སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་གཉིས་པ། རླུང་གི་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.12.2022
མན་ངག་རྒྱུད། >> ལེའུ་གཉིས་པ། རླུང་གི་ནད་གསོ་བ།



ལེའུ་གཉིས་པ། རླུང་གི་ནད་གསོ་བ།

དེ་ནས་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག དང་པོ་ཉེས་གསུམ་གསོ་བའི་སྐབས་བསྟན་པ། །རླུང་དང་མཁྲིས་པ་བད་ཀན་གསུམ་དུ་བཤད། །དེ་ལ་རླུང་ནི་ནད་ཀུན་འཁྲུག་པའི་རྒྱུ། །སྣ་འདྲེན་མཇུག་སྡུད་འཐོར་དང་ཁྱབ་པར་བྱེད། །རང་རྒྱུད་གདུག་ཅིང་ནད་མང་རྩུབ་པའི་ཕྱིར། །ཐོག་མར་རླུང་གི་བཅོས་ཐབས་བཤད་པར་བྱ། །ཀྱེ་དྲང་སྲོང་ཆེན་པོ་མ་ཡེངས་གུས་པས་ཉོན། །རླུང་གི་ནད་ལ་རྒྱུ་རྐྱེན་དབྱེ་བ་དང༌། །རྟགས་དང་བཅོས་ཐབས་རྣམ་པ་ལྔ་ཡིས་བསྟན།།

རྒྱུ་ནི་མ་རིག་ལས་བྱུང་འདོད་ཆགས་ཀྱིས། །བསྐྱེད་རླུང་མཚན་ཉིད་དྲུག་ལྡན་ཐ་མལ་གནས།།

དེ་རྐྱེན་ཁ་དང་ཡང་རྩུབ་བསྟེན་དྲགས་དང༌། །ཆགས་པས་དུབ་དང་ལྟོ་དང་གཉིད་ཆག་དང་། །ལྟོ་སྟོང་ལུས་ངག་བྱ་བ་དྲག་ཤུལ་དང༌། །ཁྲག་མང་ཟགས་དང་འཁྲུ་སྐྱུགས་དྲག་པོས་བཏབ། །བསེར་བུས་བུས་དང་ག་ཆད་ངུས་པ་དང་། །མྱ་ངན་སེམས་ལས་ཁ་ཡི་ལས་ཆེས་དང༌། །བཅུད་མེད་ཁ་ཟས་ཡེན་ལ་གཏད་པ་དང༌། །ཤུགས་བཀག་པ་དང་ནན་གྱིས་བཙིར་བ་ཡི། །རྐྱེན་དེས་དང་པོར་རང་གནས་འཕེལ་ཞིང་གསོག །རང་གི་ནུས་སྟོབས་རྒྱས་ནས་རྐྱེན་ཕྲད་སློང་། །རྐྱེན་དྲག་གསོག་ལྡང་དུས་གཅིག་བྱེད་པའང་ཡོད། །ལངས་ནས་འཇུག་སྒོ་དྲུག་ཞུགས་རང་རྟགས་སྟོན། །བདེ་མེད་རླུང་ནད་དྲུག་ཅུ་རྩ་གསུམ་འབྱུང༌།།

དེ་ལ་དབྱེ་ན་སྤྱི་དང་བྱེ་བྲག་གཉིས། །སྤྱི་ལ་དབྱེ་ན་རིགས་དང་གནས་སུ་སྦྱར། །རིགསནི་གཞན་རྒྱུད་ལོག་པའི་ལམ་ཞུགས་པ། །རླུང་ནད་ཨ་ཝརྟ་དང་ད་རྒན་གཉིས། །འགྲམ་པ་ཉམས་དང་ལྕེ་ལྡིབ་ཕྱོགས་གཅིག་གུག །རྩ་འཛིན་གཞོགས་ཕྱེད་སྐམས་དང་ལུས་ཀུན་སྐམས། །ཤིང་རེངས་དཔུང་འཇའ་བི་ཤ་ཙེ་དང་ནི། །སྲ་འཐེང་དང་ནི་བརླ་རེངས་ཅེ་སྤྱང་མགོ །ཚེར་མ་གཟུགས་འཁུམས་ཁ་ལི་རྐང་བརྩེ་དང༌། །རྐང་པ་ཚ་བ་ཞེས་བྱ་ཉི་ཤུར་བཤད། །མདོར་བསྡུས་རེངས་འཁུམས་སྐམས་དང་སྦོས་པ་དང༌། །འཕྱེས་གཟེར་འཕྱོས་དང་བོག་པ་བརྒྱད་དུ་བསྡུ། །གནས་ནི་རང་རྒྱུད་གནོད་བྱ་ལ་ཞུགས་པ། །ལྤགས་གྲམ་ཤར་རྒྱས་རྩ་རུ་རྒྱུ་བ་དང༌། །རུས་ལ་ཞེན་དང་དོན་བབས་སྣོད་དུ་ལྷུང༌། །དབང་པོ་ལྔ་ལ་མེ་ཏོག་ཤར་བའོ། །དེ་ལ་དང་པོ་ལྤགས་ལ་གྲམ་པ་གཅིག །གཉིས་པ་ཤ་དང་ཚིལ་ལ་ཞུགས་པ་གཉིས། །གསུམ་པ་རྩ་ཆུ་ཁྲག་ལ་ཞུགས་པ་གསུམ། །བཞི་པ་རུས་ཚིགས་རྐང་དང་བཅུད་ཞུགས་བཞི། །ལྔ་པ་གློ་སྙིང་མཆིན་མཆེར་མཁལ་ཞུགས་ལྔ། །དྲུག་པ་ཟས་དང་མ་ཞུ་ཞུ་བའི་གནས། །མཁྲིས་པ་བཤང་གཅི་མངལ་དུ་ཞུགས་པ་བདུན། །དབང་པོ་མགོ་མིག་རྣ་བ་སྣ་སོ་དང༌། །ཀུན་ལ་ཞུགས་དང་ཉི་ཤུ་བརྒྱད་དུ་བཤད། །མདོར་བསྡུས་མགོ་རླུང་སྙིང་རླུང་གློ་རླུང་དང་། །མཆིན་རླུང་ཕོ་རླུང་ལོང་རླུང་མཁལ་རླུང་བདུན། །བྱེ་བྲག་དབྱེ་བ་སྲོག་འཛིན་གྱེན་རྒྱུ་དང་། །ཁྱབ་བྱེད་མེ་མཉམ་ཐུར་སེལ་རྐྱང་པ་ལྔ། །བད་ཀན་མཁྲིས་པར་འདྲེས་པས་བཅུ་རུ་བཤད།།

བརྟག་པའི་ཐབས་ལ་རྣམ་པ་གསུམ་ཡིན་ཏེ། །སློང་བ་རྒྱུ་ཡི་སྒོ་ནས་བརྟག་པ་དང༌། །མཚན་ཉིད་རྟགས་ཀྱི་སྒོ་ནས་བརྟག་པ་དང༌། །ཕན་གནོད་གོམས་པའི་སྒོ་ནས་བརྟག་པའོ། །དང་པོ་སློང་བ་རྒྱུ་ལ་བརྟག་པ་ནི། །གོང་གི་ཟས་དང་སྤྱོད་ལམ་རྐྱེན་རྣམས་ཀྱིས། །བསླང་ནས་ན་ན་རླུང་ལས་གཞན་མི་སྲིད། །དེ་ཕྱིར་དང་པོ་རྒྱུ་བརྟག་གཅེས་པ་ཡིན། །མཚན་ཉིད་རྟགས་ལ་སྤྱི་དང་བྱེ་བྲག་གཉིས། །སྤྱི་རྟགས་རྩ་ནི་སྟོང་ལ་རྐྱལ་བ་དང༌། །ཆུ་ནི་ཆུ་འདྲ་དྭངས་ལ་ལོག་རྗེས་སླ། །འགྲོ་འདོད་ཤུས་འདེབས་ཤེས་པ་ཡང་ལ་འཕྱོ། །མགོ་བོ་ཟི་འཁོར་རྣ་བ་འུར་ལ་འཁྲོག །ལྕེ་སྐམ་དམར་རྩུབ་ཁ་རོ་བསྐ་བ་བྲོ། །གཟེར་འཕོ་གྲང་འདར་འགུལ་ཁྱབ་ཟུག་དང་སྙོམ། །རེངས་འཁུམས་བྱེ་ཆག་འབྱིན་དང་དཀྲིས་སྙམ་བྱེད། །འགུལ་ན་ཟུག་ཆེ་སྤུ་བརྩེ་ཕྲུམ་བསེར་ཁྱེར། །གཉིད་མེད་གཡལ་འདར་རྨྱང་འདོད་ཚིག་པ་ཟ། །དཔྱི་རྐེད་རུས་ཚིགས་མ་ལུས་བརྡུངས་སྙམ་བྱེད། །ལྟག་པ་བྲང་དང་མུར་འགྲམ་ཟུག་ཅིང་གཟེར། །རླུང་གསང་རྣམས་ནི་ཁ་བྱེ་མནན་ན་ན། །སྟོང་སྐྱུགས་བྱེད་ཅིང་ཐོ་རངས་ལྦུ་གསོབ་ལུ། །སྦོ་འཁྲོག་དགོང་དང་ཐོ་རངས་ཞུ་རྗེས་ན། །བྱེ་བྲག་བརྟག་པ་རླུང་གིས་སྒུར་པོར་བསྡུས། །འཁུན་ཞིང་དྲན་མེད་མིག་ཧར་དབུགས་འབྱིན་དཀའ། །དེ་མིང་རླུང་ནད་ཨ་ཝརྟ་ནར་བཤད། །ད་རྒན་ཕྱིར་དགྱེ་བྲང་འབུར་གཉའ་བ་བསྟུངས། །ལྟག་པ་དགྱེ་ལ་སོ་འཆའ་ལྦུ་བར་སྐྱུག །མགོ་དང་འགྲམ་པ་རྒྱབ་ན་སྐད་མི་ཕྱིན། །མིག་ཧར་གཡལ་འབྱུང་རྩིབ་ལོགས་གཉིས་སུ་ཟུག །ད་རྒན་ནང་གུག་ན་ཚུལ་དེ་འདྲ་ལ། །སྐེ་བསྟུངས་བྲང་དུ་བསྡུས་ཏེ་རོ་སྟོད་འབུར། །འགྲམ་པ་ཉམས་པ་འཐམས་འཕྱང་འབྱེད་འཛུམ་ཉམས། །ལྕེ་ལྡིབ་བཟའ་བཏུང་སྨྲ་དཀའ་ལྐུགས་ལྡིབ་ཐེན། །གཞོགས་གཅིག་གུག་པ་ཁ་ཡོ་མགོ་བོ་འདར། །ཚིག་ཐོགས་མིག་རེངས་དྲན་ཉམས་གཉིད་ལོག་དངངས། །རྩ་འཛིན་རླུང་ཁྲག་སྤྱི་བོའི་རྩར་ཞུགས་ཏེ། །ནད་ཚབས་དྲག་ལ་སྤྱི་གཙུག་ཤ་མདོག་ནག །གཞོགས་ཕྱེད་སྐམས་པ་ཚོར་མེད་བྱ་བ་ཉམས། །ལུས་ཀུན་སྐམས་པ་ཐམས་ཅད་དེ་དང་འདྲ། །ཤིང་རེངས་དགྱེ་དགུ་མི་ཤེས་ཤིང་ལྟར་རེངས། །དཔུང་འཇའ་ཕྲག་ཞུགས་འདེགས་སོགས་བྱ་ཉམས་ན། །བི་ཤ་ཙེ་ནི་ལག་སོར་བྱ་བ་ཉམས། །སྲ་འཐེང་བརླ་ནང་ཆུ་བ་ལ་ཞུགས་པས། །འགྲོ་འདར་ཚིགས་ལྷོད་འཐེང་ཞིང་རྐང་པ་འཕྱེས། །བརླ་རེངས་བད་ཀན་ཚིལ་འཕེལ་བརླ་རུས་ཞེན། །གྲང་ཞིང་ཚོར་མེད་འདེགས་དཀའ་ལྕི་བའོ། །རླུང་ཁྲག་པུས་མོར་སྐྲངས་པ་ཅེ་སྤྱང་མགོ །ལོང་མོར་ཞུགས་པ་རླུང་ནད་ཚེར་མ་སྟེ། །རྟིང་ཆུར་ཞུགས་ན་བྱིན་རེངས་གཟུགས་འཁུམས་ཡིན།།གཟུགས་འཁུམས་བི་ཤ་ཙེ་འདོམ་ཁ་ལིར་བཤད། །རྐང་པ་བརྩེ་བ་རྐང་བརྩེ་ཞེས་བྱ་སྟེ། །རྐང་པ་ཚ་བ་དྲོད་བཅས་འགྲོ་ཚེ་ཚ། །མདོར་བསྡུས་རེངས་འཁུམས་དགྱེ་དགུ་བརྐྱང་བསྐུམ་ཉམས། །སྐམས་པ་ཚོར་མེད་བྱ་ཉམས་ཤ་ལྤགས་འབྱར། །སྦོས་པ་གཡོ་ཞིང་སྐྲངས་ལ་འཕེལ་འབྲི་བྱེད། །འཕྱེས་པ་སྨད་བཤལ་རྐང་པ་ལྕི་ལ་བེམ། །གཟེར་བ་ཀར་ཟུག་ནད་དྲག་ངེས་མེད་འཕོ། །འཕྱོས་པ་གཉིད་མེད་མང་སྨྲ་ངུ་བྲོ་དགོད། །ལྐུགས་པ་སྟོབས་དང་དྲན་ཉམས་སྨྲ་མི་ཤེས། །གནས་དང་སྦྱར་ན་ལྤགས་ལ་རླུང་གྲམ་པ། །གས་སྙམ་རེག་པ་རྩུབ་ལ་བརྩེ་བ་ཡིན། །ཤར་ཞུགས་སྐྲངས་རྩུབ་མདོག་འགྱུར་འབྲུམ་པ་འབྱུང་། །ཚིལ་ཞུགས་ཡི་འཆུས་ལུས་སྐྲངས་རྨེན་བུ་སྐྱེད། །རྩར་ཞུགས་རྩ་དེ་སྟོང་ལ་སྦོམ་པོར་སྐྲངས། །ཁྲག་ཞུགས་གཉིད་ཆེ་རྩ་དམར་མདོག་མི་སྡུག །ཆུ་བར་ཞུགས་པ་ཞ་རེངས་འཐེང་པར་བྱེད། །རུས་ཞུགས་ཟུག་ཆེ་ཤ་སྐམས་ཉམ་སྟོབས་འཛད། །ཚིགས་ཞུགས་སྟོང་སྦོབ་སྐྲངས་ནས་ད་རྒན་འགྱུར། །རྐང་ཞུགས་གཉིད་མེད་དཀྲིས་སེམ་བཙིར་ན་ཕན། །ཁུ་བར་ཞུགས་པ་སྐམ་མམ་མདོག་འགྱུར་ལུག །སྙིང་ཞུགས་སྟོད་གང་ཤུས་འདེབས་ཤེས་པ་འཕྱོ། །གློར་ཞུགས་བྱད་སྐྲངས་མི་ཁོགས་ལྦུ་གསོབ་ལུ། །མཆིན་ཞུགས་བཀྲེས་དུས་གཡལ་མང་འཕྱོངས་ནས་ན། །མཆེར་ཞུགས་ལུས་སྐྲངས་སྦོ་འཁྲོག་སྟེང་དུ་གཟེར། །མཁལ་ཞུགས་མཁལ་རྐེད་ན་ཞིང་རྣ་བ་འོན། །ཟས་ལ་རླུང་ཞུགས་ཁ་ཟས་ཟོས་རྗེས་ན། །མ་ཞུའི་གནས་ཞུགས་སྒྲེག་སྐྱུག་ཡི་ག་འགག །སྦོ་འཁྲོག་སྐོམ་དད་ཆེ་ལ་དབུགས་མི་བདེ། །ཞུ་བའི་གནས་ཞུགས་གཟེར་ཞིང་སྦོ་འཁྲོག་བྱེད། །བཤང་འགག་ཆུ་སྲི་རྐེད་པ་མཇུག་ཏོ་ན། །མཁྲིས་ཞུགས་སྦོ་གཟེར་འཇུ་དཀའ་མིག་སྤྲིན་སེར། །བཤང་ཞུགས་རླུང་འཁྱིལ་རྟུག་སྐམ་སྒྲ་བཅས་འཁྲུ། །གཅིན་ཞུགས་ལྒང་པ་བསིལ་སྦོ་སྲི་འམ་སྙི། །མངལ་ཞུགས་འབུར་འདྲིལ་མངལ་ཁྲག་སྡོམ་མམ་འཛག །མགོར་ཞུགས་མགོ་འཁོར་ཟི་འཁྱོམ་བརྟད་མི་ཚུགས། །མིག་ཞུགས་རྩ་དམར་ལུག་སྙམ་བསེར་བུ་གནོད། །རྣ་བར་ཞུགས་པ་འུར་འཁྲོག་སྟོང་སྙམ་གཟེར། །སྣར་ཞུགས་སྣ་འགག་ཆུ་འཛག་དྲི་མི་ཚོར། །སོར་ཞུགས་བེར་བ་ལངས་ནས་ན་ཞིང་སྐྲངས། །ལུས་ཀུན་ཞུགས་པ་ཀུན་ཁྱབ་སྤྱི་རྟགས་འདྲ། །མདོར་བསྡུས་མགོ་རླུང་མགོ་འཁོར་རྣ་བ་འུར། །སྐྱུག་ཅིང་ལངས་ན་འགྱེལ་བུབ་ཕྱི་ཡུལ་འཁྱོམ། །སྙིང་རླུང་ལུས་འདར་སྟོད་རྒྱངས་ཤེས་པ་འཁྲུལ། །སྨྲ་འཆལ་མགོ་འཁོར་གཉིད་ཆུང་ཤུ་ཡིས་འདེབས། །གློ་རླུང་གཉིད་ཆུང་ཁོགས་དཀའ་ལྦུ་གསོབ་ལུ། །ལུས་རྒྱངས་སྐྱུག་དང་མིག་སྐྲངས་ནུབ་གློ་མང༌། །མཆིན་རླུང་སྒྲེག་ཅིང་སྟོད་གཟེར་བཤུལ་ཤ་ན། །ཁ་ཟས་ཡི་གར་མི་འོང་མིག་མི་གསལ། །དགོང་དང་ཐོ་རངས་མཆིན་པ་འཕྱོང་ཐག་ཆད། །ཕོ་རླུང་དབུགས་རྒོད་སྦོ་ལ་སྟོང་སྒྲེག་བྱེད། །ཕོ་བ་འབྲབ་སྙམ་ཟོས་རྗེས་བདེ་བར་མངོན། །ལོང་རླུང་སྦོ་འཁྲོག་འཁྲུ་དང་འོག་རླུང་མང༌། །མཁལ་རླུང་མཁལ་རྐེད་ན་ཞིང་རྣ་བ་འུར། །ནང་ཚེགས་རླུང་ནད་རྣམ་ལྔ་ནད་གྱུར་རྟགས། །སྲོག་རླུང་ཟས་རྩུབ་སྨྱུང་དང་དྲག་ཤུལ་ལས། །ཤུགས་བཀག་བཙིར་བས་འཁྲུགས་ཏེ་མགོ་བོ་འཁོར། །སྙིང་འཕྱོས་དབུགས་སྡུད་དཀའ་ཞིང་མིད་མི་ཐུབ། །སྟོད་རྒྱུ་སྒྲེག་སྐྱུག་བཀག་དང་ངུ་དགོད་དྲགས། །ཁུར་ལྕི་བཏེག་པས་འཁྲུགས་ཏེ་དིག་ཅིང་ལྐུགས། །སྨྲ་དཀའ་སྟོབས་ཆུང་ཁ་ཡོ་དྲན་པ་ཉམས། །ཁྱབ་བྱེད་འགྲོ་འདུག་རྩེད་མོ་དྲགས་པ་དང༌། །འཇིགས་དང་ཡི་མུག་ཁ་ཟས་རྩུབ་པས་འཁྲུགས། །སྙིང་སྤྱུགས་བརྒྱལ་འབོག་མང་དུ་སྨྲ་བ་དང། །འགྲོ་འདོད་འཇིགས་སྐྲག་མི་སྙན་ཚིག་གིས་སློང༌། །མཉམ་གནས་འཇུ་དཀའི་ཟས་དང་ཉིན་གཉིད་ཀྱིས། །འཁྲུགས་པས་ཕོ་བ་གྲང་ཞིང་ཟས་མི་ལེན། །སྐྱུག་ཅིང་ཁ་ཟས་མི་འཇུ་གསུས་ཁྲག་འདྲེས། །ཐུར་སེལ་བཤང་གཅི་ཕྱེན་དང་ཁུ་བ་ཡི། །ཤུགས་བཀག་བཙིར་བས་འཁྲུགས་ཏེ་རུས་མིག་ཁོལ། །ཡན་ལག་འཁྲུལ་འཕྱེས་དབུགས་ངན་དྲི་ཆུ་སྡོམ། །དེ་དག་གང་ཡང་མཁྲིས་པར་འདྲེས་པ་ཡིས། །ཚ་བ་སྐྱེ་ཞིང་མིག་ཆུ་སེར་བར་བྱེད༌།  བད་ཀན་འདྲེས་པས་ལྕི་བསིལ་རྨོངས་པར་འགྱུར། །ཕན་གནོད་བསྟེན་པའི་སྒོ་ནས་བརྟག་པ་ནི། །ཤ་ཆང་བུར་མར་དྲོད་བཅུད་བསྟེན་པ་དང༌། །བསྐུ་མཉེ་མེ་ཉིས་དྲོས་ཤིང་འགྲངས་ན་བདེ། །ཆུ་གྲང་བ་དར་ལོ་ཤུར་གཡེར་མ་ཇ། །བཀྲེས་སྐོམ་གྲང་དང་སྨྲ་བརྗོད་ཉལ་པོ་དང༌།  །གཉིད་ཆག་སེམས་ལས་གནོད་པས་རླུང་དུ་ཤེས། །མདོར་བསྡུས་དང་པོ་ཟས་སྤྱོད་གནོད་པས་བསླང༌། །བར་དུ་རྩ་སྟོང་ཆུ་དྭངས་གཡལ་འདར་རྨྱང༌། །སྤུ་བརྩེ་དགོང་དང་ཐོ་རངས་ཞུ་རྗེས་ན། །ཐ་མ་བསིལ་གནོད་དྲོད་བཅུད་ཕན་འགྱུར་བ། །ནད་གང་ཡིན་ཡང་རླུང་གི་མི་འགྱུར་རྟགས།།

བཅོས་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས། །སྤྱི་ལ་བཅོས་ཐབས་ཟས་སྤྱོད་སྨན་དཔྱད་བཞི། །དང་པོ་ཟས་ཀྱི་སྒོ་ནས་བཅོས་པ་ནི། །ཟྭ་དང་བཙོང་སྒོག་ཟན་སྐམ་རུས་ཚོད་དང༌། །ལུག་ཤ་རྟ་བོང་འཕྱི་བ་མི་ཡི་ཤ །ལོ་ཡིབ་བུ་རམ་མར་རྙིང་འབྲུ་མར་དང༌། །ཟན་དྲོན་འོ་མ་ཆང་དང་བུར་ཆང་སོགས། །དྲོ་ཞིང་སྣུམ་བཅུད་ཟས་ཀྱིས་བཅོས་པར་བྱ། །གཡེང་བ་མེད་པའི་མུན་ཁུང་དྲོ་བའི་གནས། །གོས་མཐུག་གཉིད་ལོག་སྙན་ཚིག་སྨྲ་བ་དང༌། །ཡིད་དུ་འོང་བའི་གྲོགས་ཀྱིས་བཅོས་པར་བྱ། །གནོད་ཅིང་སྐྱེད་པའི་ཟས་སྤྱོད་དུས་ཀུན་སྤང༌། །སྨན་ནི་ཁུ་བ་ཆང་དང་འདོན་སྦྱོར་དང༌། །ཕྱེ་མ་སྨན་མར་ལྔ་ལས་དང་པོ་ནི། །སྲེ་ལོང་སོག་ཡུ་གཞུག་ཆུང་བསྡུས་ཁུའམ། །རུས་པ་སྣ་ཚོགས་བསྡུས་ཁུར་སྤོད་བཏབ་བཏང༌། །རླུང་ནད་མ་ལུས་ཀུན་ལ་ཕན་པ་ཡིན། །ཤ་མར་བུར་རྙིང་ཆང་དུ་བསྡུས་པའི་ཐང༌། །རླུང་ནད་ཀུན་སེལ་མཆོག་ཏུ་སོ་ལ་ཕན། །ཛཱ་ཏི་ཁ་རུ་ཚྭ་དང་ཤིང་ཀུན་བཏང༌། །སྙིང་དང་སྲོག་རྩར་ཞུགས་པའི་རླུང་རྣམས་སེལ། །ལུག་མགོ་ལོ་གསུམ་ལོན་པའི་བསྡུས་ཁུ་ལ། །ཤིང་ཀུན་སྒ་དང་རྒྱམ་ཚྭ་ཁ་ཚར་བཏབ། །རླུང་ནད་ཀུན་འཇོམས་ཁྱད་པར་མགོ་རླུང་སེལ། །སྒ་དང་ཤིང་ཀུན་བསྡུས་པའི་ཁུ་བ་ལ། །ཁ་རུ་ཚྭ་བཏབ་རླུང་ནད་ཀུན་ལ་ཕན། །ཁྱད་པར་ཕོ་ལོང་རླུང་དང་སྙིང་རླུང་སེལ། །སྒ་དང་གོ་སྙོད་ཛཱ་ཏི་བསྡུས་པའི་ཐང༌། །རླུང་ནད་མ་ལུས་འཇོམས་ཤིང་དྲན་པ་གསལ། །ཆང་ནི་ལྕ་བ་ར་མཉེ་ཟན་ཆང་ལ། །གྲོ་ཡི་ཆང་བསིངས་རླུང་ནད་མ་ལུས་འཇོམས། །མཆོག་ཏུ་མཁལ་རྐེད་སྨད་ཀྱི་རླུང་ལ་ཕན། །(འདི་ལ་སོགས་ཏེ་སྦྱོར་སྡེའི་སྨན་མིང་སོ་སོར་མཆན་བུས་མི་གསལ་བ་རྣམས་ཕྱི་རྒྱུད་བཞིན་རྟོགས་པར་བྱའོ།) །བུ་རམ་ཆང་གིས་རླུང་ནད་ཐམས་ཅད་འཇོམས། །དེ་བཞིན་མར་ཆང་གྲང་རླུང་སེལ་བར་བྱེད། །གཟེ་མའི་ཆང་གིས་རུས་རླུང་མཁལ་རླུང་སེལ། །ཐོང་ཚེར་རུས་ཆང་རུས་པའི་རླུང་ལ་ཕན། །འདོན་ལ་དཀར་འདོན་དམར་འདོན་སྐྱུར་འདོན་དང་། །སྒོག་འདོན་བཞི་ལས་དང་པོ་ཙག་བཅད་མར། །ཚོམས་ཕྱེ་འོལ་སྐོམ་སྦྱར་བ་འོ་མར་བཙོས། །སྒ་དང་རྒྱམ་ཚྭ་བཏབ་པ་དཀར་འདོན་ཡིན། །ལུག་ཤའི་ཁུ་བར་སྦྱར་བ་དམར་འདོན་ནོ། །སྐྱུར་འདོན་ཁུགས་པའི་གླུམ་ལ་ཉེ་འུ་བྱས། །མར་རྙིང་བུ་རམ་སྒ་བཏབ་བཙོས་པའོ། །སྒོག་འདོན་སྒོག་སྐྱ་ཚོས་པར་བཙོས་ལ་བསྣུར། །མར་དང་རུས་ཁུ་རྒྱམ་ཚྭའི་ཕྱེ་བཏབ་བཙོ། །དེ་རྣམས་གང་ཡང་རླུང་ནད་མ་ལུས་འཇོམས། །ལུས་ཀྱི་སྟོབས་སྐྱེད་དབང་ཤེས་གསལ་བར་བྱེད། །རི་ཐང་མཚམས་ཀྱི་རླུང་ལ་བདུད་རྩི་འདྲ། །ཕྱེ་མ་ཛཱ་ཏི་ཤིང་ཀུན་ཁ་རུ་ཚྭ། །ཙབས་རུ་ཚྭ་དང་རྒྱམ་ཚྭ་ཚ་བ་གསུམ། །ཤིང་ཚ་སེ་འབྲུ་སུག་སྨེལ་ཨ་རུ་ར། །སླེ་ཏྲེས་སྒོག་སྐྱ་བུར་དཀར་བརྒྱད་འགྱུར་སྦྱར། །ཛཱ་ཏི་ཤིང་ཀུན་གང་རུང་གཙོ་བོར་བཏང༌། །རུས་བཅུད་གསུམ་མམ་བཅུད་བཞིའི་ཁུ་བས་དབུལ། །སྟོད་སྨད་ཕྱི་ནང་རླུང་ཀུན་འདི་ཡིས་འཇོམས། །སྨན་མར་ཁ་རུ་ཚྭ་དང་པི་པི་ལིང༌། །ཨ་རུ་འབྲི་མར་རླུང་ནད་སྟོང་ལ་ཕན། །སེ་འབྲུ་འུ་སུ་སྒ་དང་ཙི་ཏྲ་ཀ །པི་པི་ལིང་དང་འབྲི་མར་རླུང་རྣམས་འཇོམས། །མེ་དྲོད་སྐྱེད་ཅིང་སྐེམ་པོ་རྒྱས་པར་བྱེད། །སྒོག་སྐྱ་བུར་མར་སྦྱར་བ་ནས་གསེབ་མནན། །རླུང་ནད་མ་ལུས་འཇོམས་པའི་སྨན་མཆོག་ཡིན། །ཛཱ་ཏི་ཁ་རུ་ཚྭ་དང་ཤིང་ཀུན་དང༌། །ཨ་རུ་ར་དང་འབྲི་མར་རླུང་རྣམས་འཇོམས། །དེ་བཞིན་བཙན་དུག་རུས་ཆེན་འབྲས་བུ་གསུམ། །རྩ་བ་ལྔ་ཡི་སྨན་མར་སྦྱར་བར་བྱ། །དཔྱད་དུ་མར་རྙིང་དྲོད་ཀྱི་འཇམ་རྩི་བཏང༌། །ཨ་རུ་ར་དང་སྒོག་སྐྱ་རྒྱམ་ཚྭ་དང༌། །ཞུན་མར་སྦྱར་བའི་རེང་བུས་སྨད་རླུང་སེལ། །ནད་གཞན་གེགས་བྱས་སྣུམ་ལྡན་འཇམ་པོས་སྦྱང༌། །འབྲུ་མར་རྙིང་པས་ལུས་ཀུན་བྱུགས་ལ་མཉེ། །གཟེར་སར་འབའ་ཆ་རུས་རྙིང་བཙོས་པས་བདུག  །སྣ་ཚོགས་རུས་པ་བཙོས་པའི་རླངས་ལུམས་བྱ། །དེ་ཡི་ཞག་གིས་ལུས་ཀུན་བྱུག་ཅིང་མཉེ། །སྣུམ་འཆོས་དུགས་ཀྱིས་གཟེར་དང་བརྩེ་བ་འཇོམས། །རེངས་འཁུམས་ལ་སོགས་ཇི་ལྟར་འདོད་པ་འགུགས།།སྟོབས་འཕེལ་དྲོད་འབར་སྐེམ་པོ་རྒྱས་པར་བྱེད། །ནད་གཞན་འདྲེས་ན་དེ་ལྟར་མ་ཡིན་སྤང༌། །སྤྱི་གཙུག་ཨན་སྟོང་ཚིགས་པ་དང་པོ་དང༌། །དྲུག་བདུན་བཅུ་དྲུག་དཀར་ནག་མཚམས་རྣམས་བསྲེག །དེ་ལྟར་ཆོ་ག་འདི་རྣམས་བསྟེན་གྱུར་ན། །རླུང་ནད་དུ་མ་མ་ལུས་འཇོམས་པར་ངེས། །བྱེ་བྲག་གསོ་ཐབས་རིགས་གནས་ནང་ཚེགས་གསུམ། །རླུང་ནད་རིགས་ཀྱི་སྒོ་ནས་བཅོས་པ་ནི། །ཨ་ཝ་རྟ་ལ་སྣུམ་དུགས་བྱས་པའི་རྗེས། །སྣ་སྦྱོངས་རྣོ་བས་དབུགས་རྒྱུའི་བུ་ག་བསལ། །དེ་ཡི་རྗེས་ལ་རྒྱ་ཤུག་འོ་མ་ཞོ། །ཤ་ཁུ་མར་ཁུ་བསྐོལ་བའི་དྭངས་མ་བླུད། །རྒྱ་ཤུག་ཐང་ཤིང་སླེ་ཏྲེས་རྩ་བ་ལྔ། །རུ་རྟ་སྒ་སྤོས་ཀཎྜ་ཀ་རི་དང༌། །ཤ་ཁུ་འོ་མ་བུར་རྩབས་སྣུམ་བཞི་བསྐོལ། །མར་དེ་བྱུག་བདུག་སྣ་སྨན་འཇམ་རྩིར་བཏང༌། །རླུང་དེ་བད་ཀན་འདྲེས་ན་སྙིང་ག་དང༌། །རྩིབ་ལོགས་ན་ལ་གཡེར་མ་ཨ་རུ་ར། །ཤིང་ཀུན་རྒྱམ་ཚྭ་ཤིང་ཚ་ཁ་རུ་ཚྭ། །མ་ནུ་ནས་བསྐོལ་ཁུ་བ་སྦྲང་སྦྱར་བླུད། །ཤིང་ཀུན་བཅའ་སྒ་སེ་འབྲུ་ཁ་རུ་ཚྭ། །རུ་རྟ་བསྐོལ་བའི་ཁུ་བ་བླུད་པར་བྱ། །མཁྲིས་པར་འདྲེས་ན་སྣ་སྨན་ཁྲུས་ཀྱིས་སྦྱང༌། །ད་རྒན་ཕྱིར་དགྱེ་ནང་གུག་འགྲམ་ཉམས་དང༌། །ཕྱོགས་གཅིག་གུག་དང་དཔུང་པ་འཇའ་བ་ལ། །སྣ་སྨན་བརྟ་བ་བཏང་ཞིང་སྤྱི་བོ་དང༌། །མིག་དང་རྣ་བར་ཏིལ་མར་བསྐུ་ཞིང་དགང༌། །སྐྲངས་ན་སྐྱུགས་བཏང་དམར་ཚ་གཏར་ག་གདབ། །བརླ་རེངས་མ་ཞུ་བད་ཚིལ་སྐྱེས་པའི་ཕྱིར། །དེ་ལ་སྣུམ་འཆོས་སྤངས་ལ་རྩུབ་བཅོས་བྱ། །ནས་དཀར་སོ་བ་སྲེ་ཟན་སྐམ་སའི་ཤ །སྦྲང་རྩི་སྐྱུར་རྩབས་ཚོད་མ་ཚྭ་མེད་བྱིན། །འབྲས་བུ་གསུམ་དང་ཙ་བྱ་པི་པི་ལིང་། །ཧོང་ལེན་སྦྲང་དང་སྦྱར་བའི་ལྡེ་གུ་བཏང༌། །ཙ་བྱ་ཙི་ཏྲ་ཀ་དང་ཨ་རུ་ར། །སྒྲོན་ཤིང་སྦྲང་རྩི་སྦྱར་བའི་ལྡེ་གུ་བཏང༌། །གུ་གུལ་བྲག་ཞུན་ཨ་རུ་བ་གཅིན་བླུད། །གླ་སྒང་ཙི་ཏྲ་ཀ་དང་ཚ་བ་གསུམ། །གུ་གུལ་འབྲས་བུ་གསུམ་དང་བྱི་ཏང་ག །ཆ་མཉམ་ཕྱེ་མས་ཚིལ་དང་བད་ཀན་སེལ། །ཀ་རཉྫ་དང་ཡུངས་དཀར་བ་གཅིན་བྱུག །ཚིལ་དང་བད་ཀན་ཟད་བྱའི་དྲག་ཤུལ་བརྩམ། །ཟད་ནས་ཁ་ཟས་གློད་དེ་སྣུམ་འཆོས་བྱ། །གཟུགས་འཁུམས་སྲ་འཐེང་བི་ཤ་ཙེ་སོགས་ལ། །ར་སྣ་མཱུ་ལ་དོང་གྲ་ཙི་ཏྲ་ཀ །པི་པི་ལིང་དང་ཟུར་པ་མ་ནུ་ཡི། །ཕྱེ་མ་མར་བསྐོལ་ཐོགས་མེད་འགྲོ་ནུས་འགྱུར། །བི་ཤ་ཙེ་དང་གཟུགས་འཁུམས་གར་ཡོད་ངོས། །མཐེའུ་ཆུང་སྲིན་ལག་རྒྱབ་ཀྱི་རྒྱུས་པ་ལ། །སེར་པོ་སྣལ་མ་འདྲ་བ་ཡོད་དེ་བཅད། །སྲ་འཐེང་ལ་སོགས་ཕྱི་མའི་རླུང་རྣམས་ཀུན། །རྒྱུ་ལས་བརྟགས་ལ་སྣུམ་དུགས་གཏར་བ་དང༌། །སྦྱང་དང་བྱུག་སོགས་ཅི་རིགས་སྦྱར་བར་བྱ། །རྒྱ་སྤོས་རུ་རྟ་སུག་སྨེལ་ཤུ་དག་གཉིས། །ཙན་དན་དམར་པོ་རྡོ་དྲེག་སྤང་སྤོས་དང༌། །ཤུ་ཏི་ཏིལ་མར་ཀ་ར་སྦྱར་བའི་མར། །རྩ་འཛིན་ཤིང་རེངས་སྲ་འཐེང་ལ་སོགས་པའི། །རླུང་ནད་ལྷག་མ་མ་ལུས་འཇོམས་པར་བྱེད། །སྨྱོ་བརྗེད་སྐྲན་དང་རླིག་རླུགས་སེལ་བར་འགྱུར། །གནས་ཀྱི་སྒོ་ནས་བཅོས་པར་བྱ་བ་ནི། །ཤ་ལྤགས་ལ་ཞུགས་བསྐུ་མཉེ་བྱུག་དུགས་བྱ། །ཚིལ་ཞུགས་བརླ་རེངས་ཕྱུག་པོའི་རླུང་ལྟར་གསོ། །རུས་དང་རྐང་ཞུགས་སྣུམ་དུགས་བྱ་བ་དང༌།  །སྣུམ་བཞི་བཟའ་དང་བྱུག་དང་འཇམ་རྩི་བཏང༌། །བཅུད་ལ་རླུང་ཞུགས་ད་བྱིད་སྐྱིན་གོར་སྦྱར། །རྒྱུས་པ་ཚིགས་དང་རྩར་ཞུགས་སྣུམ་དུགས་དཀྲི། །ཆུ་བ་འཁུམས་ལ་མོན་སྲན་དྲེའུ་དང༌། །རྒྱམ་ཚྭ་ཏིལ་མར་སྦྱར་ཏེ་བསྐོལ་བ་བྱུག །ཁྲག་ལ་རླུང་ཞུགས་སྣུམ་འཆོས་བྱས་ལ་གཏར། །ཁྲག་ཟགས་རྗེས་སུ་ཚོར་མེད་གྱུར་པ་ལ། །དུད་པ་རྒྱམ་ཚྭ་ཏིལ་མར་སྦྱར་བས་བྱུག །དོན་བབས་སྙིང་རླུང་ཤིང་ཀུན་གསུམ་ཐང་བཏང༌། །འབྲས་བུའི་མར་དང་སྨན་ཆེན་སྨན་མར་སྦྱར། །གློར་ཞུགས་སྟར་བུ་(ཅུ་གང་ཟི་ར་དཀར་པོ་སུག་སྨེལ་ཏེ་)བཞི་པའི་ཕྱེ་མ་དང༌། །ཨ་རུ་འབྲི་རྐང་སུར་ཕུག་སྨན་མར་སྦྱར། །མཆིན་ཞུགས་ཏིང་ཁྲོལ་མཆིན་པ་སྤོད་བྲན་བཏང་། །མཆེར་ཞུགས་ཚ་བ་གསུམ་དང་ཞུན་མར་སྦྱར། །མཁལ་ཞུགས་རྩ་བ་ལྔ་དང་གཟེ་ཆང་བྱིན། །ཀུན་ལ་རྒྱབ་ཀྱི་ཚིགས་པའི་རང་གསང་བསྲེག །ཟས་དང་མ་ཞུའི་གནས་ཞུགས་སྐྱུགས་སྨན་བཏང༌། །འཇུ་བྱེད་མེ་དྲོད་སྐྱེད་བྱེད་ཟས་སྨན་སྦྱར། །ཞུ་གནས་འཇམ་རྩི་ཟས་སྔོན་ཞུན་མར་བཏང༌། །མཁྲིས་ཞུགས་(ལ་རྒོད་མ་ཁ་གསེར་གྱི་མེ་ཏོག་ཏིག་ཏ་རྒྱམ་ཚྭའི་ཕྱེས་)དྲོད་བསྐྱེད་བཤལ་དང་མེ་བཙས་བཅོས། །མངལ་དུ་རླུང་ཞུགས་མོ་ནད་ལྟ་བུར་གསོ། །བཤང་ཞུགས་དཎྡའི་མར་སྦྱར་འཇམ་རྩི་བཏང༌། །གཅིན་ཞུགས་སྣུམ་ལྡན་དུགས་དང་ཆུ་སྨན་སྦྱར། །མགོར་ཞུགས་བྱུག་པ་མེ་བཙའ་མགོ་ཁྲོལ་བསྟེན། །རྣ་བར་ཞུགས་ན་དུགས་བྱ་ཞུན་མར་དགང༌། །མིག་དང་སྣར་ཞུགས་ཞུན་མར་དྭངས་མ་བླུག །སོར་ཞུགས་དུགས་དང་མེ་བཙའ་བཅུད་བཞིའི་ཐང༌། །དབང་པོ་ཀུན་ལ་འབྲས་བུའི་སྨན་མར་མཆོག །ལུས་ཀུན་ལ་ཞུགས་སྤྱི་བཅོས་རང་གིས་འཐེམས། །དེ་ནས་ནང་ཚེགས་རླུང་ལྔའི་སྒོས་བཅོས་ལ། །སྲོག་འཛིན་རླུང་ལ་ཏིལ་མར་བསྐུ་མཉེ་བྱ། །སྣ་སྨན་འཇམ་པོ་བཏང་ལ་རླུང་གསང་བསྲོ། །སྟོད་རྒྱུ་བྲང་དང་སྡུད་སྒོར་སྣུམ་གྱིས་བདུག །སྨན་མར་རུས་ཐང་བཏང་ཞིང་གསང་གསུམ་བསྲེག །ཁྱབ་བྱེད་ཛཱ་ཏི་ཞོ་ཤའི་སྨན་མར་བཏང་། །བུར་ཆང་ལོ་ཤ་ཤ་ཆེན་ཚ་བ་བསྟེན། །མེ་མཉམ་དུགས་བྱ་ཤིང་ཀུན་(སྒ་ཁ་རུ་ཚྭ་སེ་འབྲུའི་)ཅུར་ནིས་སྦྱར། །བཅུ་གསུམ་པ་དང་མེ་མཉམ་གསང་ལ་བསྲེག །ཐུར་སེལ་རླུང་ལ་འཇམ་རྩི་བསྐུ་མཉེ་དུགས། །དྲོད་བཅུད་ཟས་བསྟེན་བཅུ་དྲུག་མདོ་རུ་བསྲེག །མཁྲིས་པར་འདྲེས་ལ་སྦྱོངས་དང་བསིལ་བཅུད་བསྟེན། །བད་ཀན་འདྲེས་ལ་སྐྱུགས་དང་ཡང་དྲོ་སྦྱར། །ཀྱེ་དྲང་སྲོང་ཆེན་པོ་མ་ཡེངས་གུས་པས་ཉོན། །རླུང་ནད་མདོར་བསྡུས་བཅོས་ཐབས་འདི་ལྟར་བྱ། །རེངས་འཁུམས་སྣུམ་འཆོས་བྱ་ཞིང་ལུམས་ཀྱིས་གདུལ། །སྐམས་པ་སྣུམ་དུགས་རྩ་བཤལ་ཆུ་ལུམས་བྱ། །སྦོས་པ་སྣུམ་འཆོས་རྗེས་ལ་བཤལ་གྱིས་སྦྱང་། །འཕྱེས་པ་སྣུམ་འཆོས་སྤངས་ལ་རྩུབ་བཅོས་བྱ། །གཟེར་བ་སྣུམ་ལྡན་དུགས་དང་མེ་ཡིས་བཅག །འཕྱོས་པ་བཅུད་བཞིའི་སྨན་མར་མེ་ཐུར་མནན། །ལྐུགས་པ་སྣུམ་འཆོས་འཇམ་རྩི་(དང་གཙུག་ཨན་སྟོང་སོར་མོ་ཉི་ཤུ་སྲོག་རྩ་མྱོས་བྱེད་རྣམས་ལ་)མེ་བཙས་བསལ།  །མགོ་རླུང་ཏིལ་མར་ཤིང་ཀུན་སྣ་སྨན་བཏང༌། །སོ་མ་ར་ཛ་སྒོག་སྐྱ་ཁ་རུ་ཚྭ། །མར་སྦྱར་བྱུགས་ལ་གྲོད་གཏུམས་དཀྲིས་མས་བསྡམ། །སྒ་དང་ཤིང་ཀུན་བསྡུས་པའི་རླངས་ལུམས་བྱ། །སྣ་ཚོགས་རུས་ཁུ་ལོ་མར་ལུག་ཚིལ་རྐང༌། །བུ་རམ་ཤ་ཁུར་སྦྱར་བླུད་རྔུལ་དབྱུང་བྱ། །ལྟག་ཁུང་ཁ་གསུམ་ཚིགས་པ་གསུམ་པ་བསྲེག །སྙིང་རླུང་ཞོ་ཤ་གསུམ་དང་འབྲས་བུ་གསུམ། །འབྲི་མར་བུ་རམ་སྦྱར་བའི་སྨན་མར་ལ། །ཚ་བ་གསུམ་དང་ཚྭ་སྣ་གསུམ་བཏབ་བཏང༌། །རུས་སྣའི་ཞག་དང་ལོ་མར་བུ་རམ་ལ། །དྲོད་སྨན་ཚྭ་སྣ་ཚོགས་ཚད་སྦྱར་ལ་བཏང༌། །དྲུག་བདུན་དཀར་ནག་མཚམས་དང་བྱ་མིག་བསྲེག །གློ་རླུང་སྟར་བུ་ཅུ་གང་ཟི་ར་དཀར། །སུག་སྨེལ་ཁ་རུ་ཚྭ་དང་ཀ་ར་སྦྱར། །བཟང་པོ་བཞི་དང་ཚྭ་གསུམ་སྦྲང་སྦྱར་བཏང༌། །སེ་འབྲུ་བཞི་དང་ནཱ་ག་ཟི་ར་དང༌། །པ་ཏྲ་འུ་སུ་ལ་ལ་ཕུད་དང་སྒ། །ན་ལེ་ཤམ་དང་ཀར་སྦྱར་གསར་འཇམ་དབུལ། །བཞི་ལྔ་བྱ་རོག་མིག་དང་སྐེ་སྟོང་བསྲེག །ཡིབ་མ་གར་ཆང་མི་བཏང་ཤ་གསར་དང༌། །གྲོ་ཆང་སྲོ་ལོས་བསིངས་དང་གསར་འཇམ་བཏང་། །མཆིན་རླུང་མཆིན་སྣ་སྐམས་ཕྱེའི་སྨན་མར་ལ། །ཁ་རུ་ཚྭ་དང་གུར་ཀུམ་བཏབ་ལ་བཏང༌། །བྲག་ཞུན་སྨན་མར་འབྲི་རྐང་སྨན་མར་སྦྱར། །རུས་སྣའི་ལུམས་བྱ་དགུ་པ་རྩིབ་སྟེང་བསྲེག །ཕོ་བའི་རླུང་ལ་བུ་རམ་ཏིང་ཁྲོལ་བཏང༌། །སེ་འབྲུ་ཤིང་ཚ་དྲོད་གསུམ་ཚྭ་སྣ་གསུམ། །ཟི་ར་དཀར་ནག་གཉིས་དང་ཚ་བ་གསུམ། །ལ་ལ་ཕུད་དང་བུ་རམ་ཆང་གིས་དབུལ། །བུར་ཆང་སྦྱར་བཏང་ཕོ་དཀྱིལ་བཅུ་གསུམ་བསྲེག །ལོང་གི་རླུང་ལ་སེ་འབྲུ་ཚ་བ་གསུམ། །ཁ་རུ་ཚྭ་དང་གྲོ་མ་འབོས་ལོ་དང༌། །བུ་རམ་སྦྱར་བཏང་སྒོག་སྐྱའི་སྨན་མར་བྱིན། །སླེ་ཏྲེས་ཀཎྜ་ཀ་རི་ཤུ་དག་དང༌། །བཙོད་དང་ཛཱ་ཏི་སུག་སྨེལ་པི་པི་ལིང༌། །ཡུང་བ་ཤུ་མོ་ཟ་དང་ར་མར་གྱི། །འཇམ་རྩི་བཏང་ཞིང་ལོང་ཕུགས་གཡས་གཡོན་བསྲེག །མཁལ་རླུང་མགོ་ཚོད་ཤུ་མོ་ཟ་བཏབ་བཏང༌། །རུས་སྣའི་ཁུ་བ་བུ་རམ་སྦྱར་བསྡུས་སམ། །བོང་ཤ་སྲམ་ཤ་བུར་ཆང་ཟན་ཆང་དང༌། །རྩ་བ་ལྔ་ཡི་མར་སྦྱར་བཅུ་བཞི་བསྲེག །དེ་ལ་སོགས་ཏེ་རླུང་ནད་དུ་མ་ཡང༌། །ནད་གཞན་འདྲེས་ན་དེ་ཡི་ཁ་འཛིན་གཅེས།  །རྐྱང་པ་རྣམས་ལ་སྤྱི་བཅོས་ཁོག་ཕུབ་ལ། །རང་རང་ནད་ཀྱི་གསོ་ཐབས་མདེ་ཁར་གདགས། །སྣུམ་བཅུད་དྲོད་ཀྱིས་མི་སེལ་རླུང་གཞན་མེད། །རླུང་ནི་ཚ་གྲང་གཉིས་ཀའི་ཟུང་དུ་འཇུག །མཁྲིས་ཚད་འབུད་ཅིང་བད་ཀན་གྲང་བ་འཁྱག །དམུ་འོར་སྐྱ་རྦབ་གཡོ་ཞིང་སྐྲན་རྣམས་སྒོང་།  །བསགས་པའི་ནད་རྣམས་ཐམས་ཅད་རླུང་གིས་སློང༌། །བྱེར་བའི་ནད་ཀུན་སྣ་འདྲེན་རླུང་གིས་བྱེད། །ཚད་གཞུག་ཕལ་ཆེར་ཐོར་བུའི་རླུང་གིས་འབུད། །དེ་ཕྱིར་རླུང་གི་ནད་ལ་བྱ་ར་སྒྲིམས། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་རླུང་གི་ནད་གསོ་བའི་ལེའུ་སྟེ་གཉིས་པའོ།། །།



མཐའ་མའི་འདོན་ཐེངས་།: 20.12.2022 ཉིན། 2:54 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།