་ཉེ་རྒྱུའམ་དངོས་རྒྱུ། རླུང་ནི་བཤད་རྒྱུད་དུ། རླུང་གི་མཚན་ཉིད་ཡང་ཞིང་རྩུབ་པ་དང༌། །གྲང་ཞིང་ཕྲ་ལ་སྲ་ཞིང་གཡོ་བ་ཡིན། །ཞེས་པ་དྲུག་ལྡན་གཡོ་བ་ཡིན། །ཞེས་པ་དྲུག་ལྡན་ཏེ། ཐ་མལ་ཞེས་པ་མི་འགྱུར་བའམ་བསྒྱུར་མི་བཏུབ་པ་ལ་ཐ་ཚིག་ཅེས་དང༌། དང་པོའི་རང་མལ་ཞེས་པ་འདི་གཉིས་ཀྱི་སྒྲ་བསྡུས་པས་ཐ་མལ་ཏེ། མ་བསྒྱུར་བའི་རང་བབས་ལ་ཐ་མལ་གྱི་ཤེས་པ་ཞེས་པ་ལྟར་རོ། །རང་གི་ངོ་བོ་ནི་འཕེལ་ཟད་འཁྲུགས་པར་མ་གྱུར་པའི་གནས་སྐབས་རྣམ་པར་མ་གྱུར་པའོ། འབྲས་བུའི་མིང་རྒྱུ་ལ་བཏགས་པ་ནི། གནོད་བྱེད་ཉེས་པ་ཞེས་བྱ་སྟེ། དེའི་གནས་ཚུལ་ནི་བཤད་རྒྱུད་དུ། གནོད་བྱེད་ཉེས་པ་བརྒྱད་དེ་དབྱེ་བ་དང༌། །མངལ་དུ་གྲུབ་ཚུལ་རང་བཞིན་མེ་དྲོད་དང༌། །ལྟོ་བར་གནས་དང་ལས་དང་མཚན་ཉིད་དོ། །ཞེས་པའི་དོན་རྒྱས་བཤད་ལྟར་གནས་པ་ཡིན་ནོ། །གཉིས་པ་རྐྱེན་ལ་གཉིས་ཏེ། རྐྱེན་དངོས་བསྟན་པ་དང༌། དེས་བསྒྱུར་ཚུལ་བསྟན་པའོ། །དང་པོ་རྐྱེན་དངོས་བསྟན་པ་ནི་དེ་རྐྱེན་ཞེས་སོགས་ཚིག་རྐང་བརྒྱད་ཀྱིས་བསྟན་ཏེ། རླུང་གི་ནད་དེའི་སློང་བའི་རྐྱེན་ཁྱད་པར་བ་ནི། སྨན་དང་བཟའ་བཏུང་གི་རིགས་རོ་ཁ་བ་དང༌། རོ་ཇི་ལྟར་གྱུར་ཀྱང་ཡོན་ཏན་ཡང་ཞིང་རྩུབ་པ་དང༌། ཤུགས་ལས་སྲ་ཕྲ་སྐྱ་གཡོ་གང་དང་ལྡན་པ་བསྟེན་དྲགས་པ་དང༌། བུད་མེད་ལ་ཆགས་པ་མང་དུ་སྤྱད་པས་དུབ་པ་དང༌། ལན་མང་པོའི་བར་དུ་ལྟོ་ཆག་པ་དང༌། ཟོས་ཀྱང་ཉུང་ཟས་ཁོ་ན་ལས་མ་ཟོས་པ་དང༌། ནུབ་མང་པོར་གཉིད་ཆག་པ་དང༌། སྔ་དྲོ་ལྟོ་སྟོང་ལ་ལུས་ངག་གི་བྱ་བ་དྲག་ཤུལ་ཆེས་པ་དང༌། གཏར་བ་རྨས་པ་ལ་སོགས་པའི་བུ་ག་རྣམས་ལས་ཁྲག་མང་དུ་ཟགས་པ་དང༌། ཡང་ན་འཁྲུ་སྐྱུག་དྲག་པོས་བཏབ་པའམ། ག་བུར་ལ་སོགས་པའི་དྲི་དང་ལྡན་ནམ་མེད་ཀྱང་རུང་སྟེ་བསེར་བུས་ཡུན་རིང་དུ་བུས་པ་དང༌། ག་ཆད་པ་སྟེ་ཡིད་ཆད་ཆད་ཀྱི་བར་དུ་ངུས་པ་དང་རང་དང་གཞན་གྱི་སྒོ་ནས་མྱ་ངན་དང་སེམས་ཀྱི་ལས་ཆེ་ཆེར་བྱེད་པ་དང༌། ཉིན་མཚན་ཐོག་ཐག་ཏུ་སྨྲ་བ་སོགས་ཁའི་ལས་ཆེས་པ་དང༌། འབྲས་བུ་ལ་སོགས་པ་མ་སྨིན་པའམ་ཐལ་ཆེས་པ་ལྟ་བུ་བཅུད་མེད་པའི་ཁ་ཟས་ཁོ་ན་ཡེན་ལ་གཏད་པ་སྟེ་དེ་རྐྱང་པ་བསྟེན་པའམ། བཤང་གཅི་ལ་སོགས་པ་འབྱུང་བའི་ཤུགས་བཀག་པ་དང༌། མི་འབྱུང་བཞིན་དུ་ནན་གྱིས་བཙིར་བ་ལ་སོགས་པའི་རྐྱེན་དེ་རྣམས་ཀྱིས་རླུང་གི་ནད་གློ་བུར་དུ་ལྡང་བར་བྱེད་པ་ཡིན་ནོ། །དེ་ལྟར་ཡང་སློབ་དཔོན་གྱི་རང་འགྲེལ་ལས། དེ་ལས་རླུང་དུ་གྱུར་པའི་ནད།  གཞི་ནི་རོ་ཁ་བ་དང་ན་ལེ་ཤམ་དང་རོ་བསྐ་བའི་རྩུབ་བག་ཟ་བ་དང༌། ཁ་ཟས་ཆུང་ངུར་ཟ་བ་དང༌། ཁ་ཟས་རྩུབ་པར་ཟ་བ་དང༌། རྟག་ཏུ་ཁ་ཟས་ཚོད་བཟུང་སྟེ་དབུ་ཟུངས་ཟུངས་སུ་ཟ་བ་དང༌། བཤང་གཅི་ཡོང་བ་དགག་པ་དང༌། ཡང་ན་བཤང་གཅི་མི་འོང་བཞིན་དུ་བཙིར་བ་དང༌། མཚན་མོ་ཐོག་ཐག་མི་ཉལ་བ་དང༌། སྐད་ཆེན་པོ་དྲག་པར་སྨྲ་བ་དང༌། བཀྲུ་སྨན་དང་སྐྱུག་སྨན་ཧ་ཅང་མང་བར་བཏང་བ་དང༌། འཇིགས་པ་དང༌། མྱ་ངན་དང༌། སེམས་ལས་དང༌། དྲག་ཤུལ་རྩོལ་དྲགས་དང༌། ལས་ཁུར་ཆེས་པ་དང༌། བུད་མེད་ལ་ཧ་ཅང་དྲེགས་པ་རྣམས་ཀྱིས་རླུང་ནད་བསློང་བའི་རྐྱེན་བྱེད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ།།

        གཉིས་པ་དེས་བསྒྱུར་ཚུལ་བཤད་པ་ནི། རྐྱེན་དེ་ཞེས་ཚིག་རྐང་བཞིས་བསྟན་ཏེ། དེ་ཡང་གོང་དུ་བཤད་པ་སོགས་ནད་དང་ཆོས་མཐུན་པའི་སྐྱེད་བྱེད་ཀྱིས་རྐྱེན་དེས། མཚན་ཉིད་དེ་མཐུན་དྲུག་པོ་འཕེལ་ནས་རང་གི་གནས་ནི་རོའི་རྗེས་སུ་འབྲང་བ་ལུས་ཀྱི་ཆ་ཤས་ཀུན་ལ་རོའི་བྱེ་བྲག་མི་འདྲ་བ་གང་དང་གང་ལ་དེ་དང་དེ་བརྟེན་པ་དང༌། ཁམས་གཅིག་ལའང་ཤས་ཆེ་ཆུང་ཡོད་པ་ཡིན་ཏེ་བཤད་རྒྱུད་དུ། ཁུ་ཁྲག་རླུང་གི་རྩུབ་ནག་རོ་བསྐ་ལ། །ཞེས་པ་སོགས་ལས། ཤུགས་བསྟན་དུ་མཚན་ཉིད་དྲུག་པོ་གང་དུ་འཕེལ་བ་དེར་རང་གནས་སུ་འགྲོ་ཡང༌། དངོས་བསྟན་དུ་རོ་ཁ་བསྐ་ནུས་པ་ཡང་རྩུབ་སོགས་ལ་བརྟེན་པའི་མཚན་ཉིད་ཅན་གྱི་རླུང་ཤས་ཆེ་བ་ལ་དགོངས་ནས། ཞུ་བའི་གནས་དང་དཔྱི་མིག་རུས་ཚིགས་དང༌། །རེག་བྱ་རྣ་བ་རླུང་གི་གནས་ཡིན་ཏེ། །ཁྱད་པར་ཞུ་གནས་ལོང་ན་གནས་པ་ཡིན། །ཞེས་པ་རྣམས་སུ་རང་གི་མཚན་ཉིད་འཕེལ་ཞིང༌། དེ་མཐུན་མེ་ཤིང་འཕྲད་པར་རླུང་གིས་བུས་པ་ལྟར་མང་དུ་གསོག་ལ། རང་གི་ནུས་པ་ཆེར་ཐོབ་པའི་སྟོབས་རྒྱས་ནས། དུས་གདོན་ཟས་སྤྱོད་ཀྱི་རྐྱེན་དང་འཕྲད་པ་ལས་མགོ་གནོན་མེད་པར་ཕྱོགས་གཅིག་སོང་བས་རླུང་ནད་དུ་རྣམ་པར་གྱུར་ནས་སྡུག་བསྔལ་བསྐྱེད་པ་ལས་ལངས་པའི་རྐྱེན་ཡིན་པས་སློང་བའི་ཐ་སྙད་བྱས་པ་ཡིན་ལ། དེ་ལྟར་གསོག་ལྡང་བྱེད་ཀྱང་རྐྱེན་ཧ་ཅང་དྲག་པོ་བྱུང་ན་སྟོབས་མྱུར་དུ་འཕེལ་ནས་གསོག་ལྡང་དུས་གཅིག་ཏུ་བྱེད་པའང་ཡོད་དོ། །ལངས་ནས་རང་གནས་དང་གཞན་ཀུན་ཏུ་འགྲོ་བ་ལས། ཟས་སྐོམ་རླུང་ཁྱབ་བྱེད་ཀྱིས་བུ་ག་རྣམས་སུ་གཏོར་བས། བུ་ག་དེའི་མཚན་ཉིད་དང༌། དེ་དུས་ཀྱི་རྐྱེན་གྱིས་ཤ་ལ་རྒྱས་པ་པགས་གྲམས་རྩ་རྒྱུག་རུས་ཞེན་དོན་བབས་སྣོད་ལྷུང་སྟེ་འཇུག་པའི་སྒོ་དྲུག་ཏུ་ཞུགས་ནས་རང་གི་མཚན་ཉིད་དང་འབྲེལ་བའི་རྟགས་སྟོན་པར་བྱེད་པ་སྟེ། མེའི་ཚ་རེག་ཅན་གྱིས་རྟགས་ཚ་རེག་སྟོན་པ་བཞིན་ནོ། །རྒྱུ་རྐྱེན་ཞུགས་ཚུལ་གྱི་གོ་དོན་མདོར་བསྡུས་ན། སྤྱིའི་རྒྱུ་མ་རིག་པའི་ངོ་བོ་བདག་འཛིན་དེས་ཀུན་དུ་འཁྲུལ་བ་ལས། རིང་རྒྱུ་ཡུལ་འདོད་ཅིང་ཆགས་པའི་འདོད་ཆགས་ཀྱིས་འདུ་བྱས་བྱས་ཤིང་བསགས། དེས་བསྐྱེད་པའི་ཉེ་རྒྱུའམ་དངོས་རྒྱུ་རླུང་གི་མཚན་ཉིད་ཡང་རྩུབ་གྲང་སྲ་ཕྲ་གཡོ་དྲུག་འཕེལ་ཟད་འཁྲུགས་པར་མ་གྱུར་པར་མཐུན་པའི་ལས་བྱེད་པ་ལ་ཐ་མལ་དུ་གནས་པ་ཞེས་བྱ་སྟེ་རྒྱུའོ། །དེ་ལྟར་གནས་པ་ལས་བསྐྱེད་པའི་རྐྱེན། དེ་རྐྱེན་ཁ་དང་ཡང་རྩུབ་བསྟེན་དྲགས་སོགས་ཀྱིས་ཆེར་སྐྱེས་པ་ནས་དང་པོ་རང་རང་གི་གནས་སུ་འཕེལ་ཞིང་སྟོབས་རྒྱས་པ་དེ་རང་རང་གི་རྐྱེན་ཕྲན་བུས་ཀྱང་སློང་བར་བྱེད་ལ། རྐྱེན་སྟོབས་ཆེ་ན་འཕྲལ་དུ་གསོག་ལྡང་ལྷན་ཅིག་བྱེད། ལངས་པ་དེ་བསགས་པ་སོགས་འཇུག་སྒོ་དྲུག་ལ་ཞུགས་ནས་རྐྱང་པ་ལྡན་འདུས་གང་ཡིན་པའི་རང་རྟགས་སྟོན་པར་བྱེད་དོ། །ཞེས་སོ། །གསུམ་པ་དབྱེ་བ་བཤད་པ་ལ་གསུམ། མཚམས་སྦྱོར་བ། མདོར་བསྟན་པ། རྒྱས་པར་བཤད་པ་དང་གསུམ་མོ། །དང་པོ་ནི། བདེ་མེད་ཅེས་ཚིག་རྐང་གཅིག་གིས་བསྟན་ཏེ། སྔར་གོང་དུ་བཤད་པའི་རླུང་ནད་ཀྱི་རྒྱུ་དེ་ཉིད་རྐྱེན་གྱིས་བསླང་ནས་འཇུག་སྒོ་དྲུག་ཏུ་ཞུགས་པས་བདེ་བ་མེད་པར་བྱེད་པའི་རླུང་ནད་ཨ་ཝ་རྟ་སོགས་ཉི་ཤུ། རེངས་ཁུམས་སོགས་བརྒྱད། པགས་འགྲམས་སོགས་ཉེར་བརྒྱད། མགོ་རླུང་སོགས་བདུན། དྲིལ་བས་དྲུག་ཅུ་རྩ་གསུམ་འབྱུང་བ་ཡིན་ནོ། །གཉིས་པ་མདོར་བསྟན་པ་ལ་གཉིས་ཏེ། དེ་ལ་ཞེས་ཚིག་རྐང་གཅིག་གིས་བསྟན་པ་དེ་ལའང་སྤྱིར་དབྱེ་བ་དང༌། བྱེ་བྲག་ཏུ་དབྱེ་བ་བཤད་པའོ། །དང་པོ་སྤྱིར་དབྱེ་བ་ལ་གཉིས་ཏེ། མདོར་བསྟན་པ་དང་རྒྱས་པར་བཤད་པའོ། །དང་པོ་ནི། སྤྱི་ལ་ཞེས་ཚིག་རྐང་གཅིག་གིས་བསྟན་ཏེ། རླུང་ནད་སྤྱི་ལ་དབྱེ་ན་རིགས་ཀྱི་སྒོ་ནས་དབྱེ་བ་དང་གནས་ཀྱི་སྒོ་ནས་སྦྱར་བའི་དབྱེ་བ་དེ་གཉིས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས། རིགས་ཀྱི་དབྱེ་བ་རྒྱས་པར་བཤད་པ་དང༌། གནས་ཀྱི་དབྱེ་བ་རྒྱས་པར་བཤད་པ་གཉིས་ལས། དེ་ཡང་རིགས་དང་གནས་ཀྱི་ཁྱད་པར་ནི། རང་གི་མཚན་ཉིད་གཞན་གྱི་མཚན་ཉིད་དང་འདྲེས་ནས་འཕེལ་ཟད་འཁྲུགས་ཤིང༌། རྣམ་པར་མ་གྱུར་པའི་དུས་ཀྱི་རང་རང་གི་རྒྱུ་ལམ་མ་ཡིན་པར་བུ་གའི་ལམ་ལོག་པར་ཞུགས་པ་ལ་རིགས་ཞེས་བྱ་སྟེ། རླུང་གི་རིགས་ཡིན་ཀྱང་ཞུགས་པ་དང་གྲོགས་ཀྱི་བྱེད་པས་རྣམ་གྲངས་ཉེར་བརྒྱད་དུ་བསྡུས་སོ། །རང་གི་མཚན་ཉིད་རྐྱང་པ་འཕེལ་ནས་གནོད་བྱ་ལ་ཞུགས་པ་ལ་གནས་གཙོ་བོར་བྱས་པའི་སོ་ལྔར་བསྡུས། དེ་ཡང་ནད་ཀྱི་ངོ་བོ་དང་སྦྱར་བ་རིགས་ཀྱིས་དབྱེ་བ། ཞུགས་པ་དང་སྦྱར་བ་གནས་ཀྱིས་དབྱེ་བ་སྟེ་གཙོ་བོར་སྦྱར་བ་གཉིས་སོ། །དེ་ཡང་ཞིབ་པར་བཤད་ན། ཉེས་པའི་མཚནཉིད། གྲོགས་ཀྱི་མཚན་ཉིད། གནས་ཀྱི་མཚན་ཉིད། དེ་དག་འཕེལ་ཟད་འཁྲུགས་པའི་རྣམ་གྱུར་ལས་ནད་མཐའ་ཡས་པ་འབྱུང་ངོ༌།

        དང་པོ་རིགས་རྒྱས་པར་བཤད་པ་ལ་གཉིས། ངོ་བོ་བཤད་པ་དང༌། དབྱེ་བ་བཤད་པའོ། །དང་པོ་རིགས་ནི་ཞེས་ཚིག་རྐང་གཅིག་གིས་བསྟན་ཏེ། རླུང་ནད་རིགས་ཀྱི་དབྱེ་བས་རང་རང་གི་མཚན་ཉིད་གཞན་གྱི་མཚན་ཉིད་དང་འདྲེས་ནས་འཕེལ་ཟད་འཁྲུགས་ཤིང་རྣམ་པར་མ་གྱུར་པའི་དུས་ཀྱི་རང་རང་གི་རྒྱུ་ལམ་མ་ཡིན་པར་བུ་གའི་ལམ་ལོག་པར་ཞུགས་པ་ལ་རིགས་ཀྱི་ངོ་བོ་ཞེས་བྱའོ། །གཉིས་པ་དབྱེ་བ་རྒྱས་པར་བཤད་པ་ལའང་གཉིས་ཏེ། རྒྱས་པར་བཤད་པ་དང༌། མདོར་བསྡུས་བཤད་པ་གཉིས་ལས། དང་པོ་རྒྱས་པར་བཤད་པ་ནི། རླུང་ནད་ཅེས་སོགས་ཚིག་རྐང་བདུན་གྱིས་བསྟན་ཏེ། རླུང་ནད་རིགས་ཀྱི་སྒོ་ནས་དབྱེ་བ་ཨ་ཝ་རྟ་དང༌། །ད་རྒན་ཕྱིར་དགྱེད་དང༌། ནང་གུག་དང༌། འགྲམ་པ་ཉམས་པ་དང༌། ལྕེ་ལྡིབ་དང༌། ཕྱོགས་གཅིག་གུག་པ་དང༌། རྩ་འཛིན་དང༌། གཞོགས་ཕྱེད་སྐམས་པ་དང༌། ལུས་ཀུན་སྐམས་པ་དང༌། ཤིང་ལྟར་རེངས་པ་དང༌། དཔུང་བ་འཇའ་བ་དང༌། བི་ཤ་རྩེ་དང༌། སྲ་འཐེང་དང༌། བརླ་རེངས་དང༌། ཅེ་སྤྱང་མགོ་དང༌། ཚེར་མ་དང་། གཟུགས་འཁུམས་དང༌། ཁ་ལི་དང༌། རྐང་པ་བརྩེ་བ་དང༌། རྐང་པ་ཚ་བ་ཞེས་བྱ་སྟེ་ཉི་ཤུར་བཤད་པ་ཡིན་ནོ། །གཉིས་པ་རླུང་ནད་མདོར་བསྡུས་ཀྱི་དབྱེ་བ་བཤད་པ་ནི། མདོར་བསྡུས་ཞེས་སོགས་ཚིག་རྐང་གཉིས་ཀྱིས་བསྟན་ཏེ། རླུང་ནད་རིགས་ཀྱི་དབྱེ་བར་བཤད་པའི་ཉི་ཤུ་བོ་དེ་ཉིད་ཀྱང་མདོར་ཧྲིལ་གྱིས་བསྡུས་ན། རེངས་པ་དང༌། འཁུམས་པ་དང༌། སྐམས་པ་དང༌། སྦོས་པ་དང༌། འཕྱེས་པ་དང༌། གཟེར་བ་དང༌། འཕྱོས་པ་དང༌། བོག་པ་སྟེ་བརྒྱད་དུ་བསྡུས་པ་ཡིན་ནོ། །གཉིས་པ་རླུང་ནད་གནས་ཀྱི་དབྱེ་བ་བཤད་པ་ལ་གཉིས་ཏེ། ངོ་བོ་དང༌། དབྱེ་བ་བཤད་པའོ། །དང་པོ་ངོ་བོ་བཤད་པ་ནི། གནས་ནི་ཞེས་ཚིག་རྐང་གཅིག་གིས་བསྟན་པ་སྟེ། རླུང་ནད་གནས་ཀྱི་དབྱེ་བ་ནི་རང་གི་རྒྱུད་རྐྱང་པ་འཕེལ་ནས་གནོད་བྱ་ལ་ཞུགས་པ་ལ་གནས་ཀྱི་དབྱེ་བའི་ངོ་བོ་ཞེས་བྱའོ། །གཉིས་པ་དབྱེ་བ་དངོས་བཤད་པ་ལ་གཉིས་ཏེ། རྒྱས་པར་བཤད་པ་དང༌། མདོར་བསྡུས་བཤད་པ་གཉིས་ལས། དང་པོ་ལའང་གཉིས་ཏེ་མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི་པགས་གྲམས་ཞེས་སོགས་ཚིག་རྐང་གསུམ་གྱིས་བསྟན་ཏེ། རླུང་ནད་གནས་ཀྱི་དབྱེ་བ་པགས་ལ་གྲམས་ཤིང་ཤ་ལ་རྒྱས་པ་དང་རྩར་རྒྱུ་བ་དང་རུས་ལ་ཞེན་པ་དང་དོན་ལ་བབས་པ་དང་སྣོད་དུ་ལྷུང་བ་དང་དབང་པོ་ལྔ་ལ་མེ་ཏོག་ཤར་བ་རྣམས་སོ། །གཉིས་པ་རྒྱས་པར་བཤད་པ་ནི་དེ་ལ་ཞེས་སོགས་ཚིག་རྐང་བརྒྱད་ཀྱིས་བསྟན་ཏེ། དེ་ཡང་དེ་ལ་ཞེས་པ་ནི་ངེས་པར་བཟུང་བའི་དོན་ཏེ། གོང་དུ་མདོར་བསྟན་དུ་བཤད་པ་དེ་ལས་དབྱེ་བ་པགས་ལ་གྲམས་པ་དང་གཅིག །གཉིས་པ་ཤ་ལ་རྒྱས་པ་དང་ཚིལ་ལ་ཞུགས་པ་སྟེ་གཉིས། གསུམ་པ་རྩར་རྒྱུག་པ་དང༌། ཆུ་བར་ཞུགས་པ་དང༌། ཁྲག་ལ་ཞུགས་པ་སྟེ་གསུམ། བཞི་པ་རུས་ལ་ཞེན་པ་དང༌། ཚིགས་ལ་ཞུགས་པ་དང༌། རྐང་ལ་ཞུགས་པ་དང༌། བཅུད་ལ་ཞུགས་པ་སྟེ་བཞི། ལྔ་པ་གློ་བ་དང་སྙིང་དང་མཆིན་པ་དང་མཚེར་བ་དང་མཁལ་མར་ཞུགས་པ་སྟེ་ལྔ། དྲུག་པ་ཟས་དང༌། མ་ཞུ་བ་དང༌། ཞུ་བ་རྣམས་ཀྱི་གནས་སུ་ཞུགས་པ་དང༌། མཆིན་འདབ་ཀྱི་མཁྲིས་པ་དང༌། བཤང་བ་དང༌། གཅི་བ་དང༌། མངལ་དུ་ཞུགས་པ་སྟེ་བདུན། དབང་པོ་མགོ་བོ་དང༌། མིག་དང༌། རྣ་བ་དང༌། སྣ་དང༌། སོ་ལ་ཞུགས་པ་སྟེ་ལྔ། ལུས་ཀུན་ལ་སྤྱིར་ཁྱབ་ཏུ་ཞུགས་པ་དང་བཅས་པ་དྲིལ་བས་ཉི་ཤུ་བརྒྱད་དུ་བཤད་པ་ཡིན་ནོ། །གཉིས་པ་མདོར་བསྡུས་ཏེ་བཤད་པ་ནི། མདོར་བསྡུས་ཞེས་སོགས་ཚིག་རྐང་གཉིས་ཀྱིས་བསྟན་ཏེ། བཤད་མ་ཐག་པའི་རླུང་ནད་གནས་ཀྱི་དབྱེ་བ་དེ་རྣམས་ཀྱང་དོན་མདོར་ཧྲིལ་གྱིས་བསྡུས་ནས་བཤད་ན། མགོ་རླུང་དང༌། སྙིང་རླུང་དང༌། གློ་རླུང་དང་། མཆིན་རླུང་དང༌། ཕོ་རླུང་དང༌། ལོང་རླུང༌། མཁལ་རླུང་སྟེ་བདུན་ནོ།།

གཉིས་པ་བྱེ་བྲག་གི་དབྱེ་བ་བཤད་པ་ནི། བྱེ་བྲག་ཅེས་སོགས་ཚིག་རྐང་གསུམ་གྱིས་བསྟན་ཏེ། རླུང་ནད་བྱེ་བྲག་གམ་ནང་ཚེགས་ཀྱི་དབྱེ་བ་སྲོག་འཛིན་དང༌། གྱེན་རྒྱུ་དང༌། ཁྱབ་བྱེད་དང༌། མེ་མཉམ་དང༌། ཐུར་སེལ་ཏེ་རྐྱང་པ་ལྔ། སྲོག་འཛིན་དང་བད་ཀན་འདྲེས་པ། དེ་བཞིན་དུ་ལྷག་མ་གཞན་བཞི་ལ་སྦྱར་བས་ལྔ། སྲོག་འཛིན་དང་མཁྲིས་པ་འདྲེས་པ། དེ་བཞིན་དུ་ལྷག་མ་གཞན་བཞི་ལ་སྦྱར་བས་ལྔ་སྟེ་འདྲེས་ནད་ཅན་བཅུ་རུ་བཤད་པ་ཡིན་ནོ། །རྐྱང་འདྲེས་གཉིས་ཀ་དྲིལ་བས་བཅོ་ལྔའོ། །འདི་དོན་ལ་དཔྱད་ན་རླུང་གི་མཚན་ཉིད་དྲུག་ལྡན་གྱི་རང་བཞིན་ཅན་རྣམ་པར་མ་གྱུར་ན་མཐུན་པའི་བྱེད་པ་ཅན་ཏེ་རྐྱང་པ་དང་འཁྲུགས་པའི་ངོ་བོ་ལ་བལྟོས་ན་རིགས་དང༌། ཞུགས་པ་ལ་བལྟོས་ན་གནས་སུ་འགྱུར་ཡང༌། ནང་ཚེགས་འབྱེད་པའི་ཕྱིར་བྱེ་བྲག་ཏུ་བཞག་ཅིང༌། རླུང་ནད་མཐའ་དག་རྐྱང་པ་ལྔ་ལས་འཕྲོས་པར་འདོད་དགོས་ཏེ། དཔེར་ན་ཡི་གེ་མཐའ་དག་དབྱངས་གསལ་ལས་འཕྲོས་པ་ལྟར་རོ། །དེ་ལ་སྤྱིར་དྲུག་ཅུ་རེ་གསུམ། དེའི་སྟེང་དུ་བྱེ་བྲག་བཅོ་ལྔ་སྟེ་བདུན་ཅུ་དོན་བརྒྱད་འབྱུང་བ་ཡིན་ནོ། །བཞི་བ་བརྟག་ཐབས་བཤད་པ་ལ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་དང༌། མཇུག་བསྡུ་བའོ། །དང་པོ་མདོར་བསྟན་པ་བཤད་པ་ནི། བརྟག་པའི་ཞེས་སོགས་ཚིག་རྐང་གསུམ་གྱིས་བསྟན་ཏེ། དེ་ཡང་བརྟག་ཐབས་ལ་སློང་རྐྱེན་ཡིན་ཡང་དེ་མཚུངས་ཀྱི་ཉེས་པ་འཕེལ་བར་བྱེད་པས། རྒྱུའི་ཐ་སྙད་བྱས་པ་སློང་བ་རྒྱུའི་སྒོ་ནས་བརྟག་པ་དང༌། མཚན་ཉིད་ཅན་གྱི་རང་རྟགས་སྟོན་པ་ལས་དངོས་ཀྱི་བརྟག་པ་དང༌། ཕན་གནོད་གོམས་པ་ལས་རྗེས་སུ་དཔག་པའི་བརྟག་པ་དང་གསུམ་ཡོད་དོ། གཉིས་པ་རྒྱས་པར་བཤད་པ་ལ་གསུམ་ལས། དང་པོ་སློང་བ་རྒྱུའི་སྒོ་ནས་བརྟག་པ་ནི། དང་པོ་ཞེས་སོགས་ཚིག་རྐང་བཞིས་བསྟན་ཏེ། བརྟག་པ་ཀུན་གྱི་ནང་ནས་དང་པོ་སློང་བ་རྒྱུའི་སྒོ་ནས་བརྟག་པ་བསྟན་པ་ནི། གོང་གི་ཟས་དང་སྤྱོད་ལམ་སོགས་རྐྱེན་གྱི་སྐབས་སུ་བཤད་པ་རྣམས་ཀྱིས་བསླངས་ནས་ན་ན། རླུང་ལས་གཞན་པའི་ནད་གཞན་མི་སྲིད་ཅིང༌། དེའི་ཕྱིར་སྔ་ཕྱི་གོ་རིམ་མ་འཆོལ་བར་དང་པོ་རྒྱུའི་སྒོ་ནས་བརྟག་པ་འདི་ཉིད་གཅེས་པས་ན་ཐོག་མར་བསྟན་པ་ཡིན་ནོ། །གཉིས་པ་མཚན་ཉིད་རྟགས་ཀྱི་སྒོ་ནས་བརྟག་པ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་མདོར་བསྟན་པ་ནི་མཚན་ཉིད་ཅེས་ཚིག་རྐང་གཅིག་གིས་བསྟན་ཏེ། རླུང་མཚན་ཉིད་དྲུག་ལྡན་དེ་ཉིད་རྣམ་འགྱུར་ནད་ཀྱི་བརྟག་པ་བསྟན་པ་དེ་ལའང་སྤྱིར་བརྟག་པ་དང་བྱེ་བྲག་ཏུ་བརྟག་པ་སྟེ་རྣམ་པ་གཉིས་སོ།།

        གཉིས་པ་རྒྱས་པར་བཤད་པ་ནི། སྤྱི་རྟགས་ཞེས་སོགས་ཚིག་རྐང་བཅོ་ལྔས་བསྟན་ཏེ། རླུང་ནད་སྤྱིའི་རྟགས་ཀྱི་རྩ་ནི་ཁོང་ཤིན་ཏུ་སྟོང་ཞིང་ཁ་ལ་རྐྱལ་བ་དང༌། ཆུ་ནི་ལུ་མའི་ཆུ་འདྲ་བར་སྔོ་ལ་དྭངས་ཤིང་ཕལ་ཆེར་མི་ལྡོག་ལ། གལ་ཏེ་ལྡོག་ཀྱང་དེའི་རྗེས་སླ་བ་དང༌། འགྲོ་འདོད་ཅིང་ཐང་ཆད་པའི་སྐབས་ལྟར་ཤུས་འདེབས་པ་དང༌། ཤེས་པ་ཡང་ལ་གཏད་མེད་དུ་འཕྱོ་བ་དང༌། མགོ་བོ་ཟི་འཁོར་བྱེད་ཅིང་རྣ་བ་འུར་ལ་འཁྲོག་པ་དང༌། ལྕེ་སྐམ་ཞིང་དམར་ལ་རྩུབ་པ་དང༌། ཅི་ཡང་མ་ཟོས་ཀྱང་ཁ་ལ་རོ་བསྐ་བ་དྲོ་བ་དང༌། གཟེར་བ་ངེས་མེད་དུ་འཕོ་ཞིང་ལུས་གྲང་ལ་རྩེ་འདར་བར་བྱེད་པ་དང༌། ལུས་འགུལ་བསྐྱོད་བྱས་པའི་ཚེ་ཀུན་ལ་ཁྱབ་པའམ་ཡང་ན་ཀོ་ལེར་ཟུག་པ་དང་སྙོམས་པ་སྟེ་སྒྱིད་ལུག་པ་དང༌། ལུས་ཡན་ལག་དང་བཅས་པ་རེངས་པའམ་ཡང་ན་བརྐྱང་བསྐུམ་མི་ཤེས་པར་འཁུམས་པ་དང༌། ཤ་པགས་བྱེ་བ་དང༌། རྒྱུད་རྐང་ཆག་པ་སྙམ་བྱེད་པ་དང༌། མིག་ལ་སོགས་པ་ཕྱིར་འབྱིན་པ་དང༌། ཡན་ལག་གཞན་གྱིས་དཀྲིས་སྙམ་བྱེད་པ་དང༌། འགུལ་ན་ཟུག་ལྷག་པར་དུ་ཆེ་ཞིང་བ་སྤུ་བརྩེ་བ་དང༌། ཕྲུམ་སེར་ཁྱེར་བ་དང༌། མཚན་མོ་ཡང་གཉིད་མེད་ཅིང་གཡལ་འདར་བ་དང་རྨྱང་བར་འདོད་པ་དང་ཚིག་པ་ཟ་བ་རྣམས་འབྱུང་ལ། དཔྱི་རྐེད་དང་རུས་ཚིགས་མ་ལུས་པ་བརྡུངས་པ་སྙམ་དུ་བྱེད་པ་དང༌། ལྟག་པ་དང་བྲང་དང་མུར་འགྲམ་ལ་ལྷག་པར་དུ་ཟུག་ཅིང་གཟེར་བ་དང༌། ཨན་སྟོང་དང་ཚིགས་པ་དང་པོ་ལ་སོགས་པའི་རླུང་གསང་རྣམས་ནི་ཁ་བྱེ་ཞིང་མནན་ན་ན་བ་དང༌། སྟོང་སྐྱུགས་བྱེད་ཅིང་ཐོ་རངས་ཀྱི་དུས་སུ་ལྦུ་ཅན་གསོག་ཅིང་ལུ་བ་དང༌། ཁོང་པ་སྦོ་འཁྲོག་བྱེད་ཅིང་དགོངས་ཀ་དང་ཐོ་རངས་ཀྱི་དུས་དང་ཞུ་བའི་རྗེས་རྣམས་སུ་ལྷག་པར་ན་བ་དག་འབྱུང་བ་ཡིན་ནོ། །གཉིས་པ་བྱེ་བྲག་གི་རྟགས་བསྟན་པ་ལ་གསུམ་སྟེ། རིགས་ཀྱི་སྒོ་ནས་བརྟག་པ། གནས་ཀྱི་སྒོ་ནས་བརྟག་པ། ནང་ཚེགས་ཀྱི་སྒོ་ནས་བརྟག་པ་བསྟན་པའོ། །དང་པོ་རིགས་ཀྱི་སྒོ་ནས་བརྟག་པ་བསྟན་པའང་གཉིས་ཏེ། རྒྱས་བཤད་ཀྱི་བརྟག་ཐབས་བསྟན་པ་དང༌། མདོར་བསྡུས་ཀྱི་བརྟག་ཐབས་བསྟན་པའོ། །དང་པོ་ནི། བྱེ་བྲག་ཅེས་སོགས་ཚིག་རྐང་སུམ་ཅུས་བསྟན་ཏེ། རླུང་ནད་བྱེ་བྲག་ཏུ་རྟགས་རྣམས་ཀྱི་ནང་ནས་རླུང་ནད་ཀྱིས་བཏབ་པའི་ནད་པ་དེའི་ལུས་དགུར་པོ་སྟེ་གཞུ་ལྟར་འགུགས་པར་བྱེད་ཅིང་ལུས་ཟུངས་རྣམས་བསྡུས་པས་འཁུན་པའང་ཕུག་རོན་གྱི་སྐད་ལྟར་འདོད་པར་བྱེད་ཅིང་དྲན་པ་ཡང་གཞན་དབང་དུ་གྱུར་ནས་མེད་པ་ལྟར་གནས་ཤིང༌། དེ་ལྟ་བུའི་ནད་པ་དེ་ནི་མིག་ཧར་པོར་འདུག་ཅིང་དབུགས་ཀྱང་འབྱིན་པར་དཀའ་བ་སྟེ་དེའི་མིང་རླུང་གི་ནད་ཨ་ཝརྟ་ནར་བཤད་པ་ཡིན་ཏེ། ཡན་ལག་བརྒྱད་པར། ལུས་ནི་ཀུན་ཏུ་ཞུགས་གྱུར་ནས། དེ་ནི་གཞུ་ལྟར་དགུར་པོར་བྱེད། །དབུགས་འབྱིན་དཀའ་ཞིང་མིག་རེངས་ཧར། །དེ་ནས་ཕུག་རོན་ལྟ་བུར་འཁུན། །དྲན་པ་མེད་དེ་གཞན་དབང་བ། དེ་ཉིད་ཨ་ཝརྟ་ནར་བཤད། །ཅེས་སོ། །རླུང་ནད་ད་རྒན་ཕྱིར་དགྱེད་ཀྱི་ནད་ལངས་པའི་རྟགས་ནི། བྲང་གི་རུས་པ་འབུར་ཞིང་ལྟག་པའི་ཞབས་ཀྱིས་གཉའ་བའི་རུས་པ་བསྟུངས་སྙམ་བྱེད་ཅིང་ཐུང་ཐུང་པོར་གྱུར་ནས་ལྟག་པ་དགྱེས་པ་དང་སོ་འཆའ་སྟེ་སོ་ཀྲིག་ཀྲིག་ཟེར་བའི་སྒྲ་འབྱིན་ཅིང་ལྦུ་བར་སྐྱུག་པ་དང་མགོ་དང་འགྲམ་པ་དང་རྒྱབ་རྣམས་ན་ཞིང༌། སྐད་ཕྱིར་མི་འབྱིན་པ་དང༌། མིག་ཧར་ཧར་པོར་བལྟ་ཞིང་རྩིབ་ལོགས་གཡས་གཡོན་གཉིས་སུ་ཁོལ་བུར་ཟུག་གཟེར་ཆེ་བ་ཞིག་ལ་བྱ་སྟེ། ཟླ་ཟེར་དུ། ཕྱིར་དགྱེ་དེ་དང་འདྲ་བ་ལ། །ལུས་ནི་ཕྱིར་དགྱེ་བྱེད་པ་དང༌། །མགོ་བོ་རྒྱབ་ཏུ་འདྲེན་བྱེད་ཅིང༌། །དེ་ལ་བྲང་ནི་ཤུན་ཏུ་འབུར། །གཉའ་བ་བཅོམས་པ་ལྟར་ན་ཞིང༌། །སོ་དང་ཁ་ནི་མགོ་མི་སྡུག །རུལ་ཞིང་ལུས་ནི་ལྷོད་པར་བྱེད། །ཕྱིར་དགྱེ་གཞུང་རེངས་ཞེས་བྱ་ཞིང༌། །དེ་ལ་ཤུགས་དྲག་ཅེས་བྱར་བཤད། །ཅེས་བྱ་བ་ལས། ཕྱིར་དགྱེ་བཞེས་བྱ་བའི་རླུང་ནད་གཞན་དག་ནི་ཚུལ་དེ་དང་འདྲ་ཞིང་མཚུངས་པ་ལས་འདིའི་ཁྱད་པར་འདི་ཡིན་ཏེ་ལུས་ཕྱི་དགྱེ་ཞིང་རྒྱབ་ཏུ་གུག་པར་བྱེད་ལ་མགོ་རྒྱབ་ཏུ་ཡོ་བར་འདྲེན་ཅིང་འགུགས་པར་བྱེད་པ་དང༌། ཕྱིར་དགྱེ་བ་ཞེས་བྱ་བའི་ནད་དེ་ལ་བྲང་ཤིན་ཏུ་འབུར་ཞིང་མཐོ་བ་དང༌། གཉའ་བ་ན་ཞིང་བརྡུང་བརྡུང་བ་ལྟར་སེམས་པ་དང༌། དེ་ནི་སོ་དང་ཁའི་མདོག་མི་སྡུག་པ་དང༌། རྔུལ་ཤིན་ཏུ་མང་དུ་འབྱུང་བ་དང༌། ལུས་ལྷོད་ཅིང་ཤིག་ཤིག་པོར་འགྱུར་བར་བྱེད་དོ། །ད་རྒན་ནང་གུག་ཅེས་བྱ་བ་ལངས་པའི་རྟགས་སུའང་ན་ལུགས་ཀྱི་ཚུལ་ཕྱིར་དགྱེ་དེ་དང་སྤྱི་ཙམ་འདྲ་ལ། དེ་ཡང་མི་ནོར་བའི་རྟགས་ནི། སྐེའི་རུས་པ་བསྟུངས་སྙམ་བྱེད་ཅིང་བྲང་དུ་བསྡུས་རོ་སྟོད་འབུར་བ་སྟེ།

        ཟླ་ཟེར་དུ། མཇིང་པ་རེངས་པའི་རླུང་ཞུགས་ཤིང༌། །ཞེས་ཚིག་རྐང་བཅུ་གཅིག་བསྟན་པ་ལ། མཇིང་པ་ནི་གཉའ་བ་ལ་བརྟེན་པའི་གནད་ཅིག་ཡོད་དེ། དེ་དག་ཏུ་རླུང་ཞུགས་ནས་གང་གི་ཚེ་རྩ་ཆེན་པོར་ཕྱིན་ནས་གནས་པར་གྱུར་ཅིང་ལུས་ཐམས་ཅད་ཁྱབ་ཅིང་ཁེབས་པར་གྱུར་པ་དེའི་ཚེ་ན་ནམ་ཚོད་འགུགས་ཤིང་ཡོན་པོར་བྱེད། དེ་བཞིན་དུ་ལུས་ཀྱང་གཞུ་ལྟར་ནང་དུ་གུག་པར་བྱེད་ཅིང༌། སྒུར་པོར་བྱེད་ལ་མིག་གཉིས་རེངས་ཤིང་འབྱེད་པ་དང་འཛུམ་པ་མི་ཤེས་པ་དང༌། རང་གི་ཤུགས་ཆག་པ་དང་གྲུམ་པར་བྱེད་པ་ལ་སོགས་པའི་ནད་སྣ་ཚོགས་པའི་ཚུལ་སྐྱེད་པར་བྱེད་པ་དང༌། དེ་བཞིན་དུ་གཡལ་མང་དུ་འབྱུང་བ་སོ་ཀྲིག་ཀྲིག་འཆའ་བ་དང༌། བད་ཀན་སྐྱུག་ཅིང་རློན་པར་བྱེད་པ་དང༌། རྩིབ་ལོགས་སུ་ཟུག་ཅིང་ན་བ་དང༌། ཚིག་མི་ཐོན་པ་དང་འགྲམ་པ་ལས་བརྩེད་པའི་ན་བར་བྱེད་དེ། འདི་ལྟ་བུའི་ནད་ནི་ནང་གུག་ཅེས་བྱའོ། །ཡ་འགྲམ་མ་འགྲམ་གྱི་ལས་བྱེད་ཀྱི་རྩ་ཉམས་པས་སོ་འཐམས་པའམ་ཡང་ན་འཕྱང་སྟེ་འབྱེད་འཛུམ་ཉམས་པ་དང་ལྕེ་ལྡིབ་ཅིང་བཟའ་བཏུང་སྨྲ་བ་སོགས་དཀའ་བའམ་ཡང་ན་ཁ་ལྐུགས་ལྡིབ་པ་སྟེ་སྒྲ་མི་གསལ་ཞིང་དེ་ཡང་འཐེན་པ་སྟེ་མྱུར་དུ་ཐོན་པར་དཀའ་བ་དང༌། ལུས་ཀྱི་གཞོགས་གཅིག་གཞུ་ལྟར་ནང་དུ་གུག་ཅིང་ཁ་ཡོ་ཞིང་མགོ་བོ་འདར་བ་དང༌། ཚིགས་ཐོགས་ཏེ་མི་ཐོན་པར་བྱེད་ཅིང༌། མིག་རེངས་པ་ནི་མིག་འཛུམ་མི་ཐུབ་པ་དང་དྲན་ཉམས་ནི་དྲན་པ་མི་གསལ་བ་དང༌། གཉིས་ལོག་མདངས་ཞེས་པ་གཉིད་ཀྱིས་དུབ་པ་དང༌། རླུང་ནད་རྩ་འཛིན་ཞེས་པ་རླུང་ཁྲག་ལ་བརྟེན་ནས་བརྒྱད་དེ་སོང་ནས་སྤྱི་བོ་འཛིན་པ་ཞེས་བྱ་བའི་རྩར་ཞུགས་པར་གྱུར་པ་ནི་རེག་བྱ་རྩུབ་ཅིང་ན་བ་དང་བཅས་པ་དེ་ཉིད་ཀྱིས་ནད་ཚབས་ཤིན་ཏུ་དྲག་པ་རྣམས་ནི་སྤྱི་བོའི་གཙུག་གི་ཤ་མདོག་ནག་ཅིང་ན་བ་བྱེད་པ་དང༌། རླུང་གིས་ལུས་ཀྱི་གཞོགས་ཕྱེད་བཟུང་ཞིང་དེར་གནས་པས་རྩ་དང་རྒྱུས་པ་སྐམས་པར་བྱས་ནས་ན་ཟུག་ཚོར་བ་མེད་པར་བེམ་བེམ་པོར་གནས་ཤིང་གཡོ་འགུལ་བྱ་བྱེད་ཀྱི་མཐུ་ཉམས་པར་བྱེད་པ་དང༌། ཕྱོགས་གཅིག་སྐམས་པ་དང༌། ལུས་ཀུན་ལ་ཞུགས་པའི་རླུང་ནད་ནི་སྐམས་པ་ལ་སོགས་པ་ཐམས་ཅད་ཀྱི་ཚུལ་དེ་དང་འདྲ་བ་དང༌། རླུང་ནད་མ་ཞུ་བ་དང་བད་ཀན་དང་བཅས་པ་དག་གི་རྒྱུ་བའི་ལམ་བཀག་སྟེ་ལུས་ཤིང་ལྟར་རེངས་ཤིང་ལུས་ཀྱི་དགྱེ་དགུ་མི་ཤེས་པར་བྱས་པས་བརྐྱང་བ་དང་བསྐུམ་པ་ལ་སོགས་པའི་ལུས་ཀྱི་སྤྱོད་པ་ཀུན་ལས་ཉམས་པར་གྱུར་པ་ནི་དབྱུག་པ་ལྟར་རེངས་པ་ནི་ཤིང་ལྟར་རེངས་པ་ཞེས་བྱའོ། །དཔུང་འཇའ་ཞེས་བྱ་བའི་རླུང་ཕྲག་བའི་རྩ་བར་ཞུགས་ཏེ་དེ་ན་གནས་པའི་རྩ་འཁུམས་ཤིང་འདུས་པར་བྱས་ནས་འདེགས་པ་སོགས་ལས་བྱ་བའི་མཐུ་ཉམས་པའི་ནད་དང༌།

རླུང་ནད་བི་ཤ་རྩེ་ཞེས་བྱ་བ་ནི་ལག་པའི་མཐིལ་དུ་ཕྱོགས་ཤིང་སོར་མོའི་ཆུ་བ་རྣམས་འཁུམས་ནས་ལག་ངར་གྱི་འགུལ་བསྐྱོད་ཀྱི་བྱ་བ་རྣམས་ཉམས་པར་གྱུར་པ་དང༌། རླུང་ནད་སྲ་འཐེང་ཞེས་བྱ་བ་ནི་རྐེད་པའི་ཕྱོགས་སུ་གནས་ཤིང་བརྟེན་པར་གྱུར་ནས་བརླའི་ཆུ་བའི་ནང་ལ་ཞུགས་པས་འགྲོ་བའི་ཚེ་འདར་ཞིང་གང་ན་བའི་ཕྱོགས་ཀྱི་ཚིགས་མཚམས་ལྷོད་པོར་གྱུར་ནས་རྐང་པ་འཐེང་ཞིང་རྐང་པ་འཕྱེས་པ་སྟེ། བྲུད་ནས་འགྲོ་བ་དང༌། རླུང་ནད་བརླ་རེངས་ཞེས་བྱ་བ་ནི་ཁ་ཟས་འབྱར་བག་དྲོ་གྲང་ལ་སོགས་པ་ཟོས་རྗེས་གཉིད་ལོག་པའམ་ཡང་ན་མ་ལོག་ཀྱང་ཟོས་དྲགས་པའི་རྐྱེན་གྱིས་མ་ཞུ་བ་དེ་བརླ་དང་བྱིན་པའི་ནང་དུ་ཞུགས་པར་གྱུར་ན་མ་ཞུ་བ་དེས་བད་ཀན་དང་ཚིལ་ལྷག་པར་དུ་འཕེལ་ནས་བརླ་ནང་གི་རྩ་དང༌། རུས་པ་སོགས་ལ་ཞེན་ནས་ཤའི་དྲོད་གྲང་ཞིང་ན་ཟུག་ཚོར་བ་མེད་པར་བེམ་བེམ་པོར་བྱེད་ཅིང་འགྲོ་བའི་ཚེ་འདེགས་པར་དཀའ་ཞིང་ལྷག་པར་དུ་ལྕི་བའོ། །རླུང་དང་ཁྲག་ལས་བསྐྱེད་པའི་ནད་པུས་མོའི་སྟེང་དུ་སྐྲངས་པའི་དབྱིབས་ཅེ་སྦྱང་གི་མགོ་བོ་ལྟར་སྦོམ་ཞིང་ཆེ་བར་སྐྲངས་པ་དང༌། རླུང་ནད་ཚེར་མ་ཅན་ནི་གང་གི་ཚེ་རླུང་བྱིན་པ་དང་རྐང་པ་ལ་བརྟེན་ནས་ལོང་མོར་ཞུགས་པའི་ནད་བསྐྱེད་པར་གྱུར་པའི་ནད་དེ་ནི་རླུང་ནད་ཚེར་མ་ཅན་དང༌། ཏེ་ཞེས་བྱ་བ་ནི་འོག་མ་འདྲེན་པའི་ཚིག་གོ །རླུང་དེ་ཉིད་རྟིང་པའི་ཆུ་བ་ལ་ཞུགས་ན་སོར་མོ་དང་བཅས་པའི་ཆུ་བ་དང་བརླའི་བར་དུ་གྱེན་ལ་སོང་སྟེ། བྱིན་པ་རེངས་པའམ་ཡང་ན་གཟུགས་འཁུམས་པར་བྱེད་པ་ཡིན་ནོ། །བཤད་མ་ཐག་པའི་གཟུགས་འཁུམས་དང་སྔར་གོང་དུ་ལག་ངར་དུ་ཞུགས་པའི་བི་ཤ་རྩེ་གཉིས་འདོམས་པའམ་ཡང་ལྡན་པའི་ནད་ལ་རླུང་ནད་ཁ་ལི་ཞེས་བྱ་བར་བཤད་པ་དང༌། རླུང་ནད་རྐང་བརྩེ་ཞེས་བྱ་བ་ནི། མི་གང་གི་རྐང་པ་གཉིས་བརྩེ་ཞིང་ཚ་རྩེག་རྩེག་བྱེད་པ་ནི་བད་ཀན་དང་རླུང་འདྲེས་པ་ལས་བྱུང་བ་ལ་རྐང་བརྩེ་ཞེས་བྱ་ལ། སྟེ་ཞེས་པ་རིགས་མཐུན་ཕྱི་མ་འདྲེན་ཚིག་གོ །རླུང་ནད་རྐང་པ་ཚ་བ་ཞེས་བྱ་བ་ནི་ཁྲག་དང་མཁྲིས་པ་དང་བཅས་པ་ལས་བྱུང་བ་རྐང་པ་གཉིས་ཀ་དྲོད་ཚ་བ་འུར་འུར་པོ་དང་བཅས་འགྲོ་བའི་ཚེ་ལྷག་པར་དུ་ཚ་བའོ། །གཉིས་པ་མདོར་བསྡུས་ཀྱི་རྟགས་བཤད་པ་ནི། མདོར་བསྡུས་ཞེས་རྐང་པ་བདུན་གྱིས་བསྟན་པ་སྟེ། བཤད་མ་ཐག་པ་དེ་རྣམས་ཀྱི་རྟགས་མདོར་ཧྲིལ་གྱིས་བསྡུས་ནས་བཤད་ན་ནད་པ་གང་ཞིག་ལུས་ཀྱི་ཡན་ལག་ཕལ་ཆེར་ཤིང་ལྟར་རེངས་པའམ་ཡང་ན་འཁུམས་པ་དང་དགྱེད་པ་དང་སྒུག་པ་དང་བརྐྱང་བ་དང་བསྐུམ་པའི་བྱ་བ་ཉམས་པ་དང༌། རྩ་དང་ཆུ་རྒྱུས་སོགས་སྐམས་པ་ཚོར་བ་མེད་པར་བྱ་བ་ཉམས་པས་ཤ་དང་པགས་པ་རུས་ལ་འབྱར་བ་དང༌། སྦོས་པ་ཕྱིར་གཡོ་ཞིང་སྐྲངས་པ་རྣམས་འཕེལ་བ་དང༌། འགྲིབ་པར་བྱེད་པ་དང༌། འཕྱེས་ཞེས་པ་ནི་སྨད་བཤལ་ཏེ་བྲུད་ནས་འགྲོ་བ་དང་སྨད་ལྕི་ཞིང་རྐང་པ་བེམ་བེམ་པོར་ན་བ་དང༌། གནས་ངེས་མེད་དུ་གཟེར་བ་ཀར་ཟུག་ཏུ་ཡོང་ཞིང་ནད་དྲག་པོ་དེ་ཉིད་ངེས་མེད་དུ་འཕོ་བ་དང༌། སེམས་གཞན་དུ་འགྱུར་བ་ལ་འཕྱོས་ནས་གཉིད་མེད་པའམ་གལ་སྲིད་བྱུང་ཀྱང་ངེས་མེད་དུ་སད་པ་དང༌། ངག་གི་སྨྲ་བ་འབྲེལ་མེད་མང་དུ་སྨྲ་ཞིང་ཡང་ན་ངུ་བའི་བྲོ་ཐེན་པའམ་ཡང་ན་རྒོད་པར་བྱེད་པའམ། ཡང་ན་ངག་ལྐུགས་པ་དང་སྟོབས་དང་དྲན་པ་སོགས་ཉམས་ཤིང་སྨྲར་མི་ཤེས་པ་རྣམས་སོ།།

        གཉིས་པ་གནས་དང་སྦྱར་ནས་རྟགས་བཤད་པ་ལ་གཉིས་ཏེ། རྒྱས་པར་བཤད་པ་དང༌། མདོར་བསྡུས་ཏེ་བཤད་པའོ། །དང་པོ་རྒྱས་པར་བཤད་པ་ནི། གནས་དང་ཞེས་སོགས་ཚིག་རྐང་སུམ་ཅུ་སོ་གཅིག་གིས་བསྟན་ཏེ། གནས་ངེས་པ་ཅན་དང་སྦྱར་ན་རྟགས་བཤད་པ་ནི། པགས་ལ་རླུང་གྲམས་པར་གྱུར་ན་པགས་པ་གས་སྙམ་བྱེད་ཅིང་རེག་པ་རྩུབ་པ་དང་ལྷག་པར་དུ་བརྩེ་བ་ནི་པགས་ལ་རླུང་གྲམས་པའི་རྟགས་ཡིན་ནོ། །ཤ་ལ་རླུང་ཞུགས་པའི་རྟགས་སུ་དབྱུག་པ་ཕོག་པ་ལྟར་སྐྲངས་པར་བྱེད་ཅིང་རེག་བྱ་རྩུབ་པ་དང༌། ལྷག་པར་པགས་མདོག་འགྱུར་ནས་འབྲུམ་བུ་སྟེ་ཐོར་པ་འབྱུང་བ་དང༌། ཚིལ་ལ་རླུང་ཞུགས་པའི་རྟགས་སུ་ཡི་ག་འཆུས་པ་སྟེ་ཟས་སོགས་ཟ་སྙིང་མི་འདོད་པ་དང་ཁུ་ཚུར་ཕོག་པ་ལྟར་ན་ཞིང་ལུས་སྐྲངས་པ་དང་རྨེན་བུ་སྟེ་ཚིལ་ནད་སྐྱེད་པར་བྱེད་པ་དང༌། རླུང་རྩ་ནང་ཞུགས་རྟགས་སུ་གང་ཞུགས་པའི་རྩ་དེ་ཉིད་སྟོང་ལ་སྦོམ་པོར་སྐྲངས་པར་བྱེད་པ་དང༌། རླུང་ཁྲག་ལ་ཞུགས་པའི་རྟགས་སུ་གཉིད་ལྷག་པར་ཆེ་ཞིང་རྩའི་མདོག་དམར་བ་དང་ཤ་མདོག་མི་སྡུག་པ་དང༌། ཆུ་བར་རླུང་ཞུགས་པའི་རྟགས་སུ་ཡན་ལག་ལ་སོགས་པ་ཞ་བའམ་ཡང་ན་ཤིང་ལྟར་རེངས་ཤིང་རྐང་པ་འཐེང་བར་བྱེད་པ་དང༌། རུས་པ་ལ་རླུང་ཞུགས་པའི་རྟགས་སུ་རུས་པ་ལྷག་པར་དུ་ན་ཟུག་ཆེ་ཞིང་ཤ་རྣམས་སྐམས་པ་དང་དེའི་དབང་གིས་ཉམས་སྟོབས་ཀྱང་འཛད་པར་བྱེད་པ་དང༌། ཚིགས་ལ་རླུང་ཞུགས་རྟགས་སུ་རོ་སྟོད་སྦོས་པོར་སྐྲངས་ནས་ན་ལུགས་དང་དབྱིབས་ད་རྒན་ནང་གུག་ལྟར་འགྱུར་བ་དང༌། རླུང་རྐང་ལ་ཞུགས་རྟགས་སུ་གཉིད་ཡེ་ནས་མེད་པ་དང་ན་ཟུག་རས་ལ་སོགས་པས་དཀྲིས་པ་ལྟ་བུའི་སེམས་ཡུལ་དུ་གནས་ཤིང་ལག་པ་ལྟ་བུས་བཙིར་ན་ཕན་སྙམ་བྱེད་པ་དང༌། ཁུ་བར་རླུང་ཞུགས་པའི་རྟགས་སུ་ལུས་ཤ་སྐམ་མམ་པགས་མདོག་འགྱུར་ཞིང་ཡང་ན་ཁུ་བ་ཕྱིར་ལུག་པ་དང༌། སྙིང་ལ་རླུང་ཞུགས་རྟགས་སུ་རོ་སྟོད་དབུགས་ཀྱིས་གང་ཞིང་བཤུས་པ་ཡང་ཡང་འདེབས་པ་དང་ཤེས་པ་གཞན་དུ་འཕྱོ་བར་བྱེད་པ་དང༌། གློ་བ་ལ་རླུང་ཞུགས་རྟགས་སུ་བྱད་དེ་གདོང་པ་སྐྲངས་ཤིང་ལུད་པ་མི་ཁོགས་པར་ལྦུ་གསོག་ལུ་བ་དང༌། །མཆིན་པར་རླུང་ཞུགས་རྟགས་སུ་བཀྲེས་དུས་ཏེ་ཟས་ཞུ་བའི་དུས་སུ་གཡལ་མང་དུ་འབྱུང་ཞིང་མཆིན་པ་དཔྱང་ལ་འཕྱོངས་འཕྱོངས་སུ་རྟགས་པ་ལྟ་བུའི་ན་བ་དང༌། མཆེར་པར་རླུང་ཞུགས་རྟགས་སུ་ལུས་རྣམས་སྐྲངས་ཤིང་ཕོ་ལོང་སྦོ་ཞིང་འཁྲོག་པར་བྱེད་ཅིང་མཆེར་པའི་སྟེང་དུ་གཟེར་བའོ། །མཁལ་མར་རླུང་ཞུགས་རྟགས་སུ་མཁལ་རྐེད་རྣམས་ན་ཞིང་མི་འགྱུར་བའི་རྟགས་སུ་དེ་སྟེང་རྣ་བ་འོན་འགྲོ་བ་དང༌། ཟས་ལ་རླུང་ཞུགས་རྟགས་སུ་ཁ་ཟས་གང་ཟོས་པའི་རྗེས་ཐོག་དེ་མ་ཐག་ན་བ་དང༌། མ་ཞུ་བའི་གནས་ལྟེ་བ་ཡན་ཆད་དུ་རླུང་ཞུགས་རྟགས་སུ་སྒྲེག་སྐྱུག་བྱེད་ཅིང་ཡི་ག་སྟེ་དང་ག་འགགས་པ་དང་ཕོ་བ་སྦོ་འཁྲོག་བྱེད་ཅིང་སྐོམ་དད་ལྷག་པར་དུ་ཆེ་ལ་དབུགས་མི་བདེ་བ་དང༌། ཞུ་བའི་གནས་ལྟེ་བ་མན་ཆད་དུ་རླུང་ཞུགས་རྟགས་སུ་ལོང་གི་ཡུལ་དུ་གཟེར་ཞིང་སྦོ་འཁྲོག་བྱེད་ཅིང་བཤང་བ་འགགས་པར་བྱེད་པ་དང༌། ཆུ་རྣམས་བསྲི་བ་སྟེ་མི་ཕེབས་ཤིང་རྐེད་པ་དང་མཇུག་ཏོ་སྟེ་གཞུག་གུ་ཆུང་གི་རུས་པ་ན་བ་དང༌། སྣོད་མཁྲིས་སུ་རླུང་ཞུགས་རྟགས་སུ་མཆིན་མཁྲིས་ཀྱི་སྟེང་དུ་གཟེར་ཞིང་འཇུ་བྱེད་ཀྱི་མཁྲིས་པའི་མཐུ་ཉམས་པས་ཁ་ཟས་རྣམས་འཇུ་བར་དཀའ་ཞིང་མིག་སྤྲིན་དང་སེན་མོ་སོགས་ཀྱི་མདོག་སེར་པོར་འགྱུར་བ་དང༌། བཤང་བ་ལ་རླུང་ཞུགས་རྟགས་སུ་ཐུར་སེལ་གྱི་རླུང་འཁྱིལ་བས་སྟུག་པ་སྐམ་པོར་གྱུར་ནས་འབྱིན་པར་དཀའ་བའམ་ཡང་ན་སྒྲ་དང་བཅས་ནས་འཁྲུ་བར་བྱེད། གཅིན་ལ་རླུང་ཞུགས་རྟགས་སུ་ལྒང་པའི་ཡུལ་བསིལ་ཞིང་སྦོ་བར་བྱེད་པ་དང་ཆུ་རྣམས་སྲི་བའམ་ཡང་ན་སྙི་བ་སྟེ་གྲངས་མང་པོ་ཡང་ཡང་འབྱུང་བ་དང༌། རླུང་མངལ་དུ་ཞུགས་རྟགས་སུ་འབུར་པོར་འདྲིལ་ཅིང་མངལ་ཁྲག་བསྡོམ་ནས་མི་འཛག་པའམ་ཡང་ན་ཚད་ལས་ཐལ་ཏེ་རྒྱུན་དུ་འཛག་པ་དང༌། མགོ་བོར་རླུང་ཞུགས་རྟགས་སུ་མགོ་བོ་འཁོར་ཞིང་ཤེས་པ་ཟིར་བས་འགྲོ་བའི་ཚེ་འཁྱོམས་ནས་གཏད་མི་ཚུགས་པ་དང༌། མིག་ལ་རླུང་ཞུགས་རྟགས་སུ་མིག་གི་རྩ་རིས་རྣམས་དམར་ཞིང་མིག་འབྲས་ཕྱིར་ལུག་སྙམ་བྱེད་ཅིང་བསེར་བུ་ཕོག་ན་ཁྱད་པར་དུ་གནོད་པས་ན་ཟུག་ཆེར་བསྐྱེད་པ་དང༌། རྣ་བར་རླུང་ཞུགས་པའི་རྟགས་སུ་རྣ་བ་འུར་ཞིང་འཁྲོག་པ་དང༌། སྟོང་སང་ངེ་ཡོད་སྙམ་པ་དང་ཡང་ན་གཟེར་བའོ། སྣར་རླུང་ཞུགས་རྟགས་སུ་སྣ་འགག་ཅིང་སྣ་ཆུ་ཡང་ཡང་འཛག་པ་དང་ལྷག་པར་དུ་དྲི་རྣམས་མི་ཚོར་བའོ། །སོར་རླུང་ཞུགས་རྟགས་སུ་སོ་དང་འགྲམ་པ་སོགས་བེར་བེར་ལངས་ནས་ན་ཞིང་སྐྲངས་པར་བྱེད་པ་དང༌། ལུས་ཀུན་ལ་རླུང་ནད་ཞུགས་རྟགས་སུ་སྔར་གོང་དུ་བཤད་མ་ཐག་པའི་རྟགས་ཀུན་ཁྱབ་སྤྱི་རྟགས་ལྟར་འདྲ་བར་སྟོན་པ་ཡིན་ནོ། །འདི་སྐབས་སུ་ཡན་ལག་བརྒྱད་པ། རང་འགྲེལ། ཟླ་ཟེར། སོ་མ་རཱ་ཛ་སོགས་ནས་རྒྱས་བཤད་འཆད་རྒྱུ་ཡོད་ཀྱང་རྒྱུད་ཀྱི་འབྲུ་གནོན་ལས་སྤྲོས་པ་མང་བས་དོགས་མ་བྲིས་སོ།།

        གཉིས་པ་དེ་རྣམས་ཀྱི་དོན་མདོར་བསྡུས་ནས་བཤད་པ་ནི། མདོར་བསྡུས་ཞེས་སོགས་ཚིག་རྐང་བཅུ་བཞིས་བསྟན་ཏེ། བཤད་མ་ཐག་པའི་བརྟག་ཐབས་དེ་རྣམས་ཀྱི་དོན་མདོར་བསྡུས་ན་མགོ་བོར་རླུང་ཞུགས་རྟགས་ནི་མགོ་བོ་འཁོར་ལོ་ལྟར་འཁོར་ཞིང་རྣ་བའི་ནང་དུ་སྒྲ་འུར་འུར་ཟེར་ཞིང༌། ཁ་ཟས་ཟོས་པ་རྣམས་སྐྱུག་ཅིང་ལངས་པའི་ཚེ་ན་འགྱེལ་བ་དང་ཡང་ན་བུབ་པའམ་ཡང་ན་ཕྱིའི་ཡུལ་སྣང་ཀུན་འཁྱོམས་པར་བྱེད་པ་དང༌། སྙིང་ལ་རླུང་ཞུགས་ཤིང་འཁྲུགས་རྟགས་སུ་གྱུར་ན་ལུས་ཀུན་འདར་བ་དང་རོ་སྟོད་དབུགས་ཀྱིས་བརྒྱངས་པ་ལྟ་བུ་ན་ཞིང་ཤེས་པ་གཞན་དབང་དུ་གྱུར་ནས་གངས་རི་ལ་སྔོན་པོར་མཐོང་བ་ལྟ་བུའི་འཁྲུལ་སྣང་དབང་གིས་ངག་ནས་དགོས་མེད་ཀྱི་སྨྲ་བ་འཆལ་འཆོལ་དུ་འདོན་པ་དང༌། མགོ་བོ་འཁོར་ཞིང་ནུབ་གཉིད་ལྷག་པར་ཆུང་སྟེ་ཤུ་ཡིས་འདེབས་པ་དང༌། གློར་རླུང་ཞུགས་ཤིང་འཁྲུགས་རྟགས་སུ་མཚན་གཉིད་ལྷག་པར་དུ་ཆུང་ཞིང་ལུད་པ་ཁོགས་དཀའ་སྟེ་མི་ཐོན་པ་དང་ཐོན་ཀྱང་ལྦུ་གསོབ་ལུ་བ་དང༌། ལུས་བརྒྱངས་པ་ལྟར་ན་བས་ཁ་ཟས་སྐྱུག་སྙམ་པ་དང༌། རྒྱུ་དེས་མིག་པགས་སོགས་སྐྲངས་ཤིང་ཁྱད་པར་དུ་ནུབ་མོ་གློ་མང་བ་དང༌། མཆིན་པར་རླུང་ཞུགས་ཤིང་འཁྲུགས་རྟགས་སུ་སྒྲེག་ཅིང་རོ་སྟོད་གཟེར་བ་དང་བཤུལ་ཤ་སྟེ་སྒལ་འདབ་ཀྱི་ཤ་དེ་ཉིད་ན་ཞིང་ཁ་ཟས་སོགས་གང་ཡང་ཡིད་གར་མི་འོང་འབྲེལ་འབྱོར་གྱི་དབང་གིས་མིག་ཀྱང་མི་གསལ་བ་དང༌། ཁྱད་པར་དུའང་ནད་མཇུག་ལྡང་བའི་དུས་ངེས་པ་ཅན་དགོང་མོ་དང་ཐོ་རངས་ཀྱི་དུས་སུ་མཆིན་པ་དེ་ཉིད་དཔྱང་ལ་བཏགས་པ་ལྟ་བུའི་མཆིན་དྲི་དང་འབྲེལ་བའི་འཕྱོང་ཐག་དེ་ཆད་སྙམ་བྱེད་པ་དང༌། ཕོ་བར་རླུང་ཞུགས་ཤིང་འཁྲུགས་རྟགས་སུ་དབུགས་རྒོད་ཅིང་ཕོ་བ་སྦོ་ལ་སྟོང་སྒྲེག་བྱེད་པ་དང་ཕོ་བ་ཚེར་མས་བྲབ་སྙམ་པའི་ཚ་བྲབ་བྱེད་པ་དང༌། ཁ་ཟས་ཟོས་པའི་རྗེས་ལ་བདེ་བར་མངོན་པའོ། །ལོང་དུ་རླུང་ཞུགས་ཤིང་འཁྲུགས་རྟགས་སུ་ལོང་སྦོ་ཞིང་འཁྲོག་པ་དང༌། ཟས་མདོག་སོགས་སྣ་ཚོགས་སུ་འཁྲུ་བ་དང་འོག་རླུང་ལྷག་པར་དུ་མང་བར་འབྱུང་བའོ། །མཁལ་མར་རླུང་ཞུགས་ཤིང་འཁྲུགས་རྟགས་སུ་ན་ཟུག་ལྡང་བའི་གནས་ངེས་པ་ཅན་མཁལ་ཡུལ་གྱི་རྐེད་པ་རྣམས་ན་ཞིང་འབྲེལ་འབྱོར་གྱི་དབང་གིས་རྣ་བའི་ནང་དུ་སྒྲ་འུར་འུར་ཞེས་འདོན་པའོ། །དེ་ལྟར་ཡང་སོ་མ་རཱ་ཛར། མཆིན་པར་རླུང་ཞུགས་མཚན་ཉིད་ནི། །སྒྲེག་ཅིང་དགོང་དང་ཐོ་རངས་དང༌། །སྟོད་གཟེར་བཤུལ་ཤ་ན་བ་དང༌། །མིག་མི་གསལ་བ་དག་དང་ནི། །སྐྱུག་བྲོ་དང་ག་མི་བདེ་བའོ། །མཁལ་མར་རླུང་ཞུགས་མཚན་ཉིད་ནི། །རྐེད་པ་འཁོར་ཞིང་ན་བ་དང༌། རྣ་བ་གཟེར་ཞིང་མི་ཐོས་པའོ། །ཕོ་བར་རླུང་ཞུགས་མཚན་ཉིད་ནི། །དབུགས་རྒོད་སྟོང་སྒྲེག་འོང་བ་དང༌། །ཟས་ཟོས་ཅུང་ཟད་བདེ་བའོ། །ལོང་རླུང་ཞུགས་པའི་མཚན་ཉིད་ནི། །དབུགས་རྒོད་ཁོང་པ་ལྕི་ཞིང་འཁྲོག །ཟས་ཟོས་སྦོ་ཞིང་མི་བདེ་དང༌། །རྟག་པར་རླུང་ནི་སྒྲ་དང་བཅས། །མཁྲིས་པར་རླུང་ཞུགས་ཟ་ཞིང་སྐྱུག །འཁྲུ་དང་སྐྱུག་པ་སེར་པོར་འོང༌། །རྒྱུ་མར་རླུང་ཞུགས་སྦོ་བ་དང༌། སྣ་ཚོགས་བྱེ་གླང་ལྟ་བུར་འཁྲུ། །བསམ་སེ་ལྒང་པར་རླུང་ཞུགས་ན། །ཆུ་འདོམས་ཆུ་ཚ་བུ་མི་ཆགས། །མཆེར་པར་རླུང་ཞུགས་སྦོ་བ་དང༌། །དུད་ཁུར་འཁྲུ་ཞིང་སྲ་བའོ། །ཞེས་སོགས་གསུངས་སོ།།

        གསུམ་པ་ནང་ཚེགས་ཀྱི་དབྱེ་བའི་འཁྲུགས་རྟགས་བཤད་པ་ལ་གཉིས་ཏེ། རླུང་ལྔ་འཁྲུགས་རྟགས་བསྟན་པ་དང༌། བད་མཁྲིས་དང་འདྲེས་པའི་འཁྲུགས་རྟགས་བཤད་པའོ། །དང་པོ་རླུང་ལྔ་རྐྱེན་དང་བཅས་པའི་འཁྲུགས་རྟགས་བཤད་པ་ནི། ནང་ཚེགས་ཞེས་སོགས་ཚིག་རྐང་བཅུ་བདུན་གྱིས་བསྟན་ཏེ། ནང་ཚེགས་ཀྱི་དབྱེ་བའི་རླུང་ནད་རྣམ་པ་ལྔ་ནད་དུ་གྱུར་པའི་འཁྲུགས་རྟགས་ལ་སྲོག་རླུང་འཁྲུགས་པའི་རྒྱུ་ཟས་རྩུབ་པོ་ཡུན་རིང་དུ་ཟོས་པའམ་ཡང་ན་མ་ཟོས་པར་ཉུང་དྲགས་པར་གནས་ཤིང་ལུས་ངག་གི་སྒོ་ནས་དྲག་ཤུལ་ཅན་གྱི་ལས་བྱས་ཤིང་ཁྱད་པར་དུ་བཤང་གཅི་ལ་སོགས་པ་ཤུགས་དྲག་པོས་བཀག་པ་དང་ཡང་ན་མི་འབྱུང་བ་བཞིན་དུ་ནན་གྱིས་བཙིར་བའི་རྐྱེན་གྱིས་འཁྲུགས་ཏེ་མགོ་བོ་འཁོར་ཞིང་སྙིང་ཕྱོགས་པ་དང་དབུགས་ནང་དུ་སྡུད་པར་དཀའ་ཞིང་ཟས་སྐོམ་ལ་སོགས་པ་མིད་མི་ཐུབ་པ་དང༌། སྟོང་རྒྱུ་སྟེ་དོན་ལ་གྱེན་དུ་རྒྱུ་བའི་རླུང་འཁྲུགས་པར་གྱུར་རྟགས་སུ་སྒྲེག་ཅིང་སྐྱུག་པ་རྣམས་ཤུགས་དྲག་གིས་བཀག་པ་དང༌། དུ་བ་དང་རྒོད་པ་དྲགས་པ་དང་མི་ཐེག་པའི་ཁུར་ལྕི་བོ་བཏེག་པའི་རྐྱེན་གྱིས་འཁྲུགས་ཏེ་དིག་པ་སྟེ། སྒྲ་མི་གསལ་ཞིང་ཡང་ན་ཁ་ལྐུགས་པའམ་སྨྲ་བར་དཀའ་བ་དང༌། ལུས་ཀྱི་ཤེད་སྟོབས་ཆུང་ཞིང་ཁ་ཡོན་པར་གྱུར་ཅིང་དྲན་པའི་དབང་པོ་ཉམས་པར་གྱུར་པ་དང༌། ཁྱབ་བྱེད་ཀྱི་ནད་འཁྲུགས་རྟགས་ཀྱི་རྒྱུ་ནི་འགྲོ་བ་སྟེ་ཕྱོགས་ཕྱོགས་སུ་ཕྱིན་དྲགས་པ་དང༌། ས་བརླན་ཅན་སོགས་ཀྱི་སྟེང་དུ་ཙོག་ཙོག་པུར་འདུག་པ་བསྡད་དྲགས་པ་དང༌། རྩེད་མོ་སྟེ་བང་མཆོངས་འཛིངས་པ་སོགས་ལུས་ཀྱི་ལས་བྱ་དྲགས་པ་དང༌། འདྲེ་གདོན་སོགས་ཀྱི་རྐྱེན་གྱིས་ཡིད་ལ་འཇིགས་སྐྲག་ཆེན་པོ་འབྱུང་བའམ་ཡང་ན་ཡི་མུག་སྟེ་སྡུག་བསྔལ་གྱིས་མནར་ཞིང་ཁ་ཟས་རྩུབ་པ་ཟོས་པ་སོགས་ཀྱི་རྐྱེན་གྱིས་འཁྲུགས་ཤིང་སྙིང་གཅུས་ཏེ་སྙིང་ཕྱོགས་སུ་གཅུས་པའི་ཉམས་ཅན་ལྟ་བུས་དྲན་པ་བརྒྱལ་བའམ་ཡང་ན་འབོག་པ་དང༌། འབྲེལ་མེད་ཀྱི་ངག་འཁྱལ་པོ་མང་དུ་སྨྲ་བ་དང༌། འགྲོ་སྙིང་འདོད་ཅིང་ཁྱད་པར་དུ་རྒྱལ་པོའི་ཆད་པས་ཉེན་པ་ལྟ་བུའི་རྐྱེན་གྱིས་འཇིགས་ཤིང་སྐྲག་པའི་མི་སྙན་པའི་ཚིག་སོགས་ཐོས་པའི་རྐྱེན་དག་གིས་སློང་བར་བྱེད་དོ། །མཉམ་གནས་ཏེ་མེ་ཉམས་ཀྱི་རླུང་འཁྲུགས་རྟགས་ཀྱི་རྒྱུ་ནི་སྔོ་ངད་རུལ་སུངས་སོགས་འཇུ་དཀའ་བའི་ཟས་ཟོས་དྲགས་པའམ་ཡང་ན་ཉིན་གཉིད་ལོག་པ་སོགས་ཀྱི་རྐྱེན་གྱིས་མེ་མཉམ་གྱི་མཐུ་ཉམས་པའམ་འཁྲུགས་ནས་ཕོ་བ་གྲང་ཞིང་ཟས་མི་ལེན་པ་སྟེ་ཡི་གར་མི་འོང་བར་སྐྱུག་ཅིང་ཁ་ཟས་མི་འཇུ་ཟིང༌། རླུང་རྒྱུ་བའི་ལམ་བསུས་ཁྲག་གི་བཀག་པས་འདྲེས་པའོ། །ཐུར་སེལ་གྱི་འཁྲུགས་རྟགས་སུ་བཤང་བ་དང་གཅིན་དང་འཕྱེན་དང་ཁུ་བ་སོགས་ཤུགས་དྲག་པོས་བཀག་པའམ་ཡང་ན་མི་འབྱུང་བཞིན་དུ་ནན་གྱིས་བཙིར་བའི་རྐྱེན་གྱི་འཁྲུགས་ཏེ་ཚང་ར་སོགས་སྨད་ཀྱི་རུས་མིག ཡུལ་སྐད་དུ་དུད་སུལ་ཐེན། རྣམས་ཁོལ་བུར་ན་ཞིང༌། ཡན་ལག་འཁྲུལ་འཕྱེས་ཞེས་པ་ནི་ཡན་ལག་གི་ཚིགས་མཚམས་འཁྲུལ་སྙམ་སྟེ་ལྷོད་པར་གྱུར་ནས་བཤལ་བ་དང༌། དབུགས་ངན་དང་དྲི་ཆུ་རྣམས་དུས་སུ་མི་འབྱུང་བར་སྡོམ་པར་བྱེད་པ་རྣམས་སོ། །གཉིས་པ་བད་མཁྲིས་འདྲེས་པའི་འཁྲུགས་རྟགས་བཤད་པ་ནི། དེ་དག་ཅེས་སོགས་ཚིག་རྐང་གསུམ་གྱིས་བསྟན་ཏེ། བཤད་མ་ཐག་པའི་ནང་ཚེགས་ཀྱི་རླུང་ལྔ་པོ་དེ་དག་གང་ཡང་རུང་བ་གཅིག་མཁྲིས་པ་དང་འདྲེས་པའི་རྟགས་སུ་ཚ་རྟགས་སྐྱེ་ཞིང་མིག་ཆུ་སོགས་ཀྱི་མདོག་སེར་བར་བྱེད་པ་དང༌། བད་ཀན་དང་འདྲེས་པའི་རྟགས་སུ་ལུས་ལྕི་ཞིང་ཤེས་པ་རྨོངས་པར་འགྱུར་བའོ། །གསུམ་པ་ཕན་གནོད་བསྟན་པའི་སྒོ་ནས་བརྟག་པ་བཤད་པ་ནི། ཕན་གནོད་ཅེས་སོགས་ཚིག་རྐང་དྲུག་གིས་བསྟན་ཏེ། བརྟག་ཐབས་ཀུན་གྱི་ནང་ནས་ཕན་པ་དང་གནོད་པའི་ཟས་སྤྱོད་བསྟེན་པའི་སྒོ་ནས་བརྟག་པ་བསྟན་པ་ནི། ལུག་ཤ་དང་ཆང་དང་བུ་རམ་དང་མར་ཏེ་བཅུད་བཞི་དང༌། གཞན་ཡང་དྲོ་ལ་བཅུད་ཆེ་བའི་རིགས་བསྟེན་པ་དང༌། རྐང་མར་དང་འབྲུ་མར་རམ་མར་རྙིང་སྟེ་ལོ་ལོན་པ་སོགས་ཀྱིས་བསྐུ་མཉེ་བྱ་བ་དང༌། འབྲོང་གི་ལྕི་བའི་མེ་མ་ཡིན་པའི་མེ་དང་ཉི་མས་ལུས་དྲོས་པར་བསྲོས་ཤིང་ཁ་ཟས་བཅུད་ཅན་གྱིས་འགྲངས་པའི་དུས་ན་བདེ་བ་དང༌། བཏུང་བ་གངས་ཆུ་གྲང་མོ། དངས་པའི་དར་བ་དང༌། ལོ་བཤུར་ཏེ་ཉུང་སོན་ནམ་ལབ་སོན་གྱི་འདབ་མ་ལས་བྱས་པའི་བཏུང་བ་དང༌། གཡེར་ཆུ་དང༌། ཇ་སོགས་ཀྱི་བཏུང་བ་དང༌། བཀྲེས་པ་དང་སྐོམ་གྱིས་གདུངས་པ་དང་ལུས་གྲང་བ་དང་ངག་གི་སྨྲ་བརྗོད་དང་ཉལ་པོ་སྤྱད་དྲགས་པ་དང༌། མཚན་ཉིད་ཆག་པ་དང་སེམས་ལ་སྡུག་བསྔལ་གྱི་ལས་ཆེན་པོ་སོགས་ཀྱིས་གནོད་ཅིང་སློང་ན་རླུང་གི་ནད་དུ་ཤེས་པར་བྱ་དགོས་པའོ།།

        གསུམ་པ་དོན་བསྡུ་བ་བཤད་པ་ནི། མདོར་བསྡུས་ཞེས་ཚིག་རྐང་ལྔས་བསྟན་ཏེ། སྔར་བཤད་པའི་བརྟག་ཐབས་དེ་རྣམས་ཀྱི་དོན་མདོར་བསྡུས་ཏེ་བཤད་པ་ནི། དང་པོ་སློང་བའི་རྒྱུ་ཟས་དང་སྤྱོད་ལམ་གོང་དུ་བཤད་པ་ལྟར་གྱི་གནོད་པས་སློང་བ་དང༌། དེ་ལྟར་བསླང་བའི་བར་དུ་ནད་རྟགས་ཀྱི་རྩ་སྟོང་བ་དང༌། ལུ་མའི་ཆུ་ལྟར་སྔོ་ལ་དྭངས་པ་དང༌། ལུས་ཀྱི་རྣམ་འགྱུར་གཡལ་ཡང་ཡང་དུ་འབྱུང་ཞིང་ལུས་འདར་བ་དང༌། རྙོང་བ་སྟེ། རྙོང་སྙིང་འདོད་པ་དང༌། བ་སྤུའི་བུ་གའི་སྒོ་རྣམས་བརྩེ་ཞིང་དགོང་དང་ཐོ་རངས་དང་ཟས་ཞུ་བའི་རྗེས་སུ་ན་ཞིང༌། ཐ་མ་ཟས་སྤྱོད་སྨན་དཔྱད་སོགས་བསིལ་བ་རྣམས་གནོད་ཅིང་དྲོ་ལ་བཅུད་ཅན་རྣམས་ཕན་པར་འགྱུར་ན་ནད་གང་ཡིན་ཡང་རླུང་ནད་ལས་གཞན་པའི་ནད་གཞན་གྱི་དོགས་པ་ཙམ་ཡང་མེད་པས་ན་མི་འགྱུར་བའི་རྟགས་ངེས་པ་ཅན་དུ་བཤད་པའོ། །ལྔ་པ་བཅོས་ཐབས་བཤད་པ་ལའང་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། དང་པོ་ནི། བཅོས་པའི་ཞེས་ཚིག་རྐང་གཅིག་གིས་བསྟན་ཏེ། དེ་ལ་སྤྱིར་བཅོས་པའི་ཐབས་ཞེས་པ་འདོད་དོན་སྒྲུབ་བྱེད་ཀྱི་བྱ་བ་ཐམས་ཅད་ལ་བྱ་ཞིང་འདིར་ནད་ལ་གསོ་བྱེད་ཀྱི་གཉེན་པོ་བསྡེབས་པ་ལ་གསོ་ཐབས་ཞེས་བཤད་པ་དེ་ལའང་སྤྱིའི་གསོ་ཚུལ་དང་བྱེ་བྲག་གི་གསོ་ཚུལ་བཤད་པར་བྱ་བ་གཉིས།

        གཉིས་པ་རྒྱས་པར་བཤད་པ་ལའང་མདོར་བསྟན་པ་དང་རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། སྤྱི་ལ་ཞེས་ཚིག་རྐང་གཅིག་གིས་བསྟན་ཏེ། རླུང་ནད་སྤྱིར་བཅོས་ཐབས་བསྟན་པ་དེ་ལའང་གསོ་ཡུལ་ནད་པ་ལ་བལྟོས་པའི་གོ་རིམ་ངེས་པ་དང༌། ནད་སྟོབས་ཆེ་ཆུང་ལ་བལྟོས་པའི་གོ་རིམ་ངེས་པ་གཉིས་ལས། དང་པོ་ནད་པ་ལ་བལྟོས་པའི་གོ་རིམ་ངེས་པར་བསྟན་པ་ནི། རྗེ་གཡུ་ཐོག་མགོན་པོས། རྒྱལ་པོ་རྣམས་ནི་ལས་ཀྱིས་འགྲུབ། །སྨན་གྱིས་གསོ་བར་བྱ་བ་ལས། །བློན་པོ་རྣམས་ལ་ཟས་སྤྱོད་བསྟེན། །དམངས་ལ་གཏར་སྲེག་དཔྱད་ཀྱིས་བཅོས། །ཞེས་གསུངས་པས་རྒྱལ་པོ་སོགས་འབྱོར་ལྡན་དཔྱད་མི་བཟོད་པ་ལ་སྨན། བློན་པོ་སོགས་འཇུག་ལྡོག་ཤེས་པ་ལ་ཟས་སྤྱོད། དམངས་སོགས་ཐུབ་ཚོན་ཅན་རྐྱེན་དང་མི་ལྡན་པ་ལ་དཔྱད་བསྟན་པའོ། །གཉིས་པ་ནད་ལ་བལྟོས་ཏེ་གོ་རིམ་ངེས་པ་ནི། ནད་སྟོབས་ཆུང་འབྲིང་ཆེན་པོ་དང་དུས་སྔ་ཕྱིའི་ངེས་པ་སྟེ། སྟོབས་ཆུང་ནད་ལ་དང་པོར་ཟས་སྤྱོད་གཉིས་ཀྱིས་བཅོས་ཐབས་བསྟན། དེས་མ་ཞི་ན་བསིལ་དྲོད་སྨན་གྱིས་བཅོས་ཐབས་བསྟན། དེ་གསུམ་ཀས་མ་ནོན་ན་དཔྱད་ཀྱི་སྒོ་ནས་ནད་ཡུལ་དབྱུང་ཐབས་བསྟན་པ་སྟེ་རྣམ་པ་བཞིའོ། །གཉིས་པ་རྒྱས་པར་བཤད་པ་ལ་བཞི་ཡོད་པའི་དང་པོ་ཟས་ཀྱི་སྒོ་ནས་བཅོས་ཐབས་བསྟན་པ་ནི། དང་པོ་ཞེས་སོགས་ཚིག་རྐང་དྲུག་གིས་བསྟན་ཏེ། དང་པོ་རླུང་ནད་ཟས་ཀྱི་སྒོ་ནས་བཅོས་པར་བྱ་བ་ནི། ཟྭ་དང་བཙོང་སྒོག་དང་གཡོས་སུ་བྱས་པའི་ཟན་སྐམ་པོ་དང༌། འདི་ལ་མཆན་བུ་ལ་ལར་ཟན་སྐམ་ལོ་ལོན་པ་ཞེས་འདུག་ཀྱང་ཡིག་སྐྱོན་ཡིན་ནམ་སྙམ་པས་དཔྱད་པར་བྱ་ཞིང༌། རུས་པ་ཞེས་པ་ལ་གཡུ་ཐོག་པའི་རྒྱུད་ཕྱག་དྲེག་མ་དང་བྱང་པ་བདག་པོ་བཀྲ་ཤིས་རྣམ་རྒྱལ་བ་གཉིས་མཐུན་པར་མཆན་བུ་ན་སྲེ་ལོང་སོག་ཡུ་གཞུག་གུ་ཆུང་ཨར་བཅུག་སྟེ་བཞི་པོ་ལོ་ལོན་པ་དང་འདི་ལྟར་ལོ་ལོན་དགོས་པ་ནི་ཟུར་སྨན་དྷརྨ་སྭ་མིའི་རྒྱུད་སྒམ་ནང་མའི་མཆན་བུར་འདུག་དོན་བཞིན་བཀོད་པ་རྣམས་ལས་བྱས་པའི་ཚོད་མ་དང༌། ལུག་གི་ཤ་དང་རྟ་དང་བོང་བུ་དང་འཕྱི་བ་དང་མི་ཡི་ཤ་རྣམས་དང༌། ལོ་ཡིབ་ཅེས་པ་འདི་ལ་ཅུང་ཞིག་དཔྱད་ན། ཡུལ་ཕལ་མོ་ཆེ་ལ་ལར་ཤ་རློན་པ་དྲི་སུངས་མནམ་ཞིང་ཧམ་པ་ཆགས་པ་ལ་བྱེད་པར་སྣང་ཡང༌། གསུང་རབ་སྤྱི་དང་བྱེ་བྲག་རང་གཞུང་གསོ་དཔྱད་ཀྱི་དགོངས་དོན་སྤྱིར་མཐུན་པ་ལྟར་ན། ཡིབ་མ་ཞེས་པ་ཤ་རློན་པ་དུས་འདས་པ་སུངས་དྲི་མནམ་པ་དང༌། ལོ་ཡིབ་ཅེས་པ་ལོ་གཅིག་འདས་པའི་ཤ་དང༌། ཤ་རྙིང་ཞེས་པ་དེ་ནས་ཕར་འདས་པ་ལ་བྱ་བ་ཡིན་ནོ། །དེས་ན་ལོ་ཡིབ་སྟེ་ལོ་གཅིག་ལོན་པ་ལུག་དང་གཡག་གང་རིགས་ཀྱི་ཤ་དང༌། བུ་རམ་དང་མར་རྙིང་དང་འབྲུ་མར་རྣམས་ལོ་ལོན་པ་དང༌། གཡོས་སུ་བྱས་པའི་ཟན་དྲོན་དང་གཞོས་མ་ཐག་གི་འོ་མ་དྲོན་མོ་དང༌། གྲོ་ལས་བྱས་པའི་ཆང་དང་ཡང་ན་བུར་ཆང་སོགས་མདོར་ན་དྲོ་ཞིང་སྣུམ་ལ་བཅུད་པའི་ཟས་ཀྱི་སྒོ་ནས་བཅོས་པར་བྱ་དགོས་པའོ། །གཉིས་པ་སྤྱོད་ལམ་བཤད་པ་ནི། གཡེང་བ་ཞེས་སོགས་ཚིག་རྐང་བཞིས་བསྟན་ཏེ། མི་གང་ཞིག་རང་ནད་ཀྱིས་བཏབ་པའི་དུས་སུ་ལུས་ངག་གི་སྒོ་ནས་སྤྱོད་ལམ་གྱི་བླང་དོར་འདི་ལྟར་བྱ་དགོས་ཏེ། སྡུག་བསྔལ་སོགས་བྱ་བ་གང་གིས་ཀྱང་གཡེང་བ་མེད་པའི་ངང་ནས་མུན་ཁུང་སྟེ་གནས་ཁང་ས་ཕུག་གམ་དེ་ལྟར་མ་རྙེད་ན་འོག་ཁང་མུན་པ་ནག་པ་དེ་ཡང་ལྷག་པར་དུ་དྲོ་བའི་གནས་སུ་པགས་པ་སོགས་ཀྱི་གོས་མཐུག་པོར་གྱོན་ནས་ཅི་བདེར་གཉིད་ལོག་ཅིང་སྒྲིན་བརྩེ་ཞིང་ངག་འཇམ་པོའི་སྒོ་ནས་སྙན་པའི་གཏམ་ཚིག་སྨྲ་བ་དང༌། ཁྱད་པར་དུ་ནད་པ་རང་གི་ཡིད་དུ་འོང་བའི་གྲོགས་སོགས་ཐབས་དུ་མའི་སྒོ་ནས་བཅོས་པར་བྱ་ཞིང༌། དེ་ལས་གོ་ལྡོག་པ་རླུང་ནད་ལ་གནོད་པར་བྱེད་ཅིང་བསྐྱེད་པའི་ཟས་དང་སྤྱོད་ལམ་ནི་དུས་ཐམས་ཅད་དུ་རླུང་ནད་ཅན་ཀུན་གྱིས་སྤང་བར་བྱ་དགོས་པ་ཡིན་ནོ།།

        གསུམ་པ་སྨན་བཤད་པ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་མདོར་བསྟན་པ་ནི། སྨན་ནི་ཞེས་ཚིག་རྐང་གཅིག་དང་འབྲུ་བཞིས་བསྟན་ཏེ། དེ་ཡང་སྨན་ཞེས་པ་ནི། ཟུག་རྔུའི་ནད་དེ་ལ་ཕན་པས་ན་སྨན་ཞེས་བྱ་བ་ཡིན་ནོ། །དེ་ལྟ་བུའི་སྨན་དེ་ལའང་ཐོག་མར་ཁུ་བ་དང༌། ཆང་དང༌། འདོན་སྦྱོར་དང་གསུམ་ནི་ནད་བསྡོང་ཟླ་བསལ་ཏེ་མལ་དུ་འཇུག་པར་བྱེད་པ་ཐང་གི་རིགས་སུ་བསྡུས་ནས་བསྟན་ཅིང༌། བར་དུ་དངོས་པོ་གསོད་པར་བྱེད་པ་ཕྱེ་མ། མཇུག་ཏུ་ནད་ཀྱི་ལྷག་མ་འདོན་ཞིང་ལུས་ཟུངས་གསོ་བར་བྱེད་པ་སྨན་མར་ཏེ་སྔ་ཕྱི་གོ་རིམ་དང་མཚུངས་པར་ཤེས་པར་འགྱུར་བའི་ཕྱིར་བཤད་པར་བྱ་བ་ཡིན་ནོ། །གཉིས་པ་རྒྱས་པར་བཤད་པ་ལའང་ལྔ་ལས། དང་པོ་ཁུ་བ་བཤད་པ་ནི། དང་པོ་ཞེས་འབྲུ་གསུམ་དང་ཚིག་རྐང་བཅོ་ལྔས་བསྟན་ཏེ། ཁུ་བ་རྣམས་ཀྱི་ནང་ནས་དང་པོ་ནི། སྲེ་ལོང་ཞེས་པ་གཡག་དང་བྱང་གི་འབྲོང་དང་ལུག་སོགས་ཀྱི་བརླ་རྐང་གི་མཇུག་གི་རུས་པ་དེ་ལ་འདོད་པར་འདུག་ཅིང༌། མིའི་སྲེ་ལོང་ནི་རྟིང་པའི་རུས་པ་ལ་འདོད་པར་འདུག་ཀྱང་བརྟག་གསུངས་པར་མན་ངག་རྒྱུད་དུ། སྲེ་ལོང་ཕྱི་ལོང་བར་ན་རྒྱུས་རྩའི་གནད། །ཅེས་གསུངས་པས། རྟིང་པ་ལས་གཞན་དུ་མ་འདས་སོ། །དེ་རྣམས་གང་རིགས་ཀྱི་སྲེ་ལོང་དང༌། སོག་ཡུ་ནི་སོག་པའི་ཡུ་བ་དང༌། གཞུག་ཆུང་ནི་སྒལ་ཚིགས་ཀྱི་མཇུག་རུས་རྣམས་རྙིང་པ་དགོས་པར་ཟུར་སྨན་མཁས་པའི་དབང་བོའི་ལུགས་ལྟར་གྱིས་ན་རྙིང་པ་སྟེ་རུས་བཅུད་གསུམ་པོ་ཆོམ་ཙམ་བརྡུངས་པ་ཆུར་སྐོལ་བའི་བསྡུས་ཁུའམ། ཡང་ན་རུས་པ་ལྷ་བ་ཅན་སྣ་ཚོགས་བསྡུས་པའི་ཁུ་བར་སྒ་ཤིང་ཀུན་ཁ་རུ་ཚྭ་སྒོག་སྐྱ་དང་བཅས་པའི་སྤོད་བཏབ་ནས་གཏོང་བ་གཡུ་ཐོག་པ། བྲང་ཏི། བྱང་པ། བྱ་བ་རྣམས་མཐུན་པར་གསུངས་ལ། ཟུར་མཁར་བ་ལྟར་ན་སྤོད་ལ་སྒ་རང་ལས་མ་བཤད་ཅིང་བླ་རྟ་ལྟར་ན་སྒ་དྲོད་སྨན་གཉིས་གཏོང་བར་བཤད་དོ། །དེ་ལྟར་གཏང་བས་རླུང་ནད་མ་ལུས་ཀུན་ལ་ཕན་པ་ཡིན་ནོ། །ལུག་གི་ཤ་དང་མར་དང་བུ་རམ་རྙིང་པ་དང་བཅས་པ་ཆང་གི་ནང་དུ་སུམ་གཉིས་ཙམ་བསྡུས་པའི་ཐང་གིས་ནི་རླུང་ནད་ཀུན་སེལ་ཞིང་མཆོག་ཏུ་སོ་ལ་རླུང་ཞུགས་པ་ཕན་པ་ཡིན་ནོ། །ཡང་ན་དེ་ལ་ཛཱ་ཏི་ཞེས་པ་རྒྱ་སྐད་དེ་བོད་སྐད་དུ་སྣ་མ་ཞེས་པའི་དོན་ཡིན་ཏེ། འདོད་འཇོར། ཛཱ་ཏིའི་ཤིང་གི་མིང་ནི། སུ་མ་ན་ཞེས་པ་ཡིད་བཟང་མ་དང༌། མ་ལ་ཏི་ཞེས་པ་ཕྲེང་བ་ཅན་དང༌། ཛཱ་ཏི་སྣ་མའོ་ཞེས་ཛཱ་ཏིའི་ཤིང་ངོས་བཟུང་ནས་དེའི་འབྲས་བུ་སྟོན་པ་ལ་རྒྱ་དཔེར། ཛཱ་ཏི་ཕ་ལ་ཞེས་པ། ཛཱ་ཏི་སྦུབས་ཅན་ཛཱ་ཏིའི་འབྲས་ཞེས་པར་བསྒྱུར་ལ། དེའི་འགྲེལ་བར། དེ་ནས་ཛཱ་ཏིའི་མིང་ལ་ཛཱ་ཏི་སྣ་མའམ་སྲི་ཤིང་སྣ་མ། ཀོ་ཥ་སྦུབས་ཅན་དང༌། ཛཱ་ཏི་ཕ་ལ། ཛཱ་ཏིའི་འབྲས་ཏེ། སྤོས་ཀྱི་རྒྱལ་པོ། ལི་ཤིག་བེར་ཞེས་སོ། །དེ་ཡང་འདོད་འཇོར། མ་   ཞེས་པ་ཆུ་སྐྱེས་ཏེ་དགུན་ཟླ་ཐ་ཆུང་ལ་འདི་འབྱུང་བའོ། །བནྡྷུ་ཛི་བ་ཀ །ཞེས་པ་མེ་ཏོག་རྩ་ལག་འཚོ་སྟེ། སོར་ཕྲེང་གི་མདོར། མེ་ཏོག་རྩ་ལག་འཚོའི་མདོག་ལྟར་དམར་པོར་འགྱུར་རོ་ཞེས་གསུངས་ལ། ཟླ་དགས་མཛད་པའི་སྨན་མིང་སྒྲ་སྦྱོར་ངེས་པར། ཛཱ་ཏི་པ་ཏྲི་དང༌། པལླི་ཀ་དང༌། ནི་ཤ་ཡི་ནི་དང༌། འདི་དག་ནི་ཛཱ་ཏི་ལ་པ་ཊའི་མིང་ངོ༌། །ཞེས་དང༌། གོ་ད་རའི་གསར་འགྱུར་ལས་ཀྱང༌། ཛཱ་ཏི་པ་ཏྲི་ཞེས་པ་ཛཱ་ཏིའི་མེ་ཏོག་དང༌། ཛ་ཡ་ཕ་ལ་དང༌། ཨ་ཙེ་ཕ་ལ་ཞེས་པ་གཉིས་ཛཱ་ཏིའི་འབྲས་བུའོ། །ཞེས་བཤད་ཅིང༌། བཟང་ངན་གྱི་དབྱེ་བ་ཡང༌། བཻ་རོའི་སྨན་མིང་བརྡ་སྤྲོད་དུ། ཛཱ་ཏི་སྙི་ལ་ལྕི་ན་བཟང་ཞེས་སོགས་ཀྱི་སྒོ་ནས་སྨན་རེ་རེ་བཞིན་ལ་རྒྱས་པར་བཤད་རྒྱུ་ཡོད་ནའང་མང་དོགས་མ་བྲིས། རྒྱས་པར་སྤྲོ་བ་ལ་དགའ་ན་ཁོ་བོས་བྲིས་པའི་རྐྱང་སེལ་གྱི་འགྲེལ་བར་བཤད་ཡོད་པས་དེར་ལྟོས་ཤིག །ཛཱ་ཏི་དང་ཁ་རུ་ཚ་དང་ཤིང་ཀུན་གསུམ་ཁ་ཚར་དུ་བཏབ་ནས་བཏང་ན་སྙིང་དང་སྲོག་རྩར་ཞུགས་པའི་རླུང་ནད་རྣམས་སེལ་བར་བྱེད་པ་དང༌། ལུག་ཐོང་བའི་མགོ་བོ་ལོ་གསུམ་ལོན་པའི་ཤ་རུས་ཀླད་པ་དང་བཅས་པ་ཚོས་པར་བཙོས་པ་བསྡུས་པའི་ཁུ་བ་ལ་ཤིང་ཀུན་དང་སྒ་དང་རྒྱམ་ཚྭ་གསུམ་ཁ་ཚར་དུ་བཏབ་པ་བཏང་ན་རླུང་གི་ནད་ཀུན་འཇོམས་ཤིང་ཁྱད་པར་དུའང་མགོ་བོའི་རླུང་ནད་སེལ་བར་བྱེད་པ་དང༌། སྒ་དང་ཤིང་ཀུན་གཉིས་བསྡུས་པའི་ཁུ་བ་ལ་ཁ་རུ་ཚྭ་ཁ་ཚར་དུ་བཏབ་ནས་བཏང་ན་རླུང་ནད་ཀུན་ལ་ཕན་ཞིང་ཁྱད་པར་དུའང་ཕོ་རླུང་དང་ལོང་རླུང་དང་རྙིང་རླུང་རྣམས་སེལ་བ་དང༌། སྒ་དང་གོ་སྙོད་དང་ཛཱ་ཏི་གསུམ་བསྡུས་པའི་ཐང་གིས་རླུང་ནད་མ་ལུས་པར་ཀུན་འཇོམས་ཤིང་ཁྱད་པར་དུ་དྲན་པའི་དབང་པོ་གསལ་བར་བྱེད་པ་ཡིན་ནོ།།

        གཉིས་པ་རླུང་ནད་ཆང་གི་སྒོ་ནས་བཅོས་ཐབས་བཤད་པ་ནི། ཆང་ནི་ཞེས་ཚིག་རྐང་བདུན་གྱིས་བསྟན་ཏེ། རླུང་ལྡན་གྱི་ནད་ལ་ཕན་པའི་སྨན་ཆང་གི་སྦྱོར་བ་ནི། ལྕ་བ་དང་ར་མཉེ་དང་ཟན་རྣམས་ལས་བྱས་པའི་ཆང་ལ་གྲོའམ་བད་རླུང་ཤས་ཆེ་ན་ནས་ལས་བྱས་པའི་ཆང་གིས་བསིངས་ནས་བཏང་ན་རླུང་ནད་མ་ལུས་པ་ཀུན་འཇོམས་པར་བྱེད་པ་ཡིན་ཞིང་མཆོག་ཏུ་མཁལ་རྐེད་སྨད་ཀྱི་རླུང་ནད་ལ་ཕན་པ་ཡིན་ནོ། །སྦྱོར་སྡེའི་སྨན་མིང་མི་གསལ་བ་རྣམས་དང༌། སྦྱོར་ཚད་མ་བཤད་པ་རྣམས་ཕྱི་རྒྱུད་བཞིན་རྟོགས་པར་བྱའོ། །དེ་བཞིན་དུ་བུ་རམ་ལས་བྱས་པའི་ཆང་གིས་རླུང་ནད་ཐམས་ཅད་འཇོམས་པར་བྱེད་དོ། །དེ་བཞིན་དུ་ལུག་གི་མར་ལས་བྱས་པའི་ཆང་གིས་ནི་གྲང་རླུང་སེལ་བར་བྱེད་ཅིང༌། གཟེ་མ་ལས་བྱས་པའི་ཆང་གིས་རུས་པའི་རླུང་ནད་དང་མཁལ་མར་ཞུགས་པའི་རླུང་སེལ་བར་བྱེད་པ་དང༌། ལུག་ཐོང་ཚེར་གྱི་རུས་པ་ལས་བྱས་པའི་ཆང་གིས་རུས་པའི་རླུང་ལ་ཕན་པ་ཡིན་ནོ། །གསུམ་པ་འདོན་སྦྱོར་བཤད་པ་ལ་གསུམ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་དང༌། ཕན་ཡོན་བསྟན་པའོ། །དང་པོ་ནི། འདོན་ལ་ཞེས་ཚིག་རྐང་གཅིག་དང་འབྲུ་གཉིས་ཀྱིས་བསྟན་ཏེ། རླུང་ནད་ལུས་ལ་ཞེན་པ་རྣམས་ཕྱིར་འདོན་པའི་སྦྱོར་བ་ལ་དཀར་འདོན་དང་དམར་འདོན་དང་སྐྱུར་འདོན་དང་སྒོག་འདོན་རྣམས་ཡོད་དོ་ཞེས་པའི་དོན་ནོ། །གཉིས་པ་རྒྱས་པར་བཤད་པ་ལའང་བཞི་ལས། དང་པོ་དཀར་འདོན་གྱི་སྦྱོར་བ་བཤད་པ་ནི། དང་པོ་ཞེས་འབྲུ་ལྔ་དང་ཚིག་རྐང་གཉིས་ཀྱིས་བསྟན་ཏེ། དང་པོ་ལུག་གམ་འབྲིའི་མར་རྙིང་པ་མེ་ལ་ཙག་ལེགས་པར་བཅད་པའི་མར་ཁུ་ལ། ཚོམས་ཕྱེ་སྟེ་ནས་ཆུའི་བརླན་མེད་པ་མེར་བརྔོས་པའི་ཕྱེ་སྟེ་དོན་དུ་སྐམ་རྩམ་ལ་འདོད་པ་བྱང་པ་བདག་པོ་དང་བྱ་པ་ཁྲི་པ་བཀྲ་ཤིས་རྣམ་རྒྱལ་བའི་ལུགས་ལས་བྱུང་བ་དེ་ཉིད་གོང་གི་མར་ཙག་བཅད་ལ་བཏབ་ལ་འོལ་སྐོམ་དུ་སྦྱར་བ་འོ་མར་བཙོས་པ་དེ་ལ་སྒ་དང་རྒྱམ་ཚྭ་གཉིས་ཁ་ཚར་དུ་བཏབ་པའི་སྐྱོ་མར་བྱས་པའི་སྦྱོར་བ་ནི་དཀར་འདོན་གྱི་སྦྱོར་བ་ཡིན་ཞིང༌།

        གཉིས་པ་དམར་འདོན་འོལ་སྐོམ་དེ་ཉིད་ལུག་ཤའི་ཁུ་བར་སྦྱར་ནས་བཙོས་པ་ལ་དམར་འདོན་གྱི་སྦྱོར་བ་ཟེར་བ་ཡིན་ནོ། །དེ་བཞིན་དུ་གསུམ་པ་སྐྱུར་འདོན་ནི་གྲོ་ལས་བྱས་པ་ཁུགས་ཤིང་སྨིན་པའི་གླུམ་ལ་ཉེའུ་སྟེ་བཙིར་བའི་པགས་པ་རྣམས་ཕྱིར་དོར་བའི་ཁུ་བ་ལས་བྱས་པ་དེ་ལ་ལུག་མར་རྙིང་པ་དང་བུ་རམ་དང་སྒ་བཏབ་ནས་ཚོས་པར་བཙོས་པ་ལ་བྱས་པ་དེའོ། །བཞི་པ་སྒོག་འདོན་ནི་སྒོག་སྐྱ་ཚོས་པར་བཙོས་པ་བསྣུར་བའི་ཁུ་བ་ལ་ལུག་གི་མར་དང་རུས་པ་བཅུད་ཅན་ཐང་ལྟར་བསྡུས་པའི་ཁུ་བ་དང་རྒྱམ་ཚྭའི་ཕྱེ་མ་ཁ་ཚར་དུ་བཏབ་ནས་བཙོས་པ་དེ་ཉིད་ལ་སྒོག་འདོན་ཞེས་བྱ་བའི་དོན་ནོ། །གསུམ་པ་ཕན་ཡོན་བཤད་པ་ལ། དེ་རྣམས་ཞེས་ཚིག་རྐང་གསུམ་གྱིས་བསྟན་ཏེ། བཤད་མ་ཐག་པའི་འདོན་སྦྱོར་སྡེ་རྣམས་དེ་ལྟར་བྱས་ཤིང་བསྟེན་པའི་ཕན་ཡོན་ནི། གང་ཞེས་པ་སྤྱི་ཁྱབ་དང་ཡང་ཞེས་པ་དེར་མ་ཟད་པའི་རླུང་ནད་བྱེ་བྲག་པའི་ནད་རྣམས་ཀྱང་མ་ལུས་པར་ཀུན་འཇོམས་པར་བྱེད་པ་ཡིན་ཏེ། སྨྲ་སྒོར། ཀྱང་དང་ཡང་སོགས་བསྡུ་ཚིག་པའི། །མི་མཐུན་མཐུན་པར་སྟོན་པའང་ཡིན། །ཞེས་དང༌། ཀླུ་སྒྲུབ་ཀྱིས། སྤྱིར་བཏང་བ་དང་དམིགས་ཀྱིས་བསལ། །བསྟན་བཅོས་ཀུན་ལ་རབ་ཏུ་གཅེས། །ཞེས་གསུངས་པའི་དོན་གྱིས་ན་ལུས་ཀྱི་སྟོབས་སྐྱེད་པར་བྱེད་ཅིང་དབང་པོ་མིག་ལ་སོགས་པ་དང་ཁྱད་པར་དུའང་དྲན་པའི་ཤེས་པ་གསལ་བར་བྱེད་པ་དང༌། བྱེ་བྲག་ཏུའང་རི་ཐང་མཚམས་ཀྱི་རླུང་ནད་ལ་བདུད་རྩི་དང་འདྲ་བ་ཡིན་ནོ། །བཞི་པ་ཕྱེ་མའི་སྦྱོར་བ་བཤད་པ་ལ། ཕྱེ་མ་ཞེས་ཚིག་རྐང་བདུན་གྱིས་བསྟན་ཏེ། རླུང་ནད་ཕྱེ་མའི་སྒོ་ནས་བཅོས་ཐབས་བསྟན་པ་ལ། ཛཱ་ཏི་དང་ཤིང་ཀུན་དང་ཁ་རུ་ཚྭ་དང༌། ཙབས་རུ་ཚྭ་སྟེ། །ཟུར་སྨན་མཁས་པའི་དབང་པོས་མཛད་པའི་ཚྭ་བཟོ་བདུད་རྩི་མེ་ལོང་དུ་བཤད་པ་ལྟར་བཟོས་པའི་ཙབས་རུ་ཚྭ། རྒྱམ་ཚྭ་དང་པི་པི་ལིང་དང་བཅའ་སྒ་དང་ཕོ་བ་རིས་ཏེ་ཚ་བ་གསུམ་དང་ཤིང་ཚ་དང་སེ་འབྲུ་དང་སུག་སྨེལ་དང་ཨ་རུ་ར་དང་སླེ་ཏྲེས་དང་སྒོག་སྐྱ་རྣམས་ཀྱི་སྨན་རྟ་བུར་དཀར་བརྒྱད་འགྱུར་དུ་སྦྱར་ཞིང༌། དེ་ཡང་སྦྱོར་ཚད་ཛཱ་ཏི་དང་ཤིང་ཀུན་གཉིས་གང་ཡང་རུང་བ་གཏོང་བར་གསུངས་པ་ནི་ཚ་ན་ཛཱ་ཏི་དང༌། གྲང་ན་ཤིང་ཀུན་ཏེ་གཙོ་བོར་བྱེད་པ་ནི་སྨན་གཞན་རྣམས་ལས་ཐུན་ལོག་པོས་མང་བ་བཏང་བའི་ཕྱེ་མ་དེ་ཉིད་རུས་པ་བཅུད་ཅན། སྲེ་ལོང༌། སོག་ཡུ་དང༌། གཞུག་ཆུང་གསུམ་མམ་ཡང་ན་བཅུད་ཅན་གྱི་གཟའ་བཏུང་ཤ་མར་བུར་རྙིང་བཞི་ཆང་དུ་བསྡུས་པ་བཅུད་ཅན་བཞིའི་ཁུ་བ་གཉིས་པོ་གང་རིགས་ཀྱིས་འཕུལ་ནས་བཏང་ན། རོ་སྟོད་དང་རོ་སྨད་སོགས་མདོར་ན་ལུས་ཀྱི་ཕྱི་ནང་བར་གསུམ་དུ་གནས་པའི་རླུང་ནད་ཀུན་སྦྱོར་བ་འདིས་མི་འཇོམས་པ་ནི་གང་ཡང་ཡོད་པ་མ་ཡིན་ནོ།།

        ལྔ་པ་རླུང་ནད་སྨན་མར་གྱི་སྒོ་ནས་བཅོས་ཐབས་བཤད་པ་ནི། སྨན་མར་ཞེས་ཚིག་རྐང་བཅུ་གཅིག་གིས་བསྟན་ཏེ། རླུང་ནད་ལུས་ལ་ཞེན་པ་རྣམས་འདོན་ཞིང་ལུས་ཟུངས་གསོ་བར་བྱེད་པའི་ཐབས་སྨན་མར་གྱི་སྦྱོར་བ་ནི་ཁ་རུ་ཚྭ་དང༌། པི་པི་ལིང་གཉིས་སྲང་རེ་རེ་དང༌། ཨ་རུ་ར་སུམ་ཅུ་དང་བཅས་པ་རྣམས་རྩི་བཞིན་བཏགས་པའི་ཕྱེ་མ་འབྲིའི་མར་ལ་སྦྱར་བ་བསྟེན་ན་རླུང་གི་ནད་སྟོང་ལ་ཕན་པ་ཡིན་ནོ། །སྦྱོར་ཚད་དེ་བཞིན་དུ་སེ་འབྲུ་དང་འུ་སུ་དང་སྒ་དང་ཙི་ཏྲ་ཀ་དང་པི་པི་ལིང་དང་བཅས་པའི་ཕྱེ་མར་བྱས་པ་འབྲི་མར་དང་སྦྱར་ནས་བཏང་ན་རླུང་ནད་རྣམས་མ་ལུས་པར་འཇོམས་ཤིང་ཁྱད་པར་དུ་ཕོ་བའི་མེ་དྲོད་བསྐྱེད་པར་བྱེད་ཅིང་ལུས་ཀྱི་ཤ་སྐེམ་པོ་ཡོད་པ་རྣམས་རྒྱས་པར་བྱེད་པ་ཡིན་ནོ། སྒོག་སྐྱ་གང་ལེགས་པར་བྱས་པ་སྲང་བརྒྱད་ཆུར་བསྣུར་བའི་ཁུ་བ་ལ་བུ་རམ་དང་འབྲི་མར་སྲང་དོ་དང་སྦྱར་བ་དེ་ནས་གསེབ་ཀྱི་ནང་དུ་ཞག་བཅུ་གཉིས་མནན་པ་དེ་ཉིད་ཐོ་རངས་ཁམ་རེ་བསྟེན་ན་རླུང་ནད་མ་ལུས་པ་ཀུན་འཇོམས་པར་བྱེད་པའི་སྨན་མར་གྱི་མཆོག་ཏུ་བཤད་པ་ཡིན་ནོ། །ཛཱ་ཏི་རྡོག་པོ་བཅུ་ཁ་རུ་ཚྭ་སྲང་བཞི་དང་ཤིང་ཀུན་ཞོ་གང་ཨ་རུ་ར་ཉི་ཤུ་རྩ་ལྔ་བུ་རམ་དང་བཅས་པ་འབྲི་མར་རྙིང་པ་དང་སྦྱར་བའི་སྨན་མར་བཏང་ན་རླུང་ནད་རྣམས་འཇོམས་ཞེས་གཡུ་ཐོག་པའི་ཕྱག་དྲེག་མ་དང༌། བྲང་ཏིའི་བཞེད་དགོངས་ལྟར་ཡིན་ཞིང༌། ཟུར་སྨན་མཁས་པའི་དབང་པོའི་བཞེད་པ་ལྟར་ན་གཞན་རྣམས་གོང་ལྟར་ལ། ཛཱ་ཏི་དང་ཁ་རུ་ཚྭ་གཉིས་སྲང་བཞི་ཞེས་བཀོད་འདུག་ཅིང༌། བྱ་བ་བདག་པོ་བཀྲ་ཤིས་རྣམ་རྒྱལ་བ། བྱང་ལུགས་མིའི་ཉི་མ་གཉིས་ཀྱང་གཡུ་ཐོག་པ་ལྟར་དུ་བཞེད་ཅིང༌། རིགས་ལྡན་རྣམ་རྒྱལ་གྲགས་བཟང་ནི་གཞན་རྣམས་བྱ་བ་ལྟར་ལ་ཁ་རུ་ཚྭ་སྲང་ང་གཅིག་ཟེར་བ་འདུག་ཀྱང༌། མཁས་པའི་བཞེད་པ་ཡིན་པས་མི་འཐད་པ་ཅི་ལ་ཡོད་པས་རྗེས་འཇུག་རྣམས་ཀྱང་དེ་ལྟར་ཉམས་སུ་ལེན་པར་རིགས་སོ། །དེ་བཞིན་དུ་བཙན་དུག་དང༌། རུས་ཆེན་ཏེ་མི་རུས་དང༌། མ་འབྱོར་ན་འཕྱི་བ་དང༌། རྟ་བོང་གཡག་རྒོད་དེ་འབྲོང་གི་རུས་པ་སོགས་ཀྱི་ཚབ་བྱས་པའི་སྦྱོར་ཚད་ལག་ལེན་ནི། སྨྱོ་བྱེད་གསོ་བར་བཤད་པར་བྱའོ། །དེ་སྟེང་ཡང་ན་ཨ་རུ་ར་དང་བ་རུ་ར་དང་སྐྱུ་རུ་ར་སྟེ་འབྲས་བུ་གསུམ་མམ། ཡང་ན་ར་མཉེ་དང་ཉེའུ་ཤིང་དང་ལྕ་བ་དང་བ་སྤྲུ་དང༌། གཟེ་མ་སྟེ་རྩ་བ་ལྔ་ཡི་སྨན་མར་སྦྱར་བར་བྱ་ཞིང་ལག་ལེན་ནི་ཕྱི་རྒྱུད་ལྟར་ཤེས་པར་བྱའོ། །གཉིས་པ་རླུང་ནད་དཔྱད་ཀྱི་སྒོ་ནས་བཅོས་པར་བྱ་བ་ལ་གཉིས། འཇམ་པོའི་དཔྱད་བསྟན་པ་དང༌། རྩུབ་པོའི་དཔྱད་བསྟན་པའོ།།

        དང་པོ་འཇམ་པོའི་དཔྱད་བསྟན་པ་ནི། དཔྱད་དུ་ཞེས་ཚིག་རྐང་བཅུ་གཉིས་ཀྱིས་བསྟན་ཏེ། རླུང་ནད་འཇམ་པོའི་དཔྱད་ཀྱི་སྒོ་ནས་བཅོས་པར་བྱ་དགོས་པ་ལ་དུ་མ་ཞིག་ཡོད་པའི་ཐོག་མར་མར་རྙིང་པ་འོ་དྲོད་ཙམ་གྱི་འཇམ་རྩིའི་ཆོ་ག་ཕྱི་རྒྱུད་ནས་བྱུང་བ་ལྟར་བཏང་བར་བྱ་ཞིང༌། ཨ་རུ་ར་དང་སྒོག་སྐྱ་དང༌། རྒྱམ་ཚྭ་རྣམས་དང༌། ཞུན་མར་དང༌། སྦྱར་བའི་རེངས་བུ་ཞེས་པ་འཕོངས་ནས་ཡར་བཏང་ན་སྨད་དུ་གནས་པའི་རླུང་འཁྲུགས་པ་སེལ་བར་བྱེད་པ་དང༌། རླུང་ནད་དེ་ལ་བད་མཁྲིས་སོགས་གཞན་གྱིས་བགེགས་བྱས་ན་དེ་ལ་ཕན་པའི་སྨན་ནི། ལག་ལེན་རིན་ཅེན་གཏེར་སྤུངས་སུ། ཨ་རུ་ར་ལྕུམ་རྩ་དུར་བྱིད་འོ་མའམ་རུས་ཐང་དུ་སྐོལ་བའི་སྦྱོང་བྱ་ཞེས་ཀྱང་འབྱུང་ངོ༌། །སྣུམ་ལྡན་འཇམ་པོས་སྦྱང་བ་ནི། ཀླུ་གདོན་གསོ་བར་ཀོ་ཏྲའི་བཀྲུ་སྨན་ལྟར་རམ། སྦྱོང་སྨན་འཇམ་པོ་མར་དུ་སྐོལ་བའི་སྦྱོང་ངོ་ཞེས་བླ་རྟ་བཞེད་ཅིང༌། གཡུ་ཐོག་པའི་ཕྱག་དྲེག་མའི་མཆན་དུ་སྣུམ་ལྡན་ཏེ་སྨན་གྱི་མར་ཁུ་འཇམ་པོས་སྦྱང་ཞེས་པ་བཀོད་འདུག་ཅིང༌། བྲང་ཏི་བྱ་བ་བྱང་པ་གསུམ་མཐུན་པར་འོ་མ་དང་དན་ད་སྐོལ་བའི་བཤལ་སྨན་གྱི་མར་ཁུ་འོ་ཞེས་སོ། །འབྲུ་མར་རྙིང་པས་ལུས་ཀུན་ཁྱབ་པར་བྱུགས་ཤིང་དེའི་རྗེས་ལ་མཉེ་བར་བྱེད་པ་དང༌། གང་ན་བའི་གཟེར་གང་བྱུང་སར་འབའ་ཆ་ཆང་དུ་བཙོས་པའམ་ཡང་ན་རུས་རྙིང་བཙོས་པ་ཆང་གིས་བྲན་པའི་དུགས་ཀྱིས་བདུག་པ་དང༌། སེམས་ཅན་ཅི་རིགས་པ་སྣ་ཚོགས་ལས་བྱུང་བའི་རུས་པ་ཆང་དུ་བཙོས་པའི་རླངས་ལུམས་བྱ་ཞིང་དེའི་ཞག་གིས་ལུས་ཀུན་ལ་ཁྱབ་པར་བྱུགས་ཤིང་མཉེས་པ་སྟེ་ཡུལ་སྐད་དུ་ཕུར་བའི་དོན་ཏོ། སྣུམ་འཆོས་དང་དུགས་དེ་ལྟར་དུ་བྱས་པའི་ཕན་ཡོན་གྱིས་ནི་རླུང་གིས་རོ་སྟོད་གཟེར་བ་དང་བ་སྤུ་བརྩེ་བ་ཐམས་ཅད་འཇོམས་པར་བྱེད་པ་དང༌། ཡན་ལག་སོགས་ཤིང་ལྟར་རེངས་པའམ་ཡང་ན་འཁུམས་པ་ལ་སོགས་པ་མདོར་ན་ཇི་ལྟར་དུ་འདོད་པ་བཞིན་དུ་རང་གནས་སུ་འགུགས་པར་བྱེད་པ་དང༌། ལུས་ཀྱི་སྟོབས་འཕེལ་ཞིང་ཕོ་བའི་མེ་དྲོད་འབར་བ་དང༌། ལུས་ཀྱི་ཤ་སྐེམ་པོ་རྣམས་ཀྱང་རྒྱས་པར་བྱེད་པ་ཡིན་ནོ། །བད་ཀན་དང་མཁྲིས་པ་སོགས་ནད་གཞན་དང་འདྲེས་ན་སྣུམ་བཅོས་རྐྱང་པའི་བཅོས་བྱ་དགོས་ཏེ། ཟླ་ཟེར་ལས། མ་འདྲེས་རླུང་ལ་དང་པོར་ནི། །མར་དང་རྐང་དང་ཚིལ་དང་ནི། །ཏིལ་མར་བླུད་ཅིང་སྣུམ་གྱིས་ནི། །སྦྱོར་བས་ལེགས་པར་གསོ་བར་བྱ། །ཞེས་བྱ་བ་ལས། རླུང་གི་ནད་མ་འདྲེས་པ་སྟེ་བད་ཀན་དང་མཁྲིས་པའི་ནད་ཀྱི་འདྲེས་མེད་པ་ལ་ནི་དང་པོར་མར་ལ་སོགས་པའི་སྣུམ་བླུད་ཅིང་བསྐུ་བ་དང་དུགས་ལ་སོགས་པ་སྣུམ་གྱི་སྦྱོར་བས་གསོ་བར་བྱའོ། །དེ་ལྟར་དུ་སྣུམ་བསྟེན་པའི་ཕན་ཡོན་ཡང༌། ཟླ་ཟེར་ལས། སྣུམ་གྱིས་ཞེན་པའི་དུས་བྱས་པས། །གཡོས་ཤིང་རེངས་དང་གཟེར་བཅས་པ། །ཞེས་བྱ་བ་ལས་སྣུམ་གྱིས་ལེགས་པར་ཞེན་པར་བྱས་པ་དང༌། དུགས་ལེགས་པར་བྱས་པས་ནི་ལུས་རླུང་ནད་ཀྱི་གཡོ་ཞིང་འགུལ་བ་དང་ཤིང་ལྟར་རེངས་པ་དང༌། གཟེར་དང་བཅས་པར་ལྷང་ལྷང་པོར་ན་བ་དག་ཀྱང༌། ཇི་ལྟར་འདོད་པ་བཞིན་དུ་འགུགས་ཤིང་ལུས་སྡུད་པར་བདེ་བླག་ཁོ་ནར་ནུས་པར་འགྱུར་རོ། །ཞེས་དང༌། ཇི་ལྟར་འདོད་བཞིན་དུ་འགུགས་ཤིང་ལུས་སྡུད་པར་བདེ་བླག་ཁོ་ནར་ནུས་པར་འགྱུར་རོ། །ཞེས་དང༌། ཇི་ལྟར་འདོད་བཞིན་འགུགས་པ་ནི། །བདེ་བླག་ཉིད་དུ་ནུས་པར་འགྱུར། །ཇི་ལྟར་ཤིང་སྐམ་དག་ཀྱང་ནི། །སྣུམ་བསྐུས་བསྲོས་པར་གྱུར་ན་ནི། །ལས་སུ་བྱ་བར་རུང་གྱུར་ན། །སྲོག་བཅས་ལུས་ནི་སྨོས་ཅི་དགོས། །ཞེས་བྱ་བ་ལས། དེ་ཡང་དཔེར་ན་ཤིང་སྐམ་པར་གྱུར་པ་དག་ཀྱང་སྣུམ་གྱིས་བསྐུས་ཤིང་མེ་ལ་བསྲོས་པར་གྱུར་ན་དགུག་པ་ལ་སོགས་པ་ལས་སུ་བྱ་བ་ཇི་ལྟར་འདོད་པ་ལྟར་བྱར་རུང་བ་ཡིན་ན་འཚོ་བའི་དང་པོ་སྲོག་དང་བཅས་པའི་ལུས་སྣུམ་དང་དུགས་ཀྱིས་བདེ་བླག་ཏུ་ནུས་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ་ངེས་པར་ནུས་སོ་ཞེས་བྱ་བའི་དོན་ནོ། །གལ་ཏེ་ནད་གཞན་བཅས་པའི་ཕྱིར། །ལས་འདི་ཞི་བར་མ་གྱུར་ན། །འཇམ་ཤིང་སྣུམ་དང་ལྡན་པ་ཡི། །སྣུམ་གྱིས་དེ་ནི་སྦྱང་བར་བྱ། །ཞེས་བྱ་བ་ལ་གལ་ཏེ་བཤད་མ་ཐག་པའི་སྦྱོར་བ་འདིས་རླུང་ནད་བད་ཀན་ལ་སོགས་པའི་ནད་གཞི་གཞན་དང་འདྲེས་པའི་ཕྱིར་བྱང་བར་མ་གྱུར་ན་སྣུམ་ཅན་གྱིས་སྐྱུག་སྨན་ནམ་བཀྲུ་སྨན་གྱིས་ཅི་རིགས་པར་སྦྱང་བར་བྱའོ་ཞེས་སོགས་གསུངས་པའི་ཕྱིར་རོ།།

        གཉིས་པ་རྩུབ་དཔྱད་བཤད་པ་ནི། སྤྱི་གཙུག་ཅེས་རྐང་པ་བཞིས་བསྟན་ཏེ། རླུང་ནད་གང་ཞིག་རྩུབ་དཔྱད་ཀྱི་སྒོ་ནས་བཅོས་པར་བྱ་བ་ནི། སྤྱི་བོའི་གཙུག་དང་ཨན་སྟོང་སྟེ་དགུར་བྱས་ན་འབུར་དོན་པ་དེ་ལ་བྱ་ཞིང་དེའི་འོག་མ་ཚིགས་པ་དང་པོ་དང༌། དེ་ནས་བགྲངས་པའི་དྲུག་པ་དང་བདུན་པ་དང་བཅུ་དྲུག་པ་དང༌། དཀར་ནག་མཚམས་ཏེ་གཞུང་ཐིག་འདྲུས་མེད་དུ་བཏབ་ཅིང་ནུ་མ་གཉིས་ཐད་ལ་འཕྲེད་ཐིག་འཐེན་པའི་རྒྱ་གྲམ་གར་བབས་ལ་བྱ་ཞིང༌། དེ་རྣམས་སུ་བཤད་རྒྱུད་ནས་ཇི་ལྟར་བཤད་པ་ལྟར་གྱི་སད་མདའི་སྒོ་ནས་ལེགས་པར་བརྟགས་ལ་དེ་རྗེས་ཕྱི་རྒྱུད་ནས་གསུངས་པ་ལྟར་གྱི་སྤྲ་བའི་ཆོ་གའི་སྒོ་ནས་བསྲེག་པར་བྱའོ། །དེ་ལྟར་བཤད་མ་ཐག་པའི་ཟས་སྤྱོད་སྨན་དཔྱད་བཞི་པོ་ཆོ་ག་འདིར་གསུངས་པ་རྣམས་བརྟེན་པར་གྱུར་ན་རླུང་གི་ནད་དུ་མམ་ལུས་ཤིང་ལུས་པ་མེད་པར་འཇོམས་པར་ངེས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ།།

        གཉིས་པ་བྱེ་བྲག་གི་གསོ་ཐབས་བཤད་པ་ལ་གཉིས། རྒྱས་པར་བཤད་པ་དང༌། མདོར་བསྡུས་ཏེ་བཤད་པའོ། །དང་པོ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། བྱེ་བྲག་ཅེས་རྐང་པ་གཅིག་གིས་བསྟན་ཏེ། རླུང་ནད་བྱེ་བྲག་ཏུ་གསོ་བའི་ཐབས་དེ་ལའང་རིགས་ཀྱི་སྒོ་ནས་བཅོས་པར་བྱ་བ་དང༌། གནས་ཀྱི་སྒོ་ནས་བཅོས་པར་བྱ་བ་དང༌། ནང་ཚེགས་ཀྱི་སྒོ་ནས་བཅོས་པར་བྱ་བ་དང་རྣམ་པ་གསུམ་ཡོད་དོ་ཞེས་པའི་དོན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་ལས། དང་པོ་རླུང་ནད་རིགས་ཀྱི་སྒོ་ནས་བཅོས་པར་བྱ་བ་ནི། རླུང་ནད་ཅེས་རྐང་པ་ལྔ་བཅུ་གཉིས་ཀྱིས་བསྟན་ཏེ། དེ་ཡང་རླུང་ནད་ཨ་ཝ་རྟ་ཞེས་བྱ་བ་ལ་དང་པོར་སྣུམ་བཞི་བཟའ་བ་དང་དེ་ཉིད་བྱུགས་ཤིང༌། དེ་ནས་འོ་མ་སྐོམ་དུ་བླུད་ཅིང་དེ་རྗེས་ལུག་དང་ཆུ་ལ་གནས་པ་ཉ་ལ་སོགས་པའི་ཤ་ཁུ་བླུད་ཅིང་འཇམ་རྩིའི་ཆོ་ག་ཕྱི་རྒྱུད་ནས་བྱུང་བ་ལྟར་གྱིས་བསལ་ལ། དེ་འོག་རུས་པ་སྣ་ཚོགས་ཀྱི་ལུམ་མམ་ཡང་ན་འབའ་ཆ་ཆང་བྲན་ནམ་ཡང་ན་ཕྱིང་པ་སྣུམ་ལྡན་མར་དུ་བཙོས་པའི་དུགས་ཚུལ་བཞིན་དུ་བྱས་པའི་རྗེས་སུ་སྣ་སྦྱོངས་ཞེས་པ་ཕྱི་རྒྱུད་དུ། སྦྱོར་བ་འགྲོན་བུ་བོང་ང་དཀར་པོ་དང༌། །སུག་པ་སྒོག་སྐྱ་བཞི་པོ་བསྲེགས་པའི་ཐལ། །བྱང་པ་རྒྱ་ཚྭ་དྲི་ཆུར་སྦྱར་བར་བྱ། །ཞེས་གསུངས་པའི་རྣན་པོ་སྤྱིར་བཏང་བས་ནམ་ཚོང་ཡན་ཆད་ཀྱི་རླུང་བདེ་བར་རྒྱུ་བ་ལ་གེགས་བྱེད་པའི་བུ་གའི་སྐྱོན་ཐམས་ཅད་ཕྱིར་བསལ་ཏེ་བདེ་བར་རྒྱུ་བར་བྱེད་པ་དང༌། དེ་ཡི་རྗེས་ལ་རྒྱ་ཤུག་ཅེས་པ་གོ་ད་རའི་གསུང་ལས། རྒྱ་ཤུག་ཅེས་བྱའི་སྐྱེས་གནས་དང༌། འདྲ་དཔེ་རོ་ནུས་ལས་བྱེད་ཚུལ། །ཅུང་ཟད་ཙམ་ཞིག་བཤད་བྱས་ན། རྒྱ་གར་ལྷོ་ཕྱོགས་ཕལ་སྐད་དུ། །ས་གྷཽན་ཞེས་བྱ་བར་འབོད། །བོད་སྐད་དུ་ནི་རྒྱ་ཤུག་ཟེར། །རྒྱ་གར་ལྷོ་ཕྱོགས་རི་ལ་སྐྱེ། །ཤིང་སྡོང་མཆོག་ཏུ་ཆེ་བ་ལ། །མདོག་ནི་ཅུང་ཟད་དཀར་ཉམས་ཅན། །ལོ་མ་མ་ནུའི་ལོ་མ་འདྲ། །མེ་ཏོག་དམར་སེར་མདངས་དང་ལྡན། །གང་བུ་གཞོན་དུས་མདོག་སྔ་བ། །སྨིན་དུས་སེར་བའི་འོད་དང་ལྡན། །དེ་ནང་འབྲས་བུ་དམར་སེར་མདོག །གྲངས་ནི་མང་བར་འབྱུང་བ་ཡིན། །རོ་ནི་མངར་སྐྱུར་ཡིད་ཙམ་ཚྭ། །ནུས་པ་ཏ་ལ་ཀ་དང་འདྲ། །འཁྲུ་གཅོད་གྲང་བའི་ནད་ལ་མཆོག །ཡིན་མིན་ཐེ་ཚོམ་ཟ་བ་ལ། །འབྲས་བུ་ཆུ་ལ་སྐྱུར་བ་ན། །སྦྲང་བཞིན་ལེགས་པར་བཤད་ཐུབ་འགྱུར། །དེ་སྐད་རྒྱ་གར་འཕགས་ཕུལ་གྱི། །སྨན་པ་གོ་ད་ར་ཡིས་གསུངས། །ཞེས་གསུངས་པ་ལྟར་ཡིན་ལ། །སྐད་དོད་ལའང་རྒྱ་གར་དུ་བ་ད་ར་ཕ་ལ་དང༌། ཀརྐནྡྷུ་ཞེས་ཟེར་ལ། བོད་དུ་ཤུག་པ་དེ་བ་ད་རུ་སྟེ་གཙང་ཤུག་གི་འབྲུ་དེ་ཉིད་ལུག་གི་འོ་མ་དང་ཞོ་དང་ལུག་ཤའི་ཁུ་བ་དང་ལུག་གམ་འབྲིའི་མར་གྱི་ཁུ་བར་སྐོལ་བའི་དྭངས་མ་ཡང་ཡང་དུ་བླུད་པར་བྱ་ཞིང་ཡང་ན་བཤད་མ་ཐག་པའི་རྒྱ་ཤུག་དང་ཐང་ཤིང་ནི་གོར་ཙ་ན་ཏེ་སྒྲོན་ཤིང་དང་སླེ་ཏྲེས་དང་ར་མཉེ་དང་ཉེ་ཤིང་དང་ལྕ་བ་དང་བ་སྤྲུ་དང་གཟེ་མ་སྟེ་རྩ་བ་ལྔ་དང་ཤ་ཕོ་རུ་རྟ་དང་སྔོ་རྒྱ་སྤོས་དང་ཀནྜ་ཀ་རི་དང་བཅས་པ་རྣམས་ལུག་ཤའི་ཁུ་བ་དང་འབྲི་དང་ལུག་གི་འོ་མ་གང་རིགས་དང་བུར་རྙིང་དང་རྩབས་ཏེ་ནས་སྐྱེས་པའི་ཟན་སློང་བ་སྐྱུར་རྩབས་དང་འབྲིའམ་ལུག་མར་གང་རིགས་དང་རྐང་མར་དང་ཚིལ་མར་དང་འབྲུ་མར་ཏེ་སྣུམ་བཞི་སྟེ་དེ་རྣམས་སྨན་མར་ལྟར་སྐོལ་བའི་མར་དེ་ཉིད་ཕྱི་ནས་བྱུགས་ཤིང་སྣར་དུད་པ་བདུག་པ་དང་སྣ་སྨན་དང་འཇམ་རྩིར་མས་ནས་ཀྱང་བཏང་བར་བྱ་བ་དང༌། རླུང་དེ་ཉིད་དང་བད་ཀན་འདྲེས་ན་རྟགས་སྙིང་ག་དང་རྩིབ་ལོགས་རྣམས་ན་བ་ལ་གཡེར་མ་དང་ཨ་རུ་ར་དང་ཤིང་ཀུན་དང་རྒྱམ་ཚྭ་དང་ཤིང་ཚ་དང་ཁ་རུ་ཚྭ་དང་མ་ནུ་རྣམས་ནས་སྐོལ་བའི་ཁུ་བ་ལ་སྦྲང་གི་རྟ་དང་སྦྱར་ནས་བླུད་པ་དང༌། ཡང་ན་ཤིང་ཀུན་དང་བཅའ་སྒ་དང་སེ་འབྲུ་དང་ཁ་རུ་ཚྭ་དང་རུ་རྟ་རྣམས་སྐོལ་བའི་ཁུ་བ་བླུད་པར་བྱས་པའོ། །རླུང་དེ་ཉིད་མཁྲིས་པ་དང་འདྲེས་པར་གྱུར་ན་སྣ་སྨན་བཏང་ཞིང་ཁྲུས་ཀྱིས་སྦྱང་ཞེས་པ་འཇམ་རྩི་མས་ནས་བཏང་བའི་སྒོ་ནས་སྦྱང་བར་བྱ་དགོས་པའོ། །རླུང་ད་རྒན་ཕྱིར་དགྱེ་དང་ནང་དུ་གུག་པ་དང་འགྲམ་ཉམས་དང་ཕྱོགས་གཅིག་གུག་པ་དང་དཔུང་པ་འཇའ་བ་རྣམས་ལ་སྣ་སྨན་བརྟ་བ་བཏང་ཞེས་པ་ལ་བླ་རྟ་ལྟར་ན་ཕྱི་རྒྱུད་ཀྱི་སྣ་སྨན་བཞི་པའོ་ཞེས་བཀོད་འདུག་ཅིང༌། བྲང་ཏིའི་མཆན་གྱི་ལུགས་ལྟར་ན་རྒྱ་ཤུག་ཐང་ཤིང་གི་དུགས་དང་སྣ་སྨན་གྱི་ལུམས་བྱ་ཞེས་འདུག་ལ། བྱ་པ་ཁྲི་དཔོན་བཀྲ་ཤིས་རྣམ་རྒྱལ་བ་ལྟར་ན། ད་རྒན་ནང་གུག་ཕལ་ཆེར་འཆི། འགྲམ་ཉམས་ལ་ཤིང་ཀུན་བསྟེན་ཞིང་ཛཱ་ཏི་ཤིང་ཀུན་ལི་ཤི་ཨ་ཀ་རུ་བུ་རམ་དང་བཅས་པ་ཆང་གིས་འཕུལ་ཞེས་དང༌། ཕྱོགས་གཅིག་གུག་པ་ལ་ཛཱ་ཏི་ཁ་རུ་ཚྭ་ཤིང་ཀུན་དབང་ལག་ར་མོའི་ཤའི་ཕྱེ་མ་དང་བཅས་པས་ལུམས་བྱ་ཞེས་བཀོད་འདུག་ཀྱང༌། རང་ལུགས་ཕྱི་རྒྱུད་ལྟར་གྱི་སྣ་སྨན་བཞི་པ་བཏང་ཞིང་སྤྱི་བོའི་གཙུག་དང་མིག་དང་རྣ་བ་རྣམས་ལས་གོང་མ་གཉིས་ལ་ཏིལ་མར་བསྐུ་ཞིང་ཕྱེ་མ་དགང་བར་བྱ་ལ། གལ་ཏེ་སྐྲངས་པར་གྱུར་ན་སྐྱུག་སྨན་ཕྱི་རྒྱུད་བཞིན་བཏང་ཞིང་མིག་གི་རྩ་རིས་དམར་ཞིང་ཚ་ན་གང་ཉེའི་ཕྱོགས་ཀྱི་རྩ་ལ་གཏར་ག་གདབ་པར་བྱ་བ་དང༌། རླུང་ནད་བརླ་རེངས་ཞེས་པ་དང་མ་ཞུ་བ་ཞེས་པ་གཉིས། བད་ཚིལ་བད་ཀན་དང་ཚིལ་བུ་སྐྱེས་པའི་ཕྱིར་ན་དེ་ལྟ་བུའི་ནད་ལ་སྣུམ་གྱི་སྒོ་ནས་འཆོས་པར་བྱ་བ་སྤངས་ཤིང་རྩུབ་བཅོས་བྱ་བ་ནི། བཤད་རྒྱུད་ཀྱི་ཉམས་སྨད་སྨྱུང་བས་བཅོས་པ་རྣམས་དང༌།

        ཕྱི་རྒྱུད་དུ། གང་ཡང་བཀྲེས་སྐོམ་དུགས་བྱས་སྐྱུག་ཏུ་གཞུག །སྲན་མ་སོ་བ་དར་རྙིང་དྭངས་ཆང་བསྟེན། །ཞེས་གསུངས་པ་ལྟར་རོ། །ནས་དཀར་དང་སོ་བ་དང་སྲེ་ད་ཞེས་པ་ནས་རྒོད་ཅེས་བྱ་ཞིང་དེ་ཡང་ཟླ་བ་གཉིས་ལ་སྨིན་པའི་སྲེ་ད་དང་དེ་རྣམས་ལ་གཡོས་སུ་བྱས་པའི་ཟན་དང་སྐམ་སའི་ཤ་སྟེ་རི་དྭགས་ཀྱི་ཤ་དང༌། སྦྲང་རྩི་དང་བཤད་མ་ཐག་པའི་སྐྱུར་རྩབས་རྣམས་ལས་བྱས་པའི་ཚོད་མ་ཚ་མེད་སྦྱིན་པར་བྱའོ། །ཨ་བར་སྐྱུར་གསུམ་སྟེ་འབྲས་བུ་གསུམ་དང་ཙ་བྱ་སྟེ་དབྱི་མོང་དང་པི་པི་ལིང་དང་ཧོང་ལེན་རྣམས་སྦྲང་དང་སྦྱར་བའི་ལྡེ་གུ་བཏང་བ་དང༌། ཡང་ན་ཙ་བྱ་སྟེ་དབྱི་མོང་དང་ཙི་ཏྲ་ཀ་དང་ཨ་རུ་ར་དང་སྒྲོན་ཤིང་རྣམས་ཀྱི་ཕྱེ་མ་སྦྲང་རྩི་དང་སྐྱུར་བའི་ལྡེ་གུ་བཏང་ཞིང༌། གུ་གུལ་ཞེས་པ་ལ་འདི་སྐབས་སུ་སྤོས་དཀར་ཡིན་པར་མཆན་བུ་ཕལ་ཆེར་མཐུན་པ་ལྟར་གྱི་སྤོས་དཀར་ཀུན་དང་བུང་མཉམ་པ་དང་བྲག་ཞུན་དང་ཨ་རུ་ར་རྣམས་བ་གཅིན་དུ་བསྡུས་པའི་དྭངས་མ་བླུད་པ་དང༌། ཡང་ན་གླ་སྒང་དང་ཙི་ཏྲ་ཀ་དང་ཚ་བ་གསུམ་སྟེ་པི་པི་ལིང་དང་ཕོ་བ་རིལ་དང་བཅའ་སྒ་དང༌། གུ་གུལ་ཞེས་པ་ལ་བྱ་བ་ལྟར་ན་ནག་པོ་ཡིན་པར་བཞེད་ཅིང་གཞན་མ་གསལ་ཁ་མང་པས་དཔྱད། འབྲས་བུ་གསུམ་དང་བྱི་ཏང་ག་རྣམས་ཆ་མཉམ་སྦྱར་བའི་ཕྱེ་མས་ཚིལ་དང་བད་ཀན་སེལ་བར་བྱེད་པའོ། །ཡང་ན་ཀ་རཉྫ་དང་ཡུངས་ཀར་གྱི་ལོ་མ་བ་གཅིན་དང་སྦྱར་བའི་སྐྱོ་མ་བྱུག་ཅིང་ཚིལ་དང་བད་ཀན་ཟད་པར་བྱ་བའི་ལས་དྲག་ཤུལ་ཅན་རྩོལ་བ་ནུས་ཚད་དུ་བརྩམ་པར་བྱ་ཞིང༌། དེ་ལྟར་བརྩམས་པའི་མཐུས་བད་ཚིལ་ཟད་པར་གྱུར་ན་ཁ་ཟས་གློད་དེ་སྣུམ་འཆོས་ཅི་རན་གྱིས་རླུང་ཞི་བར་བྱའོ། །རླུང་ནད་གཟུགས་འཁུམས་དང་སྲ་འཐེང་དང་བི་ཤ་ཙེ་སོགས་ལ་ཟན་ལ་ཕན་པའི་སྨན་ནི་ར་སྣ་མཱུ་ལ་ཞེས་པ་ཙི་ཏྲ་ཀའི་རྩ་བ་དང༌། དོང་གྲ་ཞེས་པ་ལ་ཟུར་སྨན་དྷརྨ་སྭོ་མིའི་བཞེད་པར་སྒ་ལ་དཀར་དམར་གཉིས་སུ་ཕྱེ་བའི་དཀར་པོ་ལ་སྒ་སྐྱ་དམར་པོ་ལ་སྨན་སྒ་བཅའ་སྒ། དོང་གྲ་ཞེས་བཤད་པས་དམར་པོ་ལ་བཞེད་ཅིང༌། འདི་དང་མཐུན་པར་བརྡ་སྤྲོད་དང་བླ་རྟ་གཉིས་མཐུན་པར་བཤད་ལ། མཆན་བུ་ལ་ལར་སྒ་སྐྱ་ཡིན་པར་བཤད་ཀྱང༌། འདི་ལ་ནི་འཐད་པའི་ཆ་ནམ་ཡང་མེད་དེ་སྒ་སྐྱའི་མིང་ལ་དོང་གྲ་ཞེས་པ་མངོན་བརྗོད་ཀྱི་བསྟན་བཅོས་གང་ནས་ཀྱང་མ་བཤད་ཅིང༌། འོན་ཀྱང་སྣ་ཚོགས་གསལ་བར་ལི་དོང་གྲ་དང་ཞེས་འབྱུང་བས་དེ་ཉིད་གཞན་མ་ཡིན་ཏེ་བཅའ་སྒ་ལ་རིགས་རྒོད་གཡུང་གཉིས་སུ་ཕྱེ་བའི་རྒོད་ལ་ཨརྦྲ་ནི་ཁ་དམ་ཞེས་འབྱུང་ལ། བཅའ་སྒ་ལ་ལི་དོང་གྲ་ཞེས་བཤད་པའོ། །ཡང་ལ་ལ་དག་སྒ་ལ་རིགས་གསུམ་དུ་བཤད་པའི་སྒེའུ་གཤེར་ཟེར་བ་འདིའོ་ཞེ་ན། དེ་ཡང་མ་ཡིན་ཏེ་སྒེའུ་གཤེར་ནི་སྒ་རྒོད་རློན་པ་ཡིན་པ་སྣ་ཚོགས་གསལ་བ་དང་འདུལ་ལུང་སྨན་གཞི་སོགས་ལས་ཀྱང་བཤད་པའི་ཕྱིར་རོ། །དེ་གཉིས་ཀྱི་ཁྱད་པར་ཡང་གང་ཞེ་ན་སྒ་རྒོད་པ་ནི་དབྱིབས་བཅའ་སྒ་ཇི་བཞིན་པ་ལ་བཅག་ན་མདོག་དཀར་ལ་སོབ་པ་ནང་ལ་རྩ་རིས་པ་ཐག་གི་རྣམ་པ་ཡོད་པ་དེ་ལ་འདོད་ཅིང༌། བཅའ་སྒ་ནི་བཅག་ན་མདོག་དམར་བ་ཤིན་ཏུ་འཁྲེགས་པ་རྩ་རིས་མེད་པ་དེའོ། །ཞེས་གསུངས་པའི་དོང་གྲ་དང་རྩི་ཏྲ་ཀ་ཞེས་པ་ལའང་མི་མཐུན་པ་འདི་ལྟར་མཆིས་ཏེ། སྟོད་ལུགས་ཕལ་ཆེར་ཟྭ་ཤིང་སྐམ་པོ་ལ་ངོས་འཛིན་པ་དང༌། སྨན་མིང་རྒྱ་མཚོར་ཡལ་གའི་རིགས་སུ་བཤད་ཅིང༌། མཚོ་སྨད་མཁན་པོ་སོགས་སྨྱུག་མ་གཞོན་ནུ་འདྲ་བ་ལ་བཞེད་པ་དང༌། བདུད་རྩི་འབྱུང་ཁུངས་སུ་སྡོང་པོ་ཕྱི་སྐྱ་ལ་ནང་དམར་ལོ་མ་སྒོར་ཆུང་ཚེར་མ་ཅན་ཡལ་ག་ཕྲ་ལ་ལྡེམ་པ་མེ་ཏོག་སེར་པོ་ཡོད་པ་ལ་འདོད་པ་དང༌། འཁྲུངས་དཔེར། སྡོང་པོ་དམར་བཙོད་དང་འདྲ་བ་ལོ་མ་ཉ་ག་ཅན་ཞིག་ལ་འདོད་པ་དང༌། ལ་ལ་པི་པི་ལིང་གི་རྩ་བ་ལ་འདོད་པ་སོགས་འདུག་ཀྱང༌། ཡན་ལག་བརྒྱད་པ་དང་འགྲེལ་བ་ཟླ་ཟེར་དུ། འཁྲིལ་ཤིང་གི་རིགས་ལ་རོ་ནུས་ཤིན་ཏུ་ཚ་བ་དབྱིབས་བ་ལེ་ཀ་འདྲ་བ་ཞིག་ལ་འདོད་ཀྱང༌། སྨན་མིང་སྒྲ་སྦྱོར་ངེས་པར། ཙི་ཏྲ་ཀའི་མིང་ལ་ཀྲིཥྣ་དང༌། ཞེས་གསུངས་ཤིང༌།

        པི་པི་ལིང་གི་རྩ་བའི་མིང་ལ་ཡང་ཀྲྀཥྣ་མཱུ་ལ་ཞེས་བཤད་པས་པི་པི་ལིང་གི་རྩ་བ་ལ་ཙི་ཏྲ་ཀའི་ངོས་འཛིན་མཛད་པ་དང༌། གོང་དུ་བཤད་མ་ཐག་པའི་ར་སྣ་མཱུ་ལ་ཞེས་པ་ལ་གཡུ་ཐོག་པའི་རྒྱུད་ཕྱག་དྲེག་མ་སོགས་མཆན་བུ་ཇི་སྙེད་ཅིག་ཏུ་ཙི་ཏྲ་ཀའི་རྩ་བ་ལ་ངོས་བཟུང་འདུག་པས་རྒྱུད་འདིར་ཡང་ཙི་ཏྲ་ཀ་ཞེས་པའི་དེ་མ་ཐག་པ་ནས་པི་པི་ལིང་དང༌། པཎ་ཊི་ཏ་གོ་ད་རའི་བཞེད་པར། ཙི་ཏ་དང༌། ཙིཏ་རག་ཞེས་འདོད་པ་ཟྭ་ཤིང་དང་དབྱིབས་འདྲ་བ་རྒྱ་གར་ནས་འབྱུང་བ་རོ་ནུས་ཤིང་ཏུ་ཚ་བ་ཞིག་དང༌། དེ་ལས་རོ་ནུས་ཅུང་མི་ཚ་བ་བལ་ཡུལ་ནས་འབྱུང་བ་ཞིག་སོགས་བཞེད་ཚུལ་མཐའ་ཡས་སོ་ཞེས་དང༌། ཡང་བདུད་རྩི་འབྱུང་ཁུངས་སུ་ཙི་ཏྲ་ཀ་ལ་ལྕེ་མྱང་ཚྭ་ཞེས་གསུངས་ཤིང་བཤད་རྒྱུད་དང་གཡུ་ཐོག་པའི་གསེར་མཆན། བརྒྱད་པའི་རང་འགྲེལ་སོགས་སུ་ལྕེ་མྱང་ཚྭ་ཚྭའི་རིགས་སུ་བཤད་ཅིང༌། ཙི་ཏྲ་ཀ་ཡན་ལག་བརྒྱད་པ་སོགས་སུ་ཡལ་གའི་རིགས་སུ་བཤད་པས་འདི་རྣམས་ཕན་ཚུན་ནང་འགལ་ལོ་ཞེ་ན་མི་འགལ་ཏེ། འདི་རྣམས་ལའང་དགོངས་གཞི་དགོས་པ་དངོས་བསྟན་ཤུགས་བསྟན་སྤྱིར་བཏང་དམིགས་བསལ་སོགས་ཀྱི་སྒོ་ནས་རྒྱས་པར་འཆད་རྒྱུ་ཡོད་ཀྱང་མང་བས་དོགས་པས་འདིར་མ་བྲིས་ཤིང༌། ལོང་སྐབས་དང་བསྟུན་ལོགས་སུ་བྲི་བར་བྱའོ། །དེས་ན་རང་ལུགས་ནི་རྒྱ་གར་བལ་ཡུལ་སོགས་ནས་བྱུང་བ་པཎ་ཊི་ཏ་གོ་ད་རས་ཁྱེར་བ་དེ་ཉིད་མིག་ལམ་དུ་སོན་པའི་ཙི་ཏྲ་ཀ་དང༌། པི་པི་ལིང་དང་ཟུར་པ་ཞེས་པ་གཡུ་ཐོག་པའི་ཕྱག་དྲེག་མར་མ་ནུའོ་ཟེར་བ་འདུག་ཅིང༌། གོང་སྨན་དཀོན་ཅོག་བདེ་ལེགས་ཀྱི་བཞེད་པར་ཤུ་ཟུར་ཞེས་དང༌། བླ་རྟའི་བཞེད་པར་སྒ་རྒོད་པ་དཀར་པོ་ལ་བཞེད་འདུག་པས་རྗེས་འཇུག་རྣམས་གང་ལ་ཡིད་ཆེས་པར་བཟུང་ནས་བླང་བར་བྱ་བ་དང༌། མ་ནུ་དང་བཅས་པ་ཡི་ཕྱི་མ་ལུག་མར་དུ་སྐོལ་བའི་ཁུ་བ་ཁོང་དུ་བཏང་ན་ཐོགས་པ་མེད་པར་འགྲོ་ནུས་པར་འགྱུར་རོ། །རླུང་ནད་བི་ཤ་རྩེ་དང་གཟུགས་འཁུམས་གཉིས་ལག་པ་གཡས་གཡོན་གར་ཡོད་པ་དེའི་རྒྱབ་ཀྱི་ངོས་མཐེའུ་ཆུང་དང་སྲིན་ལག་གི་བར་གྱི་རྒྱབ་ཀྱི་རྒྱུས་པ་དཀར་པོ་དེ་ཁབ་ཀྱིས་བཏེག་ལ་དེའི་འོག་རྒྱུས་པ་སེར་པོ་སྣལ་མ་དང་འདྲ་བ་ཡོད་པ་དེ་བཅད་པར་བྱའོ། །རླུང་ནད་སྲ་འཐེངས་ལ་སོགས་པའི་སྒྲས་བརླ་རེངས་དང༌། ཅེ་སྦྱང་མགོ་དང༌། ཚེར་མ་ཅན་དང༌། ཁ་ལི་དང༌། རྐང་བརྩེ་དང༌། རྐང་པ་ཚ་བ་སྟེ་ཕྱི་མ་རླུང་འདི་རྣམས་ཀུན་ལ་རང་རང་གི་རྒྱུ་ལས་བརྟགས་ལ་སྣུམ་བཅོས་དང་དུགས་དང་གཏར་བ་དང་སྦྱང་བར་བྱ་བ་དང་བྱུག་པ་སོགས་ཅི་རིགས་པར་སྦྱར་བར་བྱ་ཞིང༌། རྒྱ་སྤོས་དང་རུ་རྟ་དང་སུག་སྨེལ་དང་ཤུ་དག་དཀར་ནག་གཉིས་དང༌། ཙན་དན་དམར་པོ་དང་རྡོ་དྲེག་དམར་པོ་དང་སྤང་སྤོས་དང་ཤུ་ཏི་ནི་གཙང་ཤོད་ཀྱི་ལྡུམ་རར་སྐྱེ་བ་དོན་དུ་འུ་སུ་ལ་དཀར་ནག་གཉིས་སུ་བྱས་པའི་ནག་པོ་ལ་འདོད་པ་ནི། དུས་འཁོར་གྱི་འགྲེལ་ཆེན་དྲི་མེད་འོད་དང༌། བདེ་མཆོག་མཁའ་འགྲོ་རྒྱ་མཚོའི་འགྲེལ་བ་སློབ་དཔོན་བྷ་ཝ་བྷ་དྲས་མཛད་པ་དང༌། ཡན་ལག་བརྒྱད་པ་དང༌། ཟླ་ཟེར་དང་སྨན་མིང་སྒྲ་སྦྱོར་ངེས་པ་སོགས་ལས་གསུངས་ཤིང་འདིའི་དཔྱད་པ་རྐྱང་སེལ་འགྲེལ་པ་ཁོ་བོས་བྲིས་ཡོད་པས་དེར་ལྟོས་ཤིག །དེས་ན་སྔར་བཤད་རྣམས་སྲང་རེ་རེ་ཏིལ་མར་དང་རྟ་ཀ་ར་དང་སྦྱར་བའི་སྨན་མར་དུ་སྲང་བཅོ་བརྒྱད་དང་སྦྱར་བ་བསྟེན་ན་རླུང་ནད་རྩ་འཛིན་དང་ཤིང་རེངས་དང་སྲ་འཐེང་ལ་སོགས་པའི་རླུང་ནད་ལྷག་མ་མ་ལུས་པར་འཇོམས་པར་བྱེད་ཅིང༌། ཁྱད་པར་དུའང་སྨྱོ་བྱེད་དང་བརྗེད་བྱེད་དང་རླུང་སྐྲན་དང་རླིག་རླུགས་ལ་སོགས་པ་སེལ་བར་འགྱུར་རོ་ཞེས་པའི་དོན་ནོ།།

        གཉིས་པ་ནི། གནས་ཀྱི་ཞེས་ཚིག་རྐང་སོ་གསུམ་གྱིས་བསྟན་ཏེ། རླུང་ནད་གནས་ཀྱི་སྒོ་ནས་བཅོས་པར་བྱ་བ་ནི། རླུང་གང་ཞིག་ཕྱིའི་ཤ་དང་པགས་པ་ལ་ཞུགས་པར་གྱུར་ན་རླུང་ནད་འཇོམས་པའི་སྨན་མར་དང་བསྲེས་པའི་བསྐུ་ཞིང་མཉེ་ལ་བྱུགས་པ་དང༌། གོང་དུ་བཤད་པའི་འབའ་ཆ་སོགས་ཀྱི་དུགས་བྱ་བ་དང༌། ཚིལ་ལ་རླུང་ཞུགས་པ་ལ་གོང་དུ་བརླ་རེངས་གསོ་སྐབས་སུ་བཤད་པ་ལྟར་ཕྱུག་པོའི་ཟས་སྣུམ་པས་དེ་ལ་ཚིལ་སོགས་ཀྱིས་རླུང་ལྡང་བའི་ཕྱིར་བཅོས་ནི་རྩུབ་བཅོས་ཀྱི་སྒོ་ནས་གསོ་བར་བྱའོ། རུས་པ་དང་རྐང་ལ་རླུང་ཞུགས་པ་ལ་སྣུམ་བཅོས་དང་དུགས་ཀྱི་སྒོ་ནས་གསོ་བར་བྱ་བ་དང་རྩི་མར་དང་འབྲུ་མར་དང་ཚིལ་དང་རྐང་ལྟེ་སྣུམ་བཞི་ནང་ལ་ལྟོར་བཟའ་བ་དང་ཕྱི་ནས་བྱུག་པ་དང་འཇམ་རྩིར་བཏང་བའི་སྒོ་ནས་བཅོས་པར་བྱ་བ་དང༌། བཅུད་ལ་རླུང་ཞུགས་པར་གྱུར་ན་ད་བྱིད་སྐྱིན་གོར་ནི། གོ་དྷ་ཞེས་པ་སྐྱིན་གོར་དུ་བསྒྱུར་ཅིང༌། ངོ་བོ་གངས་ལས་བྱུང་བའི་ཀརྐ་ཊ། གཉའ་མཇུག་ཐུང་ཞིང་ཆུ་ཞེང་གབ། བཅད་ན་ཚིལ་བུའི་རང་བཞིན་ཅན། ད་བྱིད་སྨུག་པོ་ཞེས་ཀྱང་བྱ། ཞེས་ཕོ་སྦལ་གསེར་གྱི་སྨིན་མ་ཅན་ལ་སྨུག་པོ། མོ་སྦལ་སེར་པོ་ཞེས་བྱ་ཞིང༌། སྦྱོར་བ་ནི་ཕྱི་རྒྱུད་དུ། འབྲས་བུ་གསུམ་དང་རྩ་བ་ལྔ་བསྲེས་ན། འབའ་སམ་ཞེས་བྱ་སྟོད་སྨད་ཀུན་ལ་བསྔགས། །འབའ་སམ་དེ་ནང་ད་བྱིད་ལུག་ཐུག་འབྲས། །མར་ལ་ཅོང་ཞི་བཅའ་སྒ་པི་པི་ལིང༌། །སླེ་ཏྲེས་རྒྱམ་ཚྭ་སུག་སྨེལ་བྲེ་ག་རྣམས། །བུར་དཀར་སྦྱར་བས་ད་བྱིད་སྐྱིན་གོར་ཏེ། །རོ་ཙ་མཁལ་ནད་ཟ་ཁུ་འདོད་ཉམས་སེལ། །ཞེས་སྨན་མར་དུ་གསུངས་པའི་དོན་སྦྱར་ཚད་དང་ལྡན་པའི་སྒོ་ནས་བཅོས་པར་བྱ་བ་དང༌། རྒྱུས་པ་དང་ཚིགས་དང་རྩ་རྣམས་སུ་རླུང་ཞུགས་པ་ལ་སྣུམ་བཅོས་དང་དུགས་ཀྱིས་ལེགས་པར་དཀྲིས་པའི་སྒོ་ནས་བཅོས་པར་བྱ་བ་དང༌། ཆུ་བར་རླུང་ཞུགས་ནས་རྐང་ལག་སོགས་འཁུམས་པ་ལ་མོན་སྲན་གྲེའུ་ཞེས་པ་མོན་སྲན་རྡེའུ་ཞེས་པ་གཉིས་ལས་གྲེའུ་ནི་དོན་དུ་མ་ཤ་ཡིན་ཏེ། མིང་ལ་མ་སུ་རི་ཡང་ཟེར་རོ། །འདི་མི་ནོར་བའི་ཁྱད་ནི་དབྱིབས་ཐལ་དཀར་རྡོ་རྗེ་འདྲ་བ་དེའོ། །འདི་དང་སྲན་ཆུང་རིལ་མོ་དང་མོན་སྲན་ལེབ་མོ་གཉིས་དང་མ་ནོར་བ་གཅེས་སོ། །དེ་ལྟར་བཤད་མ་ཐག་པའི་མོན་སྲན་གྲེའུ་དང་རྒྱམ་ཚྭ་དང་ཏིལ་མར་རྣམས་སྦྱར་ཏེ་སྐོལ་བའི་ཁུ་བ་བྱུགས་པའི་སྒོ་ནས་བཅོས་པར་བྱ་བ་དང༌། ཁྲག་ལ་རླུང་ཞུགས་པར་གྱུར་ན་དང་པོར་སྣུམ་བཅོས་བྱས་ལ་དེའི་རྗེས་ལ་གཏར་བ་དང༌། ཁྲག་ཟགས་པའི་རྗེས་སུ་ཡན་ལག་ལ་ན་ཟུག་ཚོར་བ་མེད་པར་གྱུར་པ་ལ་དུད་པ་དང་རྒྱམ་ཚྭ་གཉིས་ཏིལ་མར་ལ་སྦྱར་བས་བྱུག་པའི་སྒོ་ནས་བཅོས་ཤིང༌། དེ་བཞིན་དུ་དོན་ལྔ་ལ་རླུང་བབས་པའམ་ཞུགས་པ་རྣམས་བཅོས་ཐབས་ཀྱང་རིམ་པ་བཞིན་དུ་བཤད་པར་བྱ་སྟེ། དེ་ཡང་སྙིང་ལ་རླུང་ཞུགས་པ་ལ་ཤིང་ཀུན་དང་སྒ་དང་ཁ་རུ་ཚྭ་དང་གསུམ་གྱི་བསྡུས་ཐང་བཏང་བ་དང༌། དེ་རྗེས་ཨ་བར་སྐྱུར་གསུམ་ལ་བརྟེན་པའི་སྦྱོར་བ་ཕྱི་རྒྱུད་སྨན་མར་གྱི་ལེའུར་གྲང་སེལ་གྱི་གཙོ་བོར་གསུངས་པས་འབྲས་བུ་གསུམ་གྱི་སྨན་མར་དང་ཡང་ན་སྨན་ཆེན་གྱི་སྨན་མར་འོག་ཏུ་སྦྱོར་བ་སྨྱོ་བྱེད་སྐབས་སུ་གསུངས་པ་རྣམས་ཀྱིས་བཅོས་པར་བྱ་བ་དང༌། གློར་རླུང་ཞུགས་པ་ལ་སྟར་བུ་དང་ཅུ་གང་དང་ཟི་ར་དཀར་པོ་དང་སུག་སྨེལ་ཏེ་བཞི་པའི་ཕྱེ་མ་དང༌། དེར་རྗེས་ཨ་རུ་འབྲི་རྐང་སུར་ཕུག་ཅེས་པ་སྦྱོར་སྡེའི་མིང་ཡིན་པ་གདམས་པ་སུམ་ཅུ་པའི་སྨན་མར་གྱི་སྡེ་ཚན་ནས་བཤད་ཅིང་སྨན་མར་སྦྱོར་བ་དངོས་ནི། ཕྱི་རྒྱུད་སྨན་མར་ལེའུར་གསུངས་པ་བཞིན་སྦྱར་བའི་སྒོ་ནས་བཅོས་པར་བྱའོ།།

        མཆིན་པར་རླུང་ཞུགས་པ་ལ་ཏིང་ཁྲོལ་ཞེས་པ་སྦྱོར་བའི་མིང་ཡིན་ལ་དེ་ཡང་བུར་ཀར་ཆུ་བཅད་ཀྱི་ལྡེ་གུའི་སྦྱོར་བའམ། ཡང་ན་མཆིན་པ་ལ་སྤོད་དེ་བཤད་རྒྱུད་ནས་བཤད་པ་ལྟར་གྱི་ཤིང་ཀུན་གྱི་ཕྱེ་མས་བྲན་པ་དེ་ཉིད་མར་ལ་བཙོས་པ་བཏང་བ་དང༌། འདིའི་མཆིན་པ་སྤོད་བྲན་ལ་མི་མཐུན་པ་ཇི་སྙེད་མཆིས་ཀྱང་བཟོ་བོའི་བློས་དཔྱད་ན་རྐྱང་སེལ་ལས་གློ་སྙིང་མཆིན་མཆེར་མཁལ་ཤས་རང་ནད་སེལ། ཞེས་དང༌། སྤོད་བྲན་ཞེས་པ་ལའང་ཟས་ལེར་ཤིང་ཀུན་རླུང་ལ་ཕན་པའི་སྤོད་དུ་བཤད་འདུག་པས་འདི་ལྟར་ཡིན་ནམ་སྙམ། མཆེར་པར་རླུང་ཞུགས་པ་ལ་པི་པི་ལིང་ཕོ་བ་རིས་དང་བཅའ་སྒ་སྟེ་ཚ་བ་གསུམ་གྱི་ཕྱེ་མ་ཞུན་མར་སྦྱར་བ་བཏང་བ་དང༌། མཁལ་མར་རླུང་ཞུགས་པ་ལ་རྩ་བ་ལྔ་སྟེ་ར་མཉེ་ཉེ་ཤིང་ལྕ་བ་བ་སྤྲུ་གཟེ་མ་རྣམས་ལས་བྱས་པའི་སྨན་མར་དང༌། དེ་རྗེས་གཟེ་མ་ལས་བྱས་པའི་སྨན་ཆང་གཉིས་ཕྱི་རྒྱུད་ནས་རང་རང་གི་ལེའུར་གསུངས་པ་བཞིན་བྱིན་པ་དང༌། དོན་ལྔ་པོ་ཀུན་ལ་རྒྱབ་ཀྱི་ཚིགས་པའི་རང་གསང་མེ་བཙའི་ལེའུར་གསུངས་པ་བཞིན་བྱིན་པ་དང༌། དོན་ལྔ་པོ་ཀུན་ལ་རྒྱབ་ཀྱི་ཚིགས་པའི་རང་གསང་མེ་བཙའི་ལེའུར་གསུངས་པ་བཞིན་བསྲེག་པར་བྱའོ། ཟས་དང་མ་ཞུ་བའི་གནས་སུ་རླུང་ཞུགས་པར་གྱུར་ན་སྐྱུགས་སྨན་གྱི་ལེའུར་གསུངས་པ་བཞིན་བསྲེག་པར་བྱའོ། །ཟས་དང་མ་ཞུ་བའི་གནས་སུ་རླུང་ཞུགས་པར་གྱུར་ན་སྐྱུགས་སྨན་གྱི་ལེའུར་གསུངས་པ་བཞིན་བཏང་ཞིང༌། ཟས་འཇུ་བར་བྱེད་པའི་ཐབས་དང་ཕོ་བའི་མེ་དྲོད་སྐྱེད་པར་བྱེད་པའི་ཐབས་ལན་ཚྭ་དང་སྒ་ལ་སོགས་པའི་ཟས་དང༌། སྨན་དུ་དྭངས་མ་གནས་འཇོག་སོགས་སྦྱར་བར་བྱའོ། །ཞུ་བའི་གནས་ལྟེ་བ་མན་དུ་རླུང་ཞུགས་པ་ལ་འཇམ་རྩི་བྱ་ཞིང་ཟས་དང་སྐོམ་གྱི་སྔོན་དུ་ཞུན་མར་བཏང་བར་བྱ་བ་དང༌། མཁྲིས་པར་རླུང་ཞུགས་པ་ལ་རྒོད་མ་ཁ་སྟེ་གསེར་གྱི་མེ་ཏོག་ཏིག་ཏ་རྒྱམ་ཚྭའི་ཕྱེ་མས་མེ་དྲོད་བསྐྱེད་ལ་དེ་རྗེས་བཤལ་གྱིས་སྦྱང་བ་དང༌། མཁྲིས་པའི་རང་གསང་མེ་བཙའི་ལེའུར་གསུངས་པ་བཞིན་གྱིས་བཅོས་པར་བྱའོ། །མངལ་དུ་རླུང་ཞུགས་པར་གྱུར་ན་འོག་ཏུ་མོ་ནད་ཀྱི་ལེའུར་གསུངས་པ་ལྟ་བུར་གསོའོ། །བཤང་བ་ལ་རླུང་ཞུགས་ན་དན་དའི་མར་ནི་ཨེ་རནྜའི་འབྲས་བུ་སྟེ་དན་དའི་མར་དང་སྦྱར་བའི་འཇམ་རྩི་བཏང་བ་དང༌། གཅིན་ལ་རླུང་ཞུགས་ན་ཕྱིང་པ་སྣུམ་ལྡན་གྱིས་དུགས་བྱ་བ་དང་གཟེ་མ་དང་སྡིག་སྲིན་དང་རྒྱ་ཚྭ་དང་ལྕམ་པ་ལ་སོགས་པའི་ཆུ་ལ་ཕན་པའི་སྨན་སྦྱར་ནས་བཏང་བ་དང༌། མགོ་བོར་རླུང་ཞུགས་ན་སྣུམ་བྱུག་པར་བྱ་ཞིང་དེ་རྗེས་སྡུད་སྒོ་བཞི་ལ་མེ་བཙའ་གདབ་ཅིང་གོང་དུ་བཤད་པའི་མགོ་ཁྲོལ་གྱི་སྦྱོར་བ་བསྟེན་པ་དང༌། རྣ་བར་རླུང་ཞུགས་ན་དུགས་བྱ་ཞིང་ལུག་གམ་འབྲིའི་ཞུན་མར་ཏེ་བཙག་བཅད་པའི་མར་ཁུ་དྲོད་འཇམ་གྱི་དགང་བ་དང༌། མིག་དང་སྣར་རླུང་ཞུགས་པར་གྱུར་ན་ཞུན་མར་གྱི་དྭངས་མ་བླུག་པར་བྱ་བ་དང༌། སོར་རླུང་ཞུགས་པ་ལ་དུགས་བྱ་བ་དང་དེ་རྗེས་དཔྱད་དུ་མུར་འགྲམ་གྱི་སོ་རྩ་འཕར་བ་གཉིས་མེ་བཙས་བསྲེགས་ཤིང༌། ཤ་མར་བུར་རྙིང་ཆང་དུ་བསྡུས་པ་སྟེ་བཅུད་བཞིའི་ཐང་བཏང་བ་དང༌། མགོ་ལ་སོགས་པ་དབང་པོ་ཀུན་ལ་འབྲས་བུ་གསུམ་གྱི་སྨན་མར་གྱི་སྦྱོར་བ་ཕྱི་རྒྱུད་བཞིན་བཏང་ན་མཆོག་ཏུ་ཕན་ནོ། །ལུས་ཀུན་ལ་རླུང་ཞུགས་པར་གྱུར་ན་གོང་དུ་བཤད་པའི་རླུང་ནད་སྤྱི་བཅོས་རང་གིས་འཐེམས་པར་འགྱུར་རོ།།

        གསུམ་པ་ནང་ཚེགས་ཀྱི་སྒོ་ནས་བཅོས་པར་བྱ་བ་ནི། དེ་ནས་ཞེས་སོགས་རྐང་པ་བཅུ་གསུམ་གྱིས་བསྟན་ཏེ། རླུང་ནད་གནས་ཀྱི་སྒོ་ནས་བཅོས་པར་བསྟན་པའི་རྗེས་ཐོག་དེ་མ་ཐག་པ་དེ་ནས་ནང་ཚེགས་ཀྱི་རླུང་ལྔའི་སྒོས་བཅོས་བཤད་པར་བྱ་བ་ལ་ལྔ་ལས། ཐོག་མར་སྲོག་འཛིན་གྱི་རླུང་ནད་ལ་ཏིལ་མར་བུ་རམ་སྦྱར་བའི་བསྐུ་མཉེ་བྱ་ཞིང༌། དེ་རྗེས་ཤིང་མངར་དང་སྤོས་དཀར་དང་ཨ་རུ་ར་དང་སྤང་སྤོས་རྣམས་གོང་བཤད་ཀྱི་སྣུམ་བཞི་དང་སྦྱར་བའི་དུ་བས་བདུག་པ་ལ་སྣ་སྨན་འཇམ་པོ་བཏང་ཞེས་པའི་དོན་ཡིན་ལ། དེའི་རྗེས་ལ་སྤྱི་གཙུག་དང་ཨན་སྟོང་སྟེ་རླུང་གསང་རྣམས་སྤྲ་མེས་བསྲོ་བ་དང༌། སྟོད་རྒྱུ་སྟེ་དོན་དུ་གྱེན་རྒྱུའི་རླུང་ལ་བྲང་དང་མགོ་བོའི་སྡུད་སྒོ་བཞི་རྣམས་སུ་སྣུམ་གྱིས་བདུག་ཅིང་འབྲས་བུ་གསུམ་གྱི་སྨན་མར་དང་བཅུད་ཅན་གྱི་རུས་ཐང་བཏང་ཞིང་སྐེ་སྟོང་དང་དཀར་ནག་མཚམས་དང་མགོ་བོའི་སྡུད་སྒོ་སྟེ་གསང་གསུམ་བསྲེག་གོ ཁྱབ་བྱེད་ཀྱི་ནད་ལ་ཛཱ་ཏི་དང་སྙིང་ཞོ་ཤ་གཉིས་ལས་བྱས་པའི་སྨན་མར་བཏང་ཞིང༌། དེར་རྗེས་བུར་རྙིང་ལས་བྱས་པའི་ཆང་དང་ལོ་ཤ་དང་ཤ་ཆེན་ཏེ་མི་ཤ་དང་ཚ་བ་ནི་དེ་གཉིས་ལས་བྱས་པའི་ཤ་ཐུག་སོགས་བསྟེན་པར་བྱ་བ་དང༌། མེ་མཉམ་གྱི་རླུང་ནད་ལ་མདུན་རྒྱབ་གཉིས་སུ་ལན་ཚྭའི་དུགས་བྱ་ཞིང༌། ཤིང་ཀུན་དང་ཁ་རུ་ཚྭ་དང་སེ་འབྲུའི་ཅུར་ནིས་ཞེས་པ་དེ་གསུམ་གྱི་ཕྱེ་མ་སྦྱར་ལ་བཏང་ཞིང་དཔྱད་དུ་ཚིགས་པ་བཅུ་གསུམ་པ་དང་ཕོ་བའི་མེ་མཉམ་གྱི་གསང་རྣམས་ལ་མེས་བསྲེག་གོ །ཐུར་སེལ་གྱི་རླུང་ནད་ལ་འཇམ་རྩི་བཏང་ཞིང་ཚིལ་མར་གྱིས་བསྐུ་མཉེ་བྱས་ལ་རུས་པ་སྣ་ཚོགས་པའི་དུགས་བྱ་ཞིང༌། དྲོད་ཆེ་ཞིང་བཅུད་ཅན་གྱི་ཁ་ཟས་བསྟེན་རྗེས་དཔྱད་དུ་ཚིགས་པ་བཅུ་དྲུག་པ་དང་མདོ་རུ་བསྲེག་གོ རླུང་དེ་ཉིད་མཁྲིས་དང་འདྲེས་པར་གྱུར་པ་ལ་སྦྱོང་དང་ཟས་སྐོམ་བསིལ་བཅུད་བསྟེན་པ་དང༌། དེ་བཞིན་དུ་རླུང་དེ་ཉིད་བད་ཀན་དང་འདྲེས་པ་ལ་སྐྱུག་དང་ཟས་སྤྱོད་ཡང་བ་དང་དྲོ་བ་སྦྱར་བ་བསྟེན་པར་བྱའོ་ཞེས་པའི་དོན་ནོ། །གཉིས་པ་མདོར་བསྡུས་ཀྱི་བཅོས་ཐབས་བཤད་པ་ལ་གསུམ་ཉན་པར་སྐུལ་བ། རིགས་ཀྱི་བཅོས་ཐབས་མདོར་བསྡུས་ཀྱི་བཤད་པ་དང༌། གནས་ཀྱི་མདོར་བསྡུས་ཀྱི་བཅོས་ཐབས་བཤད་པའོ། དང་པོ་ནི། ཀྱེ་ཞེས་བོས་ཏེ་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས། སེམས་གཞན་དུ་མ་ཡེངས་པར་གྱིས་ལ་ཡིད་གུས་པ་དང་ལྡན་པའི་སྒོ་ནས་ལེགས་པར་ཉོན་ལ། རླུང་ནད་ཀྱི་བཅོས་ཐབས་སྔར་བཤད་པ་དེ་རྣམས་ཀྱི་དོན་མདོར་ཧྲིལ་གྱི་བསྡུས་ནས་བཅོས་ཐབས་ཁྱེར་བདེ་བ་དོན་ཐོག་ཏུ་ཁེལ་བ་འདི་ལྟ་བུ་ཞིག་ངས་བཤད་པར་བྱའོ་ཞེས་ལེགས་པར་གདམས་པའོ། །གཉིས་པ་རིགས་མདོར་བསྡུས་ཏེ་བཅོས་ཐབས་བཤད་པ་ནི། རེངས་འཁུམས་ཞེས་རྐང་པ་བདུན་གྱིས་བསྟན་ཏེ། རླུང་ནད་རིགས་ཀྱི་སྒོ་ནས་བཅོས་ཐབས་མདོར་བསྡུས་བཤད་པ་ནི་རླུང་ནད་རེངས་པ་དང་འཁུམས་པ་གཉིས་ལ་རུས་སྣ་བཅོས་པའི་ཞག་གི་སྣུམ་འཆོས་བྱ་ཞིང་དེའི་རླངས་ལུམས་ཀྱིས་འདུལ་བ་དང༌། རླུང་ནད་ཀྱིས་སྐམས་པ་ལ་སྣུམ་འཆོས་དང་དུགས་བྱ་ཞིང་རྩ་བཤལ་དང་ཆུ་ཚན་གྱི་ལུམས་བྱ་བ་དང༌། རླུང་གི་སྦོས་པའི་ནད་པ་ལ་སྣུམ་འཆོས་བྱས་ལ་དེའི་རྗེས་ལ་བཤལ་གྱིས་སྦྱང་བ་དང༌། རླུང་ནད་འཕྱོ་བ་ཞེས་པར་བད་ཀན་དང་འདྲེས་པས་སྣུམ་འཆོས་སྤངས་ལ་རྩུབ་བཅོས་ཁོ་ན་བྱ་བ་དང༌། རླུང་གི་གཟེར་བ་ལ་སྣུམ་དང་ལྡན་པས་དུགས་དང་གང་ན་བའི་སར་མེ་ཡིས་ཨ་ནའི་ཟུག་བཅག་པ་དང༌། རླུང་ནད་ཀྱི་སེམས་གཞན་དུ་འཕྱོས་པ་ལ་གོང་དུ་བསྟན་པའི་བཅུད་བཞིའི་ཐང་དང་སྨན་མར་མེ་བཙའ་དང་ཐུར་མ་སོགས་ཀྱིས་མནན་པར་བྱ་ཞིང༌། རླུང་གི་ངག་ལྐུགས་པ་ལ་སྣུམ་འཆོས་དང་འཇམ་རྩི་བཏང་ཞིང་སྤྱི་གཙུག་དང་ཨན་སྟོང་དང་སོར་མོ་ཉི་ཤུ་དང་སྲོག་རྩ་མྱོས་བྱེད་རྣམས་ལ་མེ་བཙའ་རྒྱབ་ལ་བསལ་བར་བྱའོ།།

        གསུམ་པ་གནས་ཀྱི་བཅོས་མདོར་བསྡུས་བཤད་པ་ནི། མགོ་རླུང་ཞེས་རྐང་པ་ཞེ་གཉིས་ཀྱིས་བསྟན་ཏེ། རླུང་ནད་གནས་ཀྱི་སྒོ་ནས་མདོར་བསྡུས་ཏེ་བཤད་པ་ནི། མགོ་རླུང་གི་ནད་ལ་ཏིལ་མར་ལ་ཤིང་ཀུན་བཏབ་པས་སྣ་སྨན་བཏང་ཞིང༌། སོ་མ་རཱ་ཛ་དང་སྒོག་སྐྱ་དང་ཁ་རུ་ཚྭ་རྣམས་མར་ལ་སྦྱར་བ་བྱུགས་ལ་དྲོད་ཆེན་པོས་བཏུམས་ལ་དཀྲིས་མས་བསྡམ་པ་དང༌། སྒ་དང་ཤིང་ཀུན་བསྡུས་པའི་རླངས་ལུམས་བྱ་ཞིང༌། རུས་པ་སྣ་ཚོགས་བསྡུས་པའི་རུས་ཁུ་ལ་ལོ་མར་དང་ལུག་གི་ཚིལ་བུ་དང་རྐང་མར་བུ་རམ་རྣམས་ལུག་ཤའི་ཁུ་བར་སྦྱར་བ་བླུད་ཅིང་གོས་ཀྱིས་བྱིབས་ལ་རྔུལ་དབྱུང་བྱ་བ་དང༌། ལྟག་ཁུང་དང་མཚོགས་མ་དང་སྤྱི་གཙུག་སྟེ་ཁ་གསུམ་དང་ཚིགས་པ་གསུམ་པ་རྣམས་མེ་ཡིས་བསྲེག་པར་བྱའོ། །སྙིང་རླུང་གི་ནད་ལ་སྙིང་ཞོ་ཤ་དང་གླ་གོར་ཞོ་ཤ་དང་མཁལ་མ་ཞོ་ཤ་སྟེ་ཞོ་ཤ་གསུམ་དང་འབྲས་བུ་གསུམ་ཐང་དུ་བསྡུས་པ་ལ་འབྲི་མར་དང་བུ་རམ་སྦྱར་བའི་སྨན་མར་ལ་ཁ་ཚར་སྒ་པི་པི་ལིང་ཕོ་བ་རིས་ཏེ་ཚ་བ་གསུམ་དང་རྒྱམ་ཚྭ་དང་ཁ་རུ་ཚྭ་དང་ཙབས་རུ་ཚྭ་སྟེ་ཚྭ་སྣ་གསུམ་བཏབ་པ་བཏང་བ་དང༌། རུས་པ་བཅུད་ཅན་སྣ་ཚོགས་བསྡུས་པ་ལས་བྱུང་བའི་ཞག་དང་ལོ་མར་དང་བུ་རམ་ལ་དྲོད་སྨན་ཏེ་ཚ་བ་གསུམ་དང་ཚྭ་སྣ་གང་འབྱོར་ཚོགས་ཚད་དང་སྦྱར་ལ་བཏང་བར་བྱ་ཞིང༌། ཚིགས་པ་དྲུག་པ་དང་བདུན་པ་དང་དཀར་ནག་མཚམས་དང་བྱ་རོག་མིག་རྣམས་བསྲེག་གོ །གློ་བ་ལ་རླུང་ཞུགས་ན་སྟར་བུ་དང་ཅུ་གང་དང་ཟི་ར་དཀར་པོ་དང་སུག་སྨེལ་དང་ཁ་རུ་ཚྭ་དང་ཀ་ར་རྣམས་སྦྱར་བའི་ཕྱེ་མ་བཏང་ཞིང་དེ་རྗེས་ཛཱ་ཏི་དང་ལི་ཤི་དང་ཀ་ཀོ་ལ་དང་སུག་སྨེལ་ཏེ་བཟང་པོ་བཞི་དང་པི་པི་ལིང་དང་སྒ་དང་ཕོ་བ་རིས་ཏེ་ཚ་བ་གསུམ་རྣམས་སྦྲང་དང་སྦྱར་བ་བཏང༌། སེ་འབྲུ་དང་ཤིང་ཚ་དང་སུག་སྨེལ་དང་པི་པི་ལིང་སྟེ་དེ་བཞི་དང་ནཱ་ག་གེ་སར་དང་ཟི་ར་དཀར་པོ་དང་མ་ནུ་པ་ཏྲ་དང་འུ་སུ་དང་ལ་ལ་ཕུད་དང་སྒ་དང་ན་ལེ་ཤམ་དང༌། དེ་རྣམས་རྟ་ཀ་ར་དང་སྦྱར་ལ་ཆང་གསར་རྩེ་འཇམ་ཙམ་བསྲོས་པས་དབུལ་ལ་བཏང་ཞིང་དཔྱད་དུ་ཚིགས་པ་བཞི་པ་དང་ཚིགས་པ་ལྔ་པ་དང་བྱ་རོག་མིག་དང་སྐེ་སྟོང་རྣམས་མེས་བསྲེག་པར་བྱ་ཞིང༌། ཁ་ཟས་ཤ་ཡིབ་མ་དང་གར་ཆང་རྣམས་མི་བཏང་ཞིང༌། ལུག་གི་ཤ་གསར་པ་ཟས་སུ་ཟ་བ་དང༌། སྐོམ་དུ་གྲོའི་ཆང་ལ་སྲོ་ལོའི་ཁུ་བས་བསིངས་པ་དང༌། ཡང་ན་ཆང་གསར་རྩེ་འཇམ་བསྲོས་པ་བཏང་བར་བྱའོ། མཆིན་རླུང་ལ་མཆིན་པ་སྣ་ཚོགས་སྐམས་པའི་ཕྱེ་མའི་སྨན་མར་དེ་ལ་ཁ་ཚར་དུ་ཁ་རུ་ཚྭ་དང་གུར་གུམ་བཏབ་ལ་བཏང་ཞིང༌། བྲག་ཞུན་གྱི་སྨན་མར་དང་འབྲི་རྐང་གི་སྨན་མར་ཕྱི་རྒྱུད་ནས་བྱུང་བ་ལྟར་སྦྱར་ཞིང༌། རུས་པ་བཅུད་ཅན་སྣ་ཚོགས་པའི་རླངས་ལུམས་བྱ་ཞིང༌། དཔྱད་དུ་ཚིགས་པ་དགུ་པ་དང་རྩིབ་སྟེང་མེས་བསྲེག་གོ །ཕོ་བའི་རླུང་ལ་བུ་རམ་ལས་བྱས་པའི་ཏིང་ཁྲོལ་ཏེ་སྦྱོར་བ་བཏང་བར་བྱ་ཞིང༌། སེ་འབྲུ་དང་ཤིང་ཚ་དང་ཛཱ་ཏི་དང་སུག་སྨེལ་དང་ཀ་ཀོ་ལ་སྟེ་དྲོད་གསུམ་དང་རྒྱམ་ཚྭ་དང་ཁ་རུ་ཚྭ་དང་ཙབས་རུ་ཚྭ་སྟེ་ཚྭ་སྣ་གསུམ་དང༌། ཟི་ར་དཀར་ནག་གཉིས་དང་སྒ་པི་པི་ལིང་དང་ཕོ་རིས་ཏེ་ཚ་བ་གསུམ་དང༌། ལ་ལ་ཕུད་དང་བཅས་པའི་ཕྱེ་མ་རྟ་བུ་རམ་གྱིས་བྱས་ལ་ཆང་གིས་དབུལ་ནས་བཏང་བར་བྱ་བ་དང༌། ཡང་ན་བུ་རམ་ལས་བྱས་པའི་ཆང་དང་སྦྱར་ལ་བཏང་ཞིང་དཔྱད་དུ་ཕོ་བའི་དཀྱིལ་དང་ཚིགས་པ་བཅུ་གསུམ་པ་མེས་བསྲེག་གོ།

        ལོང་གི་རླུང་ནད་ལ་སེ་འབྲུ་དང་ཚ་བ་གསུམ་དང་ཁ་རུ་ཚྭ་དང་གྲོ་མ་འབོས་ལོ་སྟེ་གྲོ་མ་ཁ་འབུས་ཙམ་གྱི་ལོ་མ་དང་བཅས་པའི་ཕྱེ་མ་སྨན་རྟ་བུ་རམ་དང་སྦྱར་ལ་བཏང་ཞིང༌། དེ་རྗེས་སྒོག་སྐྱ་ལས་བྱས་པའི་སྨན་མར་བྱིན་ལ། དེ་རྗེས་སླེ་ཏྲེས་དང་ཀནྜ་ཀ་རི་དང་ཤུ་དག་ནག་པོ་དང་བཙོད་དང་ཛཱ་ཏི་དང་སུག་སྨེལ་དང་པི་པི་ལིང་དང་ཡུང་བ་དང་ཤུ་མོ་ཟ་དང་བཅས་པ་རྣམས་ར་མར་དང་སྦྱར་བའི་འཇམ་རྩི་མས་ནས་བཏང་ཞིང་དཔྱད་དུ་ལྟེ་བའི་གཡས་གཡོན་དུ་མཚོན་དོ་བཅལ་བ་ལོང་ཕུག་གི་གསང་གཡས་གཡོན་གཉིས་ཀ་མས་བསྲེག་གོ །མཁལ་མར་རླུང་ཞུགས་པའི་ནད་ལ་ལུག་གི་མགོ་བོའི་རུས་པ་ཐང་དུ་བསྡུས་པ་ལ་ཤ་རྣམས་རྫོགས་པའི་ཕྱེ་མ་བཏབ་པ་ལས་བྱས་པའི་ཤ་ཚོད་ལ་སྤོད་ཀྱི་ཚུལ་དུ་ཤུ་མོ་ཟ་བཏབ་པ་བཏང་ཞིང༌། རུས་པ་སྣ་ཚོགས་བསྡུས་པའི་ཁུ་བ་བུ་རམ་དང་སྦྱར་ནས་བཏང་བའམ་ཡང་ན་བོང་བུའི་ཤ་དང་སྲམ་གྱི་ཤ་དང་བུར་ཆང་ངམ་ཟན་ཆང་བཏང་བ་དང༌། དེ་རྗེས་རྩ་བ་ལྔ་ལས་བྱས་པའི་སྨན་མར་སྦྱར་བ་བཏང་ཞིང་དཔྱད་དུ་ཚིགས་པ་བཅུ་བཞི་པ་མེ་ཡིས་བསྲེག་པར་བྱས་དགོས་པའི་དོན་རྒྱས་པར་བཤད་ཟིན་ཏོ། གསུམ་པ་རྒྱུན་དུ་ལྟ་རྟོག་དགོས་པར་བསྟན་པ་ལ་གཉིས། ནད་དམིགས་ལ་བལྟོས་པའི་གཉེན་པོ་བསྟེན་ཚུལ་དང༌། གཉེན་པོ་བསྟེན་པར་བྱེད་པ་ལའང་བལྟོས་པའི་བྱ་ར་དགོས་ཚུལ་ལོ། །དང་པོ་ནི། དེ་ལ་ཞེས་སོགས་ཚིག་རྐང་ལྔས་བསྟན་ཏེ། དེ་ལྟར་བཤད་མ་ཐག་པ་དེ་ལ་སོགས་ཏེ་རླུང་གི་ནད་དུ་མ་ཡང་ནད་གཞན་དང་འདྲེས་ན་དེ་དང་དེ་ཡི་ཁ་འཛིན་བཏང་བ་གཅེས་ཤིང༌། དེ་ལྟར་མ་ཡིན་པའི་རླུང་ནད་རྐྱང་པ་རྣམས་ལ་གོང་དུ་སྤྱིའི་བཅོས་ཐབས་ཀྱི་ཁོག་ལེགས་པར་ཕུབ་ལ་དེ་ནས་རླུང་ནད་རིགས་དང་གནས་དང་ནང་ཚེགས་སོགས་རང་རང་གི་ནད་ཀྱི་གསོ་ཐབས་མདེལ་ཁ་སྟེ་མདའ་མདེའུས་ཁ་བསྒྱུར་བ་ལྟར་གདགས་པར་བྱས་པས་ནད་ཀྱི་ཐོག་ཏུ་འཕངས་ན་འཇོམས་པར་གདོན་མི་ཟའོ། །འོན་ཀྱང་སྔར་བཤད་པའི་ནད་དང་བཅོས་ཐབས་ཀུན་ཀྱང་མདོར་དྲིལ་ན་སྣུམ་བཅུད་དང་དྲོད་ཀྱིས་མི་སེལ་བའི་རླུང་ནད་ནི་གཞན་གང་ན་ཡང་མེད་དོ། །གཉིས་པ་ནི། རླུང་ནི་ཞེས་སོགས་ཚིག་རྐང་བདུན་གྱིས་བསྟན་ཏེ། རླུང་ནི་ལུས་འདི་ལ་ཚ་བ་དང་གྲང་བ་གཉིས་ཀར་གྱི་ཟུང་དུ་འཇུག་ཅིང་ཁྱབ་བྱེད་ཀྱི་ཚུལ་ནི་དབྱེར་མེད་ཀྱི་དོན་ཏེ། དཔེར་ན་མཁྲིས་པའི་ཚད་པ་མེ་ལྟ་བུ་དེ་ཉིད་རླུང་གི་ཤུགས་ཀྱིས་འབུད་ཅིང༌། བད་ཀན་གྲང་བའི་བསིལ་བ་རླུང་གི་ངད་ཀྱིས་འཁྱགས་པར་བྱེད་པ་དང༌། དེ་བཞིན་དུ་དམུ་འོར་དང་སྐྱ་རྦབ་རྣམས་གཡོ་ཞིང༌། སྐྲན་རྣམས་སྒོང་བར་བྱེད་པ་དང༌། རང་གནས་སུ་བསགས་པའི་ནད་རྣམས་ཐམས་ཅད་རླུང་གིས་སློང་ཞིང༌། ཤ་པགས་རྩ་རུས་སོགས་ལ་བྱེར་བའི་ནད་ཀུན་གྱི་སྣ་འདྲེན་ཀྱང་རླུང་གིས་བྱེད་ཅིང་ཚད་པའི་གཞུག་ཕལ་ཆེར་ཀྱང་ཐོར་བུའི་རླུང་གིས་འབུད་པར་བྱེད་པའི་དོན་གྱིས་ན་དེའི་ཕྱིར་རླུང་གི་ནད་གཞན་ལ་བལྟོས་པའི་ཐོག་མཐའ་གཉིས་ཀ་ལ་བྱ་ར་སྒྲིམས་པར་བྱ་དགོས་ཞིང༌། རང་རྒྱུད་ལ་བལྟོས་པའི་ཐོག་མཐའ་བར་གསུམ་ཐམས་ཅད་དུ་བྱ་ར་བྱ་དགོས་པ་སྟེ། རླུང་ནད་ཀྱི་རྒྱུ་རྐྱེན་དབྱེ་བ་རྟགས་བཅོས་ཐབས་རྣམས་ལྷག་མ་མ་ལུས་པར་བསྟན་ཟིན་ཏོ། །གཉིས་པ་ལེའུའི་མཚན་ན་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་གསུམ་པ་མན་ངག་རྒྱུད་ཀྱི་རླུང་ནད་གསོ་བའི་ལེའུ་བཤད་པ་སྟེ་གཉིས་པའོ།།

མཐའ་མའི་འདོན་ཐེངས་།: 29.09.2011 ཉིན། 2:10 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།